ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔའི་མཚམས་སྦྱོར།
[ཟླ་ཚེས། 2018-05-27 19:42:14][རྩོམ་པ་པོ། དངོས་གྲུབ་ཕྲིན་ལས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
དྲི་མེད་རྒྱལ་བསྟན་སྙིང་པོ་མཛོད་བརྒྱའི་སྒོ། །
འབྱེད་ལ་འཇིགས་མེད་སྨྲ་བའི་དབང་པོ་མཆོག །
ཀ་དག་རིག་པའི་རང་གདངས་རང་ཤར་བ། །
འདྲེན་མཆོག་མངྒ་ཝེར་ཞིར་གསོལ་བ་འདེབས། །
ཞེས་པའི་གསོལ་འདེབས་འདི་ནི་སྟག་ཞིག་རྟོགས་ལྡན་སེང་གེ་ཉི་མས་ཕུལ་བའོ། །
ཅེས་མི་ཕྱེད་པའི་དད་པ་ཤུགས་དྲག་ཆེན་པོས་གསོལ་འདེབས་ཀྱིས་མདུན་བསུས་ཏེ་སྙིགས་མའི་སེམས་ཅན་ཡོངས་ཀྱི་འདྲེན་པ་ཆེན་པོ་ཀུན་མཁྱེན་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་སྤྱི་ལོ༼༡༨༥༩༽རབ་བྱུང་བཅུ་བཞི་པའི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཉིན་འཇའ་ཚོན་གྱི་གུར་དང་། མེ་ཏོག་གི་ཆར་སོགས་ལེགས་པའི་ལྟས་དུ་མ་དང་བཅས་མདོ་ཁམས་སྨད་ཀྱི་ཡུལ་ལྗོངས་དངུལ་རྫ་ཟབ་མོའི་སྒང་གི་རིའི་རྒྱུད་རྫ་ཁོག་འབོད་པ་དེར། ཆེན་པོ་ཧོར་གྱི་རིགས་ལས་བྱུང་བའི་ཡབ་བོན་སྔགས་འཛིན་པ་དགེ་བསྙེན་བཀྲ་ཤིས་དགའ་དང་། ཡུམ་རིགས་བཟང་བོ་ལེགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུའི་དུས་ནས་དད་པ་དང་། སྐྱོ་ཤས། ངེས་འབྱུང་། བཅོས་མིན་གྱི་སྙིང་རྗེ་སོགས་དམ་པའི་ཁྱད་བོན་དུ་མ་ཐུགས་ལ་ལྷན་སྐྱེས་སུ་མངའ་བར་བྱུང་། ལྷག་ཏུ་དགུང་ལོ་ཉེར་བཞིའི་ཐོག་རྣལ་འབྱོར་གྱི་དབང་ཕྱུག་དབྲ་ཞིག་གྲུབ་ཆེན་བསྟན་འཛིན་དབང་རྒྱལ་མཆོག་གིས་བསམ་གཞིགས་ཀྱི་མཁྱེན་རབ་དྲི་མ་མེད་པའི་རིག་པའི་རྩ་མདུད་དཀྲོལ་བས་དགོངས་བརྒྱུད་དོན་གྱི་བྱིན་རླབས་རྒྱུད་ལ་འཕོས་ཏེ་སྨྲ་བསམ་བརྗོད་པ་དང་བྲལ་བའི་རིག་པ་རྗེན་པར་མངོན་དུ་གྱུར། ནམ་མཁའ་གཡའ་དག་པ་ལ་ཉི་འོད་ཕོག་པ་ལྟ་བུའི་ཀ་དག་འོད་གསལ་ཆེན་པོའི་དབྱིངས་སུ་ཉིན་མཚན་ཁོར་ཡུག་ཏུ་འབྱམས་སུ་ཀླས་པས་རྩོལ་མེད་ཀྱི་རྟོགས་པ་ཐུགས་རྒྱུད་ལ་འཁྲུངས། རིག་པ་ལ་ཤེས་རབ་ཀྱི་རྩལ་རྒྱས་ཏེ་ཐུན་མོང་གི་རིག་གནས་སྤྱི་དང་། ཐུན་མིན་ནང་རིག་པ་དབུ་ཕར་འདུལ་མཛོད་སོགས་མདོ་སྔགས་ཀྱི་གཞུང་ལུགས་གང་ལ་བལྟས་པ་ཙམ་གྱིས་མཁྱེན་པར་བྱུང་བས་རྟོགས་པའི་ཡེ་ཤེས་ཀྱི་རྩལ་སྣང་ལ་རང་དབང་འབྱོར་བའི་རྟགས་མངོན་དུ་གྱུར། གཞན་ཡང་གཏེར་ཆེན་ཚེ་དབང་གྲགས་པ། ཀུན་གྲོལ་བདུད་འདུལ་གླིང་པ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་མང་དུ་བཞེས། མཛོད་ཆེན་རྣམ་ལྔ་དང་། སྔགས་རིམ་ལྷ་གཉེན་ཤེལ་སྒོང་། ཨ་ཁྲིད་ཆེན་མོའི་སྐོར་སོགས་འཕྲུལ་ངག་གཡུང་དྲུང་བོན་གྱི་བཀའ་དང་བཀའ་བརྟེན་ཀྱི་ཡང་ཞུན་སྙིང་པོར་དྲིལ་བ་སྔར་མེད་ཀྱི་ལེགས་བཤད་མང་དུ་བརྩམས། སངས་རྒྱས་བསྟན་པའི་སྙིང་པོ་བཤད་སྒྲུབ་སྒོམ་གསུམ་གྱི་སྡེ་གསར་དུ་བཙུགས་ཤིང་གདུལ་བྱའི་བློ་གང་ལ་གང་འཚམ་དང་།
དེ་ལ་དེ་བསྟུན་གྱི་མཛོད་ཆེན་རྣམ་ལྔ་གཙོས་པའི་བཀའ་དང་བརྟེན་གྱི་བོན་ཁྲིད་རྒྱུན་དུ་གནང་བར་མཛད་ནས་འགྲོ་བ་བདེ་ཞིང་བསྟན་པ་རྒྱས་པའི་ཕྲིན་ལས་རྒྱ་ཆེར་སྤེལ། རྗེ་ཉིད་ཀྱི་སློབ་མ་ལ་ཐུགས་སྲས་འཇའ་ལུས་པ་དབྲ་སྲས་ཟླ་བ་གྲགས་པ། གཏེར་བདག་གསང་སྔགས་གླིང་པ། བྱ་བཏང་ཚེ་དབང་འགྱུར་མེད། སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན་སོགས་ངེས་གསང་རྟོགས་པའི་རྣལ་འབྱོར་གྲངས་མི་ཉུང་བ་བསྐྱངས་པ་སོགས་བསྟན་འགྲོའི་དོན་ལེགས་པར་གྲུབ་ཅིང་མཐར་དགུང་ལོ་དོན་དྲུག་པ་སྤྱི་ལོ༼༡༩༣༤༽ཤིང་ཁྱི་ལོའི་ཟླ་བ་བཞི་པ་ས་ག་ཟླ་བའི་ཚེས་བཅུ་གསུམ་ཉིན་ཟག་མེད་འཇའ་ལུས་སུ་གཤེགས་པའོ། །ཞེས་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་སྨོས་ན་ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཕྱི་ནང་གསང་གསུམ་གྱི་མཛད་པ་མ་གྲོས་ཀླུང་ཆེན་ལས་ངེས་འབྱུང་དད་པའི་གསེར་སྐྱུག་གིས་བདུད་བརྩིའི་ཐིག་པ་ཙམ་ཞིག་དྲངས་པ་འདི་ཡང་ཐོག་མའི་གླེང་གཞི་འོ། །སྤྱིར་མཁས་པ་རེ་ལ་ཐུན་མིན་གྱི་མཛད་པའམ་བསྟན་པ་སྤེལ་བ་ལ་སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་བཀའ་འཁོར་རིམ་པ་གསུམ་དང་། རྗེ་བཙུན་ཡར་མེ་བས་བཀའ་བརྟེན་སྡེ་ལྔ། རྗེ་མཉམ་མེད་པས་འཕྲུལ་སྒྲོན་རྣམ་ལྔ། ཀུན་མཁྱེན་ཤར་རྫ་པས་མཛོད་ཆེན་རྣམ་ལྔ་ཞེས་པ་སོགས་བརྩམས་གནང་མཛད་ཡོད་པ་ལྟར་སྐབས་འདིར་གླེང་བར་བྱ་བ་ཀུན་མཁྱེན་ཤར་རྫ་པའི་མཛོད་ཆེན་རྣམ་ལྔ་ཞེས་པ་དེ་ཉིད་མཚམས་སྦྱོར་རམ་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་བ་ལ།
གཅིག ལུང་རིག་རིན་པོ་ཆེའི་མཛོད།
དེ་ཡང«དཔལ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ»ལས། “འདི་ལོ་ཕྱོགས་ཉེ་རིང་གི་བླ་མ་དང་སློབ་མ་མང་པོས་གསོལ་བ་འདེབས་པའི་རྐྱེན་གྱིས་ལུང་རིགས་རིན་པོ་ཆེའི་མཛོད་གསར་དུ་རྩོམ་པའི་ཐུགས་བསྐྱེད་གནང་སྟེ། ”ཞེས་གསལ་བ་ལྟར་ཕྱོགས་ཉེ་རིང་ན་བཞུགས་པའི་སྐལ་ལྡན་གྱི་སློབ་བུ་མང་པོས་བསྐུལ་བའི་ངོར་རྗེ་ཉིད་དགུང་ལོ་རེ་བཞི་བཞེས་པའི་ཆུ་ཁྱི༼༡༩༢༢༽ལོར་མདོ་གམ་སྒང་དྲུག་གི་ཤར་ཟླའི་ཀླུང་ཆེན་པོའི་རྫ་ཁྲ་གདོང་ཝེར་སྙིང་མི་འགྱུར་གྱི་ཡང་དབེན་བདེ་ཆེན་རི་ཁྲོད་དུ་དབྱར་ཐོག་གཅིག་ལ། ཕྱོགས་ཀྱི་འདུས་སྡེ་མང་དུ་འཚོགས་པ་རྣམས་ལ་སྡོམ་གསུམ་བོན་ཁྲིད་བགྱིས་པའི་ངལ་གསོའི་ཐུན་མཚམས་རྣམས་སུ་བརྩམས་ཤིང་ལོར་དེ་ཤིང་པར་དུ་བཀོད་པ་ཡང་ལེགས་པར་གྲུབ། དེ་ལ«ལུང་རིགས་རིན་པོ་ཆེའི་མཛོད་བློ་གསལ་སྙིང་གི་ནོར»ལས། བརྒྱ་པའི་མགོན་པོ་ཐོད་དཀར་སྲས་པོས་མི་མཇེད་འགྲོ་བ་འདུལ་སླད་དུ། །སྒོ་བཞི་མཛོད་ལྔ་ཐེག་རིམ་དགུ་དང་སྤང་སྒྱུར་གྲོལ་བའི་ཐེག་པ་གསུམ། །བརྒྱད་ཁྲི་བཞི་སྟོང་བསམ་མི་ཁྱབ་པའི་བོན་གྱི་འཁོར་ལོ་བསྐོར་བ་ལས། །རང་དང་གཞན་ལ་ཕན་ཕྱིར་བླ་མ་ལས་ཐོས་གོ་དོན་མདོར་བསྡུས་བཤད། །ཅེས་དང་། ཡང་«མཁས་ཤིང་གྲུབ་པའི་དབང་ཕྱུག་མཚུངས་མེད་བླ་མ་མངྒ་ཝེར་ཞིའི་བཀའ་འབུམ་གྱི་བརྒྱུད་རིམ་ཤེལ་དཀར་ཕྲེང་བ»ལས། “ལྷོ་བྱང་དབུས་ཐེག་དགུ་ཕྲག་གསུམ། །དགོངས་པ་འདུས་པ་ལུང་རིག་མཛོད། །རིམ་ཁང་བཅུ་གཉིས་དག་གིས་རྫོགས། །”ཅེས་གསུངས་པ་ལྟར་སྤྱིར་གཡུང་དྲུང་བོན་ལུགས་ཀྱི་ཐེག་དགུའི་སྐོར་ལ་ལྷོ་གཏེར་དང་། བྱང་གཏེར། དབུས་གཏེར་ཞེས་གསུམ་མཆིས་པ་ལས། གཞུང་འདི་དབུས་གཏེར«ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད»དང་། དེའི«འགྲེལ་མེ་ལོང་དགུ་སྐོར»རྗེ་རིན་པོ་ཆེས་མཛད་པའི«ཐེག་རིམ་རྣམ་པར་བཤད་པའི་མདོ་རྒྱུད་ཀྱི་འགྲེལ་བ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག»སོགས་ཀྱི་དགོངས་དོན་གྱི་སྙིང་པོར་དྲིལ་བའི་ནོར་བུ་ལྟ་བུ་ཡིན་ལ་རྩ་བའི་ས་བཅད་རིམ་ཁང་དང་པོ། སྟོན་པ་རྫོགས་སངས་རྒྱས་ཏེ་འགྲོ་དོན་དུ་བོན་འཁོར་བསྐོར་ཚུལ་ནས། རིམ་ཁང་བཅུ་གཉིས་པ། ཡེ་ནས་རྫོགས་ཆེན་ཡང་རྩེ་བླ་མེད་ཀྱི་གྲུབ་པའི་མཐའ་ཆེན་པོ་གཏན་ལ་དབབ་པ་ཡན་རྩ་བའི་རིམ་ཁང་རྣམ་པ་བཅུ་གཉིས་ཀྱིས་བསྟན་ཅིང་། ནང་གསེས་ཐེག་པ་ཀུན་ལ་སྤྱི་དོན་བདུན་བདུན་གྱིས་བསྟན་པའི་ལུང་དང་རིགས་པའི་བང་མཛོད་ཆེན་མོ་ཞིག་གོ།
གཉིས། སྡེ་སྣོད་རིན་པོ་ཆེའི་མཛོད།
དེ་ལ«དཔལ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ»ལས། “དེ་དག་གི་སྐབས་སུ། དབྱིངས་ནས་ཡེ་ཤེས་ཀྱི་ཌཀྐི་མས་གཡུང་དྲུང་ཚིག་གི་གླུས་སྙན་བསྐུལ་བས་མཚམས་སྦྱར་ཏེ་དམ་པ་གཞན་གྱིས་གསོལ་བ་བཏབ་པ་དག་ལ་བརྟེན་ནས་སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་བཀའ་བརྟེན་བརྩམས་པའི་ཐུགས་དགོངས་གསར་དུ་འཁྲུངས་ནས་ཐུན་མཚམས་རྣམས་སུ་བརྩམས་པར་མཛད། ”ཅེས་གསུངས་པ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་མས་ལུང་བསྟན་པ་དང་། སྣོད་ལྡན་གྱི་བུ་སློབ་མང་པོ་གསོལ་བ་བཏབ་པའི་ལེགས་འབྲས་སུ་དམ་པ་ཉིད་དགུང་ལོ་ང་བཞི་བཞེས་པའི་ཆུ་བྱི༼༡༩༡༢༽ལོར་མཛོད་དེ་ཉིད་ཀྱི་རྩ་བ་ཡོངས་རྫོགས་དང་། དེའི་འགྲེལ་ལེའུ་གསུམ་པ་ཡན་གྲུབ། དེའི་ཕྱི་ལོ་དགུང་གྲངས་ང་ལྔ་ཆུ་གླང་ལོ་སྔར་རྒྱུན་བཞིན་འཆད་ཁྲིད་བགྱིས་པའི་ཐུན་གྱི་བར་གསེང་རྣམས་སུ་སྔར་གྱི་འཕྲོ་སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་བརྩམས་ནས་ལོ་དེའི་མཇུག་ཏུ་འགྲེལ་གླེགས་བམ་གཉིས་བཅས་ལེགས་པར་གྲུབ། གཞུང་དེ་ཉིད་ནི«མཁས་ཤིང་གྲུབ་པའི་དབང་ཕྱུག་མཚུངས་མེད་བླ་མ་མངྒ་ཝེར་ཞིའི་བཀའ་འབུམ་གྱི་བརྒྱུད་རིམ་ཤེལ་དཀར་ཕྲེང་བ»ལས། འདུལ་མདོ་མངོན་པའི་སྡེ་སྣོད་གསུམ། །དོན་དྲུག་རྒྱུད་དྲུག་ཆ་ལག་བཅས། །གསས་མཁར་མཆོག་ལྔ་ལ་སོགས་པའི། །རིམ་གཉིས་བཀའ་གཞུང་དགོངས་དོན་ནི། །སྡེ་སྣོད་མཛོད་ལ་རྩ་འགྲེལ་གཉིས། །ལེའུའི་གྲངས་ནི་ཉི་ཤུ་གཅིག། ཅེས་པ་ལྟར། མཛོད་འདི་ལ«སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་ས་བཅད་འཕྲུལ་གྱི་ལྡེ་མིག»དང་། ཞེས་པ་དང་། རྩ་བ«སྡེ་སྣོད་རིན་པོ་ཆེའི་མཛོད་ཡིད་བཞིན་འབྱུང་བའི་གཏེར»ཞེས་བྱ། དེའི་འགྲེལ་པ་ལ«སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་གཤེན་བསྟན་གསལ་བའི་སྒྲོན་མ་ཉི་ཟླའི་སྤྲིན་གྱི་གུར་ཁང»ཞེས་པ་སྟོད་སྨད་པོད་གཉིས་ལ་ལེའུ་ཉི་ཤུ་རྩ་གཅིག་གིས་གྲུབ་པ་ཞིག་ཡོད། དགུང་གྲངས་ང་བརྒྱད་མེ་འབྲུག་ལོར་མཛོད་དེ་ཉིད་པར་དུ་རྐོའི་དབུ་བཙུགས་ཤིང་ལོ་འཁོར་གཉིས་ཀྱི་ཁོངས་སུ་མཐར་ཕྱིན་པར་གྲུབ། དེའང་ཐོག་མར་དགེ་བ་རྒྱུ་མཚན་ཉིད་ཀྱི་ཐེག་པའི་བསྟན་དོན་བྱང་ཆུབ་ཆེན་པོའི་ལམ་གྱི་རིམ་པ་ཆ་ལག་དང་བཅས་པ་གཏན་ལ་ཕབས་པས་གཞི་བཟུང་། བར་དུ་དགེ་བ་འབྲས་བུ་གསང་སྔགས་ཀྱི་ཐེག་པའི་བསྐྱེད་རྫོགས་ཀྱི་རིམ་པ་ཡན་ལག་དང་བཅས་པས་གཞུང་བསྲངས། ཐ་མར་དགེ་བ་ཁྱད་པར་བླ་མེད་ཐེག་པའི་བསྟན་དོན་ཁྲེགས་ཆོད་དང་ཐོད་རྒལ་འབྲས་བུ་དང་བཅས་པའི་མཐར་ཕྱུངས་ནས་མདོ་སྔགས་བླ་མེད་བཅས་ལམ་གྱི་རིམ་པའི་ལུས་ཡོངས་སུ་རྫོགས་པའི་གཞུང་ཆེན་པོ་ཡིད་བཞིན་འབྱུང་བའི་གཏེར་མཛོད་ལྟ་བུ་ལགས་སོ། །
གསུམ ། དབྱིངས་རིག་རིན་པོ་ཆེའི་མཛོད།
དེ་ཡང«དཔལ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ»ལས། “དེ་ལྟར་འཆད་ཉན་དང་གཞུང་རྩོམ་པ་ལྷན་གཅིག་ཏུ་གནང་ནས་ལོ་ངོ་འདིར་དབྱིངས་རིག་མཛོད་པོད་དང་པོ་དང་། སྡེ་སྣོད་མཛོད་རྩ་བ་ཡོངས་རྫོགས་དང་། དེའིའགྲེལ་པ་ལེའུ་གསུམ་པ་ཡན་གྲུབ་པར་མཛད། ”ཅེས་གསུངས་པ་ལྟར་རྗེ་ཉིད་དགུང་གྲངས་ང་བཞི་བཞེས་པའི་ཆུ་བྱི༼༡༩༡༢༽ལོར་དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན་ཞེས་བྱའི་པོད་དང་པོ་བརྩམས་གནང་གྲུབ། དེའི་ཕྱི་ལོ་དགུང་གྲངས་ང་ལྔ་བཞེས་ལོ་སྔར་རྒྱུན་བཞིན་འཆད་ཁྲིད་ཀྱི་ཞོར་དུ་པོད་ཕྱི་མ་མཛོད་དེ་ཉིད་ལས་ལམ་དང་འབྲས་བུའི་ཁྲིད་བཅས་བརྩམས་གནང་མཛད་པ་ཡིན་ནམ་སྙམ། གཞུང་དེ་ཉིད་ནི«མཁས་ཤིང་གྲུབ་པའི་དབང་ཕྱུག་མཚུངས་མེད་བླ་མ་མངྒ་ཝེར་ཞིའི་བཀའ་འབུམ་གྱི་བརྒྱུད་རིམ་ཤེལ་དཀར་ཕྲེང་བ»ལས། རྩེ་མོའི་རྒྱུད་སྡེ་བཞི་བཅུ་གཉིས། །དེ་དག་དགོངས་བཅུད་དབྱིངས་རིག་མཛོད། །ལེའུ་བཅུ་ཕྲག་གཉིས་དང་གཅིག། ཅེས་པ་ལྟར། དེའང་སྤྱིར་རྫོགས་ཆེན་སྡེ་གསུམ་གྱི་རྒྱུད་སྡེ་སྤྱི་དང་། ཁྱད་པར་ཐེག་པའི་རྩེ་མོ་རྒྱུད་སྡེ་བཞི་བཅུ་རྩ་གཉིས་ཀྱི་དགོངས་པ་གཅིག་ཏུ་བསྡུས་ཏེ། ཐོག་མའི་དབྱིངས་རིག་ཀ་དག་དང་ལྷུན་གྲུབ་ཀྱི་འཆར་གཞི་ལས། ལམ་གྱི་དབྱིངས་རིག་འཁོར་འདས་གཉིས་ཀྱི་རང་རྩལ་གྱི་སྣང་བ། མཐར་ཐུག་གི་དབྱིངས་རིག་གདོད་མའི་ཀློང་དུ་ཇི་ལྟར་ཐིམ་ཚུལ་གྱི་བར། གཞིའི་གནས་ལུགས། ལམ་གྱི་འཆར་ཚུལ། འབྲས་བུ་ཐོབ་ཚུལ་བཅས་ལེའུ་ཉི་ཤུ་རྩ་གཅིག་གིས་གྲུབ་པའི་མཛོད་ཆེན་ཞིག་གོ།
བཞི། ལེགས་བཤད་རིན་པོ་ཆེའི་མཛོད།
དེ་བཞིན་ཡང«དཔལ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ»ལས། “དེའི་ཚེ་རང་ཉིད་དང་དབལ་སྤྲུལ་རིན་པོ་ཆེ་གཡུང་དྲུང་ཚུལ་ཁྲིམས་བསྟན་འཛིན་དབང་པོ་བཅས་ནས་རྗེ་ཉིད་ལ་གཡུང་དྲུང་བོན་གྱི་བྱུང་ཁུངས་དང་འབྲེལ་བའི་བཀའ་དང་བཀའ་རྟེན་གྱི་གསུང་རབ་རྣམས་ཀྱི་དཔེ་དེབ་རྒྱས་པ་ཞིག་གནང་གྲུབ་ཐབས་དང་པར་དུ་བསྒྲུབས་པའི་ཞབས་ཏོག་བཅས་ཞུ་བ་ཡང་ཡང་ནན་བསྐུལ་ཞུས་ངོར། ལེགས་བཤད་རིན་པོ་ཆེན་མཛོད་དཔྱོད་ལྡན་དགའ་བའི་ཆར། ”ཞེས་པ་ནས། “སྡེ་སྣོད་རིན་པོ་ཆེའི་མཛོད་འཆད་པ་མཐར་ཕྱིན་པ་དང་བསྟན་འབྱུང་རྩོམ་པའང་གྲུབ་པར་མཛད། ”ཅེས་གསུངས་པ་ལྟར། དམ་པ་ཉིད་དགུང་གྲངས་རེ་གསུམ་བཞེས་པ་ལྕགས་མོ་བྱ༼༡༩༢༡༽ལོར་བརྩམས་པར་མཛད། དེའང«མཁས་ཤིང་གྲུབ་པའི་དབང་ཕྱུག་མཚུངས་མེད་བླ་མ་མངྒ་ཝེར་ཞིའི་བཀའ་འབུམ་གྱི་བརྒྱུད་རིམ་ཤེལ་དཀར་ཕྲེང་བ»ལས། གཡང་དྲུང་བོན་བསྟན་རིན་པོ་ཆེའི། །བྱུང་ཁུངས་བསྟན་པ་ལེགས་བཤད་མཛོད། །རབ་བྱེད་བདུན་གྱི་བདག་ཉིད་དོ། །ཞེས་པ་ལྟར་གཡུང་དྲུང་གི་བོན་རིན་པོ་ཆེ་ཐོག་མར་བྱུང་བའི་ཁུངས་དང་། བར་དུ་བསྒྲུབ་པའི་སྲོལ། ཐ་མར་ཡུལ་སོ་སོར་ཇི་ལྟར་དར་བའི་ཚུལ་སྤྱི་དང་། ཁྱད་པར་བོད་ཡུལ་དུ་བསྟན་པ་སྔ་ཕྱིའི་བྱུང་བ་དང་བསྟན་པ་ཕྱི་དར་གྱི་སྐབས་སུ་སྤྲུལ་པའི་གཏེར་སྟོན་རྣམས་ཀྱིས་བསྟན་པ་ཇི་ལྟར་སྤེལ་ཚུལ་དང་དེ་དག་ལས་བྱུང་བའི་གསུང་རབ་ཀྱི་ཀ་ཆག་དང་བཅས་པ་རབ་བྱེད་དམ་རྩ་བའི་ས་བཅད་རྣམ་པ་བདུན་གྱིས་ལེགས་པར་བཤད་པའི་མཛོད་ཆེན་ནོ། །
ལྔ། ནམ་མཁའ་རིན་པོ་ཆེའི་མཛོད།
དེ་ཡང«དཔལ་ཤར་རྫ་པ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ནོར་བུའི་ཕྲེང་བ»ལས། “འདི་ལོར་ཡང་ཟབ་ནམ་མཁའ་མཛོད་ཀྱི་བཀའ་བབ་སྤེལ་བར་གནང་བས་དེའི་ཚུལ་ཅུང་ཟད་སྨོས་ན། དེ་ཡང་རིག་པ་ཀ་དག་གི་ངོ་བོ་འོད་གསལ་ཟང་ཐལ་ཆེན་པོར་འབྱམས་ཀླས་སུ་སྐྱོངས་ནས་བཞུགས་པའི་སྐབས་ཤིག་དགོངས་པ་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལྟ་བུའི་ངང་ལས་རང་སྣང་གི་བརྡ་ཡིག་དམར་གསལ་འོད་ལམ་ལམ་འཆར་བ་ཞིག་བྱུང་བ་ལ་དངོས་སུ་ཀློག་རྒྱུ་ནི་མི་འདུག་ཀྱང་དེ་དག་ཡིད་ལ་ཐིམ་པ་སྙམ་བྱེད་པའི་རྩལ་ལས་དོན་གྱི་ངེས་པ་ལྷང་ལྷང་འཆར་བ་ཞིག་བྱུང་བས་རྐྱེན་གྱི་མཚམས་སྦྱར་ནས། ཡང་ཟབ་བདེ་གཤེགས་འདུས་པའི་སྐོར་རྣམས་གཏན་ལ་འབེབས་པའི་དགོངས་པ་འཁྲུངས་ནས་འབྲི་བ་ལ་ཕྱོགས་སོ། །”ཞེས་གསལ་བ་ལྟར་རྗེ་ཉིད་དགུང་གྲངས་དྲུག་ཅུ་པ་ས་རྟ༼༡༩༡༨༽ལོར་བརྡ་དང་ལུང་བསྟན་བྱུང་བ་བཞིན་བརྩམས་གནང་མཛད། དེའང«མཁས་ཤིང་གྲུབ་པའི་དབང་ཕྱུག་མཚུངས་མེད་བླ་མ་མངྒ་ཝེར་ཞིའི་བཀའ་འབུམ་གྱི་བརྒྱུད་རིམ་ཤེལ་དཀར་ཕྲེང་བ»ལས། “ཡང་ཟབ་ཀྱི་སྐོར་ལ། འདོན་ཆ་ལ་བོན་ཚན་ང་དྲུག་ཁྲིད་སྐོར་ལ་བོན་ཚན་བཅུ་གཅིགཁྱོན་བོན་ཚན་དྲུག་ཅུ་རེ་བདུན་ཡར་བརྒལ་ཙམ་ལ་པོད་གཉིས། ”ཞེས་གསལ་བ་ལྟར«རིག་ལྔ་བདེར་གཤེགས་འདུས་པའི་སྒྲུབ་པ»གཙོས་བོན་ཚན་ལ་ལེའུ་ང་དྲུག་དང་། «འོད་གསལ་རྫོགས་པ་ཆེན་པོའི་ལམ་གྱི་རིམ་པའི་ཁྲིད་ཡིག་ཀུན་ཏུ་བཟང་པོའི་སྙིང་ཏིག»གཙོས་ཁྲིད་གདམས་ཀྱི་ལེའུ་བཅུ་གཅིག་གིས་གྲུབ་པ་ཞིག་ཡིན། མདོར་ན་མཛོད་འདི་ཉིད་ནི་ཁྲིད་གདམས་ངག་དང་། སྒྲུབ་པ་ཚོགས་མཆོད་ཀྱི་སྐོར་སོགས་ཤིན་ཏུ་རྒྱས་པའི་ཕྱུག་པོའི་དཀོར་མཛོད་ལྟ་བུར་ལགས་པས་རྒྱས་པར་མཁྱེན་འདོད་ཚེ་རྫོགས་ཆེན«ནམ་མཁའ་མཛོད་ཀྱི་རྩིས་བྱང་མེ་ཏོག་ཕྲེང་བ»སོགས་གཟིགས་པ་འཚལ་ཞེས་ཞུ་བ་བཅས་ནོངས་པ་དང་འགལ་ཚོགས་གང་མཆིས་པ་རྣམས་སྲས་བཅས་རྒྱལ་བའི་ཚོགས་ལ་བཤགས་ཤིང་དགེ་བ་གང་མཆིས་རྗེ་བླ་མའི་བསྟན་པ་རྒྱས་པའི་རྒྱུར་གྱུར་ཅིག་གུ། །ཞེས་མདོ་སྨད་ཞིག་པོ་བཅོ་བརྒྱད་ཀྱི་ཡ་གྱལ་སྡེ་དགེ་སྟག་ཞིག་དགོན་ཆེན་གྱི་གྲྭ་མཐར་འཛིན་པ་དངོས་གྲུབ་ཕྲིན་ལས་སམ་རྟོག་རླུང་ཞེས་འབོད་པ་དེས་ཕྱི་ལོ༢༠༡༨-༥-༢༧དང་། བོད་ས་ཁྱི་ལོའི་ས་ག་ཟླ་བའི་ཚེས་བཅུ་གསུམ་ཉིན་ཏེ་རྗེ་བླ་མ་ཉིད་ཟག་མེད་འཇའ་ལུས་སུ་གཤེགས་པའི་དུས་ཚེས་ཁྱད་པར་ཅན་དང་བསྟུན་ཏེ་ཁྱུང་སྟོད་སྤུ་རྒྱལ་ཤེས་རིག་སློབ་ཆེན་དུ་མགྱོགས་བྲིས་ཞུས་པའོ། །