ཞང་བོད་ཀྱི་གསོ་རིག་དང་འབྲེལ་བའི་གལ་ཆེའི་གནད་བཤད།
[ཟླ་ཚེས། 2016-11-07 22:04:54][རྩོམ་པ་པོ། ར་མ་དགེ་བཤེས་ཀུན་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། འབྱུང་ལྔའི་གནད་དོན་དེ་ཉིད་སྣང་སྲིད་འཇིག་རྟེན་གྱི་སྐྱེ་འཇིག་གནས་གསུམ་དང་དངོས་སུ་འབྲེལ་གཤིས། ཞང་བོད་གསོ་རིག་གི་གཞུང་ལུགས་ཀྱང་དེ་ལས་མ་འདས་པའི་གལ་གནད་ཟིན་ཚུལ་དངོས་བསྟན་ལུང་ཚིག་གལ་ཆེར་འགའ་དྲངས་ཐོག། ཕྱི་རྒྱུད་ལས། ངོས་ཟིན་བོན་དང་མདོས་དང་བསྐྲད་པ་དང་། བྱིན་རླབས་བཀའ་བསྒྲག་བསོད་ནམས་བསག་ལ་སོགས། ཡུལ་ལུགས་སྦྱར་ཏེ་གང་ལ་འཚམས་པས་བཅོས། ཅེས་དང་། བླ་རྩ་བྲོས་ན་བླ་ཚེ་ཡལ་ཏེ་འཆི། ཚེ་ཆོག་འཆི་བསླུས་ཁུགས་པ་སྲིད་པ་ཙམ་ཞེས་པའི་ལུང་དོན་གཙོར་འདོན་བྱེད་པའི་བོན་ལུགས་ཀྱི་མདོས་གླུད་ཆོ་གའི་སྐོར་ངོ་སྤྲོད། གསོ་རིག་འབུ་བཞིའི་བརྒྱུད་རིམ་དཔྱད་གཞིའི་གལ་ཆེའི་བླ་རྒྱུད་འགའི་ལོ་ཚིགས་ཁ་ཤས་གསལ་སྟོན་ཞུས་ཡོད།
གལ་གནད་ཚིག ཅི་ཡང་མེད་པའི་སྟོང་པ། ཅི་ཡང་སྣང་བའི་ཆོ་འཕྲུལ། འབྱུང་ལྔའི་འགལ་འབྲེལ། མདོས་གླུད། འབུམ་གཞིའི་བརྒྱུད་རིམ།།
ཞང་བོད་ཀྱི་གསོ་རིག་གཞུང་ལུགས་ནི། ཆེས་རྩ་ཆེའི་ནོར་བུ་ཞིག་ཡིན་པར་སྨོས་མེད་ཡིན་པར་བརྟེན། གཞུང་ལུགས་དེའི་གྲུབ་པའི་རྨང་གཞི་དང་ནང་དོན་གྱི་ངོ་བོ་འབྱུང་ལྔ་དང་འབྲེལ་ཞིང་། དམིགས་གསལ་མདོས་གླུད་གཏོ་ཆོག་གི་རིག་པས་ཞང་བོད་གསོ་རིག་གི་གཞུང་དང་འབྲེལ་བ་ཤིན་ཏུ་ཆེ་བས་གནས་བབས་ཟིན་པའི་རང་བཞིན་ལྡན་པ་བཅས། ད་བར་མ་ཉམས་བརྒྱུད་པའི་སྐལ་པ་འདི་ཉིད། འོ་ཅག་གངས་ཅན་པའི་དགེ་མཚན་ཐུན་མོང་མིན་པའི་ཁྱད་མཚན་ཞིག་ཅི་སྟེ་མིན། དེས་ན་འདིར་ཁོ་བོའི་ཤེས་ཚོད་ཀྱིས་དེའི་ཐད་གལ་གནད་འགའ་ཞིག་འཆད་པ་ལ། ཞང་བོད་ཀྱི་གནའ་གཏམ་འབྱུང་ལྔའི་སྒྱུ་འཕྲུལ་དྲྭ་བ། ཞང་བོད་གསོ་རིག་གི་རྨང་གཞི་འབྱུང་ལྔ་དང་འབྲེལ་ཚུལ། མདོས་གླུད་ཀྱི་རིག་པ་ཞང་བོད་གསོ་རིག་དང་འབྲེལ་ཚུལ། ཞང་བོད་གསོ་རིག་དང་འབྲེལ་བའི་བརྒྱུད་རིམ་སྐོར་བཅས་རྣམ་པ་བཞི་ལས།
གཅིག ཞང་བོད་ཀྱི་གནའ་གཏམ་འབྱུང་ལྔའི་སྒྱུ་འཕྲུལ་དྲྭ་བ།
དངོས་པོ་གང་ཞིག་གྲུབ་པར་ཐོག་མའི་འབྱུང་ཁུངས་གང་ལ་ཐུག་པ་དང་། བར་དུ་སྐྱེ་འཕེལ་གྱི་རྒྱུད་རིམ་ལྡན་ཞིང་། ཐ་མ་སྐྱེ་གནས་འཇིག་གསུམ་གྱི་རང་བཞིན་ལྡན་པའི་ཕུང་པོ་གཏོས་དང་བཅས་པ་ཞིག་གྲུབ་པ་ནི། རང་རང་གི་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་མཐུན་རྐྱེན་གྲུབ་པ་དང་། འགལ་རྐྱེན་མེད་པའི་གོ་སྐབས་ངེས་ཅན་ཞིག་དང་ཕྲད་པ་ལས་བྱུང་བ་ཞིག་ཡིན་པས་ན། རྟེན་པ་སྣོད་དང་གཡོ་བ་བཅུད་ཀྱི་ཆགས་གནས་འཇིག་གསུམ་གྱི་རང་བཞིན་བསམ་གྱིས་མི་ཁྱབ་ནའང་། མདོ་དོན་འབྱུང་ལྔའི་འགལ་འབྲེལ་གྱི་སྣང་ཚུལ་ལས་མ་འདས་ན། དེང་རབས་ཕྲ་མཐོང་ཆུ་ཤེལ་གྱི་སོབ་འབག་མཛེས་པོས་ཟུར་སྟེགས་གནང་ཞིང་ཕྱི་རོལ་ཁོ་ནར་ཁ་ཕྱོགས་པའི་ཨུ་ཚུགས་སྡུག་ནན་གྱིས་ལོ་ཟླའི་བགྲང་ཕྲེང་འཁོར་ལོ་ཡུན་རིང་བསྐོར་བའི་ཞིབ་འཇུག་གི་གནད་དོན་གང་རྙེད། འཛམ་གླིང་ཡོངས་ལ་སྤྲེལ་རྐུབ་ངོམས་པ་བཞིན། དེང་རབས་ཀྱི་ཚན་རྩལ་མི་སྣས་ལྷང་སྒྲོགས་བྱེད་པའི་སྟེགས་བུའི་ཐོག་ཏུའང་ང་ཚོའི་གངས་ཅན་གྱི་གནའ་རབས་འབྱུང་ལྔའི་རིག་པའི་གནད་གསང་ཟབ་པ་དང་། གསལ་བ་ཕྲ་རྣོ་མྱུར་བརྟན་བརྗིད་དང་ལྡན་པ་འདི་ཉིད་ངོ་གནོང་ནམ་ཡང་མི་དགོས་པ་ཞིག་ཡིན་པ་ནི། གཤམ་གྱི་ལུང་དོན་ཁག་ལ་དཔྱད་ན་འོས་པར་སེམས་ཀྱང་། མ་གོ་ལོག་ལྟ་ཅན་ལ་གསང་།ལས་ཅན་དོན་མི་སྟོང་ལ་སྔགས། ཅེས་པའི་གངས་ཅན་གྱི་རང་ལུགས་དེའང་གལ་ཤིན་ཏུ་ཅིས་ཀྱང་མི་ཆེ། འོ་ན་དགོས་པའི་དུས་དང་མཁོ་བའི་ཉག་ཞེས་པའི་དཔེ་ལྟར། མན་ངག་བྱུར་བུར་བཏམས་པའི་ལུང་མཛོད་གཏེར་སྦྲམ་འགའ་ཡི་ཞལ་ཁེབས་ཅུང་ཙམ་ཕྱེས་ན། མཁའ་ཀློང་རབ་འབྱམས་སྐོང་བའི་འཕྱོང་ལས་ (1) དང་པོ་ཅི་ཡང་མེད་པའི་སྟོང་པ་ལས། ཅི་ཡང་སྣང་བའི་ཆོ་འཕྲུལ་བྱུང་། ཆོ་འཕྲུལ་འོད་ཀྱི་འཁོར་ལོ་ལས། འབྱུང་བ་རྒྱུ་ཡི་སྐྱེ་འཕེལ་བྱུང་། འབྱུང་བཞི་རྒྱུ་ཡི་ཡང་བཅུད་ལས། བག་དང་རྡུལ་ལས་རྒྱུ་བསྐྱེད་ནས། སྣོད་ཀྱི་འཇིག་རྟེན་མས་བསྲིད་ཆགས། སྣང་བ་འོད་ཀྱི་སྙིང་པོ་ལས། བསམ་དང་དྲན་གྱིས་གཡོ་བས་བསྐྱོད། ཤེས་རིག་རྒྱུད་ཕྲད་བཅུད་ཡས་ཆད་༼ཆགས༽། མ་རྟོགས་ལོག་པའི་རྣམ་རྟོག་གིས། འཇིག་རྟེན་མི་བདེ་སྡུག་བསྔལ་སྤྱོད། བདེ་བའི་དོན་རྟོགས་རྣམ་གྲོལ་བས། འདས་པའི་ཡེ་ཤེས་སྟོང་བདག་མེད། གཞན་དབང་རྩུབ་མོས་བདག་མི་འཁྲུག། དེ་ཚེ་རང་དབང་མངོན་དུ་གྱུར། ཞེས་དང་། མདོ་གཟེར་མིག་ལས་ཀྱང་།(2 )དང་པོ་ཡེ་མེད་སྟོང་པ་ལ། སྲིད་ནི་ཡེ་ཡོད་ཅུང་ལ་སྲིད། ཆགས་ནི་ཕྲ་རབ་རྡུལ་ལ་ཆགས། གྲུབ་ནི་སྤྱི་མཐུན་ལས་ལ་གྲུབ། རྒྱུ་ནི་འབྱུང་བ་ལྔ་ལས་བརྟེན། ཞེས་གསུངས། དེ་ལྟར་ཐོག་མའི་སྟོང་པ་ལས་རང་བྱུང་རྐྱེན་གྱིས་བསྐུལ་བས་སྐྱེ་འཕེལ་དངོས་པོ་བྱུང་ཚུལ་བརྒྱུད་རིམ་ལྡན་པ་དང་། བྱུང་ཚུལ་གོ་རིམ་དེ་ཡང་རྒྱུ་མཚན་ལྡན་པའི་དངོས་པོའི་སྐྱེ་རིམ་ཕྲ་རགས་འཕེལ་འགྱུར་གྱི་གོ་རིམ་ལྡན་ཞིང་། བྱེད་ལས་དང་མཚན་ཉིད་དབྱེ་བ་ཡོད་པས་ཕན་ཚུན་འགལ་འབྲེལ་གྱི་ལྟོས་གྲུབ་ལས་སྣོད་བཅུད་ཐམས་ཅད་སྐྱེ་འཇིག་གནས་གསུམ་གྱི་རང་བཞིན་དང་ལྡན་པ་ཞིག་ཡིན་ཚུལ་གོ་ནུས་པ་མ་ཟད། གཟེར་མིག་ལས།(3)འབྱུང་བ་རྣམ་བཞི་བསྡུད་པ་ནམ་མཁའ་ལྔ། འདི་ལྟར་སྣང་བའི་རྒྱུ་དང་འབྲས་བུ་ཡིན། ལས་དང་མཚན་ཉིད་དབྱེ་བ་འདི་ལྟར་བཤད། སྤྱིར་ན་འབྱུང་བ་ཞེས་བྱ་བ་ནི། གཅིག་ལ་གཅིག་བརྟེན་གྱིན་འབྱུང་བས་འབྱུང་བ་ཞེས་བྱའོ།། ནམ་མཁའ་ཞེས་བྱ་བ་ནི། ཡེ་མ་བྱུང་མ་སྐྱེས་སྐྱེ་འགག་མེད་པ་རུ་གདོད་ནས་གནས་པ་འབྱུང་བས་སྡུད་པའོ།། མ་བྱུང་མ་མྱོང་སེམས་ཅན་ལས་ལ་བརྟེན་དེ། འབྱུང་བའི་འབྱུང་བ་རྣམ་བཞི་འདི། མཚན་ཉིད་གཅིག་ཏུ་ངེས་ལ་ལས་ནི་གཉིས་གཉིས་འབྱུང་། འབྱུང་བ་རླུང་གི་མཚན་ཉིད་ཡེ་ནས་ཡང་བའོ།། རླུང་གི་ལས་ནི་སེམས་ཅན་ལས་ཀྱི་ཆ་དང་མཐུན། སེམས་ཅན་ལས་མ་ཟད་པའི་བར་དུ་དངས་སྙིགས་འབྱེད་ཅིང་ཐམས་ཅད་འདེགས། སེམས་ཅན་ལས་ཟད་བསོད་ནམས་ཆ་འབྲི་ན། འབྱུང་བ་རླུང་གིས་བཤིགས་ནས་འཐོར་བའོ།། འབྱུང་བ་མེ་ཡི་མཚན་ཉིད་ཡེ་ནས་ཚ་བའོ།། མེ་ཡི་ལས་ནི་སེམས་ཅན་ལས་ཀྱི་ཆ་དང་མཐུན། སེམས་ཅན་ལས་མ་ཟད་པའི་བར་དུ་སྨིན་པར་བྱེད་ཀྱིན་ཐམས་ཅད་བསྐྱེད། སེམས་ཅན་ལས་ཟད་བསོད་ནམས་ཆ་བྲི་ན། འབྱུང་བ་མེ་ཡིས་བསྲེག་ནས་འཚིག་པའོ།། འབྱུང་བ་ཆུ་ཡི་མཚན་ཉིད་ཡེ་ནས་གཤེར་བའོ།། ཆུ་ཡི་ལས་ནི་སེམས་ཅན་ལས་ཀྱི་ཆ་དང་མཐུན། སེམས་ཅན་ལས་མ་ཟད་པའི་བར་དུ་སྡུད་ཅིང་གསོ།། སེམས་ཅན་ལས་ཟད་བསོད་ནམས་ཆ་བྲི་ན། འབྱུང་ བ་ཆུ་ཡིས་བཤིགས་འཁྱེར་འཁྲུ་བའོ།། འབྱུང་བ་ས་ཡི་མཚན་ཉིད་ཡེ་ནས་སྲ་བའོ།། ས་ཡི་ལས་ནི་སེམས་ཅན་ལས་ཀྱི་ཆ་དང་མཐུན། སེམས་ཅན་ལས་མ་ཟད་པའི་བར་དུ་མཁྲེགས་ཀྱིན་བརྟན། སེམས་ཅན་ལས་ཟད་བསོད་ནམས་ཆ་བྲི་ན། འབྱུང་བ་ས་ཡིས་གཏིང་ནས་འཁྲུག་པའོ།། སྤྱི་ཁྱབ་སྡུད་པ་ནམ་མཁའི་མཚན་ཉིད་ཡེ་ནས་སྟོང་ཞིང་བདག་མེད་པའོ།། ནམ་མཁའི་ལས་ནི་སེམས་ཅན་ལས་ཀྱི་ཆ་དང་མཐུན། སེམས་ཅན་ལས་མ་ཟད་ཀྱི་བར་དུ་གསལ་གྱིན་གོ་རྣམས་འབྱེད། སེམས་ཅན་ལས་ཟད་བསོད་ནམས་ཆ་བྲི་ན། གསལ་ཞིང་གོ་འབྱེད་ནམ་མཁའ་འཐིབས་ནས་མུན་པར་འགྱུར་བའོ།། འདི་ལྟར་སྣང་བའི་སྣོད་ཀྱི་འཇིག་རྟེན་གྱི། ལས་དང་མཚན་ཉིད་དབྱེ་བ་གསལ་བར་ཕྱེ་ཞིང་ཞིབ་པར་བཤད་པའོ།། ཞེས་གསུངས་སོ།།
གཉིས། ཞང་བོད་གསོ་རིག་གི་རྨང་གཞི་འབྱུང་ལྔ་དང་འབྲེལ་ཚུལ།
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་རྨང་གཞི་ནི།འབྱུང་ལྔའི་སྒྱུ་འཕྲུལ་གཡོ་ལྡང་གི་ངོས་འཛིན་བྱེད་པའི་རིག་པ་སྟེ། འབྱུང་བ་འཕེལ་ཟད་འཁྲུགས་པ་ཁ་ཡོ་སྙོམས་པའི་གསོ་དཔྱད་ཀྱི་རིགས་འགྲོས་ཐུན་མོང་མིན་པའི་ཁྱད་མཚན་ཅན་ཞིག་ཡིན་པ་གཤམ་གྱི་གནའ་དཔེ་དེ་དག་ལས་གསལ་ཡོད། སྨན་འབུམ་དཀར་པོ་ལས། (4)དེ་སྐད་ཞུས་ཏེ་སྟོན་པའི་བཀའ་སྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། རྒྱུད་འདི་རྒྱུ་འབྲས་གཉིས་ཀྱི་ཐེག་པར་གཏོགས། རིག་པའི་གནས་ལྔ་གཅིག་ཡིན་ཕྱྭ་གཤེན་ཏེ། དགེ་རྩ་བསོད་ནམས་ཆེ་བས་དགེ་བསྙེན་ཡིན། རྒྱུ་འབྲས་གཉིས་ལྡན་བླ་མེད་ཐེག་པར་མཚུངས། འདུ་བ་གཉེན་པོ་གཉིས་ཀྱི་རྒྱུ་འབྲས་འདི། རྩ་བ་གཅིག་ལ་བྱུང་བའི་རྒྱུ་མཐུན་ཏེ། འཁོར་དང་མྱང་འདས་འདུ་བ་གསོ་ཐབས་སོགས། ཀུན་གཞིའི་རྣམ་ཤེས་གཅིག་ལ་མ་འདུས་མེད། དཔེར་ན་ལྕགས་ཀྱི་གཉེན་པོ་ལྕགས་འབྱུང་བཞིན། རང་ལས་བྱུང་བའི་འདུ་བ་རང་གིས་སེལ། འགྲོ་བའི་ལུས་དང་གསོ་བྱའི་ནད་དང་བདུད། གསོ་བྱའི་སྨན་དང་གསོ་ཐབས་དཔྱད་ལ་སོགས། འབྱུང་བ་ལྔ་ལ་མ་བྱུང་གཅིག་ཀྱང་མེད། གསོ་བྱེད་རིག་པ་མངོན་རྫོགས་ཐབས་ཡིན་པས། དེ་དང་དེ་ལས་འབྱུང་བ་ཀུན་འབྲེལ་བ། དཔེར་ན་སྒྱུ་འཕྲུལ་དྲྭ་བའི་མིག་དང་འདྲ། འཁོར་འདས་གཉིས་ནི་རྒྱུ་འབྲས་མཐུན་པས་འབྲེལ། སྣོད་བཅུད་གཉིས་ནི་ཕྱི་ནང་འབྱུང་བར་འབྲེལ། ཡུལ་སེམས་གཉིས་ནི་བདག་བྱ་བདག་བྱེད་འབྲེལ། ལུས་སེམས་གཉིས་ནི་བརྟེན་བྱ་རྟེན་བྱེད་འབྲེལ། ལུས་དང་ནད་གཉིས་བདག་ལ་རང་འབྱུང་འབྲེལ། གནོད་བྱ་གནོད་བྱེད་སེམས་དང་རྟག་པར་འབྲེལ། གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། མ་ཤེས་ཤེས་པ་ཐོས་སེམས་ཐབས་སུ་འབྲེལ། ཐབས་ལས་བྱུང་བའི་འདུ་བ་སེལ་བར་འབྲེལ། འདུ་བ་གྲོལ་བའི་སེམས་ངོས་བདེ་བའི་འབྲེལ། བདེ་བ་ལས་བྱུང་བསོད་ནམས་ཚོགས་སུ་འབྲེལ། བསོད་ནམས་ལས་བྱུང་ཡེ་ཤེས་སྟོབས་སུ་འབྲེལ། ཡེ་ཤེས་ངོ་བོ་ཐིག་ལེ་ཉག་གཅིག་སྟེ། བོན་རྣམས་བསྐྱལ་ས་ཐིག་ལེ་ཉག་གཅིག་ཡིན། འདི་ལས་མ་ཚང་གསོ་དཔྱད་ཡོད་མ་ཡིན། འདི་ལ་མ་གྱེས་གསོ་དཔྱད་ཐབས་མེད་སྟེ། དཔེར་ན་གདུགས་ཀྱི་ནོར་བུའི་ཏོག་དང་འདྲ། ལྷ་ཀླུ་མི་ཡི་ཡུལ་དུ་རྒྱུད་འདི་ཀུན་ཏུ་གྲགས། ལྷ་ཡི་འཁོར་ལ་གསོ་ཐབས་སྨན་འབུམ་བསྟན། ཀླུ་ཡི་ཡུལ་དུ་གསོ་བྱའི་ནད་འབུམ་བསྟན། མི་ཡི་ཡུལ་དུ་གསོ་ཐབས་དཔྱད་འབུམ་བསྟན། རྒྱུ་གསུམ་འདུས་པའི་མདོ་འབུམ་རྩ་བ་འདི། དཔྱད་བུ་ལ་སོགས་གསོ་བ་རིག་པ་འཛིན་པ་ཀུན། འཛམ་བུའི་གླིང་འདིར་ཀུན་ལ་ཕན་ཕྱིར་སྟོན། རྒྱུད་འདིའི་བསྟན་པ་དུས་མཐར་གནས་པ་སྟེ། གཡུང་དྲུང་སེམས་དཔའི་རིགས་ཀྱིས་ལོ་ཙཱ་བསྒྱུར། གང་ཟག་གཞན་ཕན་ཅན་གྱི་འགྲོ་དོན་བྱེད། ཕན་པར་འདོད་ཕྱིར་ཀུན་གྱི་མི་གཏོང་འཛིན། ཐུགས་རྗེས་དོས་དྲག་ནུས་མཐུ་ཟད་མེད་འབྱུང་། དེ་ལྟར་ངེས་མེད་བློ་ལ་ཞེན་པར་ཟུངས། ཅེས་དང་། ཕྱི་མ་འཕྲིན་ལས་རྒྱུད་ལས།(5)སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། ཐབས་དང་ཐབས་བྱུང་འབྲེལ་པ་ཅི་སྟེ་མེད། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། གནོད་བྱ་གནོད་བྱེད་རྟེན་དང་བརྟེན་པར་འབྲེལ། གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། རིན་པོ་ཆེ་དང་ཀླུ་ཡི་རྒྱལ་པོ་འདྲ། མི་ཤེས་ཤེས་བྱེད་གསོ་རིག་ཐབས་སུ་འབྲེལ། ཐབས་ལས་བྱུང་བ་འདུ་བ་སྙོམས་པར་འབྲེལ། འདུ་བ་སྙོམས་པར་ནད་མེད་བདེ་བར་འབྲེལ། ཐབས་དང་ཐབས་བྱུང་དེ་ལས་བྱུང་བར་འབྲེལ། ཅི་ཕྱིར་དོན་བྱེད་ནུས་ཕྱིར་རག་ལུས་ཕྱིར། ཞེས་སོ།། དེ་ལྟར་སྡོམ་ཚིག་གོང་འོག་གཉིས་ཀྱིས་རྟེན་གཡོ་སྣོད་བཅུད་ཐམས་ཅད་འབྱུང་བའི་ཡོ་ལངས་ཀྱི་འབྲེལ་ཚུལ་གསལ་པོར་བསྟན་ཡོད་པ་དང་། དེ་ནི་གོ་དོན་ཆེས་ཟབ་པ་སྟེ། འབྱུང་བའི་རྟེན་འབྲེལ་ལྟོས་གྲུབ་ཀྱི་རིག་པའི་གཞུང་ལུགས་ཅིག་གི་འོག་ཏུ་། གངས་ཅན་བོད་ལུགས་ཀྱི་གསོ་རིག་ཙམ་དུ་མ་ཟད་མཐོ་སྒང་བོད་ཀྱི་རིག་གཞུང་ཡོད་དོ་ཅོག་གི་གནད་དོན་ཕྱོགས་བསྡུས་ཅན་གྱི་སྡོམ་ཚིགས་ཅིག་མིན་པ་སུས་ཀྱང་བཤད་ཐབས་བྲལ་བ་ཡིན།
གསུམ། མདོས་གླུད་ཀྱི་རིག་པ་ཞང་བོད་གསོ་རིག་དང་འབྲེལ་ཚུལ།
གསོ་རིག་རྒྱུད་བཞི་ལས།(6)ངོས་ཟིན་བོན་དང་མདོས་དང་བསྐྲད་པ་དང་། བྱིན་རླབས་བཀའ་བསྒྲག་བསོད་ནམས་བསག་ལ་སོགས། ཡུལ་ལུགས་སྦྱར་ཏེ་གང་ལ་འཚམས་པས་བཅོས། ཅེས་དང་།(7)བླ་རྩ་བྲོས་ན་བླ་ཚེ་ཡལ་ཏེ་འཆི། ཚེ་ཆོག་འཆི་བསླུས་ཁུགས་པ་སྲིད་པ་ཙམ། ཞེས་ པའི་ནང་དོན་གྱི་གོ་བ་གཏིང་ཚད་ཤིན་ཏུ་ཟབ་པ། ཞང་བོད་མདོས་གླུད་ཀྱི་རིག་པའི་ཁྱབ་ཁོངས་ཚུད་པའི་ལུང་ཚིག་ནོམ་པ་ཅན་ཞིག་ཡིན། མདོས་གླུད་ཀྱི་གོ་དོན་ཞིབ་གསལ་འགྲེལ་བཤད་ད་བར་སུས་ཀྱང་མ་ཐུབ་ནའང་། འབྱུང་བ་ལྔ་ཡི་སྤྱི་འགྲོས་འགལ་འབྲེལ་གྱི་རིག་པའི་ཁྱབ་ཁོངས་ལས་འདའ་ཐུབ་མེད་པའི་རྒྱུ་མཚན་ཅན་གྱི་ཆོ་གའི་སྐོར་ལ་གཏོགས་ན་ཆོག། གངས་ཅན་བོད་ལུགས་ཀྱི་གསོ་རིག་གཞུང་ལུགས་ཀྱི་ནང་དོན་ཁྱབ་ཚད་དེ། འཛམ་གླིང་གསོ་རིག་གཞུང་ལུགས་གཞན་སུ་དང་མ་འདྲ་བའི་དམིགས་གསལ་ཅན་ཞིག་ཡིན་ཏེ། ཆོས་ལུགས་དང་རིག་གནས་ཡོད་དོ་ཅོག་དང་འབྲེལ་བའི་དགེ་མཚན་རྡོག་པོར་དྲིལ་བས། འགྲོ་བ་མི་ཡི་ནད་བཅོས་གཙོ་གནད་བཟུང་བའི་གསོ་བ་རིག་པའི་གཞུང་ཆེན་རང་རྐང་རང་གིས་ཚུགས་པའི་རིག་གནས་ཅིག་ཡིན་པས་སོ།། རྒྱུད་ལས། འཛམ་གླིང་རང་ལུས་འདོམ་གང་གྲུ་བཞི་སྟེ། ཞེས་གསུངས་པའི་ཟབ་ཚད་དེ། སྲིད་རྩེ་ནས་དམྱལ་བའི་གདར་སོ་བར་གྱི་རིང་ཚད་ཀྱིས་དཔོག་པ་ལས་གཞན་གྱིས་མིན་ན། མནན་ན་མཐེབ་གང་། གཏོང་ན་རི་གང་བའི་རིགས་པ། འབྱུང་ལྔའི་འགལ་འབྲེལ་གྱི་གནད་དོན་དེ་རང་མ་གཏོགས་ཕྲ་མཐོང་ཆེ་ཤེལ་དགུ་བརྩེགས་བྱས་པའི་མཐོང་ཡུལ་ན་མེད་ཚོད་དུ་བདེན་ནོ་ཞེས་པའི་སྨྲང་ཞིག་གྱེར་བར་འདོད།། ནད་པའི་ཁ་སྣའི་བར་ལ།། ནད་སྨན་ཚོམ་གཅིག་གཏོང་ཡང་།། ནད་བཅོས་མཐར་ཐུག་མིན་ནོ།། ནད་བྱུང་བཅོས་པ་མི་ལྡོག། ནད་འབྱུང་འགོག་པའི་གཉེན་པོ།། ནད་བརྒྱ་སྨན་གཅིག་ཡིན་པ།། ནད་གསོའི་ཁོར་ཡུག་ཡིན་ནོ།། རྩེ་མོ་ལྷ་ལ་ཐུག་ཡོད།། རྩ་བ་ཀླུ་ལ་ཟུག་ཡོད།། སྐེད་པ་གཉན་ལ་སྦྲེལ་ཡོད།། མདོས་དང་གླུད་ཀྱི་གནད་ཀ། ཚན་རིག་ནང་གི་ཚན་རིག། འབྱུང་ནུས་ཕྲ་བའི་ཕྲ་བ།། ཞིབ་ནས་ཞིབ་ཏུ་ཏིག་དང་། ཅེས་ཀྱང་སྨྲའོ།། མདོས་གླུད་ཞིབ་འཇུག་གི་དཔྱད་པ། འཛམ་གླིང་བོད་རིག་པའི་མཁས་དབང་མཁའ་རྨེའུ་བསམ་གཏན་ལགས་ཀྱི་མདའ་དང་འཕང་གི་དེབ་ལས་གསལ་བས་བློ་སྒོ་འབྱེད་པར་ནུས་ཀྱང་། ཁོང་ཉིད་ནས་གཙོ་བོར་ལོ་རྒྱུས་དམིགས་གཏད་བྱས་པའི་ཁ་ཕྱོགས་ཅན་ཞིག་ཡིན་པར་སྙམས། འདིར་སྐབས་དོན་མདོས་གླུད་ཀྱི་སྐོར། བོད་ལུགས་གསོ་རིག་དང་འབྲེལ་བའི་གླེང་རིན་ཡོད་པ་སྨོས་མེད་ཡིན་པས་མདོས་གླུད་ཀྱི་གོ་རིམ་ལོ་རྒྱུས་སོགས་ཞིབ་བཤད་རྒྱས་པར་མི་ལངས་ནའང་། ཕྱོགས་ཙམ་གྱིས་སྐབས་དོན་འབྲེལ་བར་མདོས་གླུད་ཀྱི་ཆོ་ག་སྤེལ་སྟངས་རགས་ཙམ་སྨོས་ན། མདོས་ཞེས་པ་ཕྱི་སྣོད་འཇིག་རྟེན་དང་ནང་བཅུད་སེམས་ཅན་གཉིས་ཕན་ཚུན་འབྲེལ་ཅན་རྣམ་པར་མཚོན་པའི་ཚབ་གཟུགས་ཀྱི་བཅའ་བཀོད་མཐུན་རྫས་བསགས་པའི་ཕུང་གསོགས་བྱས་པ་དམིགས་རྟེན་རྒྱས་བསྡུས་གང་རུང་གི་མདོས་སུ་བཞེངས་པ་བཤམ་ནས། སྐབས་ཀྱི་རྒྱུ་སྦྱོར་ཡོན་བདག་གི་ནད་དང་རྐྱེན་སེལ་ཆེད་དུ་ཆོ་ག་མཁན་པོ་དེ་ཉིད། སྐབས་དོན་གཞུང་མཐུན་ལྟར་ལག་ལེན་གོ་རིམ་གྱིས་ཆོ་ག་ལ་འཇུག་དགོས་པ་སྟེ། མདོས་ཀྱི་བཅའ་བཀོད་དང་མཐུན་རྫས་སོགས་གང་དགོས་གོ་རིམ་བསྟན་པའི་ཚིག་བཤད། མདོས་ཀྱི་ལས་བྱང་བསམ་འཕེལ་ནོར་བུའི་ལུང་ཚིག་ཁག་ཅིག་དྲངས་བར་མོས་སོ།། (8)བསྭོ་མི་མངོན་དབྱིངས་ཀྱི་ཕོ་བྲང་ནས། རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། དབྱིངས་ནས་གསན་ཅིང་དགོངས་སུ་གསོལ། མ་གཅིག་སྲིད་པའི་རྒྱལ་མོ་དང་། གཡུང་དྲུང་བོན་སྐྱོངས་སྲུང་མ་རྣམས། བདག་ལ་གསན་ཅིང་དགོངས་སུ་གསོལ། སྒྲུབ་གཤེན་རྣལ་འབྱོར་འཁོར་བཅས་དང་། རྒྱུ་སྦྱོར་ཡོན་གྱི་བདག་པོའི། རྐྱེན་དང་བར་ཆོད་བསལ་དོན་དུ་། རིན་ཆེན་གསང་བའི་གསང་མདོས་འདི། ཡོད་པ་རང་གི་ཕུག་ནས་བཏོན། མེད་པ་མི་ལ་རིན་གྱིས་ཉོས། མདོས་གཞི་ཁྲ་བོའི་སྟེང་ཤེད་དུ་། ནས་འབྲས་འབྲུ་སྣ་ཕུང་པོར་སྤྲུངས། འདོད་ཡོན་ཚངས་པའི་མདོས་ཆེན་བཅས། རི་རབ་རི་བདུན་རོལ་མཚོ་བདུན། གླིང་བཞི་གླིང་ཕྲན་ལྕགས་རིར་བཅས། ཕྱི་སྣོད་འཇིག་རྟེན་བཀོད་རེ་ལེགས། འགྲོ་བ་ནང་གི་བཅུད་རྣམས་ནི། སྣང་སྲིད་རྩེ་ལ་ཁྱུང་ཆེན་འཕྱོ། བྱ་རྒྱལ་ཁུ་བྱུག་གསུང་རེ་བསྙན། རྨ་བྱ་རྒྱ་བྱ་ནེ་ཙོ་དང་། ཁྲུང་ཁྲུང་ཤང་ཤང་རྒོད་དང་ཀླག། སྐྱུངཀ་བཞད་བྱ་ཕོ་རོག་དང་། བྱ་ཝང་ལྕོང་ཀ་ཐིང་རིལ་དང་། ཤ་ཟན་བྱ་དང་འདམ་ཟན་བྱ་། སྐད་སྙན་བྱ་དང་སྤུ་སྡུག་བྱ་། འདབ་ཆགས་སྣ་ཚོགས་འཕུར་འཇུམ་ཞིང་། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། སིང་༼ སེང༽གླང་རྟ་འབྲུག་བརྗིད་རེ་ཆེ། སྟག་གཟིག་གུང་གསུམ་དོམ་དང་དྲེད། འཕར་སྤྱང་གསའ་དབྱི་ཝ་སྦེ་དང་། གཅན་ཟན་སྣ་ཚོགས་ལོག་༼ ལོགས༽ལ་འགྱིང་། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། ཤ་རྐྱང་བཙོས་རྒོ་བསྙན་༼གཉན༽དང་རླ༼གླ༽། ར་རྒོད་རྣ་བ་བརྔས་དང་གཡག། རིག་དྭགས་བཞིན་བཟང་ཟུར་ལ་རྒྱུག། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། གནག་རྟ་ར་ལུག་བོང་དྲེལ་དང་། རྔ་རྨོང་མ་ཧེ་བ་གླང་ཕག། གཡང་དྭགས་སྣ་ཚོགས་རི་ལ་གྲམ། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། ཆུ་སྲིན་དུང་དང་པིར་དང་ཙིར། གྱུར་སྲམ་ཉ་སྦལ་ཅོང་མོ་དང་། ཆུ་གནས་སྣ་ཚོགས་སྐྱལ་རེ་མཁས། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། སྡོམ་སྡིག་གྲོགས་༼གྲོག༽སྦུར་རྡོ་ལ་གནས། སྤྲ་སྤྲེལ་མི་རྒོད་ནགས་ལ་གནས། ཕྱི་གྲུམ་ཨོ་དཀར་ས་ལ་གནས། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། ཤང་ཟེ་༼རྒད་པོ་༽ཤང་མོ་༼རྒན་མོ་༽ཧྲི་ཙ་༼བུ་༽དང་། ཙ་མེད་༼བུ་མོ་༽ཡོད་ཟེ་༼བུད་མེད་༽སླུང་ཟེ་༼སྐྱེས་པ་༽དང་། མི་རིགས་སྣ་ཚོགས་བཞིན་སྡུག་དང་། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། འགྲོ་བ་ནང་གི་བཅུད་རྣམས་ནི། ཡོད་པ་རྔོས་༼དངོས༽ལ་མེད་པ་གཟུགས། རིས་སུ་བྲིས་དང་གཟུགས་སུ་བསྟོད༼བཏོད༽། ཤ་ཁྲག་སྤུ་མཚོན་རུས་པ་དང་། མགོ་དང་མཆེ་སྡེར་ཤུན་པ་རྣམས། རིན་ཆེན་གསང་མདོས་བཅུད་དུ་བསགས། ཀྱེེ་མདོས་ཀྱི་ཕྱི་ཡི་རྒྱན་བཙལ་བ། ནམ་རྒྱང་མདའ་འཕང་ཤིང་རིས་ད་ང། ཕོ་ཏོང་མོ་ཏོང་བུ་ཐོང་རྣམས། སྐུ་གླུད་མདོས་ཆེན་ཕྱི་ཡི་བརྒྱན། བོན་ཉིད་ནམ་མཁའ་བརྗོད་དང་བྲལ། དོན་དམ་ནམ་མཁའ་སྤྲོས་དང་བྲལ། ཀུན་རྫོབ་ནམ་མཁའ་གཟུགས་སུ་གྲུབ། ནམ་མཁའ་མཁའ་ཀློང་དབྱིངས་ཀྱི་ངང་། གླིང་བཞི་རི་རབ་སྲོག་ཤིང་ལ། ཁ་ལེ་སྟོང་འབྱམས་སྨོན་ལམ་ཤིང་། ཡོངས་སུ་ས་བརྡོལ་ལོ་འབྲས་འཛོམས། དེ་ལ་གནས་པ་ཕུན་སུམ་ཚོགས། བཞུགས་པའི་སྐུ་མཁར་དང་རེ་སྤྲོ། རི་རབ་བུམ་པའི་སྟེང་ཤེད་ན། གཞའ་ཚོན་སྣ་ལྔའི་གུར་ཆེན་ལ། རྩིབ་བརྒྱད་འཁོར་ལོའི་དབྱིབས་སུ་བྲན། སྣལ་རིས་གཞའ་ཚོན་འོད་ཀྱི་བསྐོར། རིན་ཆེན་མཐིང་གི་གུར་ཆེན་ཕུབ། གཞལ་ཡས་ཁང་གི་གནས་སུ་འབུལ། རིན་ཆེན་གུར་གྱི་སྟེང་ཤེད་དུ་། གཡས་དཀར་གཡོན་དམར་དབུས་མཐིང་ལ། མཐའ་རས་རིན་ཆེན་སྣ་དྲུག་བྲན། མཐིང་ནག་དཀར་དམར་གཞའ་རིས་དང་། ནམ་མཁའ་བརྗིད་ལྡན་མཛེས་པ་འདིས། སྐུ་གསུམ་ཁྲོ་རྒྱལ་ཐུགས་དམ་བསྐང་། དབྱིངས་ནས་བཀའ་ཆད་མ་འབེབ་ཅིག། ཞི་ཁྲོའི་ལྷ་ཕྱོགས་བསྐང་བའི་ཕྱིར། གཡུང་དྲུང་བུམ་པ་དཔལ་དབྱེ་རིས། ནོར་བུ་གདུག་༼གདུགས༽དང་རྒྱལ་མཚན་རིས། དུང་དང་གསེར་ཉ་པད་མ་རིས། གཞའ་ཚོན་སྣལ་རིས་འོད་ཀྱི་བསྐོར། སྤུ་བསྡུག་༼སྡུག༽བྱ་རིགས་ཕོད་ཀྱི་བརྒྱན། ཞི་ཁྲོ་དབྱིངས་ཀྱི་ལྷ་ཚོགས་བསྐང་། སྒྲུབ་གཤེན་རྐྱེན་དང་བར་ཆོད་སོལ། དབྱིངས་ནས་བཀའ་ཆད་མ་འབེབ་ཅིག། རྫུ་འཕྲུལ་ལྷ་ཚོགས་་བསྐང་བའི་ཕྱིར། བསྙུག་ལྡེམ་གཤག་པའི་ཚལ་པ་ལ། བརྒྱང་ཤིང་དཔུང་ཐུང་ཚད་དང་སྦྱར། ཁ་དོག་སྣ་ལྔའི་ནམ་མཁའ་བྲན། སེར་པོ་གཙོ་མ་གསེར་འོད་རིས། དཀར་པོ་མན་ཤེལ་དུང་འོད་རིས། ལྗང་ཁུ་ཨེན་ཏྲ་གཡུ་འོད་རིས། དམར་པོ་མཚལ་མདོག་ཟངས་འོད་རིས། སྔོན་པོ་ཨུད་དཔལ་་མཐིང་འོད་རིས། སྨུག་པོ་ལེ་བརྒན་མཆོང་འོད་རིས། ནག་པོ་ལྕགས་ཁ་དལ་འོད་རིས། རིན་ཆེན་ནམ་མཁའ་གཞའ་འོད་རིས། མིག་དང་ཁོང་སེང་མཐའ་རིས་ལ། ཁ་དོག་སྣལ་རིས་སོ་སོར་བསྒྱུར། བྱ་རིགས་སྤུ་བསྡུག་ཕོད་ཀྱིས་བརྒྱན། གཞའ་ཚོན་ལྟ་བུའི་མཛེས་བརྗིད་ལྡན། ནམ་མཁའ་ཡོན་ཏན་བརྒྱ་བཅུ་རྫོགས། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། སྲིད་པའི་རྒྱང་བུ་སྐལ་བའི་རྟེན། ལྷོ་སྙུག་ལྡེམ་པའི་རྟ་ལ་བསྐྱོན། རྒྱང་ཤིང་རྒྱང་ངེ་འདུག་པའི་རྒྱང་། མཚར་བསྙུགས་༼སྙུག་༽བུ་བེས་ཆེ་བའི་བུ་། རྒྱང་རྟ་སྙུག་མ་ཕྲ་བ་དེ། རྒྱང་བུ་ལྡེམ་ལྡེམ་འགྲོ་བའི་ཚུལ། འཕེན་འདབ་ལྕུག་མ་གྲིམ་པ་དེ། ལྡེམ་ཀྱུག་ཀྱུར་ཀྱུར་སྨྲ་བའི་ཚུལ། རྩེ་ལ་བྱ་ཕོད་བརྒྱན་པ་དེ། བྱ་ཕོད་ལྷག་ལྷག་བཞེད་པའི་ཚུལ། རྒྱང་འཕེན་དར་མཚོན་ཕྱར་བ་འདྲ། འཕེན་ཁ་གསུམ་དུ་གྱེས་པ་དེ།སྐུ་གསུང་ཐུགས་རྗེས་བརྡའ་མཚོན་ཡིན།འཕེན་འདབ་དགུ་རུ་གྱེས་པ་དེ། འདོད་དགུ་ལྷུན་གྱིས་གྲུབ་པའི་དོན། འཕེན་ཁ་གྱེན་དུ་བསྟན་པ་དེ། ལྷ་གཤེན་ཁ་ལོ་གྱེན་དུ་བསྒྱུར་བའི་དོན། དུང་རྒྱང་གསེར་རྒྱང་གཡུ་རྒྱང་དང་། ཟངས་རྒྱང་མཐིང་རྒྱང་མཆོང་རྒྱང་དང་། ལྕགས་རྒྱང་རིན་ཆེན་རྒྱང་བུ་སོགས། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། ཁྱེད་༼ཁྱད་༽པར་འཕགས་པའི་ཤིང་དག་ལ། ཕོ་ཏོང་བརྗིད་ལྡན་རིས་སུ་བྲིས། དྲི་ཞིམ་ལྡན་པའི་མོ་ཤིང་ལ། མོ་ཏོང་རྒྱན་ལྡན་རིས་སུ་བྲིས། འཁྱོག་འཛེར་མེད་པའི་བུ་ཤིང་ལ། བུ་ཏང་དར་ཆས་རིས་སུ་བྲིས། སྟག་ཆས་རིས་དང་རྣ་ཐོད་རིས། མཁར་ཐབས་རིས་དང་སེན་ཐབས་རིས། མེ་ལྕེ་རིས་དང་བ་དན་རིས། ཧ་ལོ་རིས་དང་དར་ཆས་རིས། འཕང་ཕུད་རིས་དང་ནོར་བུ་རིས། རྩེ་ལ་ནོར་བུ་འབར་བ་དང་། སྤྲིན་དང་གཞའ་ཚོན་སྣང་སྲིད་བརྒྱན༼རྒྱན་༽། ཉི་ཟླ་གཟའ་སྐར་མུན་པའི་སྒྲོན། མི་ནོར་ཡུལ་མཁར་དཀོར་ནོར་དང་། སྣ་ཚོགས་རི་མོ་ལེགས་པར་བྲིས། མཐིང་སྤང་ལི་ཁྲི་མཚལ་རམ་སྐག། ཁ་དོག་སྣ་ལྔ་སོ་སོར་བསྒྱུར་། དར་དང་ན་བཟའ་རྒྱན་གྱི་༼གྱིས་༽བརྒྱན། བཞེད་འཛུམ་གླུ་གར་སྟབས་དང་ཆས། རིན་ཆེན་གསང་བའི་མདོས་ཀྱི་བརྒྱན། མཛེས་པའི་སྙུག་མ་ཚད་ལྡན་ལ། བྱ་རྒོད་སྤུར་ཁའི་སྒྲོའི་སྒྲོན། གསེར་ལྟོང་སེར་པོ་གཡུའི་སྤྲས། སྣ་ཚོགས་རི་མོ་མཛེས་པར་བྲིས། སྐྱེས་པ་དར་མར་བྱིན་གྱིས་རླབས། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། མཛེས་ལྡན་ཡིད་འོང་མོ་ཤིང་ལ། འཕང་བཀྲ་རིན་ཆེན་འཕྲུལ་གྱི་རྫས། ཡ་མཚན་རི་མོ་སྣ་ཚོགས་བྲིས། མོ་བཙུན་དར་མར་བྱིན་གྱི་རླབས། རིན་ཆེན་གསང་བའི་མདོས་ཀྱི་བརྒྱན། བླ་རི་གདུགས་དང་རྒྱལ་མཚན་དང་། བ་དན་བླ་བྲེ་དར་ཐག་དང་། ཀུ་ཡ་ཐོན་ཐི་མན་ཏྲི་དང་། ཟ་འོག་མན་འཚེ་ལེབ་རྒན་དང་། དཀར་སེར་ལྗང་དམར་སྔོ་ནག་སྨུག། མཛེས་པའི་དར་མཚོན་སྣ་ཚོགས་འདི། བཀྲ་ཤིས་སྙུག་མའི་རྩེ་ལ་བཏག། འབྱུང་བ་རླུང་གི་སྤྱོད་པའི་ཚེ། ལྷབ་ལྷུབ་དར་ཟབ་པུ་རུ་རུ་། རིན་ཆེན་གསང་བ་མདོས་ཀྱི་བརྒྱན། རིན་ཆེན་མཛེས་པའི་སྣོད་བཟང་དུ་། དཀར་གསུམ་མངར་གསུམ་འབྲུ་སྣ་དང་། སྨན་སྤོས་མེ་ཏོག་རིན་པོ་ཆེ། དུ་སམ་བོང་ངེ་ཤ་ཁྲགས་༼ཁྲག་༽རུས། ཡུ་ཏི་གཡུ་འབྲང་རྒྱ་མཚོ་ཕུད། མཁན་ཤུག་བལ་བུ་བཟང་ཤིང་དང་། མཚེའི་ནེ་ཙོ་སྨྲ་རེ་མཁས། ཉུང་༼ཉུངས་༽གི་རྟ་ཕོ་བང་རེ་མགྱོགས། དགོས་འདོད་ཚངས་པའི་མདོས་ཆེན་འདི། སྐུ་གསུང་ཐུགས་ཀྱི་ཁྲོ་རྒྱལ་དང་། ཞི་ཁྲོ་དབྱིངས་ཀྱི་ལྷ་ཚོགས་ལ། རིན་ཆེན་གསང་བའི་རྒྱན་མདོས་འབུལ། ཐུགས་དམ་དབྱིངས་སུ་བསྐང་ནས་ཀྱང་། སྒྲུབ་གཤེན་རྐྱེན་དང་བར་ཆོད་སོལ། ཞེས་སོ།། དེ་ལྟར་མདོས་ཀྱི་འབུལ་ཡུལ། མ་མཆོག་སྲིད་པའི་རྒྱལ་མོ་ལ་སོགས་དམ་ཅན་ཕོ་མོ། ཀླུ་གཉན་ས་བདག་གཟའ་དང་རྒྱུ་སྐར། ཡུལ་ས་གཞི་བདག་རྣམས་ལ་འབུལ་བའི་ཏིང་འཛིན་དང་ཚིག་བཤད་ཀྱི་སྨྲང་ལ་གྱེར་ནས་འབུལ་བའོ།། དེ་ལྟར་མདོས་ཀྱི་སྤྱི་རྒྱུག་རགས་ཙམ་དུ་སྨོས་པ་ཡིན། མདོས་གླུད་ཀྱི་ཆོ་ག་བྱས་པའི་ལག་རྗེས་ཕན་ནུས་ཐོན་སྟངས་དངོས་ཡོད་ཀྱི་རྒྱུ་མཚན་ལྡན་པས་དངོས་ར་སྤྲོད་ཚུལ་ཞིག་ནི། མདོས་གླུད་ཀྱི་ཆོ་ག་དང་འགྲོ་བའི་ན་ཚའི་བར་ཕན་ཚུན་འབྲེལ་མེད་དོན་གཞན་མ་ཡིན་པར། རང་མཐུན་འབྲེལ་ཡོད་ཀྱི་ནུས་པ་དངོས་ཤུགས་རྒྱུད་གསུམ་ཅི་རིགས་ཀྱིས་ནད་གསོའི་བྱ་ཐབས་དང་འབྲེལ་ཞིང་སྤྱི་ཚོགས་གཞི་རྒྱ་ཆེ་བའི་ནུབ་རླབས་བསྐྱེད་པ་ཡིན། དེའི་ཚུལ་གཤམ་གྱི་ལུང་གིས་གོ་བར་ནུས་པས། སྣང་གཤེན་ཐེག་པའི་མདོ་ལས། ལུང་ཚིག་དུམ་ཙམ་དྲངས་བ་འདི་ལྟར་ཏེ།(9)འགྲོ་བ་མ་རིག་རྟོག་ཚོགས་འཁྲུལ། རིག་པའི་ཡེ་ཤེས་མཐོང་མེད་ཕྱིར། མ་རིག་མུན་པའི་སྨག་གནས་ཀྱང་། དེ་ལ་ཚོར་མྱོང་དྲན་པ་འགྱུ་། མི་བདེ་སྡུག་བསྔལ་བྱུང་ཚོར་བས། མ་རིག་པ་ལ་ནད་དུ་ལྡང་། མ་རྟོགས་གོལ་བའི་རྐྱེན་གྱི་སློང་། དེ་ལ་བཟུང་འཛིན་ཉོན་མོངས་སྐྱེ། རང་གི་མ་རིག་པ་ལ་རྒྱུ་། གཞན་གྱི་མ་རྟོགས་པ་ལ་རྐྱེན། དོན་དུ་རང་གཞན་གཉིས་ཀ་ལན། ཚོར་མྱོང་དེ་འཛིན་འདུ་བ་འཁྲུགས། ཡུལ་ལ་ཆགས་རྨོང་གཅེས་འཛིན་དྲན། སེམས་ལ་བྱུང་ཚོར་འཇིགས་སྐྲག་བྱེད། རི་དྭགས་རྒྱ་རུ་ཚུད་པ་འདྲ། མ་གོ་མ་རིག་མ་རྟོག་ལ། མོ་གཏོ་དཔྱད་༼སྨན་བཅོས་ལ་གོ་དགོས་༽ ཕན་པར་འདོད། སྨྲེ་ཞིང་སྡུག་བསྔལ་མཆི་མ་འབྱུང་། སྡུག་བསྔལ་ཉོན་མོངས་སྦྱང་བ་ལ། དེ་ལ་རྒྱལ་བའི་ཐུགས་རྗེ་ཡིས། ནད་ལ་དཔྱད་དང་བགེགས་ལ་གཏོ། གང་ལ་གང་དགོས་རིམ་པ་ཡི། གང་འདུལ་དེ་སྟོན་ཐབས་མཆོག་ལྡན། མ་རིག་པ་ལ་རིག་པ་བསྟན། མ་རྟོག་༼རྟོགས་༽པ་ལ་གོ་བར་བཀྲོལ། བརྡ་དང་ཐབས་ཀྱིས་དོན་བསྟན་པ། སེམས་ཅན་ཉོན་མོངས་རང་སར་ཞི། ཀུན་རྫོབ་མཚན་མའི་དངོས་པོ་བདེན། གཡུང་དྲུང་བོན་ལ་ཡིད་ག་བྲོད། གཤེན་པོའི་ཚོགས་ལ་སྙན་པར་རྩི༼བརྩི༽། དཀར་པོའི་དགེ་ལ་སྤྲོ་བ་སྐྱེ། བསྟན་པའི་བོན་ལ་མོས་པ་ཡིས། དད་པ་གོང་དུ་འཕེལ་བ་དང་། གཤེན་པོའི་སྨྲང་ལ་ཉན་པ་ཡིས། ཕྱིས་ཀྱང་བཀའ་གཉན་བཙན་པར་འགྱུར་། དེ་ཕྱིར་ལྷ་ལ་ཡོན་འབུལ་ཞིང་། ནག་པོའི་བདུད་ལ་གླུད་གཏང་བ། འཇུག་སྒོ་ཐབས་ཀྱི་ཡན་ལག་ཡིན། ཞེས་སོ།། དེས་ན་གངས་ཅན་མཐོ་སྒང་གི་ཡུལ་དུས་དང་ཉེ་བར་འཚམས་པའི་ཁམས་དང་མོས་མཐུན་གྱི་རིག་གནས་ཏེ། མདོས་གླུད་གཏོ་ཆོག་གི་རིག་པའི་འབྱུང་ཁུངས། བོན་གྱི་ཐེག་པ་རིམ་དགུའི་ནང་གསེས་ཕྱྭ་གཤེན་དང་། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་ཏེ་རྒྱུ་ཐེག་བཞི་པོའི་དགེ་མཚན་གྱི་བྱིན་རླབས་ཡུན་ནས་ཡུན་དུ་ཤ་རུས་ཁྲག་གསུམ་ལ་ཐིམ་ཞིང་ཐུན་མིན་མི་རིགས་ཀྱི་ཤ་ཚུགས་རུས་འབུར་མངོན་དུ་གསལ་བའི་བོད་གངས་ཅན་པའི་ཁམས་དང་མོས་དབང་གི་ཁོར་ཡུག་ཆགས་པའི་ལྟ་ཚུལ་འདིས། རང་བྱུང་ཁམས་ཀྱི་སྣོད་བཅུད་ཉམས་པ་གསོ་བ་དང་། ཉེས་པ་འགོག་པའི་ནུས་སྟོབས་ཀྱི་གསོན་དབུགས་ངོ་མ་དེ་རྒྱུན་ནས་རྒྱུན་དུ་མཐུད་ཡོད། འདི་ནི་འཛམ་གླིང་གི་མི་མང་ཡོངས་རྫོགས་དེང་རབས་མཚོན་ཆའི་དྲག་ཆས་དང་བཅས་ཏེ། ཁོར་ཡུག་སྲུང་སྐྱོབས་ཅེས་པའི་མིང་གི་ཅོད་པན་མཛེས་པས་རུ་སྟར་བསྒྲིགས་པ་ལས་ཀྱང་མ་ལྷག་ནའང་མི་དམན་པ་ཞིག་ཡིན་ངེས་རེད་ཅེས་བརྗོད་ན་ཅིས་མི་ཕོད། དེ་བཞིན་མདོས་གླུད་ཀྱི་ཆོ་ག་འབྲེལ་བའི་བླ་བསླུ་དང་ཚེ་འགུགས་ཀྱི་ནུས་པ་འདོན་སྟངས་ཀྱང་འཇིག་རྟེན་མི་དང་འབྱུང་བ་ཕན་ཚུན་འབྲེལ་སྟོབས་ལས་བྱུང་ཞིང་། དེ་མཐུན་ཏིང་ངེ་འཛིན་དང་རྫས་ཀྱི་ནུས་ལམ་ནས་འབྱུང་ལྔ་དང་འབྲེལ་བའི་ནུས་སྟོབས་གནད་འབྱིན་བྱེད་པ་ཡིན། མདོར་ན་ཕུང་པོ་ལྔ་ལྡན་གྱི་གང་ཟག་ཆགས་གནས་འཇིག་སྟོང་བྱེད་པའི་ནུས་སྟོབས་འབྱུང་བ་ལྔ་ཡི་བྱེད་ལས་ལ་རག་ལས་པའི་ཕྱིར་ན། མདོས་གླུད་དང་བོད་ལུགས་གསོ་རིག་བར། ཕྱི་ནང་སྣོད་བཅུད་བར་སོགས་འབྲེལ་བའི་གནད་ལམ་གཙོ་བོ་འབྱུང་ལྔར་མ་ཐུག་པ་གང་ཡང་མེད་དོ།། འབྱུང་ལྔའི་སྒྱུ་འཕྲུལ་དྲྭ་བའི་རིགས་པ་འདི་ཉིད་གལ་གནད་ཤིན་ཏུ་ཆེ་བར་སེམས་སོ།།
བཞི། ཞང་བོད་ཀྱི་གསོ་རིག་དང་འབྲེལ་བའི་བརྒྱུད་རིམ་སྐོར།
བུ་འཚོ་སྲིད་པའི་རྒྱལ་པོ་ནི་སྤྱི་ལོའི་དུས་རབས་༡༡གི་སྨད་ཙམ་དུ་བྱོན་པའི་བོན་གྱི་གཏེར་སྟོན་སྔ་གྲས་ཤིག་ཡིན། རབ་བྱུང་གཉིས་པའི་ལྕགས་བྱི་(1120)ལོར་གཙང་སྟོད་རྡོ་རྗེ་གསང་ཕུག་ནས་སྨན་རྒྱུད་དགུ་སོགས་གཏེར་ནས་བཏོན། གཤེན་དམ་པ་རྒྱལ་ཚབ་(1050-1138)ལ་གནང་། དེ་ནས་རིམ་བཞིན་བརྒྱུད་པ་ཡིན། མཚན་གྱི་རྣམ་གྲངས་ལ་མཁུན་བཙུན་སྲིད་པའི་རྒྱལ་པོ་དང་། ཁུ་མཛུ་སྲིད་པའི་རྒྱལ་པོ། བུ་འཚོ་སྲིད་པའི་རྒྱལ་པོ་བཅས་ཞུ་བ་གསལ་ཡང་བསྟན་འབྱུང་ལོ་རྒྱུས་ཁག་ཏུ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་ཡོངས་སུ་གྲགས་པ་དེ་ཡིན། ཁོང་གིས་གཏེར་ཞལ་ཕྱེས་པའི་སྨན་སྒྲུབ་ཨ་མ་ར་ཡའི་སྒྲུབ་སྐོར་ནང་དུ་བདུད་རྩི་ཕུད་བུམ་དགུ་པ་ཞེས་པའི་ལེའུ་ཚན་ཞིག་ཡོད། དེའི་ནང་གི་བརྒྱུད་རིམ་དེ། ད་བཞུགས་འབུམ་བཞིའི་བརྒྱུད་རིམ་དང་འབྲེལ་པ་ཤིན་ཏུ་ཆེ་སྐོར་དཔྱད་གཞི་ཞིག་རྒྱལ་བ་སྨན་རི་བའི་༧ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེས་(1926-)བཏོན་གནང་ཡོད། ཁུ་ཚྭ་དང་བུ་འཚོ་སོགས་ཀྱི་གཏེར་ལུགས་མ་འདྲ་བའི་སྨན་འབུམ་འགའ་ཞིག་ཡོད་པར་གྲགས་ཀྱང་བུ་འཚོའི་གཏེར་ལུགས་ཀྱི་ཐུགས་འབུམ་མཁའ་སྔོན་གྱི་མཇུག་བྱང་རྒྱུད་རིམ་གསལ་བཤད་དེ་ཉིད་གཞིར་བཟུང་སྟེ་དཔྱད་པར་གནང་བའི་གསུང་གདམ་དེ་དག་འདིར་མཁོ་འདོན་ཞུ་བ་ལ། འདི་ལྟར་གསལ་ཏེ། (10) བརྒྱུད་ཚུལ་འབུམ་འདིར་གསལ་བ་ལྟར། དཔྱད་བུས་རྟག་གཟིགས་པ་དམུ་ཙ་ཏྲ་ཧེ་ལ་བཤད། དེས་གསེར་ཐོག་ལྕེ་འབྱམས་ལ་བཤད། དེས་སྟོང་རྒྱུང་མཐུ་ཆེན་ལ་བརྒྱུད། དེས་གྱིམ་ཚ་རྨ་ཆུང་ལ་བརྒྱུད། དེར་བན་དྷེ་མི་བདུན་གྱིས་ཆོས་སུ་བསྒྱུར་སྐབས། དཔེ་ཆ་མེ་ལ་སྲེག་པའི་གྲབ་བྱས་དུས། བོན་པོ་མི་བདུན་གྱིས་ཁྱེར་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས། གཞུང་འདི་རྣམས་ནས་གཙང་སྟོད་བྱེ་མ་གཡུང་དྲུང་གསང་ཕུག་ཏུ་སྦས་ཞེས་པའི་ས་གནས་དེ་སྐྲག་ལ་ཡི་ནུབ་ཀྱི་རྒྱབ་ཏུ། སྤོས་དྲི་ངད་ལྡན་གྱི་བྲག་ཟུར་དུ་བྲག་ཕུག་ཟང་ཐལ་གནམ་སྐས་ཅན་ཞིག་ཡོད་པའི་ས་གནས་དེ་ལ་སྣ་རུ་བྲག་གནམ་སྐས་ཅན་ཞེས་དང་། སྣང་རུ་བྲག་གནམ་སྐས་ཅན་ཞེས་པ་སོགས་ཡིག་གཟུགས་འདྲ་མིན་འདུག་ཀྱང་། གང་ལྟར་དེ་སྨན་གཞུང་འདི་རྣམས་ཀྱི་གཏེར་གནས་དང་། གནའ་དུས་མིང་ཡང་འདི་ལྟར་ཡིན་ནམ་སྙམ་ནས་བརྟག་དཔྱད་བྱེད་པའི་གཞི་རུ་བཞག་ཡོད། ཕྱིས་དུས་ལ་བབ་ཙམ་ན་གཙང་གི་གཤེན་པོ་བུ་འཚོ་སྲིད་པའི་རྒྱལ་པོ་ཞེས་པས་གཏེར་ཞལ་ཕྱེས་ནས། རྨེའུ་མཁས་པ་དཔལ་ཆེན་(1052-1106)ལ་སྤེལ་བའོ།། ཞེས་པ་ཙམ་ལས་བརྒྱུད་རིམ་འདི་ཡི་ཚུལ་ལ་ཞིབ་གསལ་གྱི་རིམ་པ་ཡིད་ཆེས་རྙེད་པར་དཀའ་འདུག་ཀྱང་། སྤྱིར་བརྒྱུད་རིམ་འདི་ལྟར་ཡོད་སྲིད་ཀྱང་གཏེར་སྟོན་གྱི་མཚན་དང་། བོན་པོ་མི་བདུན་ཞེས་པ་སོགས་གང་ལྟར་བརྟག་གཞི་བྱེད་སའི་གནས་ཆེ་ཤོས། ཨ་མ་ར་ཡ་ལས་བདུད་རྩི་ཕུད་བུམ་དགུ་པའམ་ཕུམ་བུམ་དགུ་པ་ཞེས་པའི་སྒྲུབ་པ་འདི་ཡི་བརྒྱུད་རིམ་དུ་གསལ་བ་ལྟར། གཞུང་འདི་ཡི་གཏེར་སྟོན་གྱི་མཚན་དང་། བརྒྱུད་ཚུལ་གཏེར་གནས་བཅས་ལ་བརྟགས་ན་སྨན་གྱི་འབུམ་བཞི་དང་ཨ་མ་ར་ཡ་གཉིས། གཏེར་སྟོན་གཏེར་གནས་སོགས་གཅིག་ཏུ་འདུག་མིན་དཔྱད་གཞི་གལ་ཆེན་ཞིག་ཏུ་མཐོང་ནས་གཞུང་ཚིག་དང་བརྒྱུད་རིམ་རྣམས་དཔེ་བཤུས་ཏེ་བཀོད་པ་ཡིན། ཨ་མ་ར་ཡའི་གཞུང་ལས། དེ་ནས་སྲིད་པའི་བོན་པོ་སྟག་ཝེར་ལིག་ཝེར་གཉིས་ཀྱིས། རྟ་སྒོ་ཤེལ་གྱི་གསང་ཕུག་ཏུ། གཡུང་དྲུང་མི་འགྱུར་རྟགས་ཀྱིས་བསྒྲུབས་པའོ།། དེ་ནས་ཞང་ཞུང་མཁས་པ་ཉི་ཤུ་རྩ་གསུམ་གྱིས། བྱེ་མ་མི་འགྱུར་གཡུང་དྲུང་ཚལ་དུ་བསྒྲུབས་པའོ།། དེ་ནས་གསང་བ་རབ་འབྱམས་དང་། མན་ངག་ཀུན་འདུས་ཀྱི་རྒྱལ་པོ་མཁས་པ་ཐེག་ཆེན་དང་། ཀུན་རིག་གི་རྒྱལ་པོ་བཞིས་བྲག་རྩེ་མཐོང་གི་ངོས་ལ་བསྒྲུབས་པའོ།། དེ་ནས་ཞང་ཞུང་ཀུན་རིག་གི་རྒྱལ་པོ་དང་གཡུང་དྲུང་སྙིང་པོ་གཉིས་ཀྱིས། སྤང་རི་ཕལ་པོ་རྩེ་ཡི་མགུལ་དུ་བསྒྲུབས་སོ།། དེ་ནས་ཁུ་མོང་ཆོས་རྗེ་ལྷ་ལོད་མར་བཞེད་ཟླ་བརྩན་དང་། མང་སྒྲ་ལེགས་མོ་དང་། ཤུ་གེ་དཔལ་གྱི་གཡུང་དྲུང་དང་བཞིས། སྲམ་གྱི་བྱེའུ་གླིང་དང་། ཤེལ་མུར་བྲག་མཁན་ཁའི་བྲག་ཟང་ཟང་མོ་ལ་བསྒྲུབས་སོ།། དེ་ནས་མཁུན་བཙུན་སྲིད་པའི་རྒྱལ་པོ་ལ་དངོས་གྲུབ་ཏུ་བབ་ཏེ། གཡུང་དྲུང་ཡང་རྩེའི་བྲག་ལ་བསྒྲུབས་སོ།། ཞེས་དང་། ཨ་མ་ར་ཡའི་གཞུང་གི་མཐར། བདུད་རྩི་གསང་བའི་སྒྲུབ་པ་འདི་ནི། དང་པོ་ཡུམ་སྲས་་གཤེན་གསུམ་ལ་རིམ་པར་བརྒྱུད་ནས། དར་ནུབ་ཀྱི་ཆོ་འཕྲུལ་ལས། སྣ་རུ་བྲག་གནམ་སྐས་ཅན་དུ་གཏེར་དུ་སྦས་པ། ཕྱིས་སུ་ཁུ་འཛུ་སྲིད་པའི་རྒྱལ་པོ་དེ་ཉིད་ཀྱིས་གཏེར་ཞལ་ཕྱེས་ནས། ཤཀྱ་དཔལ་གྱི་དངོས་གྲུབ་ཏུ་ཐོབ་པ་དེ། གཤེན་དམ་པ་རྒྱལ་ཚབ་(1050-1138) ཆེན་པོས་མངའ་བསྙེམས་པའོ།། དེས་རིམ་པར་བརྒྱུད་དོ།། ཞེས་གསལ།
བདུད་རྩི་ཕུམ་བུམ་དགུ་པའི་བརྒྱུད་རིམ་ནི། བོན་སྐུ་ཀུན་ཏུ་བཟང་པོ། དེས་ཡབ་འཕྲུལ་གཤེན་སྣང་ལྡན། ཡུམ་བཟང་ཟ་རིང་བཙུན། འཆི་མེད་གཙུག་ཕུད། གསང་བ་འདུས་པ། རྨ་ལོ་དར་དཔྱང་། ལྷ་གཤེན་ཡོངས་སུ་དག་པ། རྒྱལ་གཤེན་མི་ལུས་བསམ་ལེགས། ཀླུ་གྲུབ་ཡེ་ཤེས་སྙིང་པོ། སྣང་བ་མདོག་ཅན། བོན་མོ་སྟག་ཟ་ལི་ཝེར། ཞང་ཞུང་ཨ་ནུ་འཕྲག་ཐག། ཞང་ཞུང་སད་ནེ་གའུ། ཞང་ཞུང་ཁྱུང་ལྷ་དགྲ་འདུལ། ཞང་ཞུང་ཨུ་གུ་དགྲ་འདུལ། ཞང་ཞུང་ལྷ་རི་དཀར་པོ། ཞང་ཞུང་ལ་དཀར་ཆེན་མོ། ཞང་ཞུང་ལི་མུར་ཁོད་ཏང་། ཞང་ཞུང་ཚ་ལ་རྒྱུང་ནེ། ཞང་ཞུང་ར་རིང་། ཞང་ཞུང་ཁྱུང་དཀར། ཞང་ཞུང་དམུ་ཚ། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། ཞང་ཞུང་ཨ་པོ་ཆབ་དཀར། ཞང་ཞུང་གཡུང་དྲུང་རྒྱལ་པོ། ཞང་ཞུང་ཚེ་ཡི་རྒྱལ་པོ། ཞང་ཞུང་ཚེ་མི་ཀུན་སྣང་། ཞང་ཞུང་དོན་རྟོགས་རྒྱལ་པོ། ཞང་ཞུང་ཨ་ས་གཙུག་ཕུད། ཞང་ཞུང་ཨ་མདན་ཅིང་། ཞང་ཞུང་དར་མ་ཧཱ་ཏི། ཞང་ཞུང་ཏ་བ་ཧ་ཏི། ཞང་ཞུང་མུ་ལ་མ་ནོས། ཞང་ཞུང་དང་ར་ལ་ཧ་ཏི། རིག་འཛིན་གསང་བ་རབ་འབྱམས། ཀུན་འདུལ་རྒྱལ་པོ། ཐེག་ཆེན་ཀུན་འདུས། ཀུན་རིག་རྒྱལ་པོ། གཡུང་དྲུང་སྙིང་པོ། ཁུ་བོན་མང་པོ་རྗེ་ལོང་། མང་རྗེ་ཟླ་མཚན། ཁུ་གཤེན་ཁུ་མང་དགྲ་ལྷ། གུ་བསྐྱེད་དཔལ་གྱི་གཡུང་དྲུང་གིས་གཏེར་བདག་ཡེ་ཤེས་དབལ་མོ་ལ་གཉེར་བཅོལ་ནས་གཏེར་དུ་སྦས་སོ།། ཕྱིས་དུས་སུ་ཁུ་མཛུ་སྲིད་པའི་རྒྱལ་པོས། སྣ་རུ་བྲག་གནམ་སྐས་ཅན་ནས་སྤྱན་དྲངས་ཏེ། ཤཱཀྱ་དཔལ་ལ་བརྒྱུད་ནས་གཏེར་གྱི་བདག་པོར་སྤྲོད་གསུངས་ནས། གཤེན་དམ་པ་རྒྱལ་ཚབ་(1050-1138)རིན་པོ་ཆེར་གཤང་ཁྲི་ཆུང་བཅས་ཚང་མ་ཕུལ་ལོ།། གཤེན་ཆེན་དེས་གཤེན་ལྷ་རྗེ་ཇོ་བཀྲ་ལ(1069-1149)། དེས་གཤེན་སྟོན་ནམ་མཁའ་རྒྱལ་མཚན(1087-1162)། དེས་གཤེན་ཡེ་ཤེས་རྒྱལ་མཚན(1120-1176)། དེས་གཤེན་སྟོན་བློ་གྲོས་སེང་གེ(1154-?)། དེས་གཤེན་དཔོན་གསས་ཤེས་རབ་རྒྱལ་མཚན(1151-?)། དེས་གཤེན་འགྲོ་བའི་མགོན་པོ། དེས་གཤེན་ཀུན་མཁྱེན་ཆེན་པོ་ཡེ་ཤེས་བློ་གྲོས། དེས་གཤེན་ཆེན་པོ་བསོད་རྒྱལ་དཔལ། དེས་གཤེན་ཆེན་པོ་ཀུན་དགའ་དཔལ་ལྡན། དེས་གཤེན་ཆེན་པོ་རྣམ་དག་དྲི་མེད། དེས་གཤེན་ཆེན་པོ་དབང་གྲུབ་རྒྱལ་མཚན། དེས་གཤེན་ཆེན་པོ་ཕྱོགས་ལེགས་རྒྱལ་མཚན། དེས་དམུ་གཤེན་མཆོག་སྤྲུལ་ཉི་མ་རྒྱལ་མཚན། དེས་གཤེན་ཆེན་ནམ་མཁའ་རྒྱལ་མཚན། དེ་གཤེན་གཡུང་དྲུང་ཉི་མའི་རྒྱལ་པོ། དེས་གཤེན་རྒྱལ་བ་ལྷུན་གྲུབ་དཔལ་བཟང་པོ། དེས་མཚུངས་མེད་བསྟན་པ་འོད་ཟེར་ལ། དེས་གཤེན་གཙུག་ཕུད་འོད་ཟེར། དེས་མཁན་པོ་རྣམ་དག་འོད་ཟེར་ལ། དེས་མཁས་གྲུབ་ཚེ་དབང་འོད་ཟེར་ལའོ།། ཞེས་པའི་བར་གྱི་བརྒྱུད་རིམ་འདུག་པ་ལ་དཔྱད་ནས་འབུམ་བཞིའི་བརྒྱུད་རིམ་དང་ལོ་རྒྱུས་སོགས་ལ་ཞིབ་ཏུ་དཔྱད་པ་བྱེད་པའི་གཞིར་མཐོང་ངོ་།།ཞེས་གསུངས་སོ།།
དཔྱད་གཞིའི་ལུང་ཁུངས་ཀྱི་ཡིག་ཆ།
(1) གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཨང་122ཤོག་ངོས་9 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོན་གྱི་བཀའ་ཡི་སྐོར།
(2) གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཨང་026ཤོག་ངོས་389 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོན་གྱི་བཀའ་ཡི་སྐོར།
(3) གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཨང་026ཤོག་ངོས་166-167 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོན་གྱི་བཀའ་ཡི་སྐོར།
(4) གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཨང་051ཤོག་ངོས་150-151 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོན་གྱི་བཀའ་ཡི་སྐོར།
(5) བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས། དེབ་ཨང་020 གྲྭ་ཐང་རྒྱུད་བཞི་ཤོག་ངོས་696 མི་རིགས་དཔེ་སྐྲུན་ཁང་།
(6) བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས། དེབ་ཨང་020 གྲྭ་ཐང་རྒྱུད་བཞི་ཤོག་ངོས་592 མི་རིགས་དཔེ་སྐྲུན་ཁང་།
(7) བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་ཀྱི་དཔེ་ཚོགས། དེབ་ཨང་020 གྲྭ་ཐང་རྒྱུད་བཞི་ཤོག་ངོས 592 མི་རིགས་དཔེ་སྐྲུན་ཁང་།
(8) གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས། པོད་གྲངས་ 072 མདོས་ཀྱི་ལས་བྱང་བསམ་འཕེལ་ནོར་བུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
(9) གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཨང་014ཤོག་ངོས་345 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། བོན་གྱི་བཀའ་ཡི་སྐོར།
(10) སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ་པོད་བཞི་པ། ཤོག་ངོས་ 72 ཁྲི་བརྟན་ནོར་བུའི་རྩེ་དཔེ་མཛོད་ཁང་།
ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རིག་གཞུང་གྲོས་ཚོགས་དང་། འཛམ་གླིང་ཀྲུང་གསོ་མཐུན་ཚོགས་བོད་ཀྱི་ཆེད་ལས་ལྷན་ཚོགས་ཀྱི་སྐབས་གཉིས་པའི་ལོ་ཚོགས་ཀྱི་དཔྱད་རྩོམ་བདམས་བསྒྲིགས་ལས་ཟུར་འདོན་བྱས།