སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་སྐོར་ལ་ཐོག་མར་དཔྱད་པའི་གཏམ་མེས་པོའི་ཞལ་ལུང་།

[ཟླ་ཚེས། 2016-06-30 11:12:01][རྩོམ་པ་པོ། གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 ཉེ་ཆར་བོན་དྲིས་ལན་ར་བར་དཔྱོད་ལྡན་འགའ་ཞིག་གིས་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་དེ་ཇི་ཞིག་ཡིན་པའི་དྲི་བ་དང་འབྲེལ། སྐབས་དེར་ལན་ཟུར་ཙམ་ཕུལ་ཡོད་ཀྱང་། ད་དུང་རང་འདྲའི་རྟོག་དཔྱོད་ལ་དགའ་བ་ཅན་འགའ་ཞིག་ལ་རྒྱས་ཙམ་ཞིག་དགོས་པར་སྙམ་སྟེ། ཉིན་ཤས་སློབ་གསེང་དང་ལས་ཀའི་ཞོར་ནས་འདིའི་སྐོར་སྣ་ཟིན་སྤུ་ཟིན་ཙམ་ཞིག་གླེང་རྒྱུ་ཡིན།
   བོད་སྐད་ཐ་སྙད་ནང་དུ་སངས་རྒྱས་དབུ་ཡི་གཙུག་ཏོར་ཞེས་པ་འདི་མ་གླེང་གོང་། སྤྱིར་བཏང་དབུ་ཡི་ཐོར་ཚུགས་སམ་ཐོར་ཅོག་སྐོར་ངེས་པར་གླེང་དགོས་པ་ཞིག་ཆགས་ཡོད། རྒྱུ་མཚན་ནི། དབུ་ཡི་གཙུག་ཏོར་དང་། ཐོར་གཙུག་གམ་ཐོར་ཚུགས། གཙུག་ཕུད། ཐོར་ཅོག ལྭ་ཐོད་སོགས་ཕན་ཚུན་དོན་གཅིག་མིན་གང་ལྟར་འབྲེལ་བ་ཟབ་མོ་ཡོད་པ་ཞིག་རེད་ལ། མི་རིགས་གཞན་གྱིས་ཀྱང་ཐོར་ཚུགས་སམ་ཐོར་ཅོག་བཅིང་བའི་ལུགས་རྒྱ་ཆེར་འབྱུང་བས་སོ།།

Ushnish.jpg
དང་པོ། གཙུག་ཏོར་གྱི་ཐ་སྙད་ལ་དཔྱད་པ།

   མགོ་ལ་ཐོར་ཚུགས་ཡོད་པའི་མི་རིགས་དང་རིག་གཞུང་མང་རབས་ཞིག་ད་ལྟའི་ཁ་ཆེའི་ཡུལ་གྲུ་འགའ་དང་། དེ་བཞིན་ལྷོ་ཤར་ཨེ་ཤ་འདབ་འབྲེལ་ཁུལ་དུ་མང་བར་སྣང་སྟེ། དཔེར་ན་ཨབ་གྷན་དང་། པཱ་ཀི་སི་ཐན། ཏ་ཟིག་སི་ཐན། ཨ་རབ་ཀྱི་ཡུལ། དེ་དང་འདྲ་བར་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་དངོས་དར་སའི་ཡུལ་རྒྱ་གར་དང་འབར་མ། སིང་གྷ་ལ་སོགས་སུ་ཡང་ཡོད། དེ་བཞིན་ནུབ་གླིང་ཁུལ་ལའང་རྒྱལ་པོའི་རིང་ལུགས་ཡུན་རིང་དར་མྱོང་བའི་ས་ཁུལ་ཁག་ཏུ་མཐོང་ཐུབ།
གོང་སྨྲས་ཡུལ་ལུང་དེ་ཚོའི་སྐད་ལས་སྒྲ་སྦྱོར་སྟངས་ཅུང་མི་འདྲ་བ་ཙམ་ལས་རྩ་བའི་ཏ་ཟིག་གམ་སྟག་གཟིགས་སོགས་སུ་འབོད་པའི་ཡུལ་ཨབ་གྷན་ནས་ཏ་ཟིག་དངོས་མའི་ཡུལ་གྱི་མིས་བོད་སྐད་ཀྱི་གཙུག་ཏོར་དང་། ལེགས་སྦྱར་སྐད་དུ་ཨུཤ་ནིཤ་ (उष्णीष Usnisa or Ushnish) ཞེས་པ་ལ་ “ ཏུར་བན་ ” (Turban) དང་ “ ཏུལ་བན་ ” (Tulban) ཡང་ན། “ ཏུར་བནཌ་ ” (Turband) སོགས་དང་། དེ་མིན་ “ པཱ་ཏུ་ ” (Patu) སོགས་འབོད་པ་དང་། ནུབ་འབྲེལ་རྒྱལ་ཁབ་གཞན་མང་དག་ཅིག་གིས་ཀྱང་ “ ཏུར་བནཌ་ ” (Turband) ཅེས་འབོད་ཀྱིན་པ་ནི་རྩ་བའི་ཐ་སྙད་དེའི་ཡོང་ཁུངས་ཀྱང་ཏུར་བན་ཞེས་པ་འདི་ཡིན་པར་མཁས་པ་ཚོས་སྨྲས། དཔེར་ན་པཱ་ཏུ་ཡི་སྒྲ་ཟུར་ཆག་རྒྱ་གར་བས་པཱག་གམ་པཱག་རི་དང་། དཀྱིལ་ཤར་ཡུལ་གྲུ་དང་ནུབ་གླིང་དབུས་མ་རྣམས་ཀྱིས་ཏུར་བན་གྱི་སྒྲ་ལ། ཏུར་བེན་ཌི་ (Turband) ཞེས་དཀྲི་བའི་བརྡ་རུ་ཟུར་ཆག་བཀོད་པ་ལྟར་རེད།
སྤྱིར་བཏང་ཏ་ཟིག་གི་སྐད་དམ་ཕར་སི་(པར་སིག)ནང་དུ་གོང་སྨྲས་ “ ཏུར་བན་ ” ཞེས་པ་ནི་སྤྱིར་མགོ་དཀྲིས་སམ་ལྭ་ཐོད་ཙམ་ལ་འཇུག་ཀྱང་། ཁོ་ཚོས་གོང་སྨྲས་ལེགས་སྦྱར་སྐད་དུ་ཨུཤ་ནིཤ་ཞེས་པའི་དོན་གླེང་སྐབས་ཐ་སྙད་“ ཏུར་བན་ ” ཞེས་པ་འདི་རང་སྤྱོད་ཀྱིན་ཡོད། གནའ་སྔོན་ཁོ་ཚོའི་རིག་གཞུང་དང་ཆོས་ལུགས་ཀྱི་སྲོལ་ལྟར་ན་ཏུར་བན་ཡོད་མཁན་ནི་ཆེས་རླབས་ཆེན་དང་བྱས་རྗེས་ཅན་གྱི་མི་སྣར་བཤད། དེའང་ཏུར་བན་གྱི་ཆེ་བ་དང་དགོས་པ་མི་འདྲ་བ་བཅུ་ལྷག་ཅིག་བཤད་ཡོད་ཀྱང་སྐབས་འདིར་བརྗོད་པ་དང་དེ་ཙམ་འབྲེལ་མི་ཆེ་བས་རེ་ཞིག་འཇོག་པར་བྱ།
   དེ་བཞིན་རྒྱལ་པོའི་རིང་ལུགས་ཡུན་རིང་དར་མྱོང་བའི་དཀྱིལ་ཤར་དང་ནུབ་གླིང་དབུས་མའི་ཁུལ་གྱི་ལུགས་སྲོལ་ལའང་ཏུར་བན་ཡོད་མཁན་ནི་རྒྱལ་རིགས་དྲ་མ་ཆེན་མོའི་རྒྱུད་པ་རྣམས་ཡིན། ཕྱིས་སུ་ཏུར་བན་ལའང་ཆེ་ཆུང་དང་དབྱིབས་ཁ་དོག རྒྱུ་ཆ་བཟང་ངན་སོགས་ལ་བརྟག་སྟེ་མིའི་འབྱོར་ཕྱུག་དང་གོ་ས་རིགས་རུས་སོགས་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་བྱུང་། ལུགས་འདི་རྒྱ་གར་དུའང་ཤུགས་ཆེན་དར་བར་མངོན་ཏེ་གནའ་སྔོན་ཏུར་བན་ནམ་པཱག་རི་ལ་བརྟེན་ནས་སྤྱི་ཚོགས་གྲལ་རིམ་དང་རིགས་རུས། མི་གཤིས་བཟང་ངན་བརྟག་པ་དང་། དམག་གི་དེད་དཔོན་རྣམས་ཀྱིས་ཕར་རོལ་ལས་རྣམ་པར་རྒྱལ་ཚེ་གཟེངས་བསྟོད་ཚུལ་དུ་པཱག་རི་བཀོན་ནས་གསོལ་སྟོན་བྱེད་ཚུལ་ཡང་བྱུང་འདུག
   བོད་སྐད་ནང་དུ་གཙུག་ཏོར་དང་འབྲེལ་བའི་ཐ་སྙད་ལྔ་དྲུག་ཙམ་ཞིག་བྱུང་། དེའང་གཙུག་ཏོར་རམ་གཙུག་ཐོར། ཐོར་གཙུག་གམ་ཐོར་ཚུགས། ཐོར་ཅོག གཙུག་ཕུད། ཟུར་ཕུད་ལྟ་བུ་རེད། འདི་ཚོའི་སྐོར་ཐོག་མར་རེ་རེའི་དོན་གང་ཡིན་མི་དཔྱད་པར་སྐབས་བབ་གཙུག་ཏོར་དང་གོང་སྨྲས་ཡུལ་ལུང་གཞན་གྱིས་རྗོད་བཞིན་པའི་ཐ་སྙད་བར་ཕན་ཚུན་གོ་བསྡུར་བྱ་རྒྱུ་ཡིན། གོང་དུ་རྩ་བའི་ཏ་ཟིག་སྐད་དུ་ཏུར་བན་ཞེས་འབོད་ཀྱིན་ཡོད་པས་བོད་སྐད་དུ་གཙུག་ཏོར་དང་སྒྲ་ཤིན་ཏུ་ཉེ། དེའང་ཏ་ཟིག་སྐད་དུ་ “ ཏུར་ ” (Tur) དང་“ ཏུལ་ ” (Tul) ། ཡང་ན། “ ཏུ ” (Tu) སོགས་ནི་མགོ་དང་འབྲེལ་བའི་ཙོག་ཙོག་པུ་བ་ཞིག་གི་སྒྲ་དང་། “ བཱན ” (Ban) ནམ་ “ བཱནཌི ” (Band)ནི་དཀྲི་བའམ་སྡོམ་པའི་དོན་ལ་འཇུག་པས་དེས་ན་སྐབས་འདིར་ཏུར་བཱན་ནི་མགོ་ལ་དངོས་པོ་ཅི་ཞིག་ཙོག་ཙོག་ཏུ་དཀྲི་བའི་དོན་ལ་གོ་ནུས། དེ་བཞིན་བོད་སྐད་ཀྱི་ “ ཏོར་ ” རམ་ “ ཐོར་ ” དང་། པར་སིག་གི་ “ ཏུར་ ” གཉིས་ཀྱི་སྒྲ་གདངས་ཤིན་ཏུ་མཚུངས་ལ། སྐབས་འདིའི་ “ ཏོར་ ” རམ “ ཐོར་ ” ནི་གོང་སྨྲས་ཏ་ཟིག་གི་ “ ཏུར་ ” གྱི་གོ་དོན་ལྟར་བོད་སྐད་དུ་ཡང་མགོ་དང་འབྲེལ་བའི་ཙོག་ཙོག་པུ་ཞིག་ལ་གོ་དགོས་ཏེ། དཔེར་ན་བོད་སྐད་བརྡ་རྙིང་དུ་རྩེའམ་ཏོག་ལ་ “ ཐོར་ཏོ་ ” འབོད་པ་ལྟར་ཡིན། ལྷག་དོན་བོད་སྐད་ཀྱི་ “ གཙུག་ ” ནི་སྤྱི་བོའི་སྟེང་ངམ་འབུར་དུ་ཡོད་པའི་རྩེ་མོ་ལྟ་བུར་གོ་བས། དེས་ན་ “ ཐོར་གཙུག ” གམ་ “ གཙུག་ཏོར་ ” ནི་མགོ་དང་འབྲེལ་བའི་འབུར་ཙོག་ཅན་ནམ་དེ་རིགས་ཙོག་ཙོག་པོར་དཀྲི་བམ་འཆིང་བ་ཞིག་ལ་གོ་ཐུབ་པས། གོང་སྨྲས་ཏ་ཟིག་སྐད་དམ་པར་སིག་ནང་དུ་བྱུང་བའི་ “ ཏུར་བན་ ” གྱི་གོ་དོན་དང་གཅིག་མཚུངས་བྱུང་།
   སྐབས་འདིར་འགའ་ཞིག་གིས་ཏ་ཇིག་སི་ཐཱན་དང་ཨབ་གྷན་སོགས་ནི་གནའ་སྔོན་བོན་གྱི་ལོ་རྒྱུས་ལས་གསལ་བའི་ཞང་ཞུང་བར་པ་རྒྱལ་མཁར་བར་ཆོད་དང་འབྲེལ་བའི་ཡུལ་སོགས་ཡིན་པ་མཁས་པས་བཞེད་སྟབས། དེས་ན་གོང་སྨྲས་ཏ་ཟིག་སྐད་དམ་པར་སིག་ནས་བྱུང་བའི་ “ ཏུར་བན་ ” དང་ “ པཱག་ ” ལྟ་བུ་ཞང་སྐད་ཡིན་མིན་སོགས་འདྲི་སྲིད་ཚེ། གུས་པས་ནི་འདི་དག་ལ་ང་ཚོས་རིམ་པར་ཉམས་ཞིབ་ཕུག་ཆོད་བྱེད་དགོས་པ་དང་བྱ་རྒྱུ་ཡང་ཡོད་པ་ཞིག་རེད་སྙམ་བཞིན་ཡོད། འོན་ཀྱང་ང་ཚོས་ད་ཡོད་མཇལ་ཐུབ་པའི་ཞང་སྐད་ནང་དབུ་རྒྱན་དང་དབུ་གཉིས་ཀ་ལ་འཇུག་པ་ “ པུ་ཙམ་” དང་། གཙུག་ཕུད་ལ་ “ སམ་ཕུད་” སོགས་བརྗོད་ཀྱིན་པ་ལྟར་རེད། དེ་བཞིན་གོང་ཞུས་བོད་སྐད་རང་ལས་བྱུང་བའི་ཐ་སྙད་ཐོར་ཚུགས་དང་། གཙུག་ཕུད། ཐོར་ཅོག་སོགས་ཀྱི་སྐོར་གཤམ་ནས་བརྗོད་དོན་འབྲེལ་ཏེ་འཆད་རྒྱུ་ཡིན།

གཉིས་པ། སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་དངོས་ལ་དཔྱད་པ་ལས། ཐོག་མར་བན་ཕྱོགས་དང་སྦྲེལ་ནས་ཆོས་པའི་གླེང་སྟངས་སྐོར་ལ་དཔྱད་པ།

   ང་ཚོས་ནམ་རྒྱུན་མཐོང་བཞིན་པ་ལྟར་སངས་རྒྱས་ཀྱི་མཚན་དཔེ་འཆད་སྐབས་གཙུག་ཏོར་ཞེས་པ་འདི་ཡང་ཡང་ཡོང་གིན་ཡོད་རྩང་། མང་པོ་ཞིག་གིས་སངས་རྒྱས་ཀྱི་གཙུག་ཏོར་ཞེས་པ་ཁོང་གི་མཚན་དཔེ་ཙམ་ལས་དེ་ཅི་ཞིག་ཡིན་པ་དང་ངོ་བོ་དང་རྒྱུ་ཆ་སོགས་ལ་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་། གང་ལྟར་བན་དེའམ་ཆོས་ཀྱི་དཔེ་ཆ་དང་འབྲེལ་ཏེ་གླེང་ཚེ་ཐོག་མར་ང་ཚོས་དཔྱད་དགོས་པ་ནི་བཅོམ་ལྡན་ཐུབ་པའི་དབང་པོའི་རྣམ་ཐར་དང་། དེའི་རྗེས་འཇུག་བྱང་རྒྱུད་ཐེག་ཆེན་པ་ཟེར་བ་དང་ལྷོ་རྒྱུད་ཐེག་དམན་པ་སྟེ་རྒྱ་གར་དང་། འབར་མ། ཐཱ་ལན་ཌི་སོགས་ཀྱི་ནང་པས་བྲིས་པའི་ཡིག་རིགས་ཁག་ནས་འགོ་འཛུག་དགོས། དེའང་པཱ་ལི་དང་ལེགས་སྦྱར་གྱི་སྐད་ནང་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་ལ་ཨུཤ་ནིཤ་ (उष्णीष Usnisa or Ushnish) ཞེས་འབོད། འདིའི་དོན་ནི་ཐོར་ཅོག་གམ། པྲོག་ཞུ། དབུ་རྒྱན་ཞེས་པའི་དོན་ཡིན། དེའང་ཐ་སྙད་འདི་ཡོང་ཁུངས་ནི་གནས་བརྟེན་སྡེ་བའི་ལུགས་ཀྱི་སངས་རྒྱས་ཀྱི་མཚན་དཔེ་འཆད་སྐབས། “ उष्णीषशिरस्कता ། प्रदक्षिणावर्तकेश ། ” (དབུ་གཙུག་ཏོར་དང་ལྡན་པ། དབུ་སྐྲ་གྱེན་དུ་འཁྱིལ་བ།) ཞེས་པ་འདི་དག་ནས་བྱུང་། གོང་གསལ་ཚིག་འཁོར་དང་པོའི་འགྲེལ་བ་སྐབས་སུ་ཕྱིས་བྱུང་ཐཱ་ལན་ཌིའི་ལྷ་བཀོད་ཞིབ་འཇུག་པ་ཞིག་གིས་སངས་རྒྱས་ལ་མེ་ཏོག་གི་འཕྲེང་བ་ལྟ་བུའི་དབུ་སྐྲ་སུ་ལུ་ཙོག་པུར་བཅིང་པའམ་ཡང་ན་དབུ་སྐྲ་སུ་ལུ་ཚུལ་ཅན་རང་བཞིན་གྱེན་དུ་འཁྱིལ་བ་ཞིག་ཡོད་སྲིད་ཚུལ་ཡང་གླེང་ཡོད།
   དམིགས་བསལ་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་སྐོར་མི་རིགས་གཞན་པས་བསམ་བློ་བཏང་སྔ་ཤོས་ནི་རྒྱ་གར་གནའ་བོའི་སྒྱུ་རྩལ་དང་མཚན་ཉིད་རིག་པའི་མཁས་དབང་ཀུ་མ་རཱ། སཝཱམི། (Dr. Coomaraswamy or Dr. Kumaraswami 1877-1947 ) ལགས་ཡིན། ཁོང་གི་(སངས་རྒྱས་ཀྱི་དབུ་བྱད་དང་། དབུ་སྐྲ། གཙུག་ཏོར། པྲོག་ཞུ།) ཞེས་པ་ལས། གོང་གི་ उष्णीषशिरस्कता (ཨུཤ་ནིཤ་ཤིརྶག་ཏ།) ཞེས་པའི་དོན་ལ་གོ་བ་མི་འདྲ་བ་གཉིས་ཙམ་ཡོང་ཆོག་པར་བཤད་ལ། དང་པོ་ནི། སངས་རྒྱས་ཀྱི་སྙན་མཆོག་གཡས་པའི་རྒྱབ་རྩ་ནས་ཕྲེང་བ་ལྟ་བུའི་ཤ་རྒྱུས་དམིགས་བསལ་འགའ་དཔྲལ་གོང་ནས་སྙན་མཆོག་གཡས་པའི་རྒྱབ་རྩ་བར་ཐོད་ཆིང་དཀྲིས་པ་བཞིན་ཟུག་ཡོད་སྲིད་པས་ན་དང་། ཡང་ན། དབུ་ཡི་སྟེང་ཕྱོགས་ཡོངས་སུ་ཆུ་འབུར་ལྟ་བུའི་ཤ་རྒྱུས་ཀྱིས་བང་རིམ་དུ་ཁེངས་ཡོད་པ་ཞིག་ཀྱང་ཡིན་སྲིད། ཅེས་གསུངས་པར་བརྟག་ན་སངས་རྒྱས་ཀྱི་གཙུག་ཏོར་ནི་དབྱིབས་དང་འདུག་ཚུལ་ཇི་འདྲ་ཡོད་མེད་གང་ལྟར་དམིགས་བསལ་ཤ་རྒྱུས་སམ་ཤ་གནད་ཀྱི་རིགས་ཞིག་ཡིན་སྲིད་པའི་བསམ་ཚུལ་བཏང་ཡོད། འོན་ཀྱང་ཁོང་གིས་ད་དུང་རྒྱ་གར་གྱི་སྟོན་པ་ནག་པོ་ཆེན་པོ་འཁྲུངས་སའི་ཡུལ་མཱ་ཐུ་རཱ་ནས་ཕྱི་ལོའི་དུས་རབས་དང་པོ་དང་གཉིས་པའི་བར་བཟོ་བཀོད་བྱས་པའི་བཅོམ་ལྡན་འདས་ཀྱི་སྐུ་འདྲ་འགའ་ཞིག་ལ་བརྟག་དཔྱད་བྱས་པ་ནི། སངས་རྒྱས་ཀྱི་སྐུ་འདྲ་མང་པོ་ཞིག་གི་དབུ་རྦད་དེ་ཟླུམ་པོ་ཡིན་པ་དང་། ཡང་འགའ་ཞིག་ལའང་སྐྲ་སྤྱི་བོར་བཅིང་བའི་རྣམ་པ་ཅན་ཡང་ཡོད་པར་བཤད་འདུག
   དེ་དང་ཆ་འདྲ་བ་བོད་ཀྱི་ལྷ་བཟོ་བ་གྲགས་ཅན་ཨ་མདོ་བྱམས་པ་ལགས་ཀྱིས་བརྩམས་པའི་(རི་མོའི་སྐོར་གྱི་དཔྱད་པ་སྔོན་མེད་བཟོ་བ་རིགས་པའི་དགོངས་རྒྱན།) ལས་རྒྱ་གར་རི་མོའི་འབྲི་སྲོལ་འཆད་སྐབས། “ གཞན་ཡང་སྟོན་པའི་སྐུ་ལ་མཛོད་སྤུ་མཚོན་བྱེད་དུ་ལི་ཁྲིའི་ཐིག་ལེ་རྒྱག་པ། སྤྱན་ལྤགས་སྨུག་པོ་བཟོ་བ། ཕྱག་ཞབས་ཐད་ལ་ལི་ཁྲི་བྱུག་པ། གཙུག་ཏོར་ངེས་ཅན་མེད་པ། དབུ་ཡི་སྟེང་དུ་འོད་ཀྱི་གོང་བུ་འབྲི་བ། སྐུ་སྟོད་དང་ཕྱག་གཉིས་ལ་གཟན་གྱིས་དཀྲིས་ནས་མི་མངོན་པར་བྱེད་པ་སོགས་རྒྱ་གར་གྱི་མིའི་རྣམ་པ་ཤིན་ཏུ་མཚར་བོ་ཞིག་འབྲི་བཞིན་ཡོད། ” ཅེས་སོགས་དང་། ཡང་། “ ལྷ་ཡང་མི་རིགས་གང་ལ་གཏོགས་ན་དེའི་རིགས་ཀྱི་རྒྱན་ཆ་སོགས་ཕུལ་བ་ལས། གང་དྲན་ཕུལ་བའི་སྲོལ་མེད་པ། ” ཞེས་སོགས་རྒྱ་གར་བའི་ལུགས་ཀྱི་ཐུབ་པའི་སྐུ་བཞེངས་སྟངས་ནི་སྟོན་པ་ཁོང་ཉིད་ཡུལ་དེ་གའི་མི་རིགས་ལ་གཏོགས་པས་དེའི་ལུགས་སུ་བཞེངས་ཡོད་ཚུལ་གསུངས་པ་འདི་དག་ལ་དཔྱད་པ་དང་རྒྱུ་མཚན་ངེན་ཅན་རེ་འཚོལ་རྒྱུ་ཡོད་པར་འདོད།
   དེ་བཞིན་ཉེ་སྔོན་འབར་མའི་ཡ་གོང་གཙུག་ལག་སློབ་གྲྭའི་གནའ་རྫས་ཞིབ་འཇུག་མཁས་དབང་ཞིག་དང་འདིའི་སྐོར་གླེང་སློང་བྱ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་གུས་པས་ཐཱ་ལན་ཌི་དང་འབར་མ་སོགས་སུ་སངས་རྒྱས་ཀྱི་སྐུ་བཞེངས་སྐབས་གཙུག་ཏོར་དམིགས་བསལ་རིང་པོ་བྱེད་པའི་རྒྱུ་མཚན་དྲིས་པའི་ལན་དུ། ཁོང་གིས་སངས་རྒྱས་ཀྱི་དབུ་ཏོག་རིང་པོ་འཇོག་པ་ནི་ཤེས་རབ་འཕེལ་བ་དང་། སངས་རྒྱས་ཀྱི་མཛད་པ་རྒྱ་ཆེ་བའི་དོན་རེད་ཅེས་བཤད་རྒྱུན་ཡོད་ཀྱང་། ལྷོ་ཤར་ཨེ་ཤ་ཡའི་ཁུལ་གྱི་སངས་རྒྱས་ཀྱི་སྐུ་འདྲ་རྣམས་སུ་གཙུག་ཏོར་ཞེས་དམིགས་བསལ་བ་ཞིག་བཟོ་སྲོལ་འདུག སྤྱིར་བཏང་སངས་རྒྱས་ལ་དབུ་སྐྲ་མིན་པའི་གཙུག་ཏོར་ཞེས་འབུར་གཟུགས་ནུས་པ་ཅན་ཞིག་དབུ་ལ་ཡོད་མེད་དང་། དེའི་ཆག་ཚད་དང་ངོ་བོ་ག་རེ་ཡིན་མིན་གསལ་པོར་འཁོད་པའི་དཔེ་ཆ་གང་ལའང་མཇལ་རྒྱུ་མེད། ཁོང་ཉིད་ནི་ཐོག་མར་དབུ་སྐྲ་སྤྱི་བོར་བཅིང་པའི་རྒྱལ་སྲས་ཞིག་ཡིན་ཀྱང་། ཕྱིས་སུ་རབ་ཏུ་བྱུང་ནས་དབུ་སྐྲ་བཅད་དེ་དབུ་ལྡུམ་ཡིན་པ་ནི་རྣམ་ཐར་ནས་གསལ། ཡིན་ནའང་ཁོང་ནི་མིའི་ནང་ནས་འགྲན་ཟླ་གྲལ་བ་ཞིག་ཡིན་པ་དང་ཐོག་མར་རྒྱལ་སྲས་ཀྱི་ཆགས་ལུགས་དབུ་སྐྲ་གྱེན་དུ་ཐོར་ཅོག་བཅིང་པའི་རྣམ་པ་ཅན་ཞིག་ཡིན་རྩང་། རྗེས་འཇུག་རྣམས་ཀྱིས་མི་དང་ཁྱད་པར་འཕགས་པར་སྟོན་བྱེད་ཆེ་བསྟོད་བྱས་པ་ཞིག་མིན་འགྲོ་དྲན། ཞེས་བཤད་ཀྱིན་འདུག་པ་དང་། སྤྱིར་ཐཱ་ལན་ཌ་དང་འབར་མའི་སངས་རྒྱས་ཀྱི་སྐུ་འདྲ་རྣམས་ཀྱི་སྤྱི་བོའི་གཙུག་ནས་ཡར་མཆོད་རྟེན་ལྟ་བུའི་རིམ་རྩིག་ཅིག་ལ་མེ་རིའི་གཟུགས་ཅན་གྱི་དངོས་པོ་ཞིག་གིས་བརྒྱན་པ་ཁོ་ན་ལས་དབུ་ཟླུམ་ཅན་ལ་སྤྱི་གཙུག་བང་རིམ་ཡོད་པར་མཐོང་དཀོན་བས་ཁོང་གི་དཔྱད་སྟངས་ལ་རྒྱུ་མཚན་ཡོད་པ་ཞིག་རེད་དྲན།
  ཐུབ་པའི་གསུང་རབས་བཀའ་འགྱུར་བོད་ཡིག་ཏུ་ཡོད་པ་རྣམས་སུ་འདིའི་སྐོར་ཅུང་ཙམ་རེ་གསལ་བ་ནི་རྩ་བའི་ལེགས་སྦྱར་སྐད་ལས་ཕབས་སྒྱུར་བྱས་སྐབས་མ་ཚིག་དང་ཏག་ཏག་བསྡད་ཡོད་སྲིད་ཀྱང་། ཕྱིས་བྱུང་བྲིས་པ་དང་སངས་རྒྱས་ཀྱི་རྣམ་ཐར་ལ་འགྲེལ་བ་མཛད་མཁན་ཚོས་ཆེ་བསྟོད་དང་སྒྱུར་བཅོས་གང་མང་བྱས་ཡོད་སྲིད་པའང་རེད་སྙམ། གང་ལྟར་ཐོག་མའི་བྱུང་ས་ནི་གོང་སྨྲས་སངས་རྒྱས་ཀྱི་མཚན་བཟང་སོ་གཉིས་འཆད་སྐབས་ཀྱི་བཀའ་བསྟན་འགྱུར་གྱི་གཞུང་ཚིག་རྣམས་ལས་བྱུང་། དེའང་དཔེར་མཚོན་ནི། རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་ (ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན།) ལས། “ གཙུག་གཏོར་དབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེང་གེའི་འདྲ་དང་ཚེམས། ། ” ཞེས་པ་འདི་དག་ཡིན།
   བོད་སྐད་དུ་གོང་སོང་གཙུག་ཏོར་དང་གཙུག་ཕུད་སོགས་འགའ་ཞིག་ཡོད་པ་ལས་གཙུག་ཏོར་ཞེས་པའི་ཐ་སྙད་དང་འབྲེལ་ཏེ་གླེང་ན། (འཕགས་པ་ཤེས་རབ་ཀྱི་ཕར་རོལ་དུ་ཕྱིན་པ་ཁྲི་བརྒྱད་སྟོང་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་)ལས། “ དབུ་ཡི་གཙུག་ཏོར་ཟླུམ་ཞིང་ལྷམ་ལ་གཡས་སུ་འཁྱིལ་བ་དང་ལྡན་ཞིང་དབུ་ལེགས་པར་གྲུབ་ཅིང་བལྟ་ན་སྡུག་པས་ན་དབུ་གཙུག་ཏོར་དང་ལྡན་པ་ཡིན་ནོ།། ” ཞེས་པ་འདིས་དབྱིབས་ཟླུམ་པོ་དང་བརྗིད་ཅིང་ལྷུན་ཆགས་པའི་དབུ་སྐྲ་དབུ་ཡི་གཡས་ཕྱོགས་སུ་འཁྱིལ་བར་བཅིང་པའི་སྔོན་རྒྱལ་རིགས་དྲ་མ་ཆེན་མོའི་རྒྱལ་སྲས་ཚོའི་རྣམ་པ་ཞིག་མཐོང་ཐུབ་པ་ལས་དབུ་ཟླུམ་གྱི་དགེ་སློང་ཞིག་ཡིད་ངོར་འཆར་མི་ཐུབ།
   དེ་བཞིན་(འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་)ལས། “ མདོག་ནི་གསེར་བཙོ་མ་བཟང་པོ་འདྲ། དཔྲལ་བ་ནི་དུང་དང་ཟླ་བ་དང་། མེ་ཏོག་ཀུན་དའི་ཁ་དོག་ལྟ་བུའི་མཛོད་སྤུས་བརྒྱན། སྐྲ་དང་གཙུག་ཏོར་ནི་མཐོན་ཐིང་(མཐིང་)ལ་ལྕང་ལོར་འཁྱིལ་བ་ཡིན་པས་རྒྱལ་པོའི་བློན་པོའམ། དེ་དང་འདྲ་བ་གཞན་དག་ཀྱང་ཕྲག་དོག་དང་འཇུངས་པས་ནོན་པའི་སེམས་ཀྱིས་ཁྱོད་ཀྱི་སྲོག་བཅད་ན་མ་ལེགས་སོ། ། ” ཞེས་གསལ་བའི་མཐོན་མཐིང་ལྕང་ལོ་ནི་སྐྲ་ཡི་ཁྱད་པར་རམ་རྣམ་པ་ཞིག་ཡིན་པར་འདུག་སྟེ། (འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་ཐེག་པ་ཆེན་པོའི་མདོ་) ལས། “ དབུ་སྐྲ་གཡས་སུ་འཁྱིལ་བར་གནས། །འཇམ་ཞིང་མདོག་སྣུམ་ལྕང་ལོ་ཅན། །གནགས་ཞིང་འཛིངས་པ་མེད་རྣམས་ཀྱིས། །དེ་ཡི་དབུ་ནི་རྣམ་པར་མཛེས། ། ” ཞེས་སོགས་ཀྱིས་ངེས།
   འདིར་གཙུག་ཏོར་ཞེས་པ་སངས་རྒྱས་ཁོ་ནའི་མཚན་དཔེ་ལྟ་བུར་མིན་པ་བྲམ་ཟེ་དང་རྒྱལ་པོ་ལས་སོགས་ཀྱི་དམིགས་བསལ་ཆེ་རྟགས་ཀྱི་རྒྱན་ཆ་ཞིག་ལ་གོ་བའང་འདུག་སྟེ། རྒྱལ་པོ་གསལ་རྒྱལ་སངས་རྒྱས་ཀྱི་རྗེས་སུ་འཇུག་སྐབས། (འདུལ་བ་ཕྲན་ཚེགས་ཀྱི་གཞི་)ལས། “ དེ་ནས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་རྒྱལ་པོའི་རྟགས་ལྔ་པོ། གཙུག་ཏོར་དང་། གདུགས་དང་། རལ་གྲི་དང་། རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། ལྷམ་ཁྲ་བོ་དག་ཕུད་དེ། སྤྱོད་པའི་བུ་རིང་པོ་ལ་བྱིན་ནས་ཁ་ཕྱིར་ལྟའོ།། ” ཞེས་གཙུག་ཏོར་ནི་རྒྱལ་པོའི་རྟགས་ལྔ་པོའི་གྲལ་ནས་གཅིག་དང་། དེའང་སྐབས་དེར་རྒྱལ་པོས་གཙུག་ཏོར་དོར་བར་བསམ་ཚེ་དེ་ནི་ཤ་དང་རུས་འབུར་ལྟ་བུ་ཞིག་ནི་གཏན་ནས་མིན་པར་དགོས་དུས་རྒྱན་ཆོག་པ་དང་མི་དགོས་དུས་སུ་འདོར་ཆོག་པའི་རྒྱལ་རིགས་ཚོའི་དབུ་ཡི་རྒྱན་སྟངས་ཞིག་རེད་འདུག་སྙམ།
   ད་དུང་རྒྱན་གྱི་རིགས་ཤིག་ཡིན་པའང་ (འདུལ་བ་ཕྲན་ཚེགས་ཀྱི་གཞི་)ལས་དགེ་སྦྱོང་བ་རྣམས་ཀྱིས་རྒྱན་དང་བྱུག་པ་སོགས་སྤང་དགོས་པའི་བསླབ་བྱ་བསྟན་སྐབས་སུ། དེ་ཉིད་ལས། “ གདོང་གི་བྱི་དོར་དང་། མེ་ལོང་ལ་ལྟ་བ་དང་། ལག་ངར་བརྒྱན་པ་དང་། གཙུག་ཏོར་འཆིང་བ་དང་། གདུགས་ཀྱི་རྩ་བ་སྦུ་གུ་ཅན་དང་། རལ་གྲི་དང་། ” ཞེས་གསུངས་པ་སོགས་ལ་གཞིག་ན་གཙུག་ཏོར་ནི་མིས་འཕྱོར་རྒྱན་ཆེད་འཆིང་བའི་དངོས་པོ་ཞིག་ཡིན་པ་ལུང་འདི་དག་གིས་གསལ་ཁ་ཆེ་ཙམ་བྱུང་།
   ད་འོ་ན་འགའ་ཞིག་གིས་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་དེ་ཤ་གནད་དམ་རུས་འབུར་ལྟ་བུར་ཡོད་ཚུལ་ཅིས་ཕྱིར་གླེང་ཞེ་ན། ལུང་ཙམ་ནི་(འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་)ལས། “ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་སེམས་ཅན་ཐམས་ཅད་ལ་འཚེ་བའི་སེམས་མི་སྐྱེད་དེ། ཟ་བ་དང་ཐུང་བ་ལ་ཆོག་ཤེས་ཤིང་རྟག་ཏུ་སྦྱིན་པ་བྱིན་པར་དགའ་བ་དང་། ནད་གཡོག་བྱེད་ཅིང་སྨན་བྱིན་ན། ལས་དེའི་རྐྱེན་གྱིས་ལུས་ཕུན་སུམ་ཚོགས་པ་ཤིང་ནྱ་གྲོ་དྷ་དང་འདྲ་བ། འགྲེང་ན་ལག་པ་པུས་མོར་འདས་པ། ཤའི་གཙུག་ཏོར་དང་། གཙུག་ཏོར་བལྟར་མི་སྣང་བའི་མཚན་ཐོབ་བོ།། ” ཞེས་གསུངས་པ་དག་ཙམ་ལས་མ་བརྙེད། རིགས་པས་བརྟག་ན་རྒྱལ་སྲས་གོའུ་ཏཱ་མའི་དབུ་ཡི་ཐོར་ཅོག་ལ་ཆེ་བ་འདོན་ཕྱིར་དམིགས་བསལ་བ་ཞིག་བརྗོད་པ་འདྲ་ཚད་སྣང་སྟེ། དཔེར་ན། སྦྱིན་པ་ཚད་མེད་བཏང་བའི་རྟགས་སུ་སངས་རྒྱས་ཡར་བཞེངས་སྐབས་ལག་པ་པུས་མོ་ལས་མར་འདས་པར་རྙོབ་པ་དང་། སྨིན་མཚམས་སུ་མཛོད་སྤུའི་རང་བཞིན་ཁྲུ་གང་ངམ་གསུམ་ཙམ་གཡས་སུ་འཁྱིལ་བ་ཡོད་ཚུལ་སོགས་ཆེས་ཡ་མཚན་པ་དག་དག་བཤད་པ་སོགས་ཀྱིས་ཤེས་ནུས།
   ལར་སངས་རྒྱས་ཀྱི་མཚན་བཟང་དེ་ཚོའི་རྒྱུ་མཚན་དང་ཡོན་ཏན་ལ་བརྟག་ན་སྟོན་པ་ཐུབ་པའི་དབང་པོས་རྒྱལ་གཞིས་འཁོར་སྤོང་མཛད་དེ་ནགས་སུ་ལོ་མང་དཀའ་བ་སྤྱད་རྗེས་རྟགས་དེ་ཚོ་རྫོགས་དགོས་པ་འདྲ་ཞིག་འདུག་སྟེ། དཔེར་ན། མི་ཐམ་མཁས་འཇུག་ཏུ་མདོ་ལས་ལུང་དྲངས་པ། “ ཡོན་ཏན་ཆེ་བའི་ཚད་དཔེས་ཕྱོགས་ཙམ་བསྟན་པ་མདོ་ལས་གསུངས་པ། འཇིག་རྟེན་ཁམས་ན་ཡོད་པའི་སོ་སྐྱེ་ཉན་རང་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་བསྡོམས་པ་བཅུར་བསྒྲེས་པས་སངས་རྒྱས་ཀྱི་བ་སྤུའི་དངོས་པོ་གཅིག་འགྲུབ་བོ། །དེ་འདྲ་བར་བ་སྤུ་ཐམས་ཅད་སྐྱེད་པའི་བསོད་ནམས་བརྒྱར་འགྱུར་གྱིས་དཔེ་བྱད་གཅིག་འགྲུབ་བོ། །དེའི་ཚུལ་གྱིས་དཔེ་བྱད་བརྒྱད་བཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་བརྒྱར་བསྒྱུར་བས། མཛོད་སྤུ་དང་གཙུག་ཏོར་གཉིས་མ་གཏོགས་པའི་མཚན་སུམ་ཅུ་པོའི་རེ་རེ་འགྲུབ་བོ། །མཚན་སུམ་ཅུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་འགྲུབ་བོ། །མཛོད་སྤུ་འགྲུབ་པའི་བསོད་ནམས་འབུམ་འགྱུར་གྱིས་གཙུག་ཏོར་འགྲུབ་བོ། །” ཞེས་འཚམས་འཚམས་སུ་དཀའ་བ་རྣམས་སྤྱད་རྗེས་སངས་རྒྱས་སྐུ་ཡི་མཚན་དཔེ་ཇི་ལྟར་གྲུབ་ཚུལ་བསྟན་ཡང་། སྐབས་འགར་སངས་རྒྱས་ལ་སྐུ་འཁྲུངས་པ་ནས་དེ་ཚོ་ཆ་ཚང་རྫོགས་ནས་ཡོད་པ་བཤད་པ་ནི། (འཕགས་པ་རྒྱ་ཆེར་རོལ་པ་ཐེག་པ་ཆེན་པོའི་མདོ་)ལས། “ རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་དབུ་གཙུག་ཏོར་དང་ལྡན་པ་སྟེ། རྒྱལ་པོ་ཆེན་པོ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ནི་སྐྱེས་བུ་ཆེན་པོའི་མཚན་དང་པོ་འདི་དང་ལྡན་ནོ།། ” ཞེས། རྒྱལ་སྲས་གོའུ་ཏཱ་མ་སྐུ་འཁྲུངས་སྐབས་དང་དེ་ནས་རྒྱལ་གཞིས་སྐྱོང་བ་སོགས་ཀྱི་དུས་རྒྱལ་སྲས་ཀྱི་ཆེ་བ་བརྗོད་པ་འདི་དག་ལ་གཞིག་ན་གཙུག་ཏོར་ནི་སངས་ཉིད་རབ་ཏུ་མ་བྱུང་གོང་ནས་ཡོད་པར་ཤེས་ཐུབ།
   ཐ་སྙད་གཞན་ཐོར་ཚུགས་ཞེས་པ་ནི། གོང་སྨྲས་གཙུག་ཏོར་དང་འདྲ་བ་སྟེ། གྲོང་ཁྱེར་ཡངས་པ་ཅན་གྱི་ལི་ཙ་བྱི་དག་གིས་སངས་རྒྱས་མཇལ་བར་ཡོང་སྐབས། (འདུལ་བ་ཕྲན་ཚེགས་ཀྱི་གཞི་)ལས། “ ཁ་ཅིག་ནི་རྟ་དཀར་པོ་དང་། སྲབ་སྐྱོག་དང་ལྕག་དཀར་པོ་དང་། ཐོར་ཚུགས་དང་གདུགས་དཀར་པོ་དང་། རྒྱན་དང་བྱུག་པ་དང་། རལ་གྲི་དང་རྔ་ཡབ་ནོར་བུའི་ཡུ་བ་ཅན་དང་། ” ཞེས་སོགས་གོང་བཤད་ཟིན་པའི་དགེ་བྱེད་པ་དག་གིས་སྤོང་བར་བྱ་བའི་རྒྱན་དང་བྱུག་པ་ལས་བཤད་པའི་གཙུག་ཏོར་དང་གཅིག་པར་སྣང་།
   ད་དུང་ལག་ན་རྡོ་རྗེའི་སྒྲུབ་ཐབས་ལས་ལྷ་ཡི་དཀྱིལ་འཁོར་བཞེངས་སྟངས་འཆད་སྐབས་(འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་)ལས། “ དེ་བཞིན་གཤེགས་པའི་གཡོན་རོལ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་འདའ་རྒྱུ་ལྟར་དཀར་བ། སྐྲའི་ཐོར་ཚུགས་དང་ཅོད་པན་ཅན། སྟག་ལྤགས་ཀྱི་ཤམ་ཐབས་གྱོན་པ་ལག་ན་རྔ་གཡབ་ཐོགས་པ་བྲི་བར་བྱའོ། ། ” ཞེས་དང་། དེ་བཞིན་(འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་པད་མ་དྲ་བ་)ལས། “ ཁྲོ་བོའི་ཞལ་རྣམས་མཆེ་བ་གཙིགས། །མིག་གསུམ་དབུ་སྐྲ་སེར་པོ་ནི། །གྱེན་དུ་ཐོར་ཚུགས་བཅིངས་པའོ། ། ” ཞེས་ཐོར་ཚུགས་ནི་སྐྲ་འཆིང་སྟངས་ཤིག་ཡིན་པ་གསལ་པོར་བསྟན།
   ཐ་སྙད་གཙུག་ཕུད་ཅེས་པ་ནི། དབུ་སྐྲ་འཇོག་སྟངས་རང་ལ་གོ་བ་དུག་སྟེ། (འཕགས་པ་རྒྱ་ཆེར་རོལ་པ་ཐེག་པ་ཆེན་པོའི་མདོ་)ལས། “ ཇི་ལྟར་ན་གཙུག་ཕུད་ཀྱང་ཡོད་ལ་རབ་ཏུ་བྱུང་བ་ཞེས་བྱ་བར་ཡང་འགྱུར་སྙམ་ནས་དེས་རལ་གྲིས་གཙུག་ཕུད་བཅད་དེ་བར་སྣང་ལ་བོར་བ་དང་། དེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་བླངས་ཏེ། དེང་སང་དུ་ཡང་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་གཙུག་ཕུད་ཀྱི་དུས་སྟོན་བྱེད་དོ། ། ” ཞེས་དང་། ཡང་དེ་ཉིད་ལས། “ གང་གི་ཚེ་བྱང་ཆུབ་སེམས་དཔས་གཙུག་ཕུད་བཅས་ནས་གོས་ངུར་སྨྲིག་རྣམས་བགོས་པ་དེའི་ཚེ། ལྷའི་བུ་བརྒྱ་སྟོང་དགའ་ཞིང་མགུ་ལ་ཚིམ་ཞིང་ཡི་རངས། ། ” ཞེས་གསུངས་པ་སོགས་ཀྱིས་ངེས་སོ།།
   འདིར་གོང་སྨྲས་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་དང་འབྲེལ་བའི་སྐོར་ཆོས་པའི་དཔེ་ཁུངས་རང་ནས་དཔྱད་ཚེ་གཙུག་ཏོར་ནི་རྒྱལ་རིགས་ཚོའི་ཆེ་བ་འདོན་པའི་རྒྱན་གྱི་རིགས་སུ་གཏོགས་པའི་དམིགས་བསལ་སྐྲ་ཡི་འཆིང་སྟངས་ཤིག་དང་། དེའང་གཙུག་ཏོར་དང་གཙུག་ཕུད། ཐོར་ཅོག་སོགས་ནི་སྒོ་གང་ནས་འདྲ་བར་སྣང་ངོ་།། གལ་ཏེ་གཙུག་ཏོར་སོགས་ནི་རྒྱལ་རིགས་ཚོའི་སྐྲ་ཡི་འཇོག་སྟངས་ཤིག་ཡིན་སྲིད་ཀྱང་དེ་ཉིད་སངས་ཀྱི་མཚན་དཔེར་བརྗོད་པར་ཅི་སྐྱོན་སྙམ་ན། སྤྱིར་བཏང་རྒྱལ་སྲས་ཀྱི་རྣམ་པ་སྐབས་སུ་དེ་ལྟར་ཡིན་ཆོག་མོད་ཀྱང་རྒྱལ་སྲས་གོའུ་ཏཱ་མས་རྒྱལ་གཞིས་འཁོར་སྤོང་མཛད་སྐབས་དབུ་སྐྲ་བཞར་བ་དང་། ནགས་སུ་དཀའ་ཐུབ་གནས་སྐབས་ཁྱི་ར་བ་དང་ཞབས་འབྲེང་བ་ཚོས་ཐུབ་པ་ཉིད་མུ་སྟེགས་མགོ་རིལ་དཀའ་ཐུབ་པ་དེ་དག་དང་ནོར་བའི་ལོ་རྒྱུས་སོགས་ལ་གཞིག་ན་སངས་རྒྱས་ཉིད་དབུ་ཟླུམ་ཡིན་དགོས་པ་ལས། སྐྲ་སུ་ལུ་ཅན་དང་གཡོན་ནས་གཡས་ཕྱོགས་སུ་འཁྱིལ་རྒྱུ་ཞིག་ཡོང་ས་མི་འདུག་གོ།
   སྐབས་འདིར་ང་ཚོས་དཔྱད་དགོས་པ་གཞན་ཞིག་ཡོད་པ་ནི། མུ་སྟེགས་གཅེར་བུ་བའི་སྟོན་པ་མཱ་ཧཱ་ཝི་རཱ་(Mahavira དཔལ་ཆེན་པོ། 599 BC -527 BC ) ཡི་སྐུ་དང་ཐུབ་པ་མཆོག་གི་སྐུ་འདྲ་གཉིས་སྐོར་རེད། སྟོན་པ་འདི་གཉིས་དུས་སྐབས་ཕལ་ཆེར་གཅིག་ནང་གི་རྒྱ་གར་རྒྱལ་རིགས་ཀྱི་སྲས་སུ་འཁྲུངས་པ་དང་། དགུང་ལོ་སུམ་ཅུའི་ཐོག་རྒྱལ་གཞིས་དོར་ཏེ་རབ་ཏུ་བྱུང་བ་སོགས་མཛད་པ་གཙོ་བོ་དག་ཕལ་ཆེར་གཅིག་མཚུངས་ཡིན། དེ་བཞིན་ལྟ་བའི་ཆ་ནས་གཙོ་བོ་བདག་ཡོད་མེད་ཀྱི་འདོད་ཚུལ་ཙམ་ལས་སྤྱོད་པ་ལམ་གྱི་ཆ་ནས་དབྱེ་འགྱེད་ཤིན་ཏུ་དཀའ་ས་མང་པོ་ཡོད། གཅེར་བུ་བ་མང་དག་ཅིག་གིས་སྟོན་པ་ཤཱཀྱ་ཐུབ་པའི་མཛད་སྤྱོད་དག་སྟོན་པ་མཱ་ཧཱ་ཝི་རཱ་ནས་དཔེ་བླངས་ཚུལ་འདོད་ཀྱིན་ཡོད་ལ། ལྷག་དོན་དཀའ་ཐུབ་སྐོར་དེ་ཚོ་གཅེར་བུ་བའི་སྟོན་པའི་མཛད་པ་ཡིན་རབས་བཤད། གཅེར་བུ་བ་ཚོས་སྟོན་པ་དེ་གཉིས་ཀྱི་སྐུ་འདྲའི་སྐོར་ལ་དབྱེ་བ་གཙོ་བོ་ལྔ་བཞག་ཡོད་ལ། དེའང་གཅེར་བུ་བའི་སྟོན་པས་འཁོར་བའི་ལོངས་སྤྱོད་ལ་མི་ཆགས་པའི་རྟགས་སུ་སྐུ་ལ་ན་གཟའ་རྩ་བ་ནས་མེད་པ། བྲང་ཁར་རྒྱ་བྱིན་ཡབ་ཡུམ་མཚོན་བྱེད་ཤེས་རབ་ཀྱི་ཁ་ཊམ་ཡོད་པ། རྒྱན་དང་འཕྱོར་ལ་ཆགས་པ་མེད་པའི་རྟགས་སུ་དབུ་སྐྲ་གཙུག་ཏོར་མེད་པ། ཏིང་ངེ་འཛིན་ལ་དབང་ཐོབ་པས་ཕྱག་མཉམ་བཞག་སྐྱིལ་ཀྲུང་ཡིན་པ། མདུན་དུ་མི་འཇིགས་པའི་སྟོབས་མཚོན་བྱེད་སེང་གེའི་གཟུགས་རིས་འབྲི་བ་སོགས་ཡིན་ཟེར།
   ཡིན་ནའང་མཁས་དབང་དགེ་ཆོས་ཀྱིས་གསེར་ཐང་སོགས་སུ། གཙུག་ཏོར་ནས་འབྲུ་སྤུངས་པ་ལྟ་བུ་ནི་གཅེར་བུ་བའི་སྟོན་པ་མ་ཧཱ་ཝིར་དང་། གཙུག་ཏོར་ཙོག་པོར་ཡོད་པ་རང་རེའི་སྟོན་པའི་སྐུ་བརྙན་ཡིན། ཞེས་པ་འདྲ་ཞིག་གསུངས་ཡོད་ཀྱང་། མུ་སྟེགས་པའི་སྟོན་པར་གཙུག་ཏོར་མེད་པར་ཁོ་ཅག་གིས་འདོད་ལ། ད་དུང་གོང་ཞུས་ཐུབ་པ་ནགས་སུ་དཀའ་ཐུབ་གནང་སྐབས་ཉེ་གནས་ཚོས་མི་སྟེགས་པའི་མགོ་རིལ་དང་ནོར་ཚུལ་གྱི་གཏམ་རྒྱུད་དག་དང་། ད་ལྟ་ང་ཚོས་མཇལ་ཐུབ་པའི་སྟོན་པ་མཱ་ཧཱ་ཝི་རའི་སྐུ་དག་ལ་དཔྱད་ན་མུ་སྟེགས་ཀྱི་སྟོན་པ་ནི་གཅེར་བུ་དབུ་ཟླུམ་ཞིག་རེད་གདའ།
   ངས་བསམ་པར་སྟོན་པ་ཐུབ་དབང་མཆོག་རབ་ཏུ་བྱུང་སྐབས་ཀྱང་སྟོན་པ་མཱ་ཧཱ་ཝི་རཱ་ལྟར་དབུ་སྐྲ་རྦད་དེ་བཞར་ཡོད་པར་འདོད་ལ། རྒྱུ་མཚན་ནི། གོང་དུ་དྲངས་པའི་རབ་དུ་བྱུང་སྐབས་དབུ་སྐྲ་བཅད་པ་དང་། ནགས་སུ་མུ་སྟེགས་པ་དང་ནོར་ཚུལ་གྱི་གཏམ་རྒྱུད། དེ་བཞིན་ཁོང་གི་འཁོར་གྱི་དང་པོ་ཤཱ་རི་བུ་སོགས་ཚང་མ་དབུ་ཟླུམ་ཁོ་ན་ཡིན་པ་སོགས་རྒྱུ་མཚན་མང་པོ་ཡོད། ཅི་སྟེ་སྟོན་པ་རང་གིས་དབུ་སྐྲ་རྦད་དེ་མ་བཞར་ནས་ཐུང་ཐུང་ཞིག་བཞག འཁོར་རྣམས་རྦད་དེ་དབུ་ཟླུམ་སྐྲ་རྐང་གཅིག་ཀྱང་འཇོག་མི་ཆོག་པའི་ཁྲིམས་ཤིག་བཟོས་ཡོད་ན། དེ་ལྟ་བུའི་ཆོ་ག་དང་འདུལ་བའི་ཁྲིམས་བཤད་ཡོད་དགོས་ཀྱང་ད་བར་མ་མཇལ།
   འདིར་ཞོར་འཕྲོས་གཞན་ཞིག་གླེང་ན། རྒྱ་གར་ཧིན་དྷུ་ཆོས་ལུགས་ཀྱི་འཇིག་རྟེན་བྱེད་པོ་ལྷ་ཆེན་ཚངས་པ་ཆེན་པོ་(Brahmin ब्राह्मण 婆羅門) ཡིས་དབུ་སྐྲ་ཕྱེད་སྤྱི་བོར་བང་རིམ་གཉིས་རྩིག་ཏུ་བཅིང་ཡོད་པ་དང་། དེའི་རྗེས་སུ་འཛིན་པའི་བྲམ་ཟེ་བ་དེ་ཚོས་དབུ་སྐྲ་ཕལ་ཆེར་གཙང་མར་བཞར་ཡང་། སྤྱི་གཙུག་ཏུ་སྐྲ་རྐང་འགའ་ཞིག་གྱེན་དུ་སློང་བ་ལྟར་འཇོག་པ་དེ་ལ་སི་ཁཱའམ་ཤི་ཁཱ་ (Sikha or Shikha शिखा ) ཞེས་དོན་དུ་བསྒྱུར་ན་ཆོས་ཀྱི་ཟེ་པྲོག་འབོད། དེ་ནི་ཁོ་རང་ཚོའི་ཆོས་ཀྱི་སྲོལ་འབྱེད་འཇིག་རྟེན་བྱེད་པོ་མཚོན་པའམ་ཆོས་དེ་ཉིད་ཏོག་ལྟར་བླ་མེད་དུ་འཛིན་པ་དང་། དེ་བཞིན་ཧིན་དྷུ་ཆོས་གཞུང་དུ་མིའི་ལུས་ལ་རྩ་ཡི་འཕྲུལ་འཁོར་གྲངས་མེད་ཅིག་ཡོད་པའི་ནང་ནས་སྤྱི་བོར་དུ་གནས་པའི་རྩ་འཁོར་པདྨ་སྟོང་ལྡན་ (Sahasrara सहस्रार ) ཞེས། ཡར་ལྷ་ཡུལ་དུ་འཕོ་བའི་རྩ་ལམ་ཞིག་ཡོད་པ་དེ་དག་མཚོན་བྱེད་ཀྱང་ཡིན་ཞེས་དཔེ་མེད་གཙིགས་ཆེན་བྱེད། ཅི་སྟེ་སངས་རྒྱས་བཅོམ་ལྡན་འདས་རབ་དུ་བྱུང་རྗེས་ད་དུང་སྤྱི་གཙུག་ཏུ་དབུ་སྐྲ་ཅུང་ཞིག་ལྷག་ཡོད་ན། དེ་ནི་ཧིན་དྷུ་བྲམ་ཟེ་ཚོས་འཇོག་པའི་སི་ཁཱ་ལ་དཔེ་བལྟས་པའང་ཡིན་མི་སྲིད་པ་མ་རེད་སྙམ།
   ཡིན་རྒྱུ་ནི་སྟོན་པ་ཐུབ་དབང་མཆོག་ཉིད་ཀྱང་འཛམ་གླིང་སྤྱི་མཚུངས་ཀྱི་མི་ཞིག་ཡིན་པ་དང་། དེའང་དབང་པོ་སྒོ་ལྔ་སོགས་བྱད་གཟུགས་ད་ལྟའི་རྒྱ་གར་གྱི་མི་ལྟ་བུ་ཞིག་ཡིན་དགོས་ཀྱང་། ཕྱི་རབས་རྗེས་འཇུག་པ་དག་གིས་ཆོས་ལུགས་གཞན་གྱི་སྟོན་པ་ལས་ཁྱད་དུ་འཕགས་པའམ་རྩལ་འདོན་བྱེད་དུ་སྟོན་པའི་སྐུ་གསུང་ཐུགས་ལ་སྒྲོ་མང་པོ་ཞིག་བཏགས་དང་འདོགས་ཀྱིན་ཡོད་པ་ནི་སྨྲ་མི་དགོས། དེ་ལྟར་རྗེས་འཇུག་ཚོས་ཐུབ་དབང་མཆོག་ཐོག་མར་རྒྱལ་སྲས་ཡིན་པའི་ཆ་བྱད་ལ་གཞི་བཅས་ཏེ་དབུ་སྐྲ་གཙུག་ཏོར་ཡོད་པར་འབྲི་བཀོད་བྱས། འོན་ཀྱང་ཐུབ་པ་རང་གི་རྣམ་ཐར་དུ་དབུ་སྐྲ་བཞར་ནས་རབ་ཏུ་བྱུང་བར་སྨྲས་ཡོད་སྟབས་དེ་ནས་རིམ་པར་གོང་སྨྲས་ལྟར་སྟོན་པ་གཞན་ལས་ཁྱད་དུ་འཕགས་ཆེད་གཙུག་ཏོར་ཞེས་པ་སྐྲ་མིན་པའི་དབུ་ལ་རང་འབྱུང་ཤའམ་རུས་པའི་འབུར་གཟུགས་གྲུབ་པ་སོགས་ཇི་སྙད་ཅིག་སྨྲས་ཡོད་པར་འདོད་དོ།།
   གོང་གི་དཔྱད་གཞིའི་ཡིག་ཆ་ཁག་ནི་སངས་རྒྱས་ཀྱི་བཀའ་ཁོ་ན་ལས་ཆོས་པའི་བསྟན་འགྱུར་ཁག་ནས་ལུང་འདྲེན་བྱས་མེད་པ་ནི་ཡིད་གཏོད་དང་ཁུངས་བཙན་པའི་ཆེད་དུ་ཡིན།

གསུམ་པ། གཡུང་དྲུང་བོན་གྱི་ལུགས་དང་སྦྲེལ་ཏེ་དཔྱད་པ།

   གཡུང་དྲུང་བོན་གྱི་དཔེ་རྙིང་ཁག་ཏུ་བན་ཕྱོགས་གྱི་བཤད་པ་ལྟར་གཙུག་ཏོར་སངས་རྒྱས་ཀྱི་མཚན་བཟང་པོ་སུམ་བཅུ་རྩ་གཉིས་ཀྱི་གྲལ་དུ་བགྲངས་མེད་ལ། དེའི་རྒྱུ་དང་ཡོན་ཏན་ཀྱང་དེ་བས་གསལ་ཁ་ཡོད་པ་ད་བར་མ་མཇལ། ལར་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་སྐུ་ཡི་ཆ་བྱད་འཆད་སྐབས། ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་དང་། རྒྱལ་པོའི་ཆ་ལུགས། དེ་ནས་རྣམ་དག་འདུལ་བའི་ཆ་ལུགས་གསུམ་དུ་བཤད། དང་པོ་ནི་དབུ་ལ་རིགས་ལྔའི་དབུ་རྒྱན་ཡོད་པ་དང་། གཉིས་པ་ནི་དབུ་ལ་དབང་གི་པྲོག་ཞུ་ལ་དར་ལ་སེང་དཀར་པོའི་འགྱིང་ཐོད་ཅན། གསུམ་པ་ནི་དབུ་ལ་པད་ཞུ་པདྨ་སྤུངས་པ་གསོལ་བ་ཞིག་དགོས་པ་ལས་དེ་མིན་དབུ་རྗེན་སྐྲ་སུ་ལུ་ཅན་སྤྱི་གཙུག་ལ་གཙུག་ཏོར་རམ་འབུར་གཟུགས་རིམ་རྩིག་ཅན་ཞིག་ཡོད་པ་མདོ་འབུམ་རྒྱུད་མཛོད་གང་ལའང་མ་གསལ།
   འོ་ན་བོན་ལུགས་སུ་གཙུག་ཏོར་སྐོར་བཤད་མེད་དམ་སྙམ་ན། དེ་ལྟར་མིན་ཏེ་སྒྲུབ་གཞུང་དང་ལྷ་ཡི་སྐུ་བསྟོད་སོགས་འགའ་ཞིག་ལས་གཙུག་ཏོར་དང་། ཐོར་ཚུགས། གཙུག་ཕུད། ཟུར་ཕུད་སོགས་གང་མཚམས་བཤད་ཀྱང་ཐོར་ཚུགས་ཞེས་པ་འདི་མང་བ་མཇལ་ཐུབ། དེའང་ཐ་སྙད་འདི་དག་སྟོན་པ་སངས་རྒྱས་མི་རབ་མི་བོ་ཁོ་ནར་འཇུག་པ་མིན་པར་གཤེན་རབ་གཡུང་དྲུང་སེམས་དཔའི་སྡེ་དང་། ཡིད་དམ་སྲུང་མའི་སྡེ། རྒྱལ་རིགས་དྲ་མའི་སྡེ་སོགས་ཅི་རིགས་ནང་འཇུག་པར་མཐོང་ཐུབ།
   གཙུག་ཏོར་ཞེས་ཚིག་དངོས་སུ་སྨྲས་པ་ནི་དཔེར་ན། མཁའ་འགྲོ་ཉི་མ་འོད་ལྡན་འབར་མས་སྤྲུལ་སྐུ་བློ་ལྡན་སྙིང་པོའམ་རྣལ་འབྱོར་ནམ་མཁའ་རིན་ཆེན་ལ་སྙན་དུ་བརྒྱུད་པའི་(རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ་ཡན་ལག་བརྒྱད་པ།) ལས། “ ཞལ་བཟང་ཟླ་བ་ཉ་འདྲ་ཞིང་། །དཔྲལ་བ་ཟླ་རྒྱས་བཀྲམས་འདྲ་བ། །ཉི་མའི་སྙིང་པོ་ལྟ་བུ་ཡིས། །འཛུམ་དང་འོད་ཟེར་འཕྲོ་བ་པོ། །དབུ་ཟླུམ་གདུགས་ཀྱི་ཚུལ་མངའ་ཞིང་། །གཙུག་ཏོར་ཤིན་ཏུ་ལྡེམ་པ་ལ། །དབུ་སྐྲ་གཡུ་ལོ་ཨུད་དཔལ་འདྲ། །མཐོན་མཐིང་གཡས་སུ་འཁྱིལ་བ་པོ། ། ” ཞེས་གསུངས་པར་བརྟག་ན་གཙུག་ཏོར་ནི་ལྡེམ་ལྕུགས་ཅན་གྱི་དངོས་པོ་ཞིག་ཡིན་དགོས་པ་འདྲ་ཞིག་སྣང་། ལར་གོང་དུ་དྲངས་པའི་མ་ཏྲི་རིན་ཆེན་སྒྲོན་མའི་ནང་ལུང་ཚིག་དེ་ཚོ་་ཆོས་པའི་དཔེ་ཆར་ཐུབ་པ་མཆོག་གི་མཚན་བཟང་པོ་སྟོན་བྱེད་ཀྱི་ཚིག་འགྲོས་གཅིག་པར་སྣང་བ་ཤིན་ཏུ་མང་བས་གནས་སྐབས་དེའི་སྐོར་གླེང་རྒྱུ་མིན།
   དེ་བཞིན་༧ཡོངས་འཛིན་སྨྲ་དབང་མཆོག་གིས་མཛད་པའི་(འདུལ་བའི་བརྒྱུད་རིམ་ཇི་ལྟར་བྱུང་བའི་ཁུངས་ཀྱི་ལུང་མཚན།) ལས། “ སྔོན་གྱི་སྟོན་པ་བདེ་བར་གཤེགས་པ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་གནས་མྱ་ངན་ལས་འདས་པའི་དཔལ་ཞེས་བྱ་བ། སྐུ་མདོག་སེར་པོ་གསེར་བཙོ་མའི་མདོག་འདྲ་བ། དབུ་ཡི་གཙུག་ཏོར་དབྱིངས་སུ་ལྡེམ་པ། སྐུ་ལ་དག་པའི་ནབ་བཟའ་རྨད་གོས་རིས་དྲུག་གསོལ་བ། ” ཞེས། སྟོན་པ་རྣམ་དག་རང་བྱུང་མཆོད་རྟེན་བཞིའི་དྲུང་རབ་ཏུ་བྱུང་སྐབས། སྔོན་གྱི་སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་སོགས་དེ་དང་དེ་འདྲ་བ་བསམ་གྱིས་མི་ཁྱབ་པར་སྣང་བར་གསུངས་པས། ཅི་སྟེ་སངས་རྒྱས་དེ་ཚོའི་དབུ་ལ་གཙུག་ཏོར་ཞེས་གྱེན་དུ་འཕགས་པ་ཞིག་ཡོད་ན་དེ་ནི་སྐྲ་དང་ཤ་ཡི་རྣམ་པ་ཅན་ཞིག་ལས་རུས་པའི་དབྱིབས་ཅན་མིན་པ་ནི་གོང་དུ་གསུངས་པའི་ལྡེམ་པ་ཞེས་པས་རྟོགས་ཐུབ། འོན་ཀྱང་གོང་ཞུས་ལྟར་གཙུག་ཏོར་ཞེས་པ་བོན་ལུགས་སུ་སངས་རྒྱས་ཀྱི་སྐུ་དང་སྦྱར་ཏེ་གཙིགས་ཆེ་བ་དང་ཁུངས་ཡོད་པ་དེ་ཙམ་མི་སྣང་སྟེ། ༧ཡོངས་འཛིན་སྨྲ་དབང་མཆོག་གིས་(སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་ཆ་ལུགས་ཀྱི་རྣམ་བཤད་ལོག་རྟོག་བྲག་ཆེན་གཞོམ་པའི་ཐོག་ཆེན་)ནང་དུ་གཤེན་རབ་མི་བོའི་སྐུ་ཡི་ཆ་ལུགས་གང་དང་གང་དགོས་གསལ་པོ་བོན་གཞུང་ཁུངས་མ་རྣམས་སུ་བཏུག་ནས་གསུངས་ཡོད་ཀྱང་། གཙུག་ཏོར་སྐོར་ཚིག་གཅིག་ཀྱང་ཐོན་མེད་པ་དང་། དེ་དང་འདྲ་བར་སྟོན་པའི་རྣམ་ཐར་དང་སངས་ཀྱི་སྐུ་ཡི་ཆེ་བ་དང་གསུང་གི་ཡོན་ཏན་བཤད་པའི་མདོ་སྡེ་དང་སྐལ་བཟང་སོགས་སུ་དེའི་སྐོར་ཅི་ཡང་གསལ་མེད་པ་འདི་དག་གིས་གསལ་པོ་ཤེས་ནུས
   འདིར་གཙུག་ཏོར་དང་སྒྲ་ཅུང་འགྱུར་བ་གཞན་ཞིག་ནི་གཙུག་ཐོར་ཏེ། བོན་གྱི་ལོ་རྒྱུས་ནང་ཡོངས་སུ་གྲགས་པའི་སྒྲ་སྒྱུར་ཆེན་པོ་ཤ་རི་དབུ་ཆེན་འཆད་སྐབས། (སྐྱབས་སྟོན་ཁྲོ་འགྲེལ) ལས། “ ཤ་རི་ཤེས་བྱ་ཐོགས་མེད་དུ་བཤད་པའམ། ཡང་ན་དབུ་ཆེ་བ་གཙུག་ཐོར་ཆའོ། ། ” ཞེས་ཁོང་ལ་གཙུག་ཐོར་ཡོད་པའི་ཆ་ནས་དབུ་ཆེན་ཞེས་སྨྲས་ཡོད་ཚུལ་ཞིག་གསལ་ཡང་། ཤ་རི་དབུ་ཆེན་གྱི་ཆ་ལུགས་སོགས་གསལ་པོར་འཁོད་པའི་ཡིག་ཆ་ད་བར་མ་མཇལ་བས་དོན་ཇི་ཡིན་དེ་ཙམ་ལས་གླེང་ཐབས་མ་བྱུང་།
   གོང་ཞུས་ལྟར་བོན་དཔེ་མང་པོར་ཐ་སྙད་ཐོར་ཚུགས་ཞེས་པ་འདི་ཡང་ཡང་ཐོན་ཡོད་པ་ལྟར་གཙུག་ཏོར་དང་ཐོར་ཚུགས་གཉིས་དོན་འདྲ་བ་སྟེ། དེའང་སྟོན་པ་ཡུལ་འོད་མ་འཇམ་སྐྱར་སྡིག་ཆེན་གཏོ་བུ་དོད་དེའི་གདུག་བྱར་ཕེབས་སྐབས། (མདོ་གཟེར་མིག) ལས། “ སྔ་ན་མ་མཐོང་བ་ཡི་སྐྱེས་བུ་ཁྱད་པར་ཅན། རིན་ཆེན་འབར་བའི་སྐུ་ནི་ཅིར་ཡང་བཀྲ་བ་གཅིག ཉི་ཟླ་གསལ་བའི་ཞལ་ནི་ཕྱོགས་བཅུ་ཡོངས་སུ་གཟིགས། རིན་ཆེན་འབར་བའི་ཐོར་ཚུགས་དབུ་ལ་གསོལ། གསེར་གྱི་ཆག་ཤིང་གཡུ་ཡི་གཡུང་དྲུང་རིས་ཅན་ཕྱག་ན་བསྣམས། གསེར་གྱི་ཤིང་རྟ་འཁོར་ལོ་བརྒྱད་པ་བཅིབས། ། ” ཞེས་པས། སྐབས་དེར་སྟོན་པས་རྒྱུ་རིན་པོ་ཆེ་ལས་གྲུབ་པའི་ཐོར་ཚུགས་སམ་དབུ་ཞྭ་ལྟ་བུ་ཞིག་གསོལ་ཡོད་པར་མངོན། དེ་དང་འདྲ་བར་(གཟི་བརྗིད་) ལས། “ གཤེན་རབ་ཉིད། སྐུ་མདོག་རིན་པོ་ཆེ་ལྟར་བཀྲ་ལ་གསལ་བ། དབུ་ལ་རིན་པོ་ཆེའི་ཐོར་ཚུགས་གསོལ་བ། མགུར་ཆུ་ཡང་རིན་པོ་ཆེ། དོ་ཤལ་ཡང་རིན་པོ་ཆེ། ། ” ཞེས་སྐབས་འདིའི་ཐོར་ཚུགས་ནི་གཤེན་རབ་ཀྱི་དབུ་ལ་ཡོད་པའི་རིན་པོ་ཆེའི་རྒྱན་ཞིག་གམ་རིན་པོ་ཆེས་བརྒྱན་པའི་དབུ་སྐྲའི་འཆིང་ཚུལ་ཡིན་པར་ངེས་ཐུབ། དེ་དང་ཆ་འདྲ་བ་གཞན་འགའ་ནི། (གཟེར་མིག) ལས། “ ལྷོ་ཕྱོགས་འབྱུང་བ་སའི་བོན་པོ། རིན་པོ་ཆེའི་ཐོར་ཚུགས་ཅན། ཞལ་ཟས་རོ་མཆོག་སྣ་ཚོགས་བསྣམས་ནས། སྟོན་པ་གཤེན་རབ་དང་ཐབས་ཅིག་ཏུ་གཤེགས་སོ། ། ” ཞེས་དང་། དབང་སྐོར་སྐབས་ཀྱི་འབྲེལ་ཡོད་མི་སྣ་གླེང་སྐབས། (གསལ་བྱེད་ལས་ཐིག་གསང་བའི་འགྲེལ) ལས། “ གར་མ་མཐོང་ཁྱབ་ནི། དཔོན་གསས་བླ་མའི་གཟུང་མ་ཡིན་པ་སྟེ། དར་དཀར་གྱི་སྟོད་གཡོག གླང་གི་ཡང་ཤམས། སྦྲུལ་གྱི་དོ་ཤལ། ཉི་ཟླའི་ཐོར་གཙུག རིན་ཆེན་རྣམ་ལྔའི་རྒྱན་དྲུག མཛེས་པའི་དབང་ཞུ། ” ཞེས་ཉི་མ་དང་ཟླ་བའི་དབྱིབས་བྱས་པའི་ཐོར་ཚུགས་སམ་ཡང་ན་དབུ་སྐྲར་ཉི་ཟླའི་དབྱིབས་ཀྱི་རིན་པོ་ཆེས་བརྒྱན་པ་གང་རུང་ཞིག་ཡིན་སྙམ།
   སྤྱིར་བཏང་ཐོར་ཚུགས་ལའང་རིན་པོ་ཆེའི་རྒྱན་སོགས་ཅི་རིགས་སུ་ཡོད་པར་ངེས་ཏེ། (ཞི་བ་གཡུང་དྲུང་ཡོངས་རྫོགས) ལས། མཛེས་པའི་ལྷ་མོ་བཞི་བསྟོད་སྐབས། “ གསེར་གྱི་གཙུག་ཕུད་མི་འགྱུར་གཡུང་དྲུང་སྐུ། །གསེར་གྱི་དབུ་ཡིས་མཐོ་རིས་ལམ་སྣ་འདྲེན། །གཙང་མའི་ཕྱག་གི་ཞུགས་ཏོག་ལྷ་ལ་འཐོར། །སེར་མོ་ཐོར་གཙུག་ཅན་ལ་ཕྱག་འཚལ་བསྟོད། ། ” ཅེས་དང་། (མ་རྒྱུད) ལས། “ ཡབ་གསང་མཆོག་རིག་པ་ཁུ་བྱུག སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ། ནོར་བུ་རིན་པོ་ཆེའི་ཐོར་ཚུག གཡུང་དྲུང་གི་དཔྲལ་རྒྱན། ། ” ཞེས་དང་། ཡང་། (བྱ་ར་མ་གསུམ་མཁའ་ཀློང་གསང་བའི་རྒྱུད་ལས་བཏུས་པའི་བྱ་ར་མ་གསུམ་གྱི་བསྐུལ་པ) ལས། “ གསང་བ་ཀློང་གི་ལྷ་མོ་བྱམས་མ་ཁྱོད། །དབུ་ཡི་རལ་པ་ཐོར་གཙུག་གཅིག་ཏུ་བཅིངས། །གཡུ་ཡི་རལ་པ་ཆག་གང་མེ་འོད་འབར། ། ” ཞེས་དང་། (ཀུན་བཟང་མཉམ་ཉིད་ཀྱི་རྒྱུད) ལས། “ མ་ཅིག་སྲིད་པའི་སྐལ་བཟང་མོ། །སྐུ་མདོག་གསེར་བཙོ་མའི་མདངས་ལྟར་གསལ། །སྤྱན་གསུམ་ནམ་མཁའི་དབྱིངས་སུ་གསལ། །རུས་པའི་དབུ་རྒྱན་ལ། །ཉི་ཟླ་འབར་བའི་ཐོར་ཚུགས་གསལ། ། ” སོགས་ཇི་སྙེད་ཅིག་མཇལ་ཐུབ། གོང་དུ་གླེང་བའི་ལུང་དོན་མང་པོ་ཞིག་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་སྐབས་སུ་བསྟན་པ་དང་། ལོངས་སྐུའི་ཆས་ཅན་སྟོན་པ་གཤེན་ལྷ་འོད་དཀར་རང་ཉིད་ཀྱང་ཐོར་ཚུགས་ཅན་ཞིག་ཡིན་ཏེ། (དྲན་པ་གསེར་གདམས) ལས། “ བདེར་གཤེགས་དཔལ་གྱི་དམ་པ་དེ། །ལོངས་སྐུ་གཤེན་ལྷ་འོད་དཀར་ནི། །དབུ་ལ་རིན་ཆེན་ཐོར་ཚུགས་ལ། །གཞའ་འོད་སྣ་ལྔ་ཕྱོགས་མེད་འཕྲོ། ། ” ཞེས་གསུངས་སོ།།
   འདིར་ཐོར་ཚུགས་ཞེས་པ་དབུ་སྐྲ་དང་འབྲེལ་ཏེ་འཆད་པ་གཞན་ཞིག་ནི། (སྐྱབས་སྟོན་ཁྲོ་འགྲེལ) ལས། “ རལ་པ་གཡས་གཡོན་གྱི་ཅོད་པན་ནི་སྤྲིན་དཔུང་ལྟར་གྱེན་དུ་བསྐྱོད་ནས་རྩེ་མོ་ཐུར་དུ་ཉི་ལི་(ཉིལ་ལེར་)འཁྱིལ་པ་སྟེ། ཞེས་པ་ནས། རྟགས་ནས་ཐོར་ཚུགས་འཁྱིལ་ཟེར་རོ། ། ” ཞེས་གསུངས་པས། ཐོར་ཚུགས་འཁྱིལ་ཞེས་པའི་དོན་ནི་དབུ་སྐྲ་གྱེན་དུ་བསྐྱོད་དེ་རྩེ་མོ་ཐུར་དུ་ཉིལ་བ་ཞིག་ལ་གོ་བར་འགྲེལ་ཡོད། དེ་བཞིན་ (དྲང་དོན་མུན་སེལ་སྒྲོན་མེའི་འགྲེལ) ལས། “ དེ་ཡི་བརྒྱུད་པ་འཛིན་ཞིང་ཐར་པའི་དྲོད་བསྙེམས་པ། །བྲུ་ཤའི་ཡུལ་དུ་མཁས་པ་ཕུལ་དུ་ཕྱུང་། །རི་བོ་མ་ལ་རྩེ་ཡི་གྲུབ་ཐོབ་ལགས། །སྤྲུལ་པའི་བདུད་རྩིའི་རྐྱལ་པ་བསྣམས་ནས་འགྲོ་བ་ཀུན་གྱི་གཅོང་ནད་སེལ། །རལ་པའི་ཐོར་གཙུག་(ཐོར་ཚུགས་དང་ཐོར་གཙུག་གཉིས་ཀ་བྲིས་པ་མང་།)འཁྱིལ་པས་འཇིགས་སྐྲག་འདར་དུ་འཇུད། །གཤེན་ཨ་མི་སི་ཧ་སེ་ལ་ཤྲཱའི་སྐུ་ལ་ཕྱག་འཚལ་འདུད། ། ” ཅེས་པ་ནི་གསང་བ་སྔགས་ཀྱི་རྣལ་འབྱོར་བ་འདི་ཉིད་དབུ་སྐྲ་རལ་པ་དང་ལྡན་ཞིང་དེའང་སྤྱི་བོར་བཅིང་ཅིང་རྩེ་མོ་ཐུར་དུ་འཁྱིལ་བ་ནི་འཇིགས་ཡེར་བ་ཞིག་ཡོད་པར་འགྲེལ་འདུག་པ་དང་། ད་ལྟའི་ཆར་ཡང་བྲུ་ཤའི་ཡུལ་དང་འདབས་འབྲེལ་གྱི་ཡུལ་གྲུ་འགར་དབུ་སྐྲ་སྤྱི་བོར་བཅིང་པའི་བྲམ་ཟེའི་སྔགས་རྒན་འཇིགས་སུ་རུང་བ་དེ་འདྲའང་མཐོང་ཐོས་སུ་གྱུར་པ་ཡོད་པའོ།།
   འདིར་ཐོག་ཚུགས་དང་གཙུག་ཏོར་གཉིས་གཅིག་པར་ཡིན་པའི་རྒྱུ་མཚན་ཁ་གསལ་གཞན་ཞིག་ཡོད་དེ། (བདེ་བར་གཤེགས་པའི་སྐུ་གདུང་སྐུ་གཟུགས་གཉིས་ཀྱི་ཐིག་རྩ་དང་བཀོད་གནས་རང་གྲུབ) ལས། “ བུམ་པ་གཤེན་རབ་དབུ་ཡི་ཚད། །བྲེ་ནི་དབུ་ཡི་གཙུག་གཏོར་ཚད། །སྲོག་ཤིང་དབང་གི་གཙུག་ཕུད་ཚད། །འཁོར་ལོ་དབུ་སྐྲ་མཐོན་མཐིང་འཁྱིལ། ། ” ཞེས་མཆོད་རྟེན་རྣམས་སངས་རྒྱས་ཀྱི་སྐུ་དང་སྦྱར་སྐབས་གཙུག་ཏོར་དངོས་སུ་གསུངས་པར། (གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད) ལས། “ བུམ་པ་གཤེན་རབ་དབུ་ཡི་ཚད། །བྲེ་ནི་དབུ་ཡི་ཐོར་ཙུག་སྟེ། །སྲོག་ཤིང་དབལ་གྱི་གཙུག་ཕུད་ཚད། །འཁོར་ལོ་དབུ་སྐྲ་མཐོན་མཐིང་འཁྱིལ། ། ” ཞེས་ཐོར་ཙུག་ཅེས་པའི་ཚིག་དངོས་སུ་གསལ་བས་སོ།། སྐབས་འདིར་ང་ཚོས་ངེས་དགོས་པ་ཞིག་ནི། ལྷ་བཟོ་དང་ལྷ་བྲིས། དེ་བཞིན་སྐུ་གཟུགས་སྐུ་གདུང་བཞེངས་མཁན་རྣམས་ལ་སངས་རྒྱས་དབུ་ཡི་གཙུག་ཏོར་ལ་ཚད་ཇི་ལྟར་དགོས་མིན་གྱི་ཐིག་ཚ་ཡོད་ཀྱང་། གོང་ཞུས་ལྟར་གཙུག་ཐོར་དེ་རྒྱུ་གང་དང་ངོ་བོ་ཇི་ལྟར་སོགས་ཁུངས་ལུང་ཡོད་པ་ཞིག་འགྲེལ་བ་ནི་ད་བར་མ་མཇལ།
   ཐ་སྙད་གཙུག་ཕུད་ནི། གོང་ལྟར་ཐོར་ཚུགས་དང་ཆ་འདྲ་བ་སྟེ། སྟོན་པ་སངས་རྒྱས་ཉིད་སྐུ་སྐྱེ་བ་མི་རུ་བཞེས་སྐབས་ལྷ་མོ་བཀྲིས་མ་དང་མི་མོ་གཙང་མཛེས་མ་སོགས་སྐུ་ཡི་མ་མ་རྣམས་ཀྱིས་སྟོན་པ་ཉིད་ལ་སྐུ་རྒྱན་གསོལ་བའི་ལེའུ་སྐབས་སུ། (མདོ་གཟེར་མིག) ལས། “ དེར་རྒྱལ་བུ་ལ་བ་ཏིའི་ཐོད་ནི་བཅིངས། དར་དཀར་གྱི་རལ་ག་ནི་གསོལ། དབང་གི་གཙུག་ཕུད་ནི་བཅས། ཚེའི་ལན་ཕྲན་ནི་བླས། གསེར་གྱི་ཆག་ཤིང་ནི་བསྣམས། ” ཞེས་དང་། ( དྲང་དོན་མུན་སེལ་སྒྲོན་མ) ལས། “ དམུའི་རྒྱལ་པོས་དམུ་ཐག་བཏགས། གཙུག་ཕུད་ཅན་གྱི་གཤེན་གྱིས་འགྱུར་མེད་ཀྱི་གཙུག་ཕུད་བཅས། ལྷ་དབང་བརྒྱ་བྱིན་གྱིས་གཤེན་ཚེ་རིང་གི་ལན་ཕྲན་སླས། ” ཞེས་པས་སྐབས་དེའི་དབང་གི་གཙུག་ཕུད་ནི་སྟོན་པ་ཉིད་འགྲོ་བ་སེམས་ཅན་ཡོངས་ལ་དབང་དང་ཁ་ལོ་སྒྱུར་བའི་རྟགས་མཚོན་སྟངས་ཆེད་རྒྱལ་བུའི་དབུ་སྐྲ་སྤྱི་བོར་བཅིང་པའམ། དབང་གི་གཙུག་ཕུད་དམ་པྲ་ཕུད་ཅེས་དབུ་སྐྲར་རྒྱན་དང་བཅའ་བཟོ་དམིགས་བསལ་བ་བྱེད་སྲོལ་ཡོད་པ་སོགས་གང་ལྟར་དབུས་སྐྲའི་བཅོས་སྟངས་ཞིག་ཏུ་ངེས། དེ་དང་འདྲ་བར་(འགུ་ཡ) ལས། “ དཀར་མོ་ཟླ་བའི་མདངས་སུ་གསལ། །བཞིན་ལུས་དུང་ལྟར་གཡས་སུ་ཡོ། །གཙུག་ཕུད་མཐོན་འཐིང་གཡས་སུ་འཁྱིལ། ། ” ཞེས་དང་།
   གཙུག་ཕུད་ཅེས་པ་དབུ་སྐྲར་གོ་བའི་རྒྱུ་མཚན་གལ་ཆེན་གཞན་ཞིག་ནི། དཔེར་ན་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་བོན་བན་འཁྲུག་པ་འདོམ་ཆེད་བླ་ཆེན་དྲན་པ་ནམ་མཁའ་ཉིད་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ནས་ནན་བན་ཞེས་མི་འདོད་བཞིན་དུ་བན་དྷེར་རབ་ཏུ་བྱུང་སྐབས། ( སྲིད་པ་རྒྱུད་ཀྱི་ཁ་བྱང་) ལས། “ གཅིག་ཏུ་རྒྱལ་པོ་གཉན་པ་དང༌། །གཉིས་སུ་དགེ་འདུན་ཕྲག་དོག་རྐྱེན། །གསུམ་དུ་བདག་ལ་དབྱེ་བ་མེད། །དེ་ཕྱིར་རབ་ཏུ་ང་ཡང་བྱུང་། །གསུངས་ཏེ། དབུ་ཡི་གཙུག་ཕུད་ཆན་གྲིས་བྲེགས་ནས། བོན་གྱི་ཤེལ་ཕྲེང་གནམ་དུ་གཏོར། །” ཞེས་དབུ་ཡི་གཙུག་ཕུད་གྲི་ཡིས་བཅད་པའི་ལོ་རྒྱུས་ལས་རྟོབས་ནུས།
   དེ་བཞིན་གཙུག་ཕུད་ཅེས་པ་སྟོན་པ་འཆི་མེད་གཙུག་ཕུད་དང་འབྲེལ་བའི་ལོ་རྒྱུས་ཤིག་ཡོད་དེ། (ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར་)ལས་རྒྱུད་ཉི་སྒྲོན་དང་སྤྱི་སྤུངས་དོན་རྒྱུད་སོགས་ནས་ལུང་དྲངས་པར། “ དེ་ལ་ཡུམ་ཡང་ངོ་འཚར་ནས། །ཡེ་སྲིད་རྒྱལ་བ་ལྷ་ཡི་སྲས། །སྐྱེ་འཆི་མེད་པ་གཡུང་དྲུང་སྐུ། །འགྱུར་མེད་ཡེ་ཤེས་ལྔ་ཡི་འོད། །མུན་སེལ་སྒྲོན་མ་འགྲོ་བའི་མགོན། །ཞག་དགུར་བོར་བས་མ་ཤི་བར། །ཨུ་དུམ་འབར་བའི་རའི་གཙུག་ཕུད་འཁྲུངས། །འཆི་མེད་གཙུག་ཕུད་ཅེས་སུ་བཏགས། ། ” ཞེས་འཆི་མེད་གཙུག་ཕུད་ལ་ཨུ་དུམ་འབར་རའི་གཙུག་ཕུད་ཡོད་པར་གཞིགས་ན། འདི་སྐབས་ཨུ་དུམ་འབར་རའམ་ཨུ་དུམ་ཝ་ར་ནི་ལེགས་སྦྱར་གྱི་སྐད་དེ་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཛམ་གླིང་འདིར་སྐུ་འཁྲུངས་སྐབས་ཐེངས་རེ་སྐྱེ་བའི་རིན་པོ་ཆེའི་མེ་ཏོག་ཅིག་ལ་གོ་བ་དང་། ཡང་ན་འོད་ཟེར་གྱི་རྣམ་པ་ཅན་གྱི་མེ་ཏོག་ལ་གོ་བ་སོགས་ཡོད་འདུག་པ་ལྟར། སྐབས་འདིར་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་ཨུ་དུམ་ཝ་རའི་གཙུག་ཕུད་ནི་ཕྱི་མ་དེར་གོ་དགོས་པ་འདྲ་སྟེ། སྟོན་པ་ཡེ་གཤེན་གཙུག་ཕུད་འཁྲུངས་ཚུལ་སྐབས་སུ། (ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར་)ལས་གསས་མཁས་སུམ་བརྒྱ་དྲུག་ཅུའི་འབུམ་ལས་ལུང་དྲངས་པ། “ སངས་རྒྱས་རྣམས་སེམས་ཅན་གྱི་སྡུག་བསྔལ་ལ་གཟིགས་ནས་སྙིང་རྗེའི་ཤུགས་ཀྱིས་སྤྱན་ཆབ་ཆུ་ལྟར་འབྲུག་པ་མཚོར་འཁྱིལ་པ་ལས་རིན་པོ་ཆེའི་སྒོ་ང་འོད་ཟེར་འཕྲོ་བ་གཅིག་བྱུང་། དེའི་ནང་དུ་ཁྱེའུ་སྔོན་པོ་གསེར་གི་སྨིན་མ་ཅན། བསྭེ་ཡི་སེན་མོ་ཡོད་པ། སྤྱི་གཙུག་ནས་འོད་ཀྱི་ཕུད་འདྲ་བའི་འོད་ཟེར་བྱུང་བས་ཡེ་གཤེན་གཙུག་ཕུད་དུ་མཚན་གསོལ་ལོ། ། ” ཞེས་གསུངས་པས་ངེས་སོ།།
   སྐབས་འདིར་འཆི་མེད་གཙུག་ཕུད་དང་ཡེ་གཤེན་གཙུག་ཕུད་ཀྱི་དབུར་ཡོད་པའི་འོད་ཀྱི་གཙུག་ཕུད་དེ་དག་ལ་གཞིག་ཚེ་སྔོན་གྱི་རྒྱལ་པོ་དང་སྐྱེས་བུ་ཁྱད་པར་ཅན་དེ་ཚོར་འོད་ཀྱི་དམུ་ཐག་ཅེས་སྤྱི་གཙུག་ནས་དགུང་དུ་ཟུག་པའི་འོད་འདོམས་གང་རེ་ཡོད་ཚུལ་གྱི་ལོ་རྒྱུས་ཡོད་པ་ལྟར། གཙུར་ཏོར་དང་ཐོར་ཚུགས། གཙུག་ཕུད་འདི་ཚོ་ཡང་སྐབས་རེར་འོད་ཀྱི་དམུ་ཐག་གི་ཆར་གཏོགས་པ་ཞིག་མིན་ནམ་སྙམ་པའང་འབྱུང་གིན་འདུག
    འདིར་ཅུང་མགོ་འཁྲུག་གཞི་གཞན་འགའ་ཞིག་ཡོད་པ་ནི། སྒོམ་ཉམས་ལེན་དང་འབྲེལ་ལུས་ཀྱི་རྩ་འཁོར་དང་ཐིག་ལེ་འཆད་སྐབས། (མ་རྒྱུད་ཐུགས་རྗེ་ཉི་མའི་སྣང་སྲིད་ཐིག་ལེའི་འགྲེལ་བ) ལས། “ གཉིས་པ་དེ་ཡང་ཐིག་ལེར་གཅིག་པར་བསྟན་པ་ནི། སྣང་སྲིད་དེ་ལྟར་ཡིན་ན་ཐིག་ལེ་ཉག་གཅིག་ཇི་ལྟར་འགྱུར་ཞེ་ན། གོང་བཞིན་ཡེ་ཤེས་ཀྱི་འོད་ཟེར་རེ་ལས་རྩ་རེ་ཡང་གྱེས་པས། དབུས་མཐིང་ཡར་སྣེ་ཚངས་པའི་བུ་གར་དོད་པས་སངས་རྒྱས་ལ་ནི། གསང་བ་སྦུབས་སུ་ནུབ་པས་དབུའི་ཐོར་གཙུག་གྱེན་ལ་འཕགས་སོ། ། ” ཞེས་སངས་རྒྱས་ཀྱི་དབུ་ཡི་ཐོར་གཙུག་གྱེན་དུ་འཕགས་ཚུལ་ཞིག་གསལ་ཡང་ཐོར་ཚུགས་ཀྱི་རྒྱུ་དང་ངོ་བོ་སོགས་གང་ཡང་མ་གསལ། ཅི་སྟེ་འོག་ནས་གསང་བ་སྦུབས་སུ་ནུབ་པའི་རྒྱུ་མཚན་གྱིས་དབུ་ནས་ཡར་དེའི་དོད་ལྟ་བུ་འབུར་རྩིག་ཅིག་བྱུང་ཡོད་ན་གོང་དུ་དྲངས་པའི་ཐོར་ཚུགས་ཅན་ཡོད་ཚད་ལ་འགྲེལ་དེས་ཁྱབ་ཐུབ་མིན་དང་། སངས་རྒྱས་ཡོད་དོ་ཅོག་ལ་རྩ་འཁོར་ཆགས་སྟངས་འདྲ་ཡང་གཙུག་ཏོར་རམ་ཐོར་གཙུག་ཡོད་མེད་སོགས་ལ་དཔྱད་དགོས་པ་འདྲ། ཡིན་ནའང་འཆར་སྣང་རིང་ལུགས་ཀྱི་ཡུལ་དུ་ཡོད་པ་དེ་ཚོ་འདི་དང་དེའོ་ཞེས་གཏན་ཚིགས་རིག་པས་ཐག་གཅོད་དཀའ་བ་ནི། དཔེར་ན། སངས་རྒྱས་ཀྱི་ཞིང་ཁམས་འཆད་སྐབས། (བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་) ལས། “ གཞན་ཡང་གཡུ་འབྲུག་སྔོན་པོ་མེའི་ཟེ་བ་ཅན་དང་། སེང་གེ་དཀར་པོ་གཡུའི་རལ་པ་ཅན་དང་། རི་དྭགས་ཤ་ར་ན་ངོ་མཚར་གྱི་ཐོར་ཚུགས་ཅན་དང་། གླང་པོ་ཆེ་ཤེལ་གྱི་རྩུག་ཕུད་ཅན་དང་། བྱ་ངང་པ་གསེར་གྱི་ཐོར་ཅོག་ཅན་ལས་རྩོགས་པ། ངོ་མཚར་བ་མང་ངོ་། །” ཞེས་སོགས་རྒྱ་ཆེར་བྱུང་བ་རྣམས་སོ། །
   དེ་བཞིན་པྲ་ཕུད་དང་ཟུར་ཕུད་སོགས་མང་པོ་ཞིག་མཇལ་དུ་ཡོད་དེ། དཔེར་ན། (བསེན་ཐུབ) ལས། “ པྲ་ཕུད་དཀར་རྨོག་པྲོག་ཞུ་རྒྱན། །གཤེན་རབ་མི་ནུབ་དབུའི་ཆས། ། ” ཞེས་དང་། (མདོ་གཟེར་མིག་) ལས། “ རྨ་ལོས་སྐྱིན་གྱི་རལ་ག་ཕུད་ནས་ཁྱེའུ་ཆུང་གི་སྐུ་ལ་གསོལ་ལོ། །གཡུ་ལོས་གཡུའི་ཟུར་ཕུད་བཀྲོལ་ནས། ཁྱེའུ་ཆུང་གི་དཔྲལ་བར་བཏགས་སོ། ། ” ཞེས་སོགས་གསུངས་པ་རྣམས་ལས་པྲ་ཕུད་ནི་རིགས་ལྔ་ལྟ་བུའི་དབུ་རྒྱན་ལ་གོ་ཡང་། ཟུར་ཕུད་ཅེས་པ་དབུ་སྐྲ་སྤྱི་བོར་བཅིང་བའི་དོན་ཡིན་པར་བཤད་མཁན་འདུག་ཀྱང་། སྐབས་འདིར་ནི་གོང་གསལ་ལྟར་གཡུ་དང་ཕྲ་མན་ལས་གྲུབ་པའི་དབུ་ལ་འདོགས་པའི་རྒྱན་ཞིག་ཡིན་པར་ཤེས་ཐུབ་བོ། །

གནད་བསྡུད།

   བན་བོན་གཉིས་ཀྱི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་གཞུང་ཁུངས་མ་རྣམས་སུ་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་ཤའམ་རུས་པ་འབུར་དོད་ཅན་ཞིག་ཡིན་ཚུལ་གསུངས་པ་མཇལ་རྒྱུ་མེད་པ་མ་ཟད། གཙུག་ཏོར་ནི་ལྷ་དང་སྔོན་ཤར་གླིང་ཨེ་ཤ་ཡའི་རྒྱལ་རིགས་དྲ་མ་ཆེན་མོའི་རྒྱལ་སྲས་ཚོའི་དབུ་སྐྲ་འཆིང་སྟངས་ཞིག་གམ་ཡང་ན་དབུ་རྒྱན་གང་རུང་དུ་ངེས་པ་ནི་གོང་ཞུས་ལོ་རྒྱུས་དཔེ་ཁུངས་དེ་ཚོས་ཤེས་ཐུབ། དཔེར་ན་རྒྱ་ནག་ལྟ་བུར་མཚོན་ན་ཆིན་རྒྱལ་རབས་ནས་མིང་རྒྱལ་རབས་བར་རྒྱལ་པོ་དང་རྒྱལ་སྲས་ཚོས་དབུ་སྐྲ་ཕྱེད་སྤྱི་བོར་འཆིང་བའམ་སྐྲ་ལ་གསེར་གཡུ་མུ་མན་སོགས་ཀྱིས་རྒྱན་འདོགས་ཏེ་སྤྱི་བོར་བང་རིམ་ཅན་བཟོ་བའི་སྲོལ་ཡོད་པ་དང་། དེ་ཡང་ང་ཚོས་ད་ལྟར་མཐོང་ཐུབ་པའི་ “ དུར་བརྫངས་རྟ་དམག་གི་འདྲ་གཟུགས་ ” (兵马俑) སོགས་ལས་སྐབས་དེའི་ག་ཆེའི་མི་སྣ་ཚོའི་སྐྲ་འཆིང་སྟངས་གང་འཚམས་ཤེས་ཐུབ། དེ་བཞིན་ཐ་ལེན་ཌའི་ཌྭ་ཝ་ཏིའི་རྒྱལ་རྒྱུད་དང་། ཉི་ཧོང་ལའང་ཕྱི་ལོའི་དུས་རབས་བཅོ་ལྔ་ཡས་མས་བར་དུ་མི་དྲག་ཚོས་སྐྲ་ཕྱེད་སྤྱི་བོར་འཆིང་བའི་ལུགས་ཡོད་པ་དང་། རྒྱ་གར་ལྟ་བུར་མཚོན་ན་མུ་གྷལ་དང་གུབྟའི་རྒྱལ་རབས་སོགས་ཀྱི་སྐབས་སུ་རྒྱལ་པོ་ཚོས་ཕྱེད་སྐྲ་སྤྱི་བོར་སྡོམ་པའི་སྲོལ་ཡོད་པ་ནི། རྒྱ་གར་གནའ་རབས་ལོ་རྒྱུས་ལྟར་ཕྱི་ལོའི་སྔོན་གྱི་དུས་རབས་ལྔ་པ་ནས་ཕྱི་ལོའི་དུས་རབས་བདུན་པ་ཡས་མས་བར་དང་། ལྷག་པར་ཕྱི་ལོའི་དུས་རབས་དང་པོའི་ཡས་མས་སུ་རྒྱ་གར་གྱི་བྱང་རྒྱུད་དང་པཱ་ཀི་སི་ཏན་དབུས། ཨབ་གྷན་གྱི་ནུབ་རྒྱུད་ཁུལ་དུ་གནའ་བོའི་གྷི་རིག་གི་རིག་གཞུང་ཤུགས་ཆེན་དར་ཏེ། སྐབས་དེར་གྷི་རིག་གི་རྒྱལ་རྒྱུད་འཛིན་མཁན་ཚོས་སྐྲ་ཕྱེད་རྡོག་པོར་སྤྱི་གཙུག་ཏུ་ཡར་སྡོམ་པའི་སྲོལ་ཡོད་པ་དེ་དག་གོང་ཞུས་ཤར་ཕྱོགས་ཁུལ་གྱི་ཡུལ་གྲུ་དེ་ཚོར་ཁྱབ་བརྡལ་ཆེན་པོར་སོང་བར་བཤད་ཡོད་པ་དང་། དུས་རིམ་དེ་དག་ནི་རྒྱལ་སྲས་གོའུ་ཏཱ་མ་རྒྱ་གར་དུ་སྐུ་འཁྲུངས་པ་དང་རྒྱལ་གཞིས་བསྐྱངས་བ། འཁོར་སྤང་བསྟན་པ་སྤེལ་བའི་དུས་སུ་ཁེལ་ཡོད།
   དེ་བཞིན་གཙུག་ཐོར་དང་ཐོར་ཚུགས། ཐོར་གཙུག་དང་གཙུག་ཕུད་སོགས་ནི་སྒྲ་སྔ་ཕྱིར་འབོད་སྟངས་ཙམ་ལས་དོན་དུ་གོང་ཞུས་གཙུག་ཏོར་དང་ཁྱད་པར་དེ་ཙམ་མེད་པ་ནི་གོང་ནས་དུ་མར་དྲངས་ཟིན་པའི་ལུང་རིག་སོགས་ཀྱིས་གསལ་པོར་ངེས་སོ། །
   གང་ལྟར་གཙུག་ཏོར་དེ་ཉིད་སྐྲ་ཡི་རྣམ་པ་ཞིག་ཡིན་ཚེ་དབུ་སྐྲ་འཇོག་སྟངས་དེའང་བན་བོན་གཉིས་ཀྱི་སྟོན་པ་རྣམ་གཉིས་ལ་མཚོན་ན་རྒྱལ་སྲིད་སྤང་ནས་རབ་ཏུ་མ་བྱུང་བའི་སྔོན་དུ་ཡོད་དགོས་པ་ལས། འཁོར་སྤང་སྐབས་སུ་ཁྱིམ་པའི་རྟགས་འདོར་ཕྱིར་དབུ་སྐྲ་རང་ཉིད་རང་གིས་བཞར་བའི་རྣམ་ཐར་ཁུངས་དག་ཡོད་པས། དེའི་ཕྱིས་སུ་བྱུང་བའི་རབ་བྱུང་གི་ཆས་ཅན་རྣམས་ལ་གཙུག་ཏོར་ཡོད་པའི་གཞི་མི་འདུག་སྙམ།
   འདིར་ད་ལན་ནན་ཞུས་ཚུལ་དུ་ཡིད་ཆེས་དང་དད་པ་ཁོ་ནས་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་དེ་ཉིད་ཐུན་མིན་གྱི་རང་བྱུང་ངམ་ཡོན་ཏན་ཚད་རྫོགས་པའི་རྟགས་སུ་སྤྱི་གཙུག་གི་རུས་པ་འབུར་ཏུ་ཐོན་པ་སོགས་ཇི་ལྟར་འདོད་ཀྱང་ཆོག་ལ། དེ་དག་གི་ཡིད་ཆེས་དང་བསམ་བློའི་ངོ་གདོང་ལ་རྒོལ་བ་དང་རྩོད་པ་ནི་ནམ་ཡང་མིན། འོན་ཀྱང་སྟོན་པ་བཅོམ་ལྡན་འདས་རང་ཉིད་ཀྱིས་ཀྱང་། “ དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། ། ” ཞེས་གསུངས་པ་ལྟར་དད་པ་ཁོ་ནའི་རྗེས་སུ་འབྲང་སྟེ་ཐམས་ཅད་ཡིན་ཤག་མི་བྱེད་པར་རང་བློ་ལ་གྲོས་འདེབས་ཏེ་སོ་སོས་དཔྱད་པ་དང་ཁུངས་ལུང་འཚོལ་རྒྱུ་ནི་ཤེས་རབ་དང་རིག་སྟོབས་འཕེལ་བའི་རྒྱུ་རུ་འདོད་དོ།། །།

   ཞེས་སངས་རྒྱས་ཀྱི་དབུ་ཡི་གཙུག་ཏོར་སྐོར་ལ་ཐོག་མར་ཟུར་ཙམ་གླེང་བ་འདི་ཉིད། ཤར་གླིང་ཨེ་ཤ་ཡའི་གནའ་རབས་ལོ་རྒྱུས་ཀྱི་དེབ་ཐེར་འགའ་དང་། དེ་བཞིན་བན་བོན་གྱི་ལོ་རྒྱུས་ཁུངས་མ་རྣམས་སུ་གཞི་བཅོལ་ཏེ་འདི་འདྲའི་རིགས་ལ་ཐུགས་ཁུལ་ཅན་ཚོར་དཔྱད་གཞིའི་ས་བོན་ཙམ་དུ། དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ནུབ་ཕྱོགས་འཇར་མན་ནིའི་ཡུལ་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡༩ གཟའ་མཇུག་གུང་གསེང་ཉིན་རེ་ཞིག་མཇུག་རྫོགས་པར་བྱས་སོ།། །།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།