འཆད་ཁྲིད་འོག་གི་ཐོས་བསམ་པའི་རེག་ཟིག

[ཟླ་ཚེས། 2016-05-14 19:35:44][རྩོམ་པ་པོ། ཞུ་ཚང་སྐལ་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

 332.jpg

དགེ་བཤེས་ཤེས་རབ་ཐབས་མཁས་ལགས་ཀྱིས་རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་འགྲེལ་འཆད་ཁྲིད་མཛད་སྐབས་ཀྱི་དོན་གནད་ཁག་རྣམས་ཐོ་རུ་བཀོད་པ།

   ༢༠༡༦ལོའི་ཟླ་༤ཚེས་༢༥ཉིན་ནས་བཟུང་ང་ཚོ་སྟེ་སྤུ་རྒྱལ་རིག་སློབ་ཁང་གི་ཕར་ཕྱིན་འཛིན་རིམ་གསུམ་གྱི་སློབ་གཉེར་བ་རྣམས་སྟབས་གཅིག་ཏུ་སློབ་གླིང་གི་དགེ་རྒན་ཆེན་མོ་དགེ་བཤེས་ཤེས་རབ་ཐབས་མཁས་རིན་པོའི་ཆེའི་མདུན་དུ་རྨེའུ་མཁས་པ་དཔལ་ཆེན་གྱི་ཁམས་བརྒྱད་ཀྱི་འགྲེལ་ཆེན་ལ་ཟུར་སྦྱོང་འཆད་ཁྲིད་ཞུ་རུ་འགྲོ་འགོ་ཚུགས་སོང་། དེ་ནས་བཟུང་དགོང་མོའི་དུས་ཚོད་བདུན་དང་ཕྱེད་ཀ་ནས་བཅུ་པའི་བར་དུ་བདུན་ཕྲག་གི་ངལ་གསོ་དང་དམིགས་བསལ་གྱི་ལས་ཀའི་ཉིན་མོ་འདྲ་ཡིན་ན་མ་གཏོགས་ཉིན་རྟག་པར་འཆད་ཁྲིད་ཡོད་པ་རེད། སྤྱིར་དགེན་ཤེས་རབ་ཐབས་མཁས་མཆོག་ནི་གཡུང་དྲུང་བོན་གྱི་མདོ་སྔགས་རྫོགས་གསུམ་གྱི་གཞུང་ཆེན་ཁག་ལ་མངའ་བསྙེས་པ་ཞིག་ཡིན་ལ། ལྷག་པར་དུ་གཡུང་དྲུང་བོན་གྱི་མཚན་ཉིད་རིག་པའི་སྦྱང་བྱའི་ཡིག་ཆ་ཁག་གི་གནད་ཀ་ཅན་གྱི་མིང་ཚིག་དང་ས་བཅད་ཁག་རྣམས་ཐོག་རྡུག་མེད་པར་ཐུགས་ལ་འགྲོ་མཁན་ཞིག་ཡིན། ཁོང་གིས་འཆད་ཁྲིད་སྐབས་སུ་སློབ་མ་ཚོར་སྦྱང་ཟིན་གྱི་ཡིག་ཆ་ཁག་གི་གནད་དོན་ཡོད་པ་རྣམས་དང་། རྩ་བའི་གཞུང་གི་ཟིན་མཚམས་ཁག་ནས། གང་རེད་དང་། ཅི་རེད། ཅེས་དྲི་བ་སྣ་ཚོགས་འདོན་གནང་བ། འཆད་ཁྲིད་གང་ཞིག་གནང་ཡང་གསུངས་ཤུགས་ཆེན་པོས་སྒྲ་དག་ཚིག་གསལ་དང་བཅས་ཏེ་ཡང་སྐོར་བསྐྱར་སྐོར་གྱིས་ཚིག་དོན་རེ་རེ་ཡིན་ཡང་སློབ་མ་ཚོའི་སེམས་རྒྱུད་དུ་འཇགས་ཐབས་གནང་བ། མ་ཟད། སྐབས་རེར་དགོད་བྲོ་བའི་གཏམ་རྒྱུད་དང་རྩེད་མཚར་སྣ་ཚོགས་ཤིག་གསུངས་ཀྱིན་ཡོད་པས་ཁོང་གི་འཁྲིས་སུ་འཆད་ཁྲིད་ཉན་མཁན་གྱི་སློབ་མ་སུ་ཞིག་ཡིན་ཡང་སེམས་ཉོབ་པ་དང་། ལུས་ཐང་ཆད་པ་སོགས་ཀྱི་སྣང་བ་ཅུང་ཙམ་མི་འབྱུང་བར་ག་ཚད་ཉན་ཀྱང་དེ་ཚད་ཀྱིས་ཉན་འདོད་ཀྱི་འདུན་པ་ཇེ་ཆེར་འཕེལ་བཞིན་ཡོད། ངས་བསམ་པར་དེ་དག་ནི་དགེན་ལགས་ཁོང་གིས་སློབ་མ་ཚོར་འཆད་ཁྲིད་གནང་སྟངས་ཀྱི་ཐབས་ལམ་དམིགས་བསལ་བ་ཞིག་ཡིན་པ་འདྲ། དེ་བས་ང་ཚོ་སློབ་མ་ཚོས་ཀྱང་སེམས་པ་རྒྱ་ཡན་དུ་མི་གཏོང་བར་བློ་རྩེ་གཅིག་སྒྲིལ་གྱི་ངང་ནས་མཉན་འཇོག་གང་ཐུབ་བྱེད་ཅིང་གནད་ཀ་ཅན་གྱི་ཚིག་དོན་རྣམས་ཟིན་ཐོར་འགོད་པ་དང་། མི་ཤེས་པ་དང་དོགས་པའི་རིགས་བྱུང་ཚེ་བཀའ་འདྲི་དགོངས་སྐོར་ཞུ་བ་སོགས་འབད་འབུང་ཅི་ནུས་རེ་བྱེད་བཞིན་ཡོད། གཤམ་ནས་ཐེངས་འདིའི་འཆད་ཁྲིད་ཀྱི་རྒྱུད་རིམ་ནང་གི་གནད་དོན་ཅན་འགའ་ཞིག་རང་ཉིད་ཀྱི་བརྗེད་བྱང་ཚུལ་དུ་རེག་ཟིག་འགོད་པར་སྤྲོ།

   དེ་ཡང་རྨེའུ་མཁས་པ་དཔལ་ཆེན་ནམ་རྨེའུ་སྟོན་ཚུལ་ཁྲིམས་དཔལ་ཆེན་ནི་རབ་བྱུང་དང་པོའི་ཆུ་འབྲུག་ལོ(སྤྱི་ལོ1056)ལོར་རྨེའུ་ལྷ་རི་གཉེན་པོའི་སྲས་སུ་སྐུ་འཁྲུངས། དགུང་ལོ་ང་ལྔ་སྟེ་མི་ཁྱི་ལོ་(1106)ལོར་མྱ་ངན་ལས་འདས། སྐུ་འཚོ་བཞུགས་རིང་རང་གཞན་གྱི་མཁས་གྲུབ་མང་པོའི་ཞབས་ལ་བཏུགས་སྟེ་མཁས་པར་སྦྱང་བ་དང་། དཔལ་ལྡན་བཟང་པོ་རིར་བཤད་གྲྭ་བཙུགས་ཏེ་གྲྭ་སློབ་དང་བསྟན་རྒྱུན་བསྐྱངས། སྤྱིར་བཀའ་བརྟེན་ལེགས་བཤད་མང་དུ་བརྩམས་ཤིང་ཁྱད་པར་དུ་མདོ་སྟོང་ཕྲག་བརྒྱ་པའི་འགྲེལ་ཆེན«ཁམས་ཆེན་པོ་བརྒྱད་ཀྱི་ཊཱིཀྐ»ཞེས་པ་འདི་ཤིང་རྟའི་སྲོལ་འབྱེད་ཀྱི་ཚུལ་དུ་བརྩམས་པར་གྲགས། དེའི་རྩོམ་སྟངས་དང་ཚིག་འགྲོས་སོགས་ནི་མཁས་པ་གཞན་དང་མི་འདྲ་བར་བརྡ་དག་ཚིག་སྦྱོར་སོགས་ལ་སྤུས་གཙང་ཞིང་རྩོམ་རྩལ་གྱི་ཁྱད་བོན་ལ་གཞིགས་ན་དེང་གི་གྲགས་ཆེ་བའི་རྩོམ་པ་པོ་གང་མང་ཞིག་གི་འཁྱོང་དཀའ་བའི་ཚོད་དུ་སླེབས་ཡོད། དེས་ནི་ལོ་རྒྱུས་འཚོལ་ཞིབ་པ་ཞིག་ལ་མཚོན་ན་རྩོམ་རིག་གི་བམ་ཁ་མཐུག་པོ་དེ་དག་གིས་བོད་ཀྱི་རིག་གཞུང་ཁག་གི་འགོ་ཁུངས་ཇི་ཙམ་རིང་པོ་ཡོད་མེད་ལ་དཔྱད་པ་ཞིག་གཏོང་ཐུབ་པར་འདུག་ཀྱང་འདིར་སྐབས་སུ་མ་བབ་པས་མང་དུ་གླེང་བར་མི་བྱའོ། །

   དེ་ལ་དཔལ་ཆེན་གྱི་ཁམས་འགྲེལ་འདི་ཉིད་ཁ་ཅིག་གིས་གཞན་སྡེའི་མངོན་རྟོགས་རྒྱན་དང་འགོ་མཇུག་གི་ཚིགས་བཅད་གཅིག་གཉིས་ཙམ་ཞིག་དང་ཆ་འདྲ་བའི་རྒྱུ་མཚན་གྱིས་དེ་མངོན་རྟོགས་རྒྱན་ལས་བཤུས་པའམ་དེ་ལས་བསྒྱུར་བར་འདོད་མཁན་ཡང་རེ་གཉིས་ཡོད་བཟོ་འདུག འོན་ཀྱང་བློ་གཟུ་བོར་གནས་ཏེ་ཁམས་འགྲེལ་གྱི་བཤད་བྱ་དང་ནང་གི་བརྗོད་གཞི་དངོས་ལ་ཞིབ་པར་གཞིགས་ཚེ་དེ་ནི་ཁོང་གིས་རང་སྟོབས་ཀྱི་སྒོ་ནས་རང་ལུགས་ཀྱི་རྒྱལ་བའི་དགོངས་པ་བཀྲལ་བའི་བསྟན་བཅོས་ཤིག་ཡིན་པ་ལས་གཞན་ལས་བརྐུ་བཤུས་བྱས་པ་ཞིག་མིན་པར་གསལ་པོར་ཤེས་ཐུབ་སྟེ། དེ་དག་ནས་དཔེར་མཚོན་ཙམ་ཞིག་སྟོན་ཕྱིར་དུ་འདིར་རེ་ཟུང་ཙམ་དྲངས་ན།
   གཅིག དཔལ་ཆེན་གྱིས་ཁམས་འགྲེལ་གྱི་ཐོག་མའི་འགོ་ཡི་གླེང་གཞི་དང་བོན་ཉན་བཤད་ཀྱི་ཀླད་དོན་ནམ། བྱུང་ཁུངས་འཆད་པའི་སྐབས་ཀྱི་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་དང་ལྷག་དོན་མདོ་ལུགས་ཀྱི་སྒོ་ནས་སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཚུལ་བསྟན་པ་རྣམས་མཛད་མདོ་འབྲིང་པོ་གཟེར་མིག་སོགས་རང་ལུགས་ཀྱི་བཀའ་ཕལ་མོ་ཆེ་ཡི་གསུངས་སྒྲོས་ཁག་ལ་གཞི་བཅོལ་སྟེ་ཁ་གསལ་གོ་བདེའི་ལམ་ནས་ཅི་རིགས་ཤིག་འཆད་པར་མཛད་ཡོད་པ་ལས་གཞན་སྡེ་སུ་ཞིག་གི་མི་སྣ་གང་ཞིག་དང་འདྲ་མཚུངས་སམ་བཤད་སྟངས་ལ་རག་ལས་མེད།
   གཉིས། སྐབས་དོན་གྱི་བཤད་བྱའི་གཞུང་དངོས་འཆད་སྐབས་སུ་ཡང་འདི་ལྟར་སྟེ། “གལ་སྟེ་མདོ་སྟོང་ཕྲག་བརྒྱ་པ་འདི་བཀའ་དེ་རྣམས་ཀྱི་སྡེ་གང་ཡིན་ཞེ་ན། འདི་ནི་མདོ་སྡེ་དང་རྒྱུད་སྡེ་གཉིས་ལས་མདོ་སྡེ་ཡིན་ལ། དེ་ལས་ཀྱང་ཐེག་པ་ཆེན་པོའི་མདོ་སྡེ་ཡིན་ཞིང་། ཐེག་པ་རིམ་དགུའི་ནང་ནས་ཀྱང་ཁྱད་པར་ཆེན་པོའི་བརྗོད་བྱ་སྟོན་པར་བྱེད་པའོ”། ། ཞེས་གཞན་སུ་དང་མི་འདྲ་བར་དམིགས་བསལ་གྱི་སྒོ་ནས་ཁམས་ཆེན་གྱི་དགོངས་པ་བཀྲལ་སྟེ་དེའི་བརྗོད་བྱར་ཐེག་པ་རིམ་དགུ་ནས་ཁྱད་པར་ཅན་སྟོན་ཞེས་གསུངས་པ་ལ་གཞིག་ན་འདི་ནི་བརྗོད་དོན་གྱི་ཐོག་ནས་རང་གཞུང་རྫོགས་པ་ཆེན་པའི་བརྗོད་དོན་སྟོན་མཁན་གྱི་བཀའ་ཡང་དག་ཅིག་ཏུ་བཞེད་ཀྱི་ཡོད་པར་སྙམ། དེ་ནི་གཞན་སྡེའི་ཡུམ་སོགས་བཀའ་ལུང་ཁག་ནས་གྲགས་མ་མྱོང་བ་སྟེ་ཡོད་ཚད་ལས་ཐོད་བརྒལ་དུ་སོང་བ་ཞིག་ཡིན་པར་འདོད་ཆོག
   གསུམ། ཡང་དེ་ཉིད་ལས། “གཞན་ཡང་མདོ་སྟོང་ཕྲག་བརྒྱ་པ་འདི་ཉིད་ལྟ་བ་གབ་པ་དང་ཁྱད་མེད་པར་སྟོན་ཞིང”། ཞེས་གཞུང་འདིས་ལྟ་བའི་ཆ་ནས་རྫོགས་པ་ཆེན་པོ་བྱང་སེམས་གབ་པ་དགུ་སྐོར་དང་ཁྱད་པར་མེད་པར་སྟོན་པ་སོགས་ནི་རང་ལུགས་སུ་མཐར་ཐུག་ཐེག་པ་གཅིག་ཏུ་འདོད་པ་ལྟར་ན་བཀའ་ཡི་དགོངས་པ་ངོ་མ་བཀྲལ་བའི་ངེས་པའི་དོན་འབའ་ཞིག་ཏུ་སེམས།
   བཞི། ཡང་ཁོང་གིས་འདི་ལྟར་བཞེད་དེ། མདོ་སྟོང་ཕྲག་བརྒྱ་པ་འདི་ཉིད་བཀའ་ཡི་སྒོ་བཞི་མཛོད་ལྔའི་ནང་གི་འཕན་ཡུལ་གྱི་སྡེ་རུ་འཇོག་མི་འོས་པ་དང་། མདོ་ནས་བཤད་པའི་འཕན་ཡུལ་བ་ནི་ཉན་རང་སོགས་ཐེག་པ་ཆུང་ངུ་བ་ཡིན་པ་དང་། མདོ་སྟོང་ཕྲག་བརྒྱ་པ་འདི་ཉིད་རང་གཞུང་གི་བཀའ་ལུང་འགའ་ལས་འཕན་ཡུལ་གྱི་སྡེ་རུ་བཤད་པ་ནི་བཏགས་པ་བ་ཡིན་པར་གསུངས་ཏེ། དེ་ཉིད་ལས། “མདོའི་འཕེན་ཡུལ་བ་ཐེག་པ་ཆུང་ངུ་ཡིན་པ་ཐེ་ཚོམ་མེད་ལ། སྟོང་ཕྲག་བརྒྱ་པའི་མདོ་འཕེན་ཡུལ་གྱི་སྡེ་རུ་བཤད་པ་ནི་མཁས་པ་རྣམས་ཀྱིས་བརྟགས་པར་བྱ་སྟེ”། ཞེས་དང་། “ལུགས་གཅིག་ལྟར་ན་མདོ་དང་ལྷོ་གཏེར་གཉིས་བསྟུན་ལ་བཤད་པར་མི་ནུས་ཏེ། མདོར་བཤད་པའི་རྒྱས་པ་འབུམ་ནི་ཐེག་པ་ཆུང་ངུའི་མདོ་སྡེ་འགའ་ཞིག་ལ་དགོངས་པ་ཡིན་ཏེ”། ཞེས་དང་། “ཡང་ན་སྟོང་ཕྲག་བརྒྱ་པ་འདི་འཕན་ཡུལ་གྱི་སྡེ་རུ་བཤད་པ་ནི་བཏགས་པ་ཡིན་ཏེ”། ཞེས་རང་ལུགས་ལ་མཚོན་ཡང་སྔོན་བྱོན་མཁས་པ་སུ་ཞིག་གིས་བཀའ་དང་བསྟན་བཅོས་ལས་གསལ་ཁ་མ་ཐོན་པ་རྣམས་ཀྱི་དོན་གནད་རྣམས་ཁ་གསལ་བཏོད་པའི་རིགས་ཤ་སྟག་ཏུ་ངེས།

དེ་དག་གིས་ནི་ཁམས་བརྒྱད་ཀྱི་འགྲེལ་ཆེན་འདི་གཞན་སྡེའི་བཀའ་ལུང་ཁག་ནས་བསྒྱུར་བའམ། བརྐུ་བཤུ་བྱས་པར་སྙམ་པའི་ལོག་རྟོག་ཅན་དག་ལ་རྣག་ཐོག་ཁག་གཙགས་ཀྱི་དཔེ་ལྟར་དོན་གྱི་འབབས་སྟེགས་དངོས་ལ་སྐྱེལ་ཐུབ་ཡོད་པར་མ་ཟད། རང་ལུགས་གཅིག་པུ་ལ་མཚོན་ཡང་སྔོན་གྱི་མཁས་དབང་གསེར་རིའི་ཕྲེང་བ་དག་གིས་བཀའ་བརྟེན་དང་བསྟན་བཅོས་གང་ལས་གསལ་ཁ་རུ་མ་ཐོན་པ་རྣམས་གསལ་བར་འགྲེལ་ཕྱིར་བཀའ་ཡི་དགོངས་པ་དངོས་སུ་བཀྲལ་བའི་ཤིང་རྟའི་སྲོལ་འབྱེད་ཀྱི་ཚུལ་དུ་བརྩམས་གནང་བའོ། །

   དེ་ཡང་«ཁམས་ཆེན་པོ་བརྒྱད་ཀྱི་ཊཱིཀྐ»ཞེས་པའི་འགྲེལ་པ་འདི་ཉིད་ཀྱི་གཞུང་ནི་སྤྱི་ལོའི་དུས་རབས་དགུ་པའི་ནང་ཕྱི་དར་གྱི་བསྟན་པ་འགོ་ཚུགས་སྐབས་ལྷོ་འབྲི་མཚམས་མཐའ་དཀར་ནས་གཏེར་དུ་ཐོན་པའི་བོན་སྡེ་ཁག་ནས་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ཞེས་པའི་ཐེག་པ་ཆེན་མོའི་གཞུང་འདི་ཉིད་ཀྱི་འགྲེལ་པ་རུ་བཀོད་པ་ཞིག་ཡིན་ལ། གཏེར་དུ་འདོན་པ་པོ་ནི་བོན་གྱི་གཏེར་སྟོན་ཆེན་མོ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ཞེས་སུ་གྲགས་པ་དེ་ཡིན། དེ་ལ་ཡང་ཁ་ཅིག་གིས་བོན་གྱི་ཁམས་ཆེན་གྱི་གཞུང་འདི་ཉིད་གཤེན་ཆེན་ཀླུ་དགས་གཏེར་དུ་ཐོན་པ་ཞིག་མ་ཡིན་པར་གཞན་སྡེའི་ཡུམ་རྒྱས་འབྲིང་བསྡུས་གསུམ་ཁག་གི་གཞུང་ནས་བསྒྱུར་བར་འདོད་མཁན་ཡང་ཡོད་པ་འདྲ། དེ་ནི་གཡག་ཞར་གྱིས་རྩྭ་ཟོས་པ་བཞིན་ཕྱོགས་གཅིག་ཁོ་ན་ལས་གཉིས་ཀའི་ལོ་རྒྱུས་དང་གནས་སྟངས་ལ་བསམ་གཞིག་མ་བཏང་བར་མ་བརྟགས་གྱ་ཚོམ་དུ་སྨྲས་པ་ཞིག་སྟེ། སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ནི་མེ་སྤྲེལ་ལོ(སྤྱི་ལོ996)ལོར་སྐུ་འཁྲུངས་ཤིང(1037)ལོར་སྐུ་གཤེགས་པ་ལྟར་ཁྱོན་སྡོམ་དགུང་གྲངས་བཞི་བཅུ་ཞེ་གཅིག་མ་གཏོགས་བཞུགས་མེད་ཅིང་། ཁམས་ཆེན་སོགས་གཏེར་དུ་ཐོན་པའི་དུས་ཚོད་ནི་དགུང་ལོ་ཉེར་གཉིས་པར་མེ་སྦྲུལ་ལོར་ཡིན་པར་གསལ། སྤྱིར་བཏང་གི་མི་ཕལ་པ་ཞིག་གིས་དུས་ཡུན་ཐུང་ངུ་དེ་ཙམ་གྱི་ནང་དུ་གཞུང་ཆེན་མོ་དེ་འདྲ་ཞིག་སྒྱུར་བའི་བློ་གྲོས་རྒྱས་དགོས་པར་བཤད་པ་ནི་དངོས་པོའི་གནས་ཚོད་དང་ཡོངས་སུ་འགལ་བ་ཞིག་མ་ཡིན་ནམ། དེ་ལས་ལྡོག་སྟེ་བླ་མ་ཁོང་ཉིད་སྟོབས་དང་དཔའ་རྩལ་ཅན་ཞིག་ཡིན་པའི་ཚུལ་ལས་འཆད་ཉན་དང་སློབ་གཉེར་གྱི་ཁོར་ཡུག་ཏུ་འགྲིམ་ནས་ཐོས་པ་གནང་བའི་ལོ་རྒྱུས་གང་ཡང་མེད། མདོར་ན་སྔོན་བྱོན་གོང་མ་དག་གི་བྱིན་རླབས་ཀྱི་ན་བུན་འཐིབ་པའི་སྦྱང་འཕྲོ་དང་ལས་འཕྲོ་ཅན་གྱི་སྐྱེས་བུ་ཁྱད་པར་བ་ཞིག་ཡིན་པའི་ཚུལ་ལས་འཇིག་རྟེན་ཐོས་བསམ་གྱི་ལམ་ནས་མཁས་པར་གྱུར་པ་ཞིག་མིན་པར་བོན་གྱི་ཁུངས་ལྡན་གྱི་བཀའ་ལུང་ཁག་མང་པོས་མཚོན་ནུས་པ་བཞིན་དོན་དངོས་ཀྱང་ལྡོག་ཏུ་མེད་པ་ཞིག་ཡིན། གལ་སྲིད་དུས་ཡུན་དེའི་ནང་དུ་ཁམས་ཆེན་གྱི་གཞུང་འདི་གཅིག་པུར་གཞན་ལས་སྒྱུར་བའི་ཤེས་རབ་རྒྱས་པའི་དབང་དུ་བཏང་ཡང་ཁོང་གིས་དྲངས་པའི་ཟབ་གཏེར་ལ་བོན་གྱི་རྒྱུད་ལུང་ཁག་མང་དུ་ཡོད་པས། གལ་ཏེ་ཁོང་ཉིད་ཀྱིས་དྲངས་པའི་བོན་སྡེ་ཁག་རྣམས་ཟབ་གཏེར་དངོས་མ་ཡིན་པར་གཞན་ལས་བརྐུ་བཤུ་བྱས་པ་ཞིག་ཡིན་ཚེ་ཁྲོ་བོ་དབང་ཆེན་དང་བྱང་སེམས་གབ་པ་སོགས་བོན་སྡེ་མང་དག་ཅིག་ཡོད་པ་དེ་རྣམས་རྒྱ་དཔེ་དང་བོད་དཔེ་གང་ལས་བསྒྱུར་བ་ཡིན། འདི་ལས་བསྒྱུར་པ་རེད་ཅེས་པའི་མཛུབ་མོ་ཀེར་ས་ཞིག་ནམ་ཡང་རྙེད་པ་མིན་ནོ། དེ་དག་ནི་ཁུངས་ལྡན་གྱི་བདེན་དཔང་དང་དངོས་པོའི་གནས་ཚོད་ཀྱིས་ཡོངས་སུ་ར་འཕྲོད་ནུས་པ་ཞིག་ཡིན་པས་མང་དུ་སྤྲོས་པར་མི་བྱའོ། །

   གོང་གསལ་ཟིན་ཐོ་རུ་བཀོད་པའི་ཚིག་དོན་ཁག་རྣམས་ནི་གཙོ་བོར་དགེན་ཤེས་རབ་ཐབས་མཁས་རིན་པོ་ཆེའི་ཞལ་སྔར་དཔལ་ཆེན་ཁམས་འགྲེལ་ལ་འཆད་ཁྲིད་ཞུས་པའི་སྐབས་སུ་དགེན་ལགས་ཀྱི་གསུངས་འགྲོས་དང་རྣམ་ཀུན་རང་ཉིད་ཀྱི་ལྟ་རྟོགས་ཕྲན་ཙམ་བྱས་པའི་འབྲེལ་ཡོད་དཔེ་ཆ་ཁག་ལས་གནད་དོན་འགའ་རེ་ཡོད་པ་རྣམས་རང་ཉིད་ཀྱིས་རང་ལ་བརྗེད་བྱང་དུ་བཀོད་པ་ཙམ་ཡིན་པ་ལས་གཞན་ལ་ངོམ་རིན་ཡོད་པའི་གཏིང་ཐུག་པ་དང་དཔྱད་ཕྱིན་པའི་ཞིབ་འཇུག་གི་ལམ་ཁར་ཕྱོགས་པའི་འབྲས་བུ་ཞིག་ཡིན་ཞེས་ནམ་ཡང་ཁས་ཆེ་མི་ཕོད། གང་ལགས་ཤེ་ན། རང་ཉིད་ནི་སྔར་དུས་དང་འདྲ་བར་བསམ་བློའི་གནས་ཚད་ལ་ནར་མ་སོན་པའི་སྔར་གྱི་བྱིས་པ་སྣབ་ལུག་དེ་ཡིན་པས་ད་དུང་ཡང་འཆད་རྩོད་རྩོམ་གསུམ་གྱི་གནས་གང་རིགས་ལ་མི་རྗེས་མ་ཆོད་པར་སློབ་པའི་འགྲུལ་བཞུད་ཀྱི་གོམ་སྟབས་རེ་རེ་དགེན་ལགས་དང་རིག་གྲོགས་རྣམས་ལ་གཞན་བརྟེན་དུ་བྱས་ནས་ཡོད་པ་ལས། རང་སྟོབས་ཀྱི་ལམ་ཁ་གསར་པ་གང་ཞིག་འདེམས་པའི་བློ་གྲོས་དེ་བདག་ལ་མེད་སོང་། བདག་ལ་མཚོན་ན་འདི་དག་གིས་སྤྱི་ཚོགས་ཁྲོད་དུ་རང་ཉིད་ལ་མིང་གྲགས་དང་ཡང་ན་གཟེངས་སུ་ཐོན་པའི་རེ་བ་གང་ཡང་བཅང་མེད། ཡིན་ན་ཡང་དགེ་རྒན་བཀའ་དྲིན་ཅན་དག་གིས་འཆད་ཁྲིད་དང་སློབ་གསོའི་གདམས་དོན་འོག་ཏུ་འཚོ་བ་གཞན་བརྟེན་དུ་བྱས་པའི་ཁོ་བོས་ཁོང་རྣམས་ཀྱི་སྐུ་ཚེགས་འོ་བརྒྱལ་གནང་བའི་འབྲས་བུ་རྣམས་ཆུས་ཟོས་སུ་མི་འགྲོ་བའི་ཕྱིར་དུ་རང་ཉིད་ཀྱི་སེམས་ཚོར་གྱི་རང་གཤིས་རྣམ་གྲངས་གང་ཡོད་པ་དག་མ་གསང་བར་ཐད་ཀར་རྣམ་པ་ཚོའི་སྤྱན་སྔར་བསྟར་ཡོད་པས་རིས་སུ་མ་ཆད་པའི་ཀློག་པ་པོ་དག་གིས་དགོངས་འཆར་ལྷུག་རྩོལ་ཡོང་བའི་རེ་བ་ཅི་ནས་ཀྱང་ཆེའོ། །

ཞེས་བོད་རིག་པའི་སློབ་གཉེར་བའི་མིང་ཙམ་འཛིན་པ་ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས་སྤུ་རྒྱལ་རིག་སློབ་ཁང་གི་སློབ་གཉེར་གྱི་བར་གསེང་རྣམས་སུ་བྲིས། ༢༠༡༦/༥/༥ཉིན།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།