རྒྱལ་རོང་ཞིབ་འཇུག་སྐོར་གྱི་ཚོར་སྣང་ཕྲན་གླེང་།

[ཟླ་ཚེས། 2016-05-07 14:21:08][རྩོམ་པ་པོ། བཙན་ལྷ་ངག་དབང་ཚུལ་ཁྲིམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

143141.jpg
རྩོམ་པ་པོ། བཙན་ལྷ་ངག་དབང་ཚུལ་ཁྲིམས།
ཁོང་གི་ལོ་རྒྱུས་གནད་བསྡུས།http://ti.kbcmw.com/Html/KangBa/RenWu/xiandairenwu/5840.html

 གནད་བསྡུས། དཔྱད་རྩོམ་འདིའི་ནང་དུ་རྒྱལ་མོ་ཚ་བ་རོང་གི་མིང་ཐོགས་ལུགས་དང་། དེར་གཡུང་དྲུང་བོན་གྱི་བསྟན་པ་དར་ཚུལ། བཻ་རོ་ཙ་ནས་གསང་སྔགས་རྙིང་མའི་ཆོས་ཀྱི་སྙིང་པོ་རྫོགས་པ་ཆེན་པོ་དར་བར་མཛད་པ་བཅས་བརྗོད་པ་བརྒྱུད་ནས་ཡུལ་དེར་བན་བོན་གྱི་མཁས་གྲུབ་མང་པོ་བྱུང་བ་སོགས་ལུང་དང་བཅས་ཏེ་བསྒྲུབས་ཡོད།
གནད་ཚིག རྒྱལ་མོ་ཚ་བ་རོང་། རིག་གནས། ལོ་རྒྱུས།
   རྒྱལ་མོ་རོང་གི་ཡུལ་གྲུ་འདི་ནི། གནའ་བོའི་ཞང་ཞུང་ཡུལ་གྱི་ཤར་སྣེའི་ལག་མཐིལ་ཙམ་གྱི་ཡུལ་ཆུང་ཞིག་རེད། འོན་ཀྱང་། ཡུལ་ཆུང་འདིར་ད་ལྟའི་བར་དུ་གནའ་བོའི་ཞང་ཞུང་གི་རིག་གནས་དང་། ཁྱད་པར་དུ་བོན་གྱི་ཆོས་ལུགས་ད་ལྟའི་བར་དུ་རྒྱུན་འཛིན་བྱས་ཐུབ་པ་བྱུང་ནི་བྱས་རྗེས་བླ་ན་མེད་པ་ཞིག་རེད། དེ་ནས་དུས་ཡུན་རིང་བོའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་དུ་ས་ཁུལ་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱང་བསྐྲུན་ཡོད་པ་དེ་ལ་ད་ལྟ་རྒྱལ་རོང་རིག་གནས་ཞེས་བརྗོད། རིག་གནས་ནི་རྩ་བ་དང་། རིག་གནས་ནི་བླ་སྲོག རིག་གནས་ནི་རྒྱུ་སྟོབས། རིག་གནས་ནི་ཐོན་ཁུངས་བཅས་རེད། དེར་བརྟེན་རིག་གནས་ནི་འཛིན་སྐྱོང་སྤེལ་དགོས་པ་མ་ཟད། རིག་གནས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་ནི་དེ་བས་ཀྱང་དགོས་ངེས་ཤིག་ཡིན་པ་སྨོས་ཅི་དགོས། གཤམ་དུ་རྒྱལ་རོང་ཞིབ་འཇུག་སྐོར་གྱི་ཚོར་སྣང་འགའ་རེ་བརྗོད་པར།
   ཐོག་མར་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པར་ངེས་པར་དུ་གནའ་བོའི་བོད་ཀྱི་ཞང་བོད་ཀྱི་འགྲོ་བ་མིའི་རིགས་བྱུང་ཚུལ་དང་། དེའི་ཐུན་མོང་མ་ཡིན་པའི་རིག་གནས་དང་། དེའི་བོན་བན་གཉིས་ཀྱི་ཆོས་ལུགས་སོགས་ཇི་ལྟར་བྱུང་བ་དང་། འཕེལ་བ་དང་། མཐར་ད་ལྟའི་བར་དུ་གནས་ཐུབ་པ་བྱུང་བའི་ལོ་རྒྱུས་དེའི་དོན་དངོས་གསལ་བོར་ཤེས་ཐུབ་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད་སྙམ།
   དེ་ནས་ལོ་རྒྱུས་ཀྱི་དུས་ཡུན་རིང་མོར་ང་ཚོ་བོད་མི་རིགས་འདིའི་མིང་ལ་འབོད་ཚུལ་མི་འདྲ་བའི་མིང་གི་རྣམ་གྲངས་དུ་མ་བྱུང་བ་གསལ་བོར་ཤེས་རྒྱུ་ཡང་གལ་ཆེ་བར་སྣང་། དེ་ཡང་གངས་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིག་འཕྲོག་ལས། གངས་ཀྱི་རྒྱལ་པོ་ཏི་སེ་ཞེས་བྱ་བ་དང་། །གངས་མཐོན་མཐིང་རྒྱལ་མོ་ཞེས་ཀྱང་ཟེར། །ཆུ་བོ་བཞི་ཡང་དེ་ཡི་རྨང་ནས་འབབས། །ལྷུན་གྱིས་གྲུབ་པའི་མཆོད་རྟེན་གཟུགས་སུ་གནས། །ལན་གསུམ་སྐོར་ན་མཚམས་མེད་ལྔ་ཡང་འདག །ངན་སོང་གསུམ་དུ་མི་སྐྱེ་མཐོ་རིས་ཐོབ། །གཏན་ཚིགས་དེའི་ཕྱིར་གངས་ཀྱི་རྒྱལ་པོ་ཟེར། །ཐོག་མར་ཞང་ཞུང་སྒོ་ཕུགས་བར་གསུམ་ཞེས། །ཕུགས་ཏེ་ཞང་ཞུང་རྒྱལ་གཤེན་བཅོ་བརྒྱད་དེ། །བར་ལ་དབུས་གཙང་ལྷོ་བྱང་ཀུན་ཏུ་ཤེས། །སྒོ་དེ་སུམ་པ་གླང་གི་གྱིམ་ཤོད་དུ། །སྦས་པའི་ཤོད་ཆེན་བཅོ་བརྒྱད་རྒྱལ་མོ་རོང་། །ས་ཀུན་ཞང་ཞུང་མི་རྣམས་ཞང་ཞུང་གྲགས། །བར་དུ་སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། །དབུས་གཙང་རུ་བཞིའི་ཡན་ལག་ཐམས་ཅད་སོགས། །སྨད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་ཅེས། །ཐ་མར་དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་། །མདོ་སྟོད་དེ་ནི་མི་ཡི་ཆོལ་ཁ་དང་། །མདོ་སྨད་རྣམས་ལ་རྟ་ཡི་ཆོལ་ཁ་ཟེར། །ཞེས་གསུངས་སོ། །འདིས་བོད་གངས་ཅན་པར། ༡ ཐོག་མར་ཞང་ཞུང་རྒྱལ་རབས་ཀྱི་སྐབས་སུ་ས་ཀུན་ལ་ཞང་ཞུང་གི་ཡུལ་དང་མི་ཀུན་ལ་ཞང་ཞུང་གི་མི་ཞེས་གྲགས་པ་དང་། ༢ བར་ལ་སྤུ་རྒྱལ་བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་ས་ལ་བོད་ཀྱི་ཡུལ་དང་མི་ལ་བོད་ཀྱི་མི་ཞེས་གྲགས་པ་དང་། ༣ ཐ་མར་ས་སྐྱ་གོང་མའི་མངའ་དབང་སྒྱུར་སྐབས་སུ་ས་ལ་བོད་ཆོལ་ཁ་གསུམ་དང་མི་ལ་བོད་མི་ཞེས་གྲགས་པ་གསལ་བོར་བསྟན་པ་དང་། དེའི་རྗེས་དགའ་ལྡན་ཕོ་བྲང་པ་སྟེ་བོད་ས་གནས་སྲིད་གཞུང་གི་དབང་སྒྱུར་བྱས་སྐབས་ས་ལ་བོད་ཡུལ་མདོ་དབུས་ཁམས་གསུམ་དང་མི་ལ་བོད་མི་ཞེས་བརྗོད་པར་གསལ་ལོ། །
   སྒོས་སུ་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་ཡུལ་གྲུ་འདིའི་མིང་ནི། མུན་སེལ་སྒྲོན་མེ་ཞེས་བྱ་བ་ལས། ཤར་རྒྱལ་མོ་ཚ་བ་རོལ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་མིང་ཐོགས་དོན་ནི། བོད་ཀྱི་ཤར་ཕྱོགས་ཡིན་པས་ཤར། ལྷ་ཆེན་རྒྱལ་མོ་དམུ་རྡོའི་རི་རྒྱུད་དུ་ཡོད་པས་རྒྱལ་མོ། བོད་ཡུལ་གྱི་ཚ་བ་ཅུང་ཆེ་བའི་ས་ཡིན་པས་ཚ་བ། གྲོ་ནས་སྲས་གསུམ་ཐོན་པའི་རོང་ཁུལ་ཡིན་པས་རོལ་ཞེས་གྲགས་པ་ཡིན། ཞེས་གསུངས་སོ། །རྒྱལ་མོ་རོང་གི་ཡུལ་འདིར་འགྲོ་བ་མིའི་རིགས་བྱུང་ཚུལ་ནི། བོན་བླ་འཆི་མེད་ཚེ་དབང་རིག་འཛིན་གྱི་གསུང་ལས། དེ་ཡང་ཤར་ཕྱོགས་རྒྱལ་མོ་རོང་ཆེན་གྱི། །སྦས་པའི་རོང་བཞི་ཤོད་ཆེན་བཅོ་བརྒྱད་ལས། །འགྲོ་དོན་དུས་ཀྱི་ས་རྟགས་རིམ་པ་གསུམ། །སྦས་པའི་ཡུལ་དེར་ཤིང་ཁང་ཉལ་ཉིལ་ཆགས། །རི་ཀླུང་ཀུན་ལ་མི་ཡིས་གང་བའི་ཚེ། །ཟས་སུ་རི་དྭགས་ཤ་ཁྲག་སྲོག་ལ་འཚོ། །ཞེས་གསུངས་པ་ལྟར། དང་ཐོག་མིའི་འགྲོ་བ་བྱུང་ནས་ནགས་ཁྲོད་ཀྱི་ཤིང་ཁང་ཉལ་ཉིལ་དང་རི་ལུང་གི་བྲག་སྐྱིབས་སོགས་སུ་བསྡད། ཟས་ནི་རི་སྐྱེ་ལྡུམ་བུ་དང་རི་དྭགས་སོགས་བརྔོན་ནས་འཚོ་བ་སྐྱེལ་ཏེ་མི་ལོ་འབུམ་ཕྲག་མང་པོར་དེ་ལྟར་གནས་པར་མངོན་ནོ། །
   གདོད་མའི་མི་དེ་དག་ཞང་བོད་ཀྱི་རིགས་རུས་ཀྱི་ཕྱི་མོ་རྩ་བའི་རུས་ཆེན་བཞི་དང་མིའུ་གདུང་དྲུག་ཏུ་གྲགས་པའི་ནང་ཚན་ཅི་རིགས་སུ་གཏོགས་པ་ནི། མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས། ཚ་ཆུའི་རྒྱུད་དུ་བསྟན་པའི་ལྕགས་རི་ཚ་བ་ཁག་གསུམ་དུ་བསྔགས་པའི་རྒྱལ་ས་ཡོད། རྒྱལ་རོང་རྒྱལ་ཁག་ཐམས་ཅད་ཀྱི་རུས་སྦྲ་ཡིན་པར་བཤད། རིགས་དེར་ཚ་ཁོ་རང་སྐད་ལ་ང་ཤིས་ཙ་༼ངའི་སྦྲ་ཞེས་པ་སྟེ་རོང་མིའི་ཟུར་ཆག་གི་སྐད།༽ཟེར། དེ་ཡང་བོད་ཀྱི་རིགས་ལ་བསེ་རྨུ་ལྡོང་སྟོང་བཞི། རིགས་བཟང་རྣམས་ལ་སྔར་ཞང་བོ། ཕྱིས་ལྷ་རིགས་སྒོ། བསེ་རིགས་བཟང་རྣམས་ལ་བསེ་ཁྱུང་སྦྲ། འགག་དོག་མོ་གསུམ་དེ་སྦྲ་ལ་ཐོབ། སྦྲ་དཔའ་རྩལ་ཆ་བ་དེ་ཡི་དོན། ཞེས་པ་ལྟར། མདོ་ཁམས་རོང་ཆེན་བཞིའི་ནང་ཚན་རྒྱལ་རོང་འགག་དོག་ས་གསུམ་སྦྲས་ཐོབ། ཅེས་གསུངས་པ་ལྟར་རོ། །
   དེ་ནས་ཤར་རྒྱལ་མོ་རོང་གི་ལོ་རྒྱུས་དང་རིག་གནས་འཕེལ་ཚུལ་སོགས་ཀྱི་སྐོར་ནི། རྒྱལ་རོང་གི་ཡུལ་གྲུ་འདི་གནའ་དུས་སུ་ཞང་བོད་ཀྱི་ས་སྣེ་ཡིན་པའི་སྟབས་ཀྱིས་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གྱི་སྐབས་སུ་ཞང་ཞུང་བྱ་རུ་ཅན་བཅོ་བརྒྱད་ཡོད་པའི་ནང་ནས། ཏ་རོག་ཡུལ་གྱི་ལིག་ཝེར་གྱེར་གྱི་རྒྱལ་པོ་དང་། བདུད་འདུལ་དཔལ་གྱི་རྒྱལ་པོ་གཉིས་ཀྱི་མི་ཚོགས་དུ་མ་ཤར་རྒྱལ་མོ་རོང་དུ་ཡོང་བ་ནི། བོད་རྒྱལ་མོ་རོང་གི་ལོ་རྒྱུས་རབ་གསལ་མེ་ལོང་ལས། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱིས་ཞང་ཞུང་ཏ་རོག་ཡུལ་ནས་བདུད་འདུལ་དཔལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན་དང་ལིག་ཝེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན་གཉིས་ཀྱི་ཐུགས་རྒྱུད་བསྐུལ་བས་འཆད་པར། སྐྱབས་མེད་དགོས་ཐག་པ་ཤར་རྒྱལ་མོ་རོང་གི་འགྲོ་བའི་མགོན་དུ་འབྱོན་དགོས་པར་བཀའ་བསྩལ་ལོ། །ཞེས་གསུངས་སོ། །དེ་ལྟར་ལིག་ཝེར་གྱེར་གྱི་རྒྱལ་པོའི་གདུང་རྒྱུད་འོད་ལྡན་མི་དཀར་ཏེ་རྗེས་སུ་གནམ་གྱི་རྒྱལ་པོའམ་ནམ་མཁའ་རྒྱལ་པོར་འབོད་པ་དེ་ཉིད་ཀྱིས་སྣེ་ཁྲིད་བྱས་པའི་མི་ཚོགས་ཤར་རྒྱལ་མོ་རོང་དུ་བསྐྱོད་དེ། དེ་དག་གིས་ཆུ་ཆེན་ཀ་ལིང་ཀའི་ས་ཆར་མི་འགྱུར་བརྟན་བཅུ་འཛོམས་པའི་གཡུ་རྩེ་ཕོ་བྲང་དམར་པོ་ཞེས་པ་བཞེངས་ཏེ་རྒྱལ་རོང་སྤྱི་ལ་དབང་བསྒྱུར་བས། བཙན་ལྷ་རབ་བརྟན་རྒྱལ་པོའམ་ཤར་མི་ནུབ་རྒྱལ་པོ་ཞེས་གྲགས་སོ། །ལིག་ཝེར་ནས་ཡོང་བའི་མི་རྣམས་ཕོ་བྲང་གི་ཉེ་འདབས་སུ་བཞུགས་པས་ས་ཆ་དེའི་མིང་ཡང་ལིག་ཝེར་ཞེས་ཐོགས་ཏེ། ད་ལྟ་ཡང་ལིག་ཝེར་ཤང་ཞེས་ཟེར། ཏ་རོག་ཡུལ་གྱི་བདུད་འདུལ་བྱ་རུ་ཅན་གྱི་མི་རྣམས་མངའ་ཞབས་ག་ས་གར་བཞག་ནས་ཡུལ་ཚོ་སོ་སོའི་དཔོན་བྱེད་མཁན་མང་བས་ཏ་རོག་ཅེས་པ་དཔོན་གྱི་མིང་དུ་ཆགས་ཏེ། རྒྱལ་རོང་ཡུལ་དུ་དཔོན་པོ་རྣམས་ལ་ཏ་རོག་དང་། རང་གི་ཐད་ཀའི་དཔོན་ལ་ང་རོག་ཅེས་འབོད་སྲོལ་ཆགས་སོ། །ཞང་ཞུང་གི་མི་ཚོགས་འདི་དག་ཡོང་བའི་དུས་སྐབས་ནི་སྤྱི་ལོའི་སྔོན་གྱི་མི་ལོ་ཉིས་སྟོང་ཡས་མས་སུ་ངེས་ཏེ། ཞང་རྒྱལ་ཁྲི་ཝེར་ནི་ད་ཕན་མི་ལོ་༣༨༦༡འདས་པའི་དུས་སུ་བྱོན་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཡིན་པའི་ཕྱིར། དེ་ཡང་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་ལས། ལོ་གྲངས་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་འདས་པའི་སྔོན་རོལ་དུ་བྱུང་བའི་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར། ཞེས་གསུངས་སོ། །
   དེ་ནས་སྤྱི་ལོའི་སྔོན་གྱི་ལོ་སུམ་བརྒྱ་ཡས་མས་ཀྱི་སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱི་སྐབས་སུ་ཞང་ཞུང་ཁྱུང་གི་གདུང་རྒྱུད་ཐ་ལྟག་ཁྱུང་འཕགས་ཕྲ་མོ་དང་ལྷ་སྲས་གཡུང་དྲུང་ཡབ་སྲས་ཤར་རྒྱལ་མོ་རོང་དུ་བྱོན་ནས་ལྷ་མོ་མདངས་ལྡན་མ་ཁབ་ཏུ་བཞེས་ཏེ་སྲས་ཆེ་བ་ཀུན་སློང་བུ་ཙ་ཡུལ་སྐད་དུ་འཁུ་འཇོ་བུ་ཙ་ཡང་ཟེར། དེ་འོག་ཁྲོ་ཙ། དེ་འོག་དབང་ཙ། དེ་འོག་དགེ་ཤིས་ཙ་བཅས་གཡུང་དྲུང་བུ་བཞིར་གྲགས་པ་བྱུང་བ་ནི། བོན་གྱི་བསྟན་འབྱུང་ལས། ཐ་ལྟག་ཁྱུང་འཕགས་ཕྲ་མོ་ནི། །ཚེ་ཡི་རིག་འཛིན་ཆེན་པོར་གྱུར། །བོད་རྒྱལ་མང་པོའི་བླ་མཆོད་བྱས། །ཁྱད་པར་གཡུ་འབྲུག་སྔོན་མོ་ཞོན། །མདོ་སྨད་རྒྱལ་མོ་རོང་དུ་བྱོན། །ལྷ་མོ་མདངས་ལྡན་ཁབ་ཏུ་བཞེས། །དབུ་འབོར་གཡུང་དྲུང་བུ་བཞི་སོགས། །གྲོལ་ཏེ་བོན་སྲིད་རྒྱལ་སྲིད་སྤེལ། །ཞེས་གསུངས་སོ། །ཞིབ་ཕྲ་དམ་པ་ཁྱུང་གི་གདུང་རྒྱུད་ཤེལ་དཀར་མེ་ལོང་ལས་གསལ་བས་དེར་གཟིགས།
   དེ་ལྟར་རྒྱལ་མོ་རོང་དུ་ཞང་ཞུང་གི་མི་རྒྱུད་འབོར་ཆེན་ཐེངས་དུ་མ་ཐོན་པ་དང་། དེ་རྣམས་ཀྱིས་རང་ཉིད་ལ་ཀུ་རུའི་མི་ཟེར། ཀུ་རུ་ཞེས་པ་ནི་ཞང་ཞུང་སྐད་དུ་གནས་སྤོར་བའི་དོན་དེ། བོན་གྱི་ཁམས་ཆེན་སྟོང་ཕྲག་བརྒྱ་པའི་དཀར་ཆག་ལས། ཀུ་རུ་ཞེས་པ་འབྱོ་བའམ་གནས་སྤོར་བའོ། །ཞེས་གསུངས་སོ། །ཕྱིས་སུ་རྒྱལ་རོང་བོད་མི་རྣམས་ཀྱིས་ཀྱང་རང་ཉིད་ལ་ཀུ་རུ་ཞེས་ཟེར་ཏེ། དཔེར་ན། རྒྱ་མི་ལ་ཁེ་པ་ཟེར་བ་ནི་དང་ཐོག་འཕྲད་པའི་རྒྱ་མི་ཕལ་ཆེར་ཚོང་པ་ཁེ་ཟ་མཁན་ཡིན་པས་ན་མིང་དེ་ལྟར་བཏགས་པ་མངོན་ནོ། །
   དེ་ནས་སྤྱི་ལོ་དུས་རབས་དུན་པར་སྤུ་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་དབུས་གཙང་གི་དམག་དཔུང་འབོར་ཆེན་ཐེངས་དུ་མ་འདི་ཕྱོགས་སུ་དྲངས་པ་ནི། ཐང་ཡིག་རྙིང་མ་ལས། དེ་ནས་བྷོད་དམག་ཁྲི་ཚོ་ཉི་ཤུ་ལྷག་སུང་ཀྲེའུ་ནུབ་ཕྱོགས་སུ་སྒར་བཏབ། བྷོད་ནས་ཕོ་ཉ་བ་མངགས་ཏེ་གསེར་དང་རྒྱུ་ནོར་ཁྱེར་ནས་ཀོང་ཇོ་སློང་བ་ཡིན་ཟེར་ཞིང་། ཞེས་དང་། བོད་ཀྱི་ལོ་རྒྱུས་ཀུན་དགའ་མེ་ལོང་ལས། བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་མངའ་ཐང་རབ་ཏུ་རྒྱས་ནས་བོད་དམག་འབུམ་ཕྲག་དུ་མ་འདི་ཕྱོགས་སུ་དྲངས་ཤིང་མཐའ་མཚམས་སྲུང་བའི་བོད་དམག་འབུམ་ཁྲག་དུ་མ་གཏན་སྡོད་བྱེད་པའི་ས་གནས་བཙུགས། དེའི་དུས་སུ་མཐའ་མཚམས་སྲུང་བའི་དམག་མི་གཏན་སྡོད་བྱེད་པའི་བོད་མི་་ནི་རྒྱལ་མོ་ཚ་བ་རོང་གི་ས་གནས་ཀྱི་ཚ་ཁོ་ཞེས་གྲགས་པའི་བོད་མི་འདི་དག་ཡིན་ཏེ། ཕྱིས་སུ་རྒྱལ་ཕྲན་བཅོ་བརྒྱད་དུ་གྱེས་པ་ནི་བཀན་ཤན་ཡན་གྱི་ལུང་དགུའམ་མདོ་གླིང་རྒྱལ་པོ་ནས་ཁམས་ཀྱི་ལྕགས་ལ་རྒྱལ་པོའི་བར་གྱི་རྒྱལ་ཕྲན་རྣམས། ཞེས་གསུངས་སོ། །
   དེ་ནས་དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་དུ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་ཞང་ཞུང་གི་རྒྱལ་རབས་ཉམས་དམས་སུ་གྱུར་པ་དང་བོད་ཀྱི་བཙན་པོ་རྒྱལ་རབས་ཀྱི་སྟོབས་ཤུགས་ཆེས་ཆེར་སོང་བས་ཞང་རྒྱལ་སྐབས་ཀྱི་བཙན་ལྷ་རབ་བརྟན་རྒྱལ་པོའི་མངའ་དབང་ཇེ་ཆུང་དུ་གྱུར། བཙན་པོས་བོད་ཀྱི་བློན་པོ་ཁོ་འཕན་ཚེ་དབང་མགོན་པོ་དང་། རབ་བརྟན་རྒྱལ་པོའི་གདུང་རྒྱུད་རྫོང་འགག་སྲིབ་ངོར་ཟུར་བཞུགས་བྱེད་མཁན་མདོ་མགོན་རྒྱལ་ནག་པོ་གཉིས་རྒྱལ་རོང་ས་ཁུལ་གྱི་སྤྱི་ཁྱབ་དཔོན་དུ་བསྐོ་བཞག་བྱས་ཏེ། དེ་གཉིས་ཀྱི་བསྡུས་མིང་ལ་འཕན་བཞེར་དང་མདོ་བཞེར་ཞེས་བརྗོད། བཞེར་ཞེས་པ་ནི་གནའ་དུས་སུ་སྤྱི་ཁྱབ་དཔོན་གྱི་གོ་གནས་ཀྱི་མིང་ཡིན་པ་ཏུན་ཧོང་གཏེར་ཡིག་སོགས་སུ་གསལ། བཙན་པོའི་ཆབ་ཤོག་གི་ཁ་བྱང་ལ་རྒྱལ་མོ་ཚ་བ་རོང་གི་ཁོ་འཕན་ལ་ཞེས་པ་དང་། ཚིག་བསྡུས་ཏེ་ཁོ་འཕན་ལ་ཞེས་པ་བྱུང་བས་ཡུལ་གྱི་མིང་ཡང་ཚ་ཁོ་རུ་ཐོགས་པ་ནི། མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས། མདོ་ཁམས་རོང་ཆེན་བཞིའི་ནང་ཚན་རྒྱལ་རོང་འགག་དོག་ས་གསུམ་སྦྲས་ཐོབ། ཡུལ་དེར་སྔོན་རྒྱལ་པོ་མདོ་བཞེར་ནག་པོ་བྱུང་དུས་བཻ་རོ་ཙ་ན་ཕེབས། དེའི་སློབ་མ་གཡུ་སྒྲ་སྙིང་བོ་ཡང་ཚ་ཁོ། ཚིག་བསྡུས་པའི་དབང་གིས་མདོ་བཞེར་ནག་པོའི་རིགས་ལ་རྒྱལ་ནག་གདུང་རྒྱུད། ཞང་ཞུང་སྦྲ་རྒྱལ་ལ་ཞང་རྒྱལ་རྒྱུད་དང་། ཚ་རོང་རྒྱལ་པོ་ཁོ་འཕན་དུ་གྲགས་པ་བྱུང་བས་དེ་ལ་ཚ་ཁོ་ཟེར་བ་བྱུང་། ཞེས་དང་། རིན་ཆེན་གཏེར་མཛོད་ལས། རྒྱལ་མོ་ཚ་བ་རོང་གི་འཕན་བཞེར་དབང་ཆེན་རྒྱལ་པོ་ཚེ་དབང་མགོན་པོ་ལ་བཙུན་མོ་བདུན་དང་། ཕྱི་བློན་དང་ནང་བློན་བཅུ་ཡོད་ཀྱང་སྲས་མེད། མདོ་བཞེར་ལ་སྲས་གཉིས་བྱུང་བའི་ཆེ་བ་ལྕགས་མགོན་ཁྲི་དཔོན་ལ་འཕན་བཞེར་གྱིས་རྒྱལ་སྲིད་གཏད། ཅེས་གསུངས་སོ། །དེ་ནས་ཚ་ཁོ་རྒྱལ་པོའི་གདུང་རབས་མང་པོ་སོང་རྗེས། སྤྱི་ལོའི་དུས་རབས་བཅུ་གཉིས་ཡས་མས་ནས་གདུང་རྒྱུད་ཆད་དེ། དེ་ནས་བཟུང་རྒྱལ་རོང་ཡུལ་དུ་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གྱུར་ཏེ། སིལ་བུར་འཐོར་བའི་མགོ་བཙུགས་སོ། །
   དེ་ནས་རྒྱལ་རོང་ཚ་ཁོའི་བློན་འབངས་ཚ་ཁོ་རྒྱལ་པོར་སྤུ་རྒྱལ་བཙན་པོའི་གདུང་རྒྱུད་ཅིག་གདན་དྲངས་རྒྱུར་ཁ་འཆམ་སྟེ་རྡོ་ཁོག་གི་རྡོའི་ཤུགས་ཆེན་གྱི་རྡོའི་སྟག་མོ་ངུར་རྫོང་ནས་གཉའ་ཁྲི་བཙན་པོའི་གདུང་རྒྱུད་མདའ་དར་དཀོན་མཆོག་སྐྱབས་ཞེས་པ་དེ་ཉིད་གདན་དྲངས་པའི་ཚུལ་ནི། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ་ལས། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་སུམ་ཅུ་སོ་དྲུག་པ་འདུས་སྲོང་མང་པོ་རྗེ་རླུང་རླུང་རྣམ་འཕྲུལ་གྱི་རྒྱལ་པོའམ་ལྕེ་ཞེས་གྲགས་པ་དེའི་རིགས་ལས་ཆད་པ་ནི་མདོ་ཁམས་སྨད་ཀྱི་ཆར་གཏོགས་རྡོའི་ཤུགས་ཆེན་གྱི་ཕ་བོང་རྡོའི་སྟག་མོ་ངུར་རྫོང་དུ་རྒྱལ་ཁབ་བྱ་མཁན་ལྷུ་བཞེར་མགོན་རྒྱལ་ནག་པོ་ཞེས་པ་དེ་ཡིན་ཞིང་། དེའི་རྒྱུད་པ་སྟག་ཐོག་གོང་རྒྱལ་ནི་རྟ་ནག་གི་བསྲུང་ཁྲ་བརྒྱན་པ་དང་། གཟུགས་ཆས་ཀྱི་གོས་བཀྲ་བའི་སྦྲ་ནག་དགུང་སྟོང་ཡན་གྱི་བདག་པོར་གྲགས་པ་དང་། དེའི་རྒྱུད་པ་མདའ་དར་དཀོན་མཆོག་སྐྱབས་ནི་ཤར་ལུང་ཆེན་བཅོ་བརྒྱད་ཁྲི་སྐོར་བཅུ་གཉིས་ཀྱི་བདག་པོར་གྱུར། ཞེས་གསུངས་སོ། །མདའ་དར་དཀོན་མཆོག་སྐྱབས་ཟེར། དེ་ཉིད་གདན་དྲངས་ནས་རོང་ཁུལ་ས་དོག་སར་བཞུགས་མ་འདོད་པས་རོང་མ་འབྲོག་གི་ས་ཆ་ལྷ་རྒྱལ་གླིང་དུ་རྒྱལ་ས་བཅས་ནས་བཞུགས། དེའི་སྲས་ཚེ་མགོན་ལེགས་པས་སོ་མང་དུ་རྒྱལ་ས་སྤོར་བས་སོ་མང་རྒྱལ་པོ་ཞེས་པ་བྱུང་ཞིང་། རིམ་གྱིས་ཚ་བ་ཁག་གསུམ་མམ་བཞིར་གྲོལ་ལོ། །
   དེ་ལྟར་སྟོན་པ་གཤེན་རབ་མི་བོ་ཆེའི་སྦྱིན་བདག་ཞང་རྒྱལ་ཁྲི་ཝེར་གྱི་སྐབས་སུ་ཞང་ཞུང་ཏ་རོག་ཡུལ་གྱི་བྱ་རུ་ཅན་གཉིས་ཀྱི་མི་ཚོགས་རྒྱལ་རོང་དུ་ཐོན་པ་ནས་བཟུང་རྒྱལ་མོ་རོང་དུ་གཡུང་དྲུང་བོན་གྱི་ཆོས་དར་མགོ་ཚུགས་ཤིང་། བན་དེའི་ཆོས་ཀྱང་བསྟན་པ་སྔ་དར་གྱི་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ལོ་ཆེན་བཻ་རོ་ཙ་ན་རྒྱལ་རོང་དུ་ཕེབས་པ་ནས་བཟུང་དར་མགོ་ཚུགས། ཁྱད་པར་དུ་བཻ་རོ་ཙ་ནས་གསང་སྔགས་རྙིང་མའི་ཆོས་ཀྱི་སྙིང་པོ་མན་ངག་རྫོགས་པ་ཆེན་པོ་ཐོག་མར་རྒྱལ་མོ་རོང་དུ་དར་བར་མཛད་པས་རྫོགས་པ་ཆེན་པོ་དར་བའི་ཡུལ་དང་པོ་ཤར་རྒྱལ་མོ་རོང་ཡིན་པར་གྲགས་སོ། །གཞན་ཡང་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ་ལས། རྒྱལ་རོང་ཕྱོགས་འདི་རྒྱ་ཆེ་ཞིང་མི་རྣམས་བློ་རྣོ་བས་དགེ་བཤེས་ཐོན་པ་མང་། ཞེས་གསུངས་པ་ལྟར་ཡུལ་འདིར་བོན་བན་གྱི་མཁས་གྲུབ་མང་པོ་བྱུང་སྟེ། དཔེར་ན། རྗེ་འབངས་ཉེར་ལྔའི་ཡ་གྱལ་གཡུ་སྒྲ་སྙིང་བོ་དང་། རོང་སྟོན་སྨྲ་བའི་སེང་གེ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན། ཚ་ཁོ་མཁན་ཆེན་ངག་དབང་གྲགས་པ། རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན། དབུས་ཀྱི་དགའ་ལྡན་གསེར་ཁྲིར་ཕེབས་མཁན་ཡང་བཅུ་ཕྲག་ལ་ཉེ་བ་བྱུང་། དེ་དག་གི་ནང་ནས་དགའ་ལྡན་ཁྲི་ཟུར་རྒྱལ་རོང་བ་བློ་བཟང་མཁྱེན་རབ་དབང་ཕྱུག་བོད་ཀྱི་སྲིད་སྐྱོང་ལ་ཕེབས་ཏེ། བོད་ཀྱི་རྒྱལ་པོ་མཁྱེན་རབ་དབང་ཕྱུག་ཅེས་གྲགས་ཆེ་བ་དེ་སོགས་བྱུང་ངོ་། །
   གཞན་ཡང་། རྒྱལ་རོང་ཡུལ་གྱི་ས་གནས་རང་བཞིན་གྱི་རིག་རྩལ་སྒྱུ་རྩལ་དུ་མ་མཆིས་ཏེ། དཔེར་ན། བཟོ་རྩལ་ཁྱད་དུ་འཕགས་པའི་ཁྱིམ་ཚང་གི་རྡོ་ཁང་གྲུ་བཞི་ལ་ལུང་ཀུན་ཏུ་ཁྱབ། མཁར་རྫོང་མཐོན་པོ་གནམ་ལ་ཟུག་པ་ལྟ་བུ་རི་ཀླུང་ཀུན་ཏུ་མཆིས། གནའ་སྔ་མོར་སྒོ་ལྡོང་མཐུ་ཆེན་ཞེས་པའི་ཟློས་གར་ལོ་རེ་བཞིན་ཆུ་ཆེན་ལྷ་སྟེང་དང་དམ་བྷ་སོགས་སུ་འཁྲབ་སྟོན་བྱས། ཚེ་རིང་རྣམ་དྲུག་གི་ཟློས་གར་ཞེས་པ་གསར་གཏོད་བྱས་ནས་རྫོང་འགག་རྒྱལ་པོའི་སྐུ་རིམ་ཆེན་མོར་འཁྲབ་སྟོན་བྱས། ཡང་འབག་དང་། གསོབ། འཇིམ་བཟོ། ཤིང་བཟོ། བརྐོས་རིས། ལྡེབ་བྲིས། རྫ་བཟོ། གསེར་དངུལ་ཟངས་ལྕགས་ཀྱི་མགར་བླུག་སོགས་ཐུན་མོང་མ་ཡིན་པའི་བཟོ་རྩལ་ཁྱད་དུ་འཕགས་པ་ཡུལ་ཁམས་གཞན་དུ་མཐོང་དཀོན་པ་ལྟ་བུ་མང་སྟེ། དཔེར་ན་ཟངས་རིགས་ཀྱི་ལུགས་མ་བུམ་ཆེན་ཏེ་བོད་སྐད་དུ་པེན་ཅེན་ཞེས་པ་བཀྲ་ཤིས་རྟགས་བརྒྱད་དམ་རིན་ཆེན་སྣ་བདུན་གྱི་འབུར་རིས་མ་སྤུངས་ལེགས་ངོ་མཚར་ཅན་དང་། ཀི་དམ་ཞེས་པ་ཟངས་ལུགས་མའི་དམ་བེ་ཁྱད་མཚར་ཅན་དང་། ཁ་སྦལ་ཀི་དམ་ཞེས་པ་ཟངས་ལུགས་མ་སྦལ་རིས་འབུར་དོད་ཅན་གྱི་དམ་བེ་ཆེ་ཆུང་ཤིན་ཏུ་ལྟ་ན་སྡུག་པ་དང་། ལྕགས་པ་སྟེ་གྲི་རིང་ཤང་ལང་དང་། གཟར་གྲི་སྟེ་གྲི་ཐུང་གཡུ་བྱུར་གྱི་ཕྲ་རྒྱན་ཅན་སོགས་བཟའ་ཆས་དང་རྒྱན་ཆས་ཀྱི་བཟོ་རྩལ་ཁྱད་དུ་འཕགས་པ་མང་ངོ་། །
   དེ་ལྟར་སྨུག་པོ་བོད་པའི་རུས་རྒྱུད་བསྙོན་དུ་མེད་པ་ཤར་རྒྱལ་མོ་རོང་གི་མི་རྣམས་ནི་ལས་ལ་བརྩོན་ཞིང་ཁྲེལ་གཞུང་ལྡན་པ་དང་། བློ་རིག་རྣོ་ལ་དཔའ་ངར་ཆེ་བས་རྒྱལ་ཡོངས་སུ་སྙན་པའི་གྲགས་པ་འབར། ཁོ་ཚོས་ལོ་རྒྱུས་འཕེལ་རིམ་ནང་དུ་མདོ་དབུས་ཁམས་གསུམ་དུ་གནས་པའི་རང་རིགས་མི་དམངས་རྣམས་དང་ཆབས་ཅིག་ཏུ་འོད་སྟོང་འབར་བའི་ཞང་བོད་ཀྱི་ཤེས་རིག་གསར་སྐྲུན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་དུ་བྱས་རྗེས་གསུབ་ཏུ་མེད་པ་བཞག་ཡོད་པར་མ་ཟད། ཐུན་མོང་མ་ཡིན་པའི་ས་ཁུལ་རང་བཞིན་གྱི་རྒྱལ་མོ་རོང་གི་རིག་གནས་ཀྱང་བསྐྲུན་ཡོད་ལ། ཁྱད་པར་དུ་རྒྱལ་རོང་བོད་མི་ཚོས་ལོ་རྒྱུས་ཐོག་ཏུ་རང་རྒྱལ་གྱི་སྤུན་ཟླའི་མི་རིགས་གཞན་དག་དང་དཔུང་གདང་མཉམ་སྦྲེལ་གྱི་སྒོ་ནས་བཀས་བཀོད་རྒྱུད་འཛིན་གོང་མའི་ལམ་ལུགས་ཀྱི་དྲག་གནོན་ལ་ངོ་རྒོལ་དང་། མེས་རྒྱལ་མཐའ་མཚམས་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཤར་ཕྱོགས་ཐའེ་ཝན་རྒྱ་མཚོ་ཆེན་པོའི་བས་མཐའ་ནས་ནུབ་ཕྱོགས་བལ་པོའི་ས་མཚམས་སུ་མ་རུང་ཕྱི་དགྲའི་བཙན་འཛུལ་འགོག་རྒོལ་དུ་བསྐྱོད་དེ་དཔའ་ངར་ཆེར་བསྐྱེད་དང་རང་སྲོག་ཕར་བསྡོས་ཀྱིས་དགྲ་བོར་རྡུང་རྡེག་བཏང་སྟེ། ཁེངས་དྲེགས་རང་རློམ་ཅན་གྱི་སྡང་དགྲའི་སྙིང་རྩ་འདར་བར་བྱས་ཤིང་། དཔའ་མཛངས་རྟུལ་ཕོད་ཀྱི་སྙན་པ་འཛིན་མའི་ཁྱོན་ཀུན་ལྡིར། མེས་རྒྱལ་འཛུགས་སྐྲུན་གྱི་བྱ་གཞག་རླབས་པོ་ཆེའི་ཁྲོད་དུའང་ཁོ་ཚོས་བློ་རྩལ་དང་ནུས་ཤུགས་ཡོད་རྒུ་ལེགས་སྐྱེས་སུ་ཕུལ་ཏེ་གྲུབ་འབྲས་གཟེངས་སུ་ཐོན་པ་བླངས་དང་ལེན་བཞིན་པ་ལགས་སོ། །དེ་ལྟར་རྒྱལ་རོང་ཆུ་ཆེན་རབ་བརྟན་གྱི་ཡུལ་མཆོག་དེ་ནི། དེ་སྔོན་ཞང་ཞུང་བོན་གྱི་རིག་གནས་དར་ཡུལ་གྱི་ལྟེ་བ་ཡིན་པར་མ་ཟད། གནའ་ནས་ད་ལྟའི་བར་དུ་རྒྱུད་འཛིན་བྱེད་ཐུབ་པའི་ཡུལ་ཞིག་ཀྱང་རེད། འདིར་རང་གི་རེ་བ་ཞིག་ཡོད་པ་ནི། ད་དུང་མུ་མཐུད་ནས་དོན་དངོས་དང་མཐུན་པའི་ཞང་ཞུང་བོན་གྱི་རིག་གནས་དར་སའི་ཡུལ་ཞིག་ཏུ་གྱུར་པའི་རེ་བ་ཡོད། དེས་ན་སྐད་དང་ཡི་གེ་ནི་མི་རིགས་ཤིག་གནས་ཐུབ་མིན་གྱི་བླ་སྲོག་ཅིག་ཡིན་པ་ཀུན་གྱིས་བཞེད་པ་མཐུན་ཞིང་། འདིའི་ཐད་རྒྱལ་རོང་ས་ཁུལ་དུ་ཉམས་རྒུད་དུ་འགྲོ་དང་འགྲོ་བཞིན་ཡོད་ལ། དེའི་ཕྱིར་ཆུ་ཆེན་ས་ཁུལ་དུ་མགྱོགས་མྱུར་གྱི་ཆ་རྐྱེན་གང་འཚམས་ལྡན་པའི་སློབ་གྲྭར་རྒྱ་བོད་སྐད་གཉིས་ཡི་གེའི་སློབ་ཁྲིད་འཛུགས་ཐུབ་པའི་རེ་བ་ཡང་ཡོད། སྤྱིར་ན་མདོ་དབུས་ཁམས་གསུམ་དུ་སོ་སོའི་བོད་ཡིག་སྦྱོར་ཀློག་བྱེད་སྟངས་རེ་ཡོད་པ་དེ་བཞིན་དུ། རྒྱལ་རོང་ས་ཁུལ་དུའང་རང་གི་སྐད་དང་མཐུན་པའི་སྦྱོར་ཀློག་བྱེད་སྟངས་ཤིག་ཡོད་ལ། དེ་ནི་ད་ལྟའི་དུས་སུ་དེའི་རྒྱུན་འཆད་ལ་ཁད་དུ་འདུག་པས། དེའི་ཐད་རོང་ཁུལ་གྱི་བོད་ཡིག་དགེ་རྒན་རྣམས་ལ་དངོས་སྤྲོད་བྱེད་ཚེ་ནུས་ཤུགས་གང་ཡོད་འབུལ་བའི་མོས་འདུན་ཡོད་ལགས། །

༢༠༡༥ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་སྤྱི་དེབ་དགུ་བ་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།