རྡོ་བརྐོས་ཀྱི་དགེ་མཚན་གླེང་བ།
[ཟླ་ཚེས། 2016-04-27 19:45:03][རྩོམ་པ་པོ། གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྡོ་བརྐོས་སྤྱི་ཡི་འཕེལ་རིམ།
སྤྱིར་བཏང་རྡོ་བརྐོས་རིག་པ་ནི་བོད་ཀྱི་སྐད་དུ་བཅུ་ཕྲག་རིག་པ་ཞེས་པའི་ནང་ཚན་བཟོ་རིག་པའི་ཁོངས་སུ་གཏོག་སྙམ། སྤྱིར་རྡོ་བརྐོས་ནི་བོད་ཡུལ་ཙམ་མ་ཚད་ཡུལ་གཞན་ལའང་གནའ་སྔོན་ནས་ཆེ་ཆེར་དར་ཡོད་དེ། འཛམ་གླིང་སྟེང་ཆེས་གྲགས་ཆེ་བའི་ཨ་རབ་དང་རྒྱ་གར་ཡུལ་གྱི་རྡོ་བརྐོས་སོགས་ཀྱིས་ཤེས་ནུས། རྡོ་བརྐོས་རི་མོའི་ཐད་ལ་ཆེས་རྙིང་པ་དག་ནི་ཡར་ཐོག་མིའི་བྱ་སྤྱོད་དང་ཡུལ་གྱི་ཆགས་སྟངས་སོགས་དང་། དེ་ལས་ཅུང་ཕྱིས་པ་རྣམས་ནི་རྒྱལ་རྒྱུད་དང་ནུས་པོ་ཆེ་རྣམས་ཀྱི་ལོ་རྒྱུས་ས་ཚིགས་དང་ཆིངས་ཡིག་དག་རེད། དེ་ལས་ཕྱིས་པའམ་ཡང་ན་གོང་གཉིས་ལས་བརྗོད་བྱ་མི་འདྲ་བ་ཞིག་བྱུང་བ་ནི། ཆོས་ལུགས་ཀྱི་ནང་དོན་གཙོ་བོར་བཟུང་ནས་འབྲི་བཀོད་བྱས་པ་དེ་དག་རེད། མདོར་ན་དུས་རིམ་མི་འདྲ་བ་གསུམ་ཙམ་ལ་སྦྱར་ཏེ་གླེང་ཆོག
དུས་རིམ་སྔ་མ་ནི་འཛམ་གླིང་གི་ཤར་ནུབ་གང་ས་ནས་རྙེད་ཀྱིན་ཡོད་ལ། ལྷག་དོན་ལྷོ་གླིང་ཨ་ཕྷི་རི་ཁ་དང་ནུབ་གླིང་དབུས་མ། ཨ་རིའི་བྱང་གླིང་། དེ་བཞིན་ཤར་གླིང་ཨེ་ཤ་ཡའི་ཁ་ཆེའི་ཡུལ་གྲུ་དང་དབུས་གླིང་རྒྱ་གར། དེ་བཞིན་མཐོ་སྒང་བོད་ཡུལ་སོགས་ནས་རྙེད་ཀྱིན་ཡོད། རྡོ་བརྐོས་རི་མོ་དེ་དག་ནི་གཙོ་བོ་གོང་སྨྲས་ལྟར་ཡར་ཐོག་སྐབས་དེའི་མིའི་འཚོ་བ་མཚོན་པའི་རི་མོ་སྟེ་རི་དྭགས་རྔོན་པ་དང་། ཤིང་ཏོག་འཐུ་བ། རུ་ཚོ་ནས་རུ་ཚོར་འཐབ་པ། དེ་བཞིན་ཡུལ་གྱི་ཆགས་ཚུལ་མཚོན་པའི་རི་མོ་དཔེར་ན། ཆུ་རྒྱུག་པ་དང་། ཤིང་ནགས་སྐྱེས་པ། མེ་རི་འཕྱུར་བ་སོགས་ཀྱི་གཟུགས་རིས་ཕལ་ཆེར་ཝ་མའམ་ཀོང་མའི་རིགས་ཡིན། དེ་དག་དར་བའི་འགོ་གང་ནས་ཚུགས་ཡོད་མེད་ཚན་རིག་པ་ཚོས་གཅིག་ཏུ་ངེས་པ་ཞིག་ཤོད་ཀྱིན་མེད་ཀྱང་། རྡོ་ཆས་སྤྱོད་པའི་དུས་རབས(ལྷོ་ཨ་ཕྷི་རི་ཀའི་ཨི་ཐོ་པི་ཡ་Ethiopia)རྒྱལ་ཁབ་ནས་ཕྱི་ལོ་༡༩༩༩ལོར་སེམས་ཅན་གྱི་རུས་པའི་སྟེང་རྡོ་ཡིས་དབྱིབས་རིས་བྲིས་པའི་འགྱུར་རྡོ་རྙེད་ནས་ཞིབ་འཇུག་བྱས་འབྲས། རྡོ་ཆས་དུས་རབས་ནི་མི་ལོ་ས་ཡ་གསུམ་དང་ཚག་བཞི(3.4 Million)ལྷག་ཕྱིན་ཡོད་པར་བཤད། འོན་ཀྱང་རྡོ་ཆས་དུས་རབས་བར་མ་ནི་ཕྱི་ལོའི་གོང་གི་ལོ་༡༥༠༠༠ནས་༡༠༠༠༠བར་ཙམ)བར་མའི་སྐབས་ནས་ཆེས་ཚད་ལོན་པའམ་འཕེལ་རྒྱས་སུ་ཕྱིན་ཡོད་པར་འདོད་ཆོག་པ་ནི་དེང་ས་འོག་ནས་རྙེད་པའི་སྐབས་དེའི་རྡོ་ཆས་ཏེ་དཔེར་ན། ཏུར་ཁེའི་ཡུལ་གྱི་འཛམ་གླིང་གི་ལྷ་ཁང་ཐོག་མ་འབོད་པའི་གྷུ་བྷེག་ལི། ཏེ་པེ(Göbekli Tepe 10,000 BC)ཡི་རྡོ་བརྐོས་དང་བཟོ་བཀོད་ཁོ་ནས་རྟོགས་ནུས།
དུས་རིམ་བར་མ་ནི་རྒྱལ་རྒྱུད་རིང་ལུགས་དང་ནུས་པོ་ཆེ་དག་གིས་དབང་བསྒྱུར་འོག་རྒྱལ་ཁབ་ཕན་ཚུན་ས་སྐོར་ལ་ཆིངས་ཡིག་བཞག་པའམ་ཡང་ན། ཆབ་འབངས་གོང་འོག་དང་སྡེ་རིགས་སོར་འབྱེད་བྱེད་པ་སོགས་ལ་བཀས་བཅད་པའི་མནའ་ཚིག་ཡི་གེ་དང་རྟགས་རིས་འདྲ་མིན་རྡོ་བརྐོས་བྱས་པ་རྣམས་རེད། དེ་དག་གི་དཔེར་མཚོན་རྙིང་ཤོས་ནི་སུ་མཱ་རེན(Sumerian དེང་ཨི་རག་དང་ཀུ་ཝི་ཏིའི་རྒྱལ་ཁོངས)ས་ཁུལ་ནས་རྙེད་པའི་རྡོ་བརྐོས་ཡིག་རིགས་དང་། ནུབ་ཕྱོགས་ཡོ་རུབ་ཁུལ་རོ་མན་ནི་ཡ་དང་གྷི་རིག་སོགས་ནས་ཐོན་པའི་རྡོ་བརྐོས་ཡིག་རིགས་རྣམས་ནི་ཕྱི་ལོའི་གོང་གི་ལོ་༥༥༠༠ནས་༣༥༠༠(5500 BC to 3500 BC)བར་བརྐོས་པ་ཡིན་པར་སྨྲས། དེ་དང་ཆ་འདྲ་བའི་ཕྱི་ལོའི་གོང་གི་ལོ་༢༥༠༠ནས་༢༣༠༠བར་བྱུང་བའི་རྒྱལ་པོ་མྱ་ངན་མེད་ཀྱི་གཙོས་རྒྱ་གར་གྱི་རྒྱལ་པོ་ཚོས་བཙུགས་པའི་རྡོ་བརྐོས་རྡོ་རིང་དང་མནའ་ཚིག་རྡོ་བརྐོས་ཁག་རེད།
དུས་རིམ་ཕྱི་མ་ནི་ནུབ་ཕྱོགས་ཡུལ་དུ་ལོ་༡༥༠༠ཡས་མས་གོང་ནས་ཡི་ཤུ་དང་ཁ་ཆེའི་གསུང་རབ་ནང་གི་གལ་ཆེའི་ཚིག་རྣམས་བྱང་བུ་འདྲ་མིན་དང་རྡོ་ཤིང་སོགས་ཀྱི་ངོས་བྲིས་ཡོད་པར་འདོད་ལ། དེ་བཞིན་ཆོས་ལུགས་གཞན་གྱི་རྗེས་འཇུག་ཚོས་ཀྱང་དར་རིམ་བཞིན་རྡོ་ཤིང་ཟངས་ལྕགས་སོགས་ཀྱི་བྱང་བུའི་ངོས་སུ་ཆོས་ལུགས་ཀྱི་གནད་ཚིག་རྣམས་བྲིས་ཡོད་པ་དེང་འགྲེམས་སྟོན་ཁང་སོགས་ནས་མཇལ་ཐུབ།
ཞང་བོད་ཁུལ་གྱི་རྡོ་བརྐོས།
རང་རེ་བོད་གངས་ཅན་ལྗོངས་འདིར་མཚོན་ན་རྡོ་བརྐོས་རི་མོའི་སྐོར་རང་ཕྱོགས་ནས་ཞིབ་འཇུག་བྱེད་པའི་གོམ་འགོ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ཙམ་ནས་གཞི་ནས་ཚུགས། ཡིན་ནའང་ནུབ་ཕྱོགས་ཀྱི་མཁས་པ་མང་པོ་ཞིག་གིས་དུས་རབས་བཅུ་དགུ་བའི་མཇུག་ནས་བོད་ཁུལ་གྱི་རྡོ་བརྐོས་སྐོར་ལ་ཞིབ་འཇུག་བྱས་ཟིན། རྡོ་བརྐོས་ཀྱི་དུས་རིམ་སྔ་མ་ནི། གནའ་སྲིད་པ་ཆགས་ནས་རིམ་པར་ཡུལ་ལུང་གཞན་དང་འདྲ་བར་མིས་རྔོན་བདས་པ་དང་ཕྱུག་འཚོ་བ། རི་སྐྱེས་རྩི་ཏོག་དང་རང་བྱུང་ལྡུམ་རིགས་སོགས་འཚོ་བའི་ཆེད་དུ་སྤྱོད་ཀྱིན་ཡོད་པའི་གཟུགས་རིས་བྲག་བརྐོས་བྱས་པ་ནི་བོད་ཡུལ་རུ་ཐོག་དང་རྩ་མདའ། གུ་གེ་སོགས་ཏེ་གཙོ་བོ་ཞང་ཞུང་མངའ་རིས་གངས་ཏི་སེའི་མཐའ་རྒྱུད་ནས་རྙེད་པའི་རྡོ་བརྐོས་དག་ཡིན། བྲག་བརྐོས་རི་མོའི་སྣང་བརྙན་ལ་དཔྱད་ཚེ་མ་མཐའ་ཡང་མི་ལོ་༡༠༠༠༠ཡར་སྔོན་ནས་བྲིས་པ་དཔོགས་ཐུབ་སྟེ། རི་མོ་དེ་དག་ལས་ཡ་ཐོག་གནའ་མིའི་འཚོ་བ་སྐྱེལ་སྟངས་རུབ་ཙམ་ང་ཚོ་ལ་ཤེས་སུ་འཇུག་པས་རེད།
དུས་རིམ་བར་མ་ནི། ད་ལྟའི་ཆར་ཡིག་ཐོག་ཏུ་གསལ་བ་འགའ་སྟེ། (དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས)དང་། (རྒྱལ་རབས་གསལ་བའི་མེ་ལོང་) (ཆོས་འབྱུང་མཁས་པའི་དགའ་སྟོན་)སོགས་ནས་ལྷ་སའི་སྐུ་མཁར་མ་རུ་རྩེའི་རྡོ་ཕ་བོང་ལ་བརྐོས་པའི་ཡི་གེ། ཐོན་མིས་སྲོང་བཙན་ལ་བསྟོད་པའི་མལ་གྲོ་གངས་དཀར་བཙུན་མོ་ཚལ་དགོན་པའི་འཇན་ཁོག་ལྷ་ཁང་གི་བྲག་ངོས་རྡོ་བརྐོས་སོགས་ཡོད་པར་བཤད། དེ་དང་ཆ་འདྲ་བ་ང་ཚོས་མཐོང་ཐོས་ཡོད་པ་ཕྱི་ལོ་༦༥༨ལོར་ཐང་གི་ཕོ་ཉ་ཝང་ཞོན་ཙང་གིས་བརྐོས་པར་གྲགས་པའི་སྐྱིད་གྲོང་ཕྱོགས་ཀྱི་ཨ་པ་རྒྱ་བའི་བྲག་བརྐོས་ཡི་གེ(རྒྱ་ཡིག)ཕྱི་ལོ་༨༢༣ལོར་བཙུགས་པར་གྲགས་པའི་ལྷ་སའི་ཁྲང་ཆིང་རྡོ་རིང་གི་ཡི་གེ་དང་བསམ་ཡས་རྡོ་རིང་། སྐྱེ་རྒུ་མདོའི་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་ཀྱི་རྡོ་བརྐོས་ཡི་གེ། དེ་མིན་བཙན་པོ་རིམ་བྱོན་གྱི་སྐུ་རིང་ལ་བོད་ཀྱི་མཐའ་འཁོར་རྒྱལ་ཁབ་ཁག་ལ་ཆིངས་ཡིག་དང་མནའ་ཚིག་རྡོ་རིང་ཡི་གེ་བརྐོས་པ་སོགས་བོད་ཡུལ་ལ་མིང་དུ་གྲགས་པའི་རྡོ་རིང་རྐྱང་པ་བཅོ་ལྔ་ཙམ་ཡོད་པར་གྲགས། དེ་མིན་བྲག་བརྐོས་ཡི་གེ་དང་འབྲེལ་བའི་སྐོར་གཟིགས་འདོད་ཡོད་མཁན་ཚོས་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་བརྩམས་པའི(སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ།)ཞེས་པ་ལ་གཟིགས་དགོས།
དུས་རིམ་ཕྱི་མ་སྟེ་ཆོས་ལུགས་ཀྱི་ནང་དོན་བཅུག་པའི་རྡོ་བརྐོས་རི་མོ་སྟེ་ད་བར་ཡིག་ཐོག་ཏུ་འཁོད་པ་སྔ་ཤོས་ནི་གོང་སྨྲས(རྒྱལ་རབས་གསལ་བའི་མེ་ལོང)ལས། སྐུ་མཁར་མ་རུ་རྩེའི་ཞབས་འོག་རྡོ་ཕ་བང་ལ་ཐོན་མིས་བྲིས་པའི་མ་ཎི་འབྲུ་དྲུག་ཡོད་ཟེར་བ་དང་། (ཆོས་འབྱུང་མཁས་བའི་དགའ་སྟོན)ལས་ཀོང་ཇོ་བོད་དུ་ཡོང་སྐབས་ཁམས་བྲག(བྲག་གཡབ་རྫོང་བྱམས་མདུན་ཆུས་རི་མདའ)ལོག་ལ་རྒྱས་བའི་དབུ་དུམ་དང་། བཟང་སྤྱོད་བརྐོས། རྡོ་སྐུ་ཁྲུ་བརྒྱད་ཅུ་པ་བརྐོས། ཞེས་སོགས་གསལ་བ་དེ་དག་ཡིན་པར་གྲགས། དེ་དང་ཆ་འདྲ་བའི་མིང་རྒྱལ་རབས་སྐབས་སུ་ཆོས་དང་འབྲེལ་བའི་རྟེན་སྐུ་དང་བླ་དཔོན་སོགས་ལ་བསྟོད་པའི་བོད་ཡིག་རྡོ་རིང་བཅུ་གཅིག་ཙམ་བཙུགས་ཡོད་པར་སྣང་སྟེ། ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི(བོད་ཡིག་རྡོ་རིང་ཞིབ་འཇུག)ལས། "མིང་གི་རྒྱལ་པོ་སོ་སོས་བཀའ་ཡི་སྒོ་ནས་དམ་པའི་ཆོས་ཀྱི་རྟེན་དང་བརྟེན་པ་གསར་བཞེངས་དང་ཉམས་གསོ་མཛད་པ་དང་། སངས་རྒྱས་དང་སངས་རྒྱས་བསྟན་པའི་ཡོན་ཏན་ལ་བསྔགས་ཤིང་། སངས་རྒྱས་ཀྱི་ཆོས་དང་བོད་ཀྱི་བླ་སྤྲུལ་མཆོག་ཏུ་བཟུང་བ། བསྟན་འགྲོའི་དོན་དུ་ཕན་བདེ་ལེགས་ཚོགས་བསགས་ཚུལ་སོགས་ཡིན།" ཡིན་ཞེས་བཤད་ཡོད། དུས་རིམ་ཕྱི་མའི་སྐབས་ཀྱི་རྡོ་བརྐོས་ནང་དུ་སྒྱུ་རྩལ་ཚད་མཐོ་བའི་དཔེར་ན་ལྷ་སྐུ་དང་མཆོད་རྟེན། དེ་བཞིན་དཀྱིལ་འཁོར་ཡིག་རིགས་སོགས་སྒྲོས་དག་པོ་དང་ཞིབ་ཚག་བརྐོས་པ་མང་།
ཡིན་ནའང་བོད་གངས་ཅན་ལྗོངས་འདིར་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་མ་དར་གྱི་སྔོན་ཏེ་ཕྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་ལ། བོད་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ངོ་མ་ནི་གཡུང་དྲུང་བོན་ཡིན་རྩང་དེའི་ཁྱབ་ཁོངས་ནས་རྡོ་བརྐོས་ཡི་གེའི་ལུགས་ཡོད་མེད་དཔྱད་གཞི་གལ་ཆེན་ཞིག་རེད་སྙམ། དེའང་བོན་ལུགས་ལྟར་བོད་རྗེ་གཉའ་ཁྲི་བྱོན་ཚུལ་འཁོད་པའི་ཀོང་པོ་གཡུང་དྲུང་འཛིན་གྱི་རྡོ་རིང(ཡོངས་གྲགས་དེ་མོའི་བྲག་བརྐོས་ཟེར)དང་། དེ་མཚུངས་ལོ་ཤས་རིང་ཞང་ཞུང་མངའ་རིས་ས་ཁུལ་ནས་རྡོ་བརྐོས་རི་མོ་དང་ཡི་གེ་འགའ་ཞིག་རྙེད་ཡོད་ཚོད་འདུག་ལ། དེ་དག་མང་པོ་ཞིག་གནའ་བོའི་ཞང་ཞུང་གི་ཤེས་རིག་གམ་བོན་གྱི་རིག་གཞུང་གི་བརྗོད་བྱ་མང་པོ་ཞིག་འཁོད་ཡོད་པ་འདྲ། དཔེར་མཚོན་ནི། ལོ་རབས་དགུ་བཅུ་བའི་དཀྱིལ་ཙམ་ནང་མངའ་རིས་རུ་ཐོག་ནས་ལོ་ངོ་སུམ་སྟོང་གོང་གི་ལོ་རྒྱུས་ལྡན་པའི་བོན་འབྲེལ་སྨན་དཔྱད་སྐོར་གྱི་བྲག་བརྐོས་ཡི་གེ་རྙེད་པའི་སྐོར(གངས་རྒྱན་མེ་ཏོག)གི་དུས་དེབ་ཅིག་ཏུ་ཐོན་ཡོད་པར་གོ་ཐོས་བྱུང་།
དེ་བཞིན་ལོ་ཤས་སྔོན་མངའ་རིས་ས་ཁུལ་ནས་ཞང་ཞུང་སྨར་ཡིག་བྲག་བརྐོས་རྙེད་ཡོད་པར། ཕྱི་ལོ་༡༩༩༤ཟླ༢པའི(མཚོ་སྔོན་བོད་ཡིག་གསར་འགྱུར་ཐོག) «བོད་ལྗོངས་ནས་ལོ་ངོ་སུམ་སྟོང་སྔོན་གྱི་གནའ་བོའི་ཡི་གེ་ཞིག་རྙེད།»ཅེས་འཁོད་པའི་བརྗོད་གཞི་ལས་འདི་ལྟར། “ཉེ་ཆར་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཀྱི་ཁ་རྒྱུན་དུ་ལྷགས་པའི(སྨར་ཡིག་གི་འབྱུང་གནས་གནའ་བོའི་ཞང་ཞུང་རྒྱལ་པོའི་རྒྱལ་ཁབ་སྟེ་ད་ལྟའི་མངའ་རིས་ས་ཁུལ་ནས་བྲག་ངོས་རི་མོའི་ནང་དུ“སྨར་ཡིག”གི་རྗེས་ཤུལ་རྙེད་བྱུང༌། བྲག་ངོས་ཀྱི་རི་མོ་དེ་དག་ནང་གི་ལ་ལ་ནི་སྤྱི་ལོ་སྔོན་གྱི་མི་ལོ་ཆིག་སྟོང་ཡར་སྔོན་གྱི་རི་མོ་རེད། གསར་རྙེད་འདིས་བོད་ཀྱི་ཡི་གེ་བྱུང་ལོ་དེ་མི་ལོ་སྟོང་ཚོ་གཉིས་ཙམ་སྔ་སྣུར་བྱས་ཡོད། སྲོལ་རྒྱུན་གྱི་ལྟ་བ་ལྟར་ན། བོད་ཡིག་ནི་སྲོང་བཙན་སྒམ་པོའི་སྐབས་སུ་གནའ་དུས་ལེགས་སྦྱར་གྱི་ཡི་གེར་དཔེར་བལྟས་ནས་གསར་སྐྲུན་བྱས་པ་དང༌། ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་འགོར་ཡོད་པར་གསུངས་ཡོད། ཡིན་ནའང་བོད་ལྗོངས་ཀྱི་བོན་པོའི་དེབ་ཐེར་ནང་དུ་བོད་ཡིག་འདིའི་ཁུངས་དེད་ན་ད་ལྟའི་བར་དུ་མི་ལོ་བདུན་སྟོང་ནས་བརྒྱད་སྟོང་ཡན་ཡིན་པ་དང༌། དེའི་སྐབས་སུ་མི་རྣམས་ཀྱིས་བཀོལ་བའི་ཡི་གེ་ལ་སྨར་ཡིག་ཟེར་བ་རེད།” ཅེས་བཤད་པ་འདི་དག་དང་།
པཱ་ཀི་སི་ཐན་ནས་རྙེད་པའི་རྡོ་བརྐོས་སམ་ཡོངས་གྲགས་བྲུ་ཤའི་རྡོ་རིང(སྐབས་དེར་བྲུ་ཤ་དང་ལྕང་ར་སོགས་ལ་གནའ་བོའི་བོན་གྱི་རིག་གཞུང་གིས་ཁྱབ་ཡོད་པར་འདོད།)སོགས་དང་། རྒྱལ་རོང་ཁུལ་ནས་རྙེད་པའི་གཡུང་དྲུང་ལྷ་སྟེང་དགོན་གྱི་རྡོ་རིང་། རྒྱལ་རོང་མཚོ་མཐོ་དགོན་གྱི་རྡོ་བརྐོས་ལྷ་སྐུ་དང་ཞང་ཞུང་ཡི་གེ། ཆུ་ཆེན་རྫོང་ལི་ཝེར་རི་ཁྲོད་ནས་རྙེད་པའི་མ་རྒྱུད་ཀྱི་ལྷ་བཀོད་སོགས་བོན་ལུགས་ཀྱི་ལྟ་སྒྲུབ་འབྲེལ་བའི་བྲག་བརྐོས་རི་མོ་དང་ཡི་གེ་སོགས། དེ་བཞིན་མཚོ་སྔོན་མང་ར་བྱ་མདོ་ཁུལ་ནས་རྙེད་པའི་བོན་ལུགས་ཀྱི་འདོན་ཆོག་དང་གཞན་ཅི་རིགས་འདྲེས་པ་འབུར་མ་ཆུང་ངུར་བརྐོས་པའི་རྡོ་བརྐོས་སོགས་ཆེས་མང་པོ་ཞིག་ཡོད། དུས་རིམ་ཕྱི་མའི་ཆོས་ལུགས་ཀྱི་བརྗོད་བྱར་བཟུང་བའི་རྡོ་བརྐོས་རི་མོ་མང་ཆེ་ཞིག་འབུར་མ་རུ་བརྐོས་ཡོད། དེ་ནི་དུས་རབས་རིམ་བྱུང་གིས་མིའི་བློ་གྲོས་དང་ལག་ཆ་སོགས་ཡར་རྒྱས་ཕྱིན་པས་ཡིན། གང་ལྟར་བོད་ཡུལ་ནས་རྙེད་དང་རྙེད་བཞིན་པའི་གནའ་ཤུལ་དང་གནའ་བོའི་རྡོ་བརྐོས་རི་མོ་རྣམས་བོན་གྱི་ལོ་རྒྱུས་དང་དངོས་ཤུགས་གང་ནས་ཕལ་ཆེར་འབྲེལ་བ་ཡོད་བསྡད་པ་ཞིག་རེད་ཟེར་ནའང་ཆོག ཆོས་ལུགས་གཅིག་གིས་གཅིག་ལ་དབང་སྒྱུར་བྱེད་པའི་རྒྱུད་རིམ་ཁྲོད་ཆོས་ལུགས་དེ་ཚོའི་ལམ་ལུགས་དང་སྲོལ་རྒྱུན་གང་མང་ཞིག་འགྱུར་བའམ་མི་མངོན་པར་ཉམས་དམས་སུ་འགྲོ་བ་ནི་བཤད་མི་དགོས་པ་ཞིག་རེད།
བོད་ཡུལ་ལ་མཚོན་ན་ཕྱི་ལོའི་དུས་རབས་བདུན་པ་ནས་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་ཡས་མས་བར་བོན་བན་བར་གྱི་རྩོད་པས་ཡ་ཐོག་བོད་རང་གི་ཤེས་རིག་དང་ལམ་སྲོལ་མང་པོ་ཞིག་བག་ལ་ཉལ་དུ་བཅུག་ཡོད། དེ་དག་ལས་རྡོ་བརྐོས་ཀྱི་རིག་གཞུང་ལའང་འགྱུར་བ་གང་མཚམས་ཐེབས་ཡོད་པ་ནི་དེང་རབས་ང་ཚོའི་མཐོང་ཡུལ་དུ་ཡོད་པའི་རྡོ་བརྐོས་ཡིག་རིགས་ཡོད་ཅོག་ལ་མ་ཎི་རྡོ་འབུམ་མམ་མཎ་རྡོ་སོགས་འབོད་ཀྱིན་པ་དང་། དེ་བཞིན་རྩོམ་པ་པོ་ཧྥིན་ཧྲའོ་ཧས་བརྩམས་པའི་དཔེ་དེབ(བོད་ཀྱི་མ་ཎི་རྡོ་བརྐོས)སོགས་ལ་གཟིགས་ན་གསལ་པོ་ཤེས་ནུས།
ཕྱི་ལོ་༡༩༥༩ཡས་མས་ནས་བོད་ས་ཡོངས་རྫོགས་ལ་དུས་འགྱུར་ཕྱིན་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་མང་དག་ཅིག་རྩ་འཐོར་དུ་སོང་། སྐབས་དེར་རྡོ་བརྐོས་ཡིག་རིགས་དང་སྒྱུ་རྩལ་རྣམས་ནི་རྨོངས་དད་དུ་བརྩིས་ཏེ་དེའི་ཡར་སྔོན་དུ་སྐད་གྲགས་ཡོད་པའི་རྡོ་འབུམ་ཡིག་རིགས་ཇི་སྙད་ཅིག་ཞིང་ཁའི་ར་བ་དང་ཁང་པའི་རྨང་རྡོ། དེ་བཞིན་ཁང་པའི་འོག་ཞལ་དང་ཐབ་རྡོ། གཡའ་མའི་རྡོ་བརྐོས་རིགས་འགའ་ཞིག་ཐ་ན་གསང་སྤྱོད་ཀྱི་ཁུང་སྒ་བྱས་པའང་བྱུང་ཡོད།
དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་བའི་ནང་བོད་ཁུལ་དུ་སླར་ཡང་ཆོས་དད་རང་མོས་ཞེས་པའི་ཁ་གཡང་འོག་ཆོས་ལུགས་ཀྱི་བྱེད་སྒོ་མང་དག་ཅིག་སྐྱར་གསོ་བྱས། སྐབས་དེར་རྡོ་བརྐོས་ཡིག་རིགས་རྣམས་སྔོན་ལྟར་ས་མལ་རྡོ་མལ་རང་འཇག་ཏུ་དབོར་ཡོད་ཀྱང་། ཁང་པའི་རྨང་རྡོ་བྱས་པ་སོགས་མང་པོ་ཞིག་ཕྱིར་དབོར་རྒྱུར་དཀའ་ཁག་ཏུ་གྱུར། ཕྱིས་ཉམས་གསོ་བྱུང་བའི་བོད་ཡུལ་གྱི་མིང་དུ་གྲགས་པའི་རྡོ་འབུམ་ནི་བོད་ལྗོངས་ནག་ཆུ་ཉི་མ་ཆུས་ཁོངས་སུ་ཡོད་པའི་རྡོ་འབུམ་དང་། རྡོ་བརྐོས་ཐེར་འབུམ་གསུམ་ཙམ་ཡོད་པའི་སྒ་སྐྱེ་དགུའི་ཡུལ་ཤུལ་རྡོ་འབུམ་ཆེན་མོ་སོགས་ནི་འཛམ་གླིང་སྟེང་ཟིན་ཐོ་འགོད་ཆོག་པའི་ཚད་དུ་ཟིན་ཡོད། བོད་ཡུལ་རྡོ་བརྐོས་དག་གི་བརྗོད་བྱ་ནི་བོན་ཕྱོགས་ཀྱི་སྙིང་པོ་རྣམ་གསུམ་དང་ཚེ་མདོ་གཟུངས། ངན་སོང་སྒོ་གཅོད། གསེར་འོད། ལྟུང་བཤགས་སོགས་བརྐོས་པ་མང་ལ། བན་ཕྱོགས་ཀྱི་རྡོ་བརྐོས་ཆེ་གྲལ་ཁག་ལ་སངས་རྒྱས་ཀྱི་གསུང་རབ་ཕར་རོལ་དུ་ཕྱིན་པའི་མདོ་སོགས་བརྐོས་པའང་མཇལ་རྒྱུ་ཡོད། གང་ལྟར་བོད་ཡུལ་གྱི་ས་ཁུལ་ཕལ་ཆེར་དུ་རྡོ་བརྐོས་ལས་གྲུབ་པའི་ཡིག་རིགས་དང་ལྷ་སྐུ་མཆོད་རྟེན་སོགས་གང་སར་མཇལ་དུ་ཡོད་པས། བོད་ཡུལ་ནི་འཛམ་གླིང་སྟེང་གི་རྡོ་བརྐོས་མང་བའི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་ཆོག
རྡོ་བརྐོས་རིག་གཞུང་གི་དགེ་མཚན་དངོས།
རྡོ་བརྐོས་ནི་ཅ་དངོས་གཞན་ཐོག་ཡི་གེ་དང་རི་མོ་བྲིས་པ་དང་མི་འདྲ་བར་ཆར་རླུང་དང་བུ་ཡུག་ཁྲོད་ལོ་ངོ་ཁྲི་སྟོང་མང་པོར་གནས་ཐུབ་པས། འདི་ལ་ལོ་རྒྱུས་ཤུལ་བཞག་དང་། རིག་གནས་རྒྱུད་འཛིན། དགེ་ཚོགས་རླབས་ཆེན་སོགས་དགེ་མཚན་དུ་མ་ཞིག་ཡོད། དེའང་གནའ་མི་ནས་བཟུང་སྟེ་ད་བར་བྲག་དང་རྡོ་ལ་བརྐོས་པའི་རི་མོ་དང་ཡིག་རིགས་ཀྱིས་ང་ཚོར་ཡ་ཐོག་མི་ཡི་རིགས་དང་དེ་དག་གི་འཚོ་གནས། ཁོ་ཚོའི་དུས་རབས་དང་དེའི་སྐབས་ཀྱི་ཤེས་རིག་སོགས་གང་འདྲ་ཡོད་པར་གང་འཚམས་ཤེས་སུ་འཇུག་གིན་ཡོད་ལ། དུས་རབས་ནས་དུས་རབས་བར་འགྲོ་བ་མིའི་ཤེས་ཡོན་དང་སྐད་རིགས། རྣམ་དཔྱོད་ཡར་རྒྱས་ཕྱིན་བཞིན་ཡོད་སྟབས། རྡོ་བརྐོས་རིག་གཞུང་གིས་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ཏེ་རིག་གནས་རྒྱུད་འཛིན་དང་ཕ་སྐད་སྲུང་སྐྱོབ་བྱེད་པར་ཕན་ཐོག་དང་རོགས་འདེགས་ཆེན་པོ་སྦྱིན་བཞིན་ཡོད། ལྷག་དོན་བོད་རང་ལ་མཚོན་ན་ཡ་ཐོག་ཞང་བོད་ཁམས་ཀྱི་བྱུང་བ་རྣམས་ལ་ཕྱི་མིག་བལྟ་དགོས་ཚེ་བོན་གྱི་ལོ་རྒྱུས་དང་གསུང་རབ་ཁག་ལ་སྤྱན་དཀྱུས་ཡངས་པོ་དང་། ཁྱད་པར་བོན་དང་འབྲེལ་བའི་རྡོ་བརྐོས་དང་གནའ་རྫས་ནི་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཡིན་ཏེ། ཞིབ་འཇུག་པ་ཀུན་དགའ་ཡེ་ཤེས་ཀྱིས། “དུས་རབས་བདུན་པ་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས་དང་ཤེས་རིག་འཕེལ་རྒྱས་ཀྱི་སྐོར་གཙོ་བོ་ཞང་ཞུང་གི་རིག་གནས་ཞེས་པའི་མཚོན་ཡོད་ཅིང་། ཞང་ཞུང་གི་རིག་གནས་ཀྱི་བརྗོད་གཞི་ནི་ཆོས་ལུགས་ཀྱི་ངོ་བོར་ཆགས་པའི་བོན་གྱི་ཤེས་རིག་འདིས་གསལ་བཤད་བྱས་པ་ཡིན། དེའི་སྐོར་ནི་སྟོན་པ་གཤེན་རབ་ཀྱི་མཛད་མདོ་རྣམས་གཙོ་བོར་བྱས་པའི་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་བསྟན་བཅོས་རྣམས་དང་། རྡོ་བརྐོས་དང་བྲག་བརྐོས་རི་མོ་ཁག་གཙོ་བོར་འཛིན་དགོས།”ཞེས་པ་འདི་དག་ཉམས་མྱོང་དང་དངོས་ཡོད་ཀྱི་བསླབ་གདམས་ཉག་ཅིག་ཡིན།
དགེ་ཚོགས་ཀྱི་ཐད་ནས་ཀྱང་སངས་རྒྱས་ཀྱི་གསུང་རབས་དང་ཡིད་དམ་གྱི་བསྙེན་འཛབ་རྣམས་རྡོ་དང་བྲག་ལ་བརྐོས་ན་དགེ་མཚན་དཔག་མེད་འབྱུང་བར་གོང་ཞུས་ལྟར་རྡོ་བརྐོས་ནི་ལོ་ངོ་ཁྲི་སྟོང་མང་པོར་གནས་ཐུབ་པས། འབྱུང་བཞིར་གནས་པའི་སེམས་ཅན་བསམ་གྱིས་མི་ཁྱབ་པ་ཞིག་སངས་རྒྱས་ཀྱི་གོ་འཕངས་འཐོབ་པའི་རྒྱུ་རུ་འགྲོ་བ་ཡིན་ཏེ། སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་བཀའ་འཚམས་མེད་ལྔའི་སྡིག་བཤགས་གསེར་གྱི་སྤུ་གྲི་ལས། “རྡོ་དཀར་ལ་བྲིས་ཏེ་ས་མདོར་བཞག་ན། གང་གིས་མཐོང་བ་ཙམ་གྱིས་སྒྲིབ་པ་བྱང་བར་འགྱུར་རོ། །”ཞེས་གསུངས་པ་སོགས། མདོར་ན་བན་བོན་གཉིས་ཀའི་རྒྱལ་བའི་གསུང་རབ་མང་པོ་ཞིག་ནང་རྡོ་བརྐོས་ཀྱི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པ་ཡིན་པར་གསུངས་པས། དད་སྦྱིན་རྣམས་ཀྱིས་རང་གི་མེས་པོའི་ཕ་སྐད་ལ་བརྩི་མཐོང་དང་རྒྱུན་རིང་བའི་དགེ་ཚོགས་ཀྱི་རྒྱུ་གསོག་འདོད་ན་རྡོ་བརྐོས་ནི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་རེད་འདུག་སྙམ་མོ།། །།
ཞེས་རྩོམ་ཐུང་འདི་ཉིད་རྣམ་དཀར་དད་སྦྱིན་གཤེན་ཚེ་ཚང་ནང་མི་ནས་ལོ་ལྟར་སྤྱིར་འགྲོ་བ་སྤྱི་དང་སྒོས་སུ་ཞྭ་དཀར་བསྟན་པའི་བདག་ཉིད་སྐྱབས་རྗེ་མཁན་སློབ་རྣམ་པ་དང་། གཤེན་རིན་པོ་ཆེ་ཡབ་སྲས་རྣམ་པ་གཙོས་རིས་མེད་རྒྱལ་བསྟན་སྤྱི་ལ་བཀའ་དྲིན་ཆེ་བའི་བླ་སྤྲུལ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེའི་ཞབས་རིམ་ཆེད་དུ། སྙིང་པོ་རྣམ་གསུམ་དང་ཚེ་སྒྲུབ་སོགས་རྒྱུ་ཚེགས་གང་ལའང་མ་ལྟོས་པར་རྡོ་བརྐོས་དགེ་ཚོགས་ཞིག་སྒྲུབ་བཞིན་ཡོད་པ་ལྟར། འདི་ལོ་ཡང་ཞྭ་དཀར་བསྟན་པའི་བདག་ཉིད་༧སྐྱབས་རྗེ་མཁན་སློབ་རྣམ་གཉིས་ལ་བོན་འབངས་སྤྱི་ཡིས་བཀའ་དྲིན་རྗེས་དྲན་བརྟན་བཞུགས་དང་བསྟུན་ཏེ། ཕྱི་ལོ་༢༠༡༦ཟླ་༤ཚེས་༢༢དང་བོད་ཟླ་༣ཚེས་༡༥དགེ་བའི་ཉིན་གནའ་བོའི་ཞང་ཞུང་སྨར་ཆེན་ལས་གྲུབ་པའི་སྒྲིབ་སྦྱོང་གི་སྙིང་པོ་གཙོར་བྱས་པའི་ཚེ་སྒྲུབ་སོགས་རྡོ་བརྐོས་ཀྱི་དགེ་ཚོགས་ཞིག་བསྒྲུབས་འདུག་པ་དང་། ལྷག་དོན་རང་ཡུལ་དུ་ཞང་ཞུང་སྨར་ཡིག་ནང་དུ་རྡོ་བརྐོས་བྱས་པ་ཐེངས་དང་པོའི་གྲལ་ཡིན་རྩང་ཁོང་རྣམ་པའི་ཕྱག་ལས་དེ་ཡར་རབ་དགེ་ཚོགས་ཀྱི་མིག་དཔེ་བཟང་པོ་ཞིག་དང་། ཕ་མེས་ཀྱི་སྐད་ཡིག་དང་རིག་གཞུང་ཐད་ལའང་མ་འོངས་ཤུལ་བཞག་ལྟ་བུའི་དགེ་མཚན་གང་མང་འདུག་པར་བསམ་སྟེ། ད་ལན་རྡོ་བརྐོས་ཀྱི་དགེ་མཚན་སྐོར་རོབ་ཙམ་འདི་དགེ་མིང་ཙམ་འཛིན་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ནུབ་ཕྱོགས་ཀྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་ཕྱི་ལོ་༢༠༡༦ཟླ་༤ཚེས་༢༧ཉིན་སློབ་གསེང་དུ་སྦྱར་བ་དགེའོ།། །།