ཚོགས་གཙོ་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གི་གསུང་བཤད།
[ཟླ་ཚེས། 2017-12-15 10:13:23][རྩོམ་པ་པོ། རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་སྐབས་ཀྱི་ཚོགས་གཙོ་༧རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་མཆོག་གི་གསུང་བཤད།
ཞང་བོད་ཤེས་རིག་བསྐྱར་དར་གྱི་ཆེད་དུ་དཀའ་ངལ་མང་པོ་གདོང་གིས་བསུ་བ་ནི།
བོད་མེས་པོའི་རིག་གཞུང་ལ་ལྷག་བསམ་གྱི་རླབས་ཤུགས་སྣོན་པའི་
མཚོན་རྟགས་སུ་བཟུང་ཆོག
ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་བླ་མ་སྤྲུལ་སྐུ་དང་དགེ་བའི་བཤེས་གཉེན་རྣམ་པ། མཁན་པོ་དང་མཁན་མོ། གསང་སྔགས་རིག་པ་འཛིན་པའི་སྡེ་ཚོགས། དེས་མ་ཚད་བསྟན་དང་འགྲོ་བའི་དོན་ལ་བློ་དཀར་སེམས་དཀར་འཆང་ཞིང་། ཞང་བོད་ཤེས་རིག་དར་སྤེལ་ལ་ཧུར་ཐག་འབད་ཐག་གནང་མཁན་གྱི་སེར་སྐྱ་ཕོ་མོ་སོགས་གཡུང་དྲུང་སྤུན་གྲོགས་རྣམ་པ།
དེ་རིང་ང་ཚོས་འདི་ནས། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འཚོགས་རྒྱུ་རེད། ཐེངས་འདིའི་ཚོགས་འདུའི་བརྗོད་བྱའམ། ཚོགས་འདུའི་དགོངས་དོན་འབབ་ས་གཙོ་བོའི་ཆ་ནས་ཡིན་ན། འགྲོ་བའི་ཕན་བདེ་གཙོས་པའི་མིའི་རིགས་ཀྱི་འཚོ་བའི་གནས་བབ་ལ་ཡར་ཐོན་དང་། སྤྱི་ཚོགས་འཕེལ་རྒྱས་ལ་དཔལ་ཡོན་གྱི་རླབས་ཤུགས་སྣོན་ཆེད་དུ། གངས་ལྗོངས་མདོ་དབུས་མཐོ་སྒང་གི་ཕ་མྱེས་ཡང་མེས་ཀྱི་ཚེ་སྲོག་གི་ངོ་བོ་དང་གཞི་གཅིག་ཏུ་འབྲེལ་ཞིང་སྦྲེལ་ནས་ཡོང་པའི། གངས་ཅན་བོད་པ་ཚང་གི་འོད་སྟོང་འབར་བའི་ཁྱིམ་རྒྱུད་ཀྱི་ནོར་བུ་རྩ་ཆེན་ཏེ། གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་སྤྱི་དང་། དེ་འབྲེལ་ཞང་བོད་ཤེས་རིག་གི་དགོངས་དོན་གལ་ཆེན་རྣམས་དངོས་ཡོད་ལོ་རྒྱུས་ཀྱི་གནས་བབ་དང་བསྟུན་ནས། ཅི་ལྟར་སྔར་ལས་ལྷག་པའི་སྒོ་ནས་འཛིན་སྐྱོང་བྱེད་པ་དང་། དར་སྤེལ་གཏོང་སྟངས་སྐོར་གཞི་རྩའི་ནང་དོན་དུ་འཛིན་པའི་ཚོགས་འདུ་ཞིག་ཡིན་ཞིང་། དོན་དེར་ཕྱར་གྲུ་མཉམ་འདེགས་ཡོང་བའི་དཔེ་ལྟར་དུ། རང་རང་གི་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་དང་། ཐབས་ནུས་གལ་ཆེན་འདོན་པའི་དོན་གནད་གཉིས་ཟུང་དུ་སྦྲེལ་ཏེ། མཉམ་འབྲེལ་ལྷན་ཚོགས་ཀྱི་ལོ་རྗེས་མའི་ལས་གཞི་ཁག་རྣམས་གཏན་ལ་འབེབས་པར། ང་ཚོ་ཚང་མ་ཕྱོགས་བཞི་མཚམས་བརྒྱད་ནས། བསྟན་དོན་ལ་མཐུན་ལམ་ཆིག་སྒྲིལ་བྱེད་པ་དང་། ལས་དབང་གཅིག་པའི་གོམ་པ་མཉམ་སྤོ་ཡོང་བ་བྱ་རྒྱུ་མ་ཟད། རང་རང་གི་བག་ལ་ཉལ་བའི་ནུས་སྟོབས་གང་ཡོད་སྔོག་འདོན་བྱ་ཆེད་ཕེབས་པ་ནི། རྣམ་པ་ལྷན་རྒྱས་ཀྱི་ཐུགས་ན་ཧ་ཅང་གསལ་བ་ལྟར་རེད།
གཅིག མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་ལོ་གཅིག་གི་བྱ་བའི་བརྒྱུད་རིམ་གྱི་གནས་ཚུལ་སྤྱི་བསྡོམས།
ཞིང་ལྗོངས་ལྔའམ། མདོ་དབུས་ཁམས་གསུམ་དུ་འཁོད་པའི་དགོན་སྡེ་སུམ་བརྒྱ་ལྔ་བཅུ་ལྷག་དང་། དེར་འབྲེལ་གྱི་རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཐམས་ཅད་ཀྱི་སྟོབས་ཤུགས་གཞི་གཅིག་ཏུ་སྒྲིལ་བའི་མཚན་གཞི་འགངས་ཆེན་ཏེ། ཆོལ་གསུམ་སྤྱིའི་བོན་པོ་ཡོངས་ལ་དབང་བའི་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཐུབ་པ་འདི་ནི། ཞང་བོད་ཤེས་རིག་འཕེལ་རྒྱས་ཐད་ཀྱི་བྱ་བཞག་གལ་ཆེན་ཞིག་དང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་གོམ་གང་མདུན་སྤོས་ཀྱིས་མཆོངས་བསྐྱོད་དང་འཕེལ་རྒྱས་ཀྱི་མཚོན་རྟགས་བཟང་པོ་ཞིག་ཀྱང་རེད། འདས་པའི་ལོ་གཅིག་གི་དུས་ཚོད་ནང་། སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེ་དབུར་བཞུགས་ཀྱི་མཚན་འཛིན་ཚོགས་གཙོ་རྣམ་པ་དང་། གཡུང་དྲུང་གླིང་གི་མཁན་ཆེན་གཙོས་པའི་བློ་འདྲི་མི་སྣའི་སྡེ་ཁག་གི་ཞིབ་ཕྲའི་མཛུབ་སྟོན་གལ་ཆེན་འོག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤ་རུས་རྡོར་ཐུག་གི་དཀའ་བ་སྤྱད་པ་ལ། དེར་བསྟུན་གྱི་གྲུབ་འབྲས་ཀྱང་དགའ་འོས་པ་ཞིག་ཐོན་དང་ཐོན་བཞིན་ཡོད།
དེ་ཡང་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ཚོགས་འདུ་ཐེངས་དང་པོའི་སྟེང་དུ། བསྟན་ལ་མཛད་རྗེས་བླ་ལྷག་གིས་ཆེ་ཞིང་། དགུང་ལོ་བརྒྱད་ཅུའི་སོ་མཚམས་ནས་བརྒལ་བའི་བསྟན་འཛིན་སྐྱེས་ཆེན་དམ་པའི་རིགས་ལ། མཛད་བཟང་སྐུ་དྲིན་ལེགས་མཚོན་གྱི་གཟི་བརྗིད་དཔང་ཡིག་འབུལ་རྒྱུའི་ལས་འཆར་འཇོག་གནང་བྱས་པས་མཚོན། སྐབས་དེར་བསྡོམས་པའི་གྲོས་ཆོད་དོན་ཚན་བརྒྱད་བཞག་ཡོད་པ་ལས། གྲོས་ཆོད་ཕལ་ཆེར་དངོས་སུ་ལེགས་འགྲུབ་བྱུང་ཡོད་ཅིང་། དེའི་ནང་གི་གཡས་རུའི་འཆད་རྩོད་ཆེན་མོ་དང་། གཡུང་དྲུང་བོན་གྱི་གཞུང་བརྒྱའི་བགྲོ་གླེང་བསྡུ་སྟངས་སྐོར་ཀྱི་གྲོས་ཆོད་གཉིས་མ་འོངས་པའི་ལོ་ཟླའི་ནང་ལག་ལེན་དུ་བསྟར་དགོས་ཡང་། ད་ལྟ་སྟ་གོན་གྱི་ལས་རྣམས་སྒྲུབ་བཞིན་པའི་སྒང་ཡིན། གང་ལྟར་ལོ་སྔ་མའི་གྲོས་ཆོད་དེ་དག་གི་གྲུབ་འབྲས་ཀྱི་མཇུག་སྡོམ་ཇི་འདྲ་ཡིན་པའི་ཚུལ་རྣམས་ནི། ཚོགས་གཙོའི་ཚོགས་འདུའི་སྟེང་གྲོས་ཆོད་བྱུང་བ་ལྟར། དྲུང་ཆེ་ལགས་ནས་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། ཚོགས་འདུ་ལ་ལོ་གཅིག་གི་བྱ་བའི་སྙན་ཞུ་འབུལ་རྒྱུ་བྱས་ཡོད་པ་ལགས་ན། འདིར་ཁོ་བོས་དེ་རིགས་བསྐྱར་དུ་བཟློས་ནས་མང་པོའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་རྒྱུ་མིན་མོད། རང་ཉིད་ཐེ་བའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཚང་མས། མཛུབ་མོ་ལྔ་བཅངས་ཁུ་ཚུར་ཞེས་པའི་དཔེ་ལྟར་ནུས་ཤུགས་མཉམ་འདོན་དང་། དཀའ་སྡུག་གི་རྔུལ་ཆུ་མང་པོ་ཇི་ལྟར་གདོང་གིས་བསུས་རུང་། དུས་ཚོད་དང་འཇོན་ཐང་། བྱ་བའི་བཀག་རྒྱ་སོགས་རྒྱུ་རྐྱེན་དུ་མའི་ཚོད་འཛིན་གྱི་དབང་གིས། གཞེས་ནིང་ལོའི་བྱ་བའི་གྲོས་ཆོད་འགངས་ཆེན་ཞིག་ཏེ། རང་རེའི་ཚོགས་པར་སྲིད་གཞུང་གིས་ཆོག་མཆན་དཔང་ཡིག་ཐོབ་པ་ལ། གནས་སྐབས་སུ་གང་ལྟར་འབྲས་བུ་ལེགས་པོ་ཞིག་འཁྱོངས་མ་ཐུབ་པས། སྐབས་འདི་དང་བསྟུན་ལྷན་རྒྱས་ནས་དེའི་སྐོར་ལ་བཟོད་དགོངས་ལྷུག་སྩོལ་གནང་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞིང་། མ་ཟད་རང་ཉིད་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོའི་བཟོ་ལྟ་ཙམ་ཞིག་འཛིན་དུ་བཅུག་ཡོད་པའི་ཆ་ནས། ཁོ་བོས་རང་སྟེང་གི་སྤྱོད་སྒོའི་བོགས་མ་ཐོན་ཞིང། བསམ་བློ་ཕྱོགས་རེ་བའི་དབང་གིས་གནད་ཆེའི་བྱ་བ་འཐུས་ཤོར་དུ་སོང་རིགས་གང་ཡོད་ལ། ལྷན་རྒྱས་ནས་ཀྱང་ཕན་ནུས་ལྡན་པའི་སྐྱོན་བརྗོད་བྱེད་པ་དང་། ནོར་འཁྲུལ་ལ་མཛུབ་མོ་གདོང་བཙུགས་བྱས་ཏེ། སློབ་སྟོན་རྨ་ཀླུང་རིང་མོའི་རྒྱུན་ལྟར་འཇོ་བའི་རེ་བ་ཞུ་རྒྱུ་ཡིན།
གཉིས། སྟོབས་ཤུགས་ཡོངས་རྫོགས་ཕྱོགས་གཅིག་ཏུ་སྒྲིལ་བར་འབད་དེ་བཀའ་འགྱུར་གྱི་ལས་གཞི་ནི་མཉམ་འབྲེལ་ལྷན་ཚོགས་སྐབས་གཉིས་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཀྱི་ བྱ་བ་མཐའ་དག་གི་ལྟེ་བར་འཛིན་རྒྱུ།
རྣམ་པ་ཚོ། གཡུང་དྲུང་བོན་གྱི་བསྟན་པ་སྲོག་ཤིང་ཡིན་པའི་ཞང་བོད་ཤེས་རིག་གི་དུས་གནས་ལ་ཁ་གཏད་དེ་གླེང་བ་ཡིན་ན། ད་ལོར་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་ཚུད་པའི་འཛམ་གླིང་གི་བོན་པོ་ཡོངས་ཀྱིས་ངེས་པར་དུ་དོ་སྣང་ཆེན་པོ་བྱ་དགོས་པ་ཞིག་ལ། ཞྭ་དཀར་བསྟན་པའི་གཙུག་རྒྱན༧སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན༣༣པ་ཆེན་པོ་མཆོག་དགོངས་པ་བོན་དབྱིངས་སུ་རྫོགས་པའི་གནས་ཚུལ་བྱུང་བ་དང་། དེ་བཞིན་དམུ་རིགས་གཤེན་གྱི་གདུང་འཛིན༧སྐྱབས་རྗེ་རྒྱལ་བ་གཤེན་སྲས་རིན་པོ་ཆེའི་བཀའ་དགོངས་གཞིར་བཞག་ལྟར། རང་རེའི་ཚོགས་པས་བཞག་པའི་ལོ་སྔོན་མའི་གྲོས་ཆོད་རླབས་སུ་ཆེ་བ་ཞིག་སྟེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་གཅིག་གྱུར་བཟོ་རྒྱུའི་ལས་གཞི་དེ་ཉིད། ཕྱོགས་ཡོངས་ནས་འགོ་བརྩམ་པ་ཙམ་དུ་མ་ཟད། ད་ལྟ་དངོས་སུ་ལག་ལེན་ལ་བསྟར་བཞིན་པའི་སྒང་ཡིན་པ་བཅས་རེད། མཉམ་འབྲེལ་ལྷན་ཚོགས་ནི་མི་བུ་ཆུང་ཡང་རིགས་ཀྱི་སྲས་ཞེས་བརྗོད་པ་ལྟར། བོན་པོ་སྤྱིའི་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་གནང་བའི་སྟོབས་ཤུགས་ཀྱི་ངོ་བོ་མཚོན་པར་དབང་ཞིང་། བསྟན་དོན་འཕེལ་རྒྱས་བྱ་བཞག་ལ་དགེ་མཚན་ཆེ་ལ་འགན་འཁྲིའི་འདུ་ཤེས་མཐོར་འདེགས་ཡོང་བ་མཚོན་པའི་རིག་གཞུང་གི་སྟེགས་བུ་དེ་ཡིན་སྟབས། གཡུང་དྲུང་བོན་གྱི་བསྟན་དོན་མཉམ་གླེང་བྱེད་སའི་སྒྲིག་འཛུགས་ཀྱི་ཁོར་ཡུག་འདི་བརྒྱུད་ནས། ༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན ༣༣ པ་མཆོག་གི་དགོངས་རྫོགས་ཀྱི་ཆེད་སོགས་ལ། ང་ཚོ་ཚང་མས་ལྷག་བསམ་རྣམ་དག་གིས་གཞོགས་འདེགས་བྱེད་པ་དང་། ཞབས་ཞུའི་ནུས་པ་འདོན་རྒྱུ་ནི་བོན་པོ་ཁྲི་ཕྲག་མང་པོའི་རེ་བ་དང་། བཅོས་མིན་བརྩེ་སེམས་ལས་ཐོན་པའི་འབོད་བསྐུལ་ཟབ་མོ་རུ་གོ་དགོས་པ་སྨོས་ཅི་དགོས། དེ་བས། སྐབས་འདི་དང་བསྟུན་ང་ཚོ་ཚང་མ་ཡར་བཞེངས་ཏེ། ༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་གི་གསོལ་འདེབས་དད་པའི་དབྱངས་སུ་གྱེར་བཞིན། གཡུང་དྲུང་བོན་གྱི་བསྟན་པ་ལ་ཕྱག་རྗེས་བླ་མེད་མཆིས་པའི་སྔོན་བྱོན་གྱི་བསྟན་འཛིན་སྐྱེས་ཆེན་དམ་པ་སྤྱི་དང་། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གསར་དུ་བཙུགས་པ་ནས་བཟུང་། ཞང་བོད་ཤེས་རིག་གི་དགོངས་དོན་ཟབ་མོ་ལྟར་བསྟན་འགྲོའི་སྤྱི་སེམས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་བཞེས་ཀྱང་། དགོས་དབང་གིས་ཐུགས་བསྐྱེད་ཟབ་མོ་ཞིང་ཁམས་གཞན་ལ་གཏད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་དང་། ཁྱད་པར་དུ་དུས་རབས་ཀྱི་ཁོར་ཡུག་དང་ལོ་རྒྱུས་ཀྱི་གཉན་འཕྲང་རིང་མོའི་ཁྲོད་ན། མཛད་པའི་འཕྲིན་ལས་སངས་རྒྱས་གཤེན་རབ་མི་བོ་ཆེ་དང་གཉིས་སུ་མ་མཆིས་པ་སྟེ། ༧སྐྱབས་རྗེ༧རྒྱལ་བ་སྨན་རིའི་ཁྲི་འཛིན ༣༣ པ་ཆེན་པོ་མཆོག་ལ་སེམས་གཏིང་ནས་མྱ་ངན་ཞུ་རྒྱུའི་རེ་བ་འདོན་རྒྱུ་ཡིན།
མཛའ་ཞིང་བརྩེ་བའི་བཀུར་འོས་ལྷན་རྒྱས་རྣམ་པ། གོང་དུ་ཞུས་པའི་གནས་ཚུལ་ཆེན་པོ་དེ་གཉིས་གང་ཡིན་རུང་འདྲ་བ་སྟེ། བསྟན་པ་སྤྱིའི་ཁེ་ཕན་ལྟེ་བར་བཟུང་ནས་དུས་དང་འཚམས་པའི་ཐག་གཅོད་འགྱོད་མེད་ཅིག་དང་། སྲེག་བཅད་བརྡར་གསུམ་གྱིས་ཐུགས་གྲོས་གསལ་ཐག་ཆོད་པ་ཞིག་བྱ་ཐུབ་ཚེ། བོན་བསྟན་བསྐྱར་དར་གྱི་བྱ་བཞག་བླ་ན་མེད་པའི་ཕུགས་འདུན་འཚོལ་སྙེག་བྱེད་པའི་བརྒྱུད་རིམ་ཁྲོད། ཞང་བོད་ཤེས་རིག་སྤྱིའི་དར་རྒུད་ཀྱི་ལས་དབང་ལ་དུས་རབས་གསར་བའི་ཁ་ལོ་བསྒྱུར་བར། སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཏུ་ཆགས་ཐུབ་ངེས་ཡིན་པར་ཐེ་ཚོམ་ཅི་ཡང་མེད། ང་ཚོས་ཅིས་ཀྱང་མཐོང་དགོས་པ་ཞིག་ལ། ཞང་བོད་ཤེས་རིག་དང་འབྲེལ་བའི་གཡུང་དྲུང་བོན་གྱི་བསྟན་པའི་གནས་བབ་ནི། ལོ་རྒྱུས་དཀྱོག་མཚམས་ཀྱི་འགྲན་སློང་གི་འགག་རྩ་གསར་བ་ཞིག་ལ་རྦད་དེ་ཐུག་ཡོད་པས་ན། བསྟན་པའི་གཟི་དཔལ་དང་རིག་གཞུང་འཕེལ་རྒྱས་ཀྱི་ལས་དོན་ལ། འདི་ལྟར་རྩིག་རྨིང་འདིང་བའི་དམིགས་བསལ་ཅན་གྱི་ལས་འཆར་འགངས་ཆེན་ཏེ། བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཅིག་གྱུར་གཏན་འབེབས་བཟོ་རྒྱུའི་རྒྱ་ཆེའི་ལས་ཀ་འདི་ཉིད་སྔོན་དཔག་དམིགས་ཚད་ལྟར་ལེགས་འགྲུབ་ཡོང་ཕྱིར། ང་ཚོ་ཚང་མས་དོན་དེར་མེད་ཐབས་མེད་པའི་ཕྱི་ནང་གི་མཐུན་རྐྱེན་ནམ། དགོས་ངེས་ཀྱི་རྒྱུ་ཆ་མཐའ་དག་ཇི་ལྟར་མཁོ་སྤྲོད་དམ་འདོན་སྤེལ་བྱེད་སྟངས་ཀྱི་ཆ་ལ། མི་སྒེར་ལ་ལས་བགོས་འགན་ཁུར་སྤྲོད་པའི་ལམ་ལུགས་ཅིས་ཀྱང་མངོན་འགྱུར་ཡོང་དགོས་པས། ལྷན་རྒྱས་ནས་དེའི་ཐད་རང་རང་གི་ལས་ཀའི་ཉམས་མྱོང་དང་། རྣམ་དཔྱོད་ཀྱི་བློ་སྟོབས་གཉིས་ཟུང་འབྲེལ་བྱེད་པ་བརྒྱུད། ཕན་ཚུན་ལ་བསམ་འཆར་བརྗེ་རེས་དང་། ཕན་ནུས་ལྡན་པའི་དགོངས་འཆར་གལ་ཆེན་ལྷུག་སྩོལ་གནང་ཞིང་། ལས་ཕྱོད་ཆེ་བའི་གྲོས་ཆོད་ཁ་ཤས་འཇོག་ཐུབ་པ་བྱ་རྒྱུའི་རེ་བ་ཞུ་རྒྱུ་ཡིན།
དོན་དེ་ཇི་ལྟར་ཐག་གཅོད་བྱ་སྟངས་སྐོར་ལ། རང་གི་རེ་བའམ་བསམ་འཆར་འདོན་པའི་ས་བཅད་མ་སྟོང་ཙམ་དུ་དམིགས་ཏེ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་སྐོར་གྱི་གསལ་བཤད། ཅེས་པ་དང་། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་གཡུང་དྲུང་བོན་གྱི་བཀའ་འགྱུར་མ་དཔེ་སྒྲིག་ཞུ་གཏན་འབེབས་ཐད་ཀྱི་སྲོལ་ཡིག ཅེས་པའི་ཡིག་ཆ་གཉིས་བཀའ་འགྱུར་གྱི་བྱ་བའི་ལས་འགོ་འཛིན་པའི་སྐབས་བསམ་འཆར་ཞུ་བྱེད་ཀྱི་འཆར་ཟིན་དུ་ཕུལ་ཞིང་། སྐབས་དེར་ནང་ཁུལ་ནས་བཟོ་བཅོས་དང་བཅས་གྲོས་ཆོད་བྱུང་ཡོད་ནའང་། ད་དུང་དངོས་སུ་གསལ་བསྒྲགས་བྱས་མེད་པས། ཐེངས་འདིར་ཡང་བསྐྱར་དཔྱད་གཞིར་ཕུལ་བ་ཡིན་མོད། འོན་ཏེ། ལས་ཀ་བྱེད་ཕྱོགས་སྐོར་ལ་རྣམ་དཔྱོད་དང་རིག་སྟོབས་ཟུང་འབྲེལ་བྱེད་པའི་ཉམས་མྱོང་གང་ཡང་བྲལ་སྟབས། ཁ་གསལ་ཞིབ་མོ་མེད་པ་སོགས་མ་འདང་བ་སྟེ། ཞུས་ཉེས་ཚབས་ཆེན་བྱུང་རིགས་ཀྱི་ཆ་ལ་ལྷན་རྒྱས་ནས་འགྲིག་མིན་གྱིས་སྐྱོན་བརྗོད་དང་། ཉེས་ཚོགས་ཡོ་བསྲིང་གནང་རྒྱུའི་རེ་བ་ཆེན་པོ་བཅངས་ཡོད།
གསུམ། མཉམ་འབྲེལ་ལྷན་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་སྟོབས་ཤུགས་ལ་བརྟེན་ནས། རྒྱ་ཆེའི་བོན་པོ་ཡོངས་ཀྱི་མཐུན་སྒྲིལ་དང་། བརྩེ་སེམས། ཡར་ཐོན་བཅས་ཀྱི་ངོ་བོ་གོང་དུ་སྤེལ་བར་སྐུལ་འདེད་བྱ་རྒྱུ།
རྣམ་པ་ཚོ། གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི་ཞི་བདེ་འཆམ་མཐུན་གྱི་འོད་རླབས་ཆེས་ཆེར་འབར་ཞིང་། ཞང་བོད་ཤེས་རིག་གི་བརྩེ་སེམས་ཀྱི་སྒྲོན་མེ་ཚེ་སྲོག་གི་རིན་ཐང་དུ་འཛིན་པའི་རིག་གཞུང་དར་སྤེལ་གྱི་ཚོགས་པའམ། རྒྱ་ཆེའི་ཆོས་ལུགས་མི་སྣས་ཁྲིམས་ལྟར་རང་གིས་རང་ལ་དོ་དམ་ལེགས་པོ་བྱེད་པ་དང་། དུས་རབས་ཀྱི་འབོད་སྐུལ་ལྟར་རང་ཉིད་འཛུགས་སྐྲུན་མཐོར་འདེགས་བྱེད་པ་ལ། ཡང་དག་པའི་རྣམ་དཔྱོད་དང་སློབ་གསོའི་སྒུལ་ཤུགས་སྣོན་པར་གཡུང་དྲུང་བོན་གྱི་གྲུབ་མཐའི་དགོས་མཁོ་སྐོང་བྱེད་ཀྱི་ཐུན་མོང་གི་སྒྲིག་འཛུགས་ཤིག་རེད་ལ། འདི་ནི་ཞང་བོད་རིག་གཞུང་གི་བསམ་བློའི་སྙིང་སྟོབས་ཀྱི་ཁྱད་བོན་ཡིན་ཞིང་། རྒྱལ་བ་གཤེན་རབ་མི་བོའི་བསྟན་པའི་དགེ་མཚན་ཞིག་ཀྱང་ཡིན་པ་སྔར་སོང་གི་བྱ་བའི་གྲུབ་འབྲས་ཁག་ལས་ར་སྤྲོད་ལེགས་པོར་བྱུང་ཡོད་དེ། དཔེར་ན། གཡུང་དྲུང་བོན་གཡས་རུའི་འཆད་རྩོད་ཆེན་མོ་ལོ་ལྔའི་ནང་ཐེངས་གཅིག་རེ་འཚོགས་རྒྱུ་དང་། ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་བོན་གྱི་དགེ་རྒན་དང་། སློབ་མ་བསྡུ་བར་ཕྱོགས་སོ་སོ་ནས་ནུས་ཤུགས་ཆེ་རུ་བཏོན་པ། གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་རྩོམ་སྒྲིག་ཁང་གིས། ཞང་ཞུང་སྨར་ཆེན་གྱི་ཡིག་གཟུགས་རྩིས་འཁོར་དུ་འཇུག་རྒྱུ་བྱས་པ་མཚོན་དཔེར་བྱས་ཐོག གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་སྐབས་དང་པོའི་ནང་དུ། བསྟན་ལ་སྨན་ཞིང་འགྲོ་ལ་ཕན་པའི་གྲོས་ཆོད་དོན་ཚན་ཁྱོན་བསྡོམས་ལྔ་བཅུ་ང་གཅིག་འཇོག་གནང་མཛད་ཡོད་པ་ལས། དེའི་ནང་གི་དོན་ཚན་དགུ་མ་གཏོགས་ཚང་མ་ལེགས་འགྲུབ་བྱུང་བའི་གནས་ཚུལ་མིག་མཐོང་ལག་ཟིན་ཡིན་པ་ལྟར་ན། བསམ་བཞིན་གནས་ལུགས་ལ་རྡོག་བརྫིས་བྱེད་པར་གོམས་པ་དང་། བདེན་དོན་ལ་བསྙོན་འདིང་བར་བྱེད་པའི་སྙིང་རླུང་ཅན་གྱི་གང་ཟག་ཅིག་མིན་ཚེ། མཉམ་འབྲེལ་ལྷན་ཚོགས་བཙུགས་པ་ནི་རྒྱུ་མཚན་ཡོད་པ་དང་། ཆོད་སེམས་ཡོད་པ། ཕན་རླབས་ཡོད་པ། ཁ་ཕྱོགས་ཡོད་པ། གྲུབ་འབྲས་ཡོད་པ་ཞིག་ཡིན་པ་སྨོས་མི་དགོས།
དུས་བསྟུན་མདུན་སྐྱོད་ལྟར་བསྟན་དོན་མཉམ་སྒྲུབ་བྱེད་པའི་རིག་གཞུང་གླེང་སྟེགས་ཀྱི་སྒྲིག་འཛུགས་ཏེ། དཔུང་བ་མཉམ་གཤིབ་བྱེད་པའི་ཐབས་ལམ་དང་། སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་གོང་བུ། སྤྱི་དོན་ཤུགས་ཀྱིས་འདེགས་པའི་མཉམ་འབྲེལ་ལྷན་ཚོགས་འདི་བཞིན་ཚུགས་པ་ལ་བརྟེན་ནས་སོ་སོར་ཁ་འཐོར་ཉམ་ཆུང་དང་། བག་ཁུམས་སྐྱོ་སྣང་། གྲོགས་མེད་ཁེར་རྐྱང་གི་རྣམ་པར་ཡུན་རིང་དུ་ལུས་ཡོད་པའི་བོན་པོ་ཐམས་ཅད་ཀྱི་སྟོབས་ཤུགས་ཕྱོགས་གཅིག་ཏུ་སྒྲིལ་ཐུབ་པར་བྱས་པ་མ་ཟད། དགོན་སྡེ་དང་དགོན་སྡེ་བར་རིག་ལམ་སྤེལ་རེས་བྱ་བའི་འགྲོ་འོང་གི་རྒྱུན་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་ཅིང་། མདོ་དབུས་མཐོ་སྒང་ནས་ས་སྐྱེས་རྡོ་སྐྱེས་སུ་བྱུང་བའི་བོད་མེས་པོའི་བསམ་པའི་དཔལ་ཡོན་གྱི་རྒྱུ་ནོར་རིན་ཐང་བྲལ་བ་སྟེ། ཞང་བོད་ཀྱི་ཆོས་རིག་གཙུག་ལག་སྲོལ་རྒྱུན་རྩ་ཆེན་པོའི་དགོངས་དོན་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གནང་བའི་བསྟན་དོན་གྱི་འབྱུང་འགྱུར་ཆེད་དུ། མི་དང་མིའི་བར་ཕན་ཚུན་དོ་སྣང་དང་ཐུགས་ཁུར་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་དོན་དཔུང་གིས་འདེགས་དགོས་པའི་མཉམ་ལས་ལ་ཤུགས་སྣོན་པར་གཟིགས་རྒྱང་རིང་བ་གནང་བ་དགོས་པའི་སྐུལ་ལྕག་གི་ནུས་པ་མི་དམན་པ་ཐོན་ཞིང་། མདོ་དབུས་ཁམས་གསུམ་དུ་འཁོད་པའི་རྒྱ་ཆེའི་བོན་པོ་ཡོངས་ཀྱི་སེམས་བསམ་པའི་བར་ཐག་ཇེ་ཉེ་རུ་བཏང་དང་གཏོང་བར་གཞན་གང་གིས་ཀྱང་། གཏན་ནས་ཚབ་བྱེད་མི་ཐུབ་པའི་ཁྱད་འཕགས་སྟོབས་ཤུགས་ཀྱི་ཕན་རླབས་དང་། དགའ་འོས་པའི་བྱས་རྗེས་བརྩེགས་མར་བཞག་དང་འཇོག་བཞིན་པའི་ཚུལ་རྣམས་ནི། མཉམ་འབྲེལ་ལྷན་ཚོགས་ཆེན་མོའི་འགྲུལ་བཞུད་ཀྱི་ལམ་ངོགས་རིང་མོ་ན། རྡོ་ལ་རི་མོ་བརྐོས་པ་ལྟར་ཤིན་ཏུ་གསལ་བོར་མཐོང་ཐུབ་པ་ལྟར་རེད།
ཡིན་ནའང་། ང་ཚོས་གྲུབ་འབྲས་ལ་རྒྱང་བལྟ་བྱེད་པ་དང་ཆབས་ཅིག རྗེས་ཀྱི་བྱ་བའི་ཁྲོད་ཅིས་ཀྱང་མཉམ་འཇོག་གནང་དགོས་པ་གལ་ཆེན་ཞིག་ལ། བསྟན་འཛིན་སྐྱེས་ཆེན་དུ་མས་གྱེར་བསྟན་སྤྱི་ཡི་བསྟན་ཆུས་ཀྱི་བྱ་བཞག་སྙོམས་སྒྲིག་ཡོང་ཕྱིར། འབད་བརྩོན་ཆེན་པོས་མཉམ་འབྲེལ་ལྷན་ཚོགས་ཚུགས་པའི་དམིགས་ཡུལ་ནི། ལོ་རེ་བཞིན་ཚོགས་འདུའི་ངོ་བོ་སྟོང་བ་སྟོང་རྐྱང་བ་ཞིག་བསྐོང་འཚོགས་བྱས་ཏེ། རྫིག་རྫིག་ངང་གནས་དེར་ཟ་འཐུང་བརྒྱག་པ་ལྟ་བུའི་ཆེད་ཙམ་གཏན་ནས་མ་ཡིན་ཞིང་། མཉམ་འབྲེལ་ལྷན་ཚོགས་ཀྱི་ཕུང་པོ་ཧྲིལ་བོ་འཁོར་བསྐྱོད་ཐུབ་པ་ཅན་དུ་འགྱུར་ཕྱིར། རྒྱུན་ལས་སོ་སོ་ལ་ལས་བགོས་འགན་ཁུར་སྤྲོད་པའི་ལམ་ལུགས་འཐུས་ཚང་ཅན་དུ་གཏོང་དགོས་པའི་ཆེད་ཡིན་པ་དང་། དོན་གནད་ཆེ་ཆུང་གང་འདྲ་ཡིན་ཡང་རུང་སྟེ། སྤྱིའི་གནས་བབ་ལ་མི་བལྟ་བར་མི་ངོ་རྒྱུ་ངོ་ཆེ་ཆུང་གཙིགས་འཛིན་བྱ་བ་སོགས། ས་ཕྱོགས་ལུང་ཚན་འཐེན་འཁྱེར་བྱས་ནས། བོན་པོ་ནང་ཁུལ་གྱིས་མཐུན་སྒྲིལ་ཉམས་དམས་སུ་གཏོང་རྒྱུའི་ཆེད་མ་ཡིན་པར། བསྟན་པ་སྤྱི་ཡི་གནས་བབ་ཀྱི་ཁ་ཕྱོགས་ལམ་ཕྱོགས་གཅིག་གྱུར་ཡོང་བ་ལ། ཚང་མས་དོན་དེར་ཧུར་བརྩོན་ཤུགས་ཆེན་བྱ་རྒྱུའི་ལྟ་བ་སྲོག་ཤིང་དུ་འཛིན་རྒྱུའི་ཆེད་ཡིན་པ་ལས། རང་ཉིད་གཅིག་པུ་ལས་གནམ་སྔོན་པོ་གཞན་ཞིག་མེད་མདོག་གིས། སྤྱི་དོན་དང་གནས་ལུགས་ལ་རྡོག་བརྫིས་བྱུང་རྒྱལ་དུ་གཏོང་རྐྱང་བྱེད་པའི་རྣམ་འགྱུར་སྟོན་ཆེད་མ་ཡིན་པར། སོ་སོའི་འཆར་འགོད་དང་རྣམ་དཔྱོད་འདོན་སྤེལ་བྱས་པའི་འཚོ་བའི་ལག་ལེན་གྱི་ཉམས་མྱོང་བཟང་པོ་དང་སྒོ་བསྟུན་ཏེ། མི་རྣམས་སྤྱི་དོན་ལ་སེམས་ཁུར་བྱེད་པའི་ཕྱོགས་སུ་བསྐྱོད་པར། དེ་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་ཆེད་ཡིན་པར་ཐེ་ཚོམ་དང་རྩོད་པ་གཏན་ནས་མེད་དགོས་པ་དེ་རེད།
དངོས་ཡོད་ཀྱི་རྒྱུ་མཚན་ནམ་གནས་ལུགས་དེ་དག་གིས་ཕྱིར་ན། ང་ཚོས་ལས་དོན་གཏན་འཁེལ་བྱེད་དུས་ཀྱང་། མང་ཁ་ཉུང་ཉན་བྱེད་པའི་ལམ་ལུགས་ལ་གཙིགས་འཛིན་བྱེད་པ་རྒྱུན་འཁྱོངས་གནང་དགོས་པ་དང་། དེ་བཞིན་ཐུན་མོང་གིས་ཐག་གཅོད་བྱས་ཟིན་པའི་རང་སྟེང་གི་བྱ་བ་གང་ཡིན་ཡང་། ལྷག་བསམ་རྣམ་དག་གིས་རང་འགན་དང་བླངས་ངང་སྒྲུབ་དགོས་པ་ལས། ཕན་ཚུན་ལ་ཁག་དཀྲི་མཛད་པ་སོགས་བླང་བྱར་འགན་མི་ཁུར་ལ། མིང་སྟོང་གཉེར་བའི་གོམས་གཤིས་ངན་པ་རྣམས་ཅིས་ཀྱང་འགོག་པའི་ཐབས་ལ་བརྩོན་པར་བྱ་བ་དང་། སྤྱི་དོན་མཉམ་སྒྲུབ་ལ་དཔུང་པ་མཉམ་གཤིབ་བྱེད་པའི་ཁ་ཕྱོགས་མི་ནོར་བར་འཛིན་ཞིང་། བོན་གྱི་བསྟན་པ་སྐྱོན་མེད་བདེ་ཐང་ངང་ཡར་རྒྱས་གོང་འཕེལ་དུ་འགྲོ་བའི་སྣེ་ཁྲིད་ལེགས་པོ་བྱ་རྒྱུ་བཅས་ནི། མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྣམ་པའི་བླ་ན་མཐོ་བའི་སྙིང་སྟོབས་ཀྱི་དཔལ་དང་། འོད་སྣང་གི་གཟི་བརྗིད་རླབས་སུ་ཆེ་བར་ལྷག་འདུག་པ་ལྟར་ཡིན།
འཛམ་གླིང་སྟེང་གི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣ་ནི་ཆོས་ལུགས་ཚོགས་ཁག་གི་སྟོབས་ཤུགས་གཙོ་བོ་ཡིན་པ་ནང་བཞིན། བོན་གྱི་དགོན་སྡེ་ཁག་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་སྟེ། བསྟན་བདག་བླ་མ་དང་མཁན་པོ་དགེ་བཤེས་སོགས་ཀྱིས་གཙོར་བྱས་ཐོག གཡུང་དྲུང་བོན་གྱི་གནད་ཡོད་མི་སྣ་ཧྲག་བསྡུས་བྱས་ནས་གྲུབ་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་ནི། བོན་བསྟན་ཤེས་རིག་འཛིན་སྐྱོང་བྱེད་པའི་གནས་བབ་དེ་ལོ་རྒྱུས་ཀྱི་ཆུ་ཚད་གསར་བ་ཞིག་ལ་བསྐུལ་འདེད་བྱེད་པར། བོན་པོ་ཐམས་ཅད་ཀྱི་དམིགས་ཡུལ་དང་བསམ་བློ་གཅིག་པ་དང་། ཁ་ཕྱོགས་དང་མདུན་ལམ་གཅིག་པ། སྟོབས་ཤུགས་དང་རྒྱབ་སྐྱོར་ནུས་པ་བཅས་ཡིན་པའི་དཔུང་སྟོབས་ཤེས་རབ་ཀྱི་མཚོན་རྟགས་དང་། རྡོག་རྩ་གཅིག་སྒྲིལ་གྱི་མཚོན་རྟགས། མཐུན་སྒྲིལ་དཔུང་སྒྲིག་གི་མཚོན་རྟགས། འཆམ་མཐུན་མཉམ་གནས་ཀྱི་མཚོན་རྟགས། བསྟན་སྤེལ་འགྲོ་ཕན་གྱི་མཚོན་རྟགས། བརྩེ་སེམས་རླབས་རྒྱུན་གྱི་མཚོན་རྟགས། ཡར་ཐོན་བརྩོན་ལེན་གྱི་ལམ་ཆེན་དུ་བསྐྱོད་པའི་མཚོན་རྟགས་བཅས་ཡིན་པས་ན། ང་ཚོས་ནམ་ཡང་སྤྱི་དོན་ལ་མཐོང་ཆེན་བྱེད་ཅིང་། མཐུན་སྒྲིལ་ལ་རང་སྟེང་ནས་ཤུགས་སྣོན་བྱ་བ་དང་། འགན་འཁྲིའི་ཐད་ལ་ཡར་ཐོན་ཡོང་བའི་སྤྱོད་ཚུལ་གྱི་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་པ་བརྒྱུད་དེ། རྣམ་པ་ལྷན་རྒྱས་ཀྱི་བཞེད་དགོངས་མཐའ་དག་ལ་རེ་བའི་འབྲས་བུ་གཡུར་དུ་ཟ་བ་སྨིན་ཞིང་། ཞང་བོད་ཤེས་རིག་གི་མཛེས་སྡུག་འོད་སྣང་མཁའ་རུ་འགྲེམས་པའི་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་འདི་ཉིད། བོད་ཀྱི་ཆོས་བརྒྱུད་གྲུབ་མཐའ་སོ་སོ་ལྟ་ཅི། འཛམ་གླིང་ཆོས་རིག་གཙུག་ལག་གི་དཔལ་ཡོན་ཟེར་བརྒྱ་འབར་བའི་གྲས་སུའང་། ཐུན་མོང་མ་ཡིན་པའི་རང་མདོག་གི་འོད་རླབས་མཁའ་རུ་གཡོ་ཐུབ་པ་དང་། འོད་ཟེར་འབུམ་ལྡན་གྱི་མཛད་བཟང་གི་དུས་རབས་གསར་བ་ཞིག་ལ་སླེབས་ཐུབ་པར་སྙིང་ནས་སྨོན་པ་ཡིན།
མཇུག་ཏུ་རྣམ་པ་ལྷན་རྒྱས་ཀྱི་སྐུ་གཟུགས་བདེ་ཞིང་། བཞེད་རྒུ་ཐམས་ཅད་ལྷུན་གྱིས་འགྲུབ་པ་དང་། བསྟན་འགྲོའི་བདེ་སྐྱིད་འཕེལ་རྒྱས་ཀྱི་འཕྲིན་ལས་ཡར་ངོའི་ཟླ་ལྟར་རྣམ་ཀུན་མཁའ་རུ་རྩེན་པའི་བཀྲ་ཤིས་སྨོན་འདུན་ཞུ། ཚང་མས་གསན་པར་ཐུགས་རྗེ་ཆེ།
༢༠༡༧ལོའི་ཟླ༡༢ཚེས༧ཉིན།