འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ་ཞེས་བྱ་བ་བཞུགས་སོ།།
[ཟླ་ཚེས། 2014-06-23 18:38:11][རྩོམ་པ་པོ། དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ན་མོ་དམུ་ར་ཏ་ཧན་ཧྲུན།
མཁྱེན་བརྩེའི་མངའ་བདག་རྣམ་མཁྱེན་སྟོན་པ་མཆོག ། འཕགས་ཚོགས་བཤེས་གཉེན་ཀུན་ལ་གུས་བཏུད་ནས། །
སྟོན་པའི་གདུལ་ཞིང་སོག་ཁ་བོན་གྱི་ཡུལ། ། འཛམ་གླིང་མཐའ་དབུས་རྣམ་བཞག་མདོ་ཙམ་འགོད། །
འདིར་བདག་ཅག་གི་སྟོན་པའི་གདུལ་ཞིང་། ཚངས་རྒྱུང་ཉེར་ལྔའི་དབུས་མ། གླིང་མཆོག་འཛམ་གླིང་ལས་ཀྱི་ས་པ་ཞེས་གྲགས་པ་འདིའི་ཡུལ་མཐའ་དབུས་ཀྱི་རྣམ་བཞག་ཅུང་ཟད་བསྟན་པ་ལ་གསུམ། འཛམ་གླིང་ཆགས་ཚུལ་སྤྱིར་བསྟན་པ། བསྟན་པའི་འབྱུང་གནས་ཤམ་བྷ་ལའི་རྣམ་བཞག་བཤད་པ། ཡུལ་སོ་སོ་དང་འབྲེལ་བའི་བསྟན་པའི་དར་གནས་སྣ་ཚོགས་སུ་སྨོས་པའོ། །དང་པོ་ནི། སྤྱིར་རི་རབ་ཀྱི་ལྷོ་ངོས་འཛམ་བུ་གླིང་པའི་སའི་གནས་ཚུལ་ནི་ངོས་གསུམ་པ་སྟེ། ཡས་མན་དུ་བལྟས་ན་སྡིག་པ་བྲག་ལ་འཛེགས་པ་ལྟ་བུ་དང་། ཕན་ཚུན་དུ་ལུག་སོག་སྡེར་ནང་དུ་བསྐྱར་བ་ལྟ་བུ་སྟེ། ཁ་གདེང་ཆེ་བ་བྱང་དུ་བསྟན་པའི་ངོས་གསུམ་རེ་རེ་ལ་དཔག་ཚད་ཉིས་སྟོང་རེ་དང་། ཐུང་བ་ལྷོར་བསྟན་པ་ལ་དཔག་ཚད་ཕྱེད་བཞི། དེའི་བར་མཚམས་གཡས་གཡོན་ལ་དཔག་ཚད་བཞི་རེ་སྟེ་བརྒྱད་ཡོད་པས་བསྡོམས་ན་དཔག་ཚད་དྲུག་སྟོང་དང་ཕྱེད་བཅུ་གཉིས་སུ་ཡོད་དོ། །
དེ་ཡང་སྲིད་པའི་མཛོད་ཕུགས་ལྟར་ན་བྱང་ངོས་རྒྱ་མཚོའི་མཐའ་ནས་ལྷོ་ཕྱོགས་སུ་རིམ་པ་ལྟར། རྒྱ་མཚོ་དང་གླིང་དུ་འབྱེད་པ་ཏི་ཝེར་གྱི་རི་རྒྱུད་གངས་རི་ལ་སེང་གེ་སོགས་གཅན་གཟན་དུ་མ་གནས་པ། དེའི་ལྷོར་མཐའ་འཁོབ་དང་ཡང་འཁོབ་ཏུ་འབྱེད་པ་དྷ་ན་ཤན་གྱི་རི་རྒྱུད་ལ་གནོད་སྦྱིན་གནས་པ། དེའི་ལྷོར་ཡང་འཁོབ་དང་མཐའ་འཁོབ་ཏུ་འབྱེད་པ་བ་ཤ་ཚགས་ཀྱི་རི་རྒྱུད་ལ་མི་རྒོད་ཀྱི་རིགས་གནས་པ། དེའི་ལྷོར་མཐའ་འཁོབ་དང་གེ་སར་དུ་འབྱེད་པ་ལ་ཤང་རྩེ་མང་གི་རི་རྒྱུད་རི་དྭགས་དུ་མ་གནས་པ། དེའི་ལྷོར་གེ་སར་དང་ཕྲོམ་དུ་འབྱེད་པ་ཏན་ཤན་གྱི་རི་རྒྱུད་ལ་འདབ་ཆགས་ཀྱི་ཚོགས་གནས་པ། དེའི་ལྷོར་ཕྲོམ་དང་ཧོར་དུ་འབྱེད་པ་བྱང་གཙུག་རིའི་རི་རྒྱུད་ལ་གཅན་གཟན་དང་འདབ་ཆགས་རིགས་གནས་པ། ཧོར་དང་དྲུ་གུར་འབྱེད་པ་ཤང་ལང་ནག་པོའི་རི་རྒྱུད་ལ་ཟངས་རི་ལྕགས་ཐང་གི་རྣམ་པ། དྲུ་གུ་དང་ཚ་གསེར་འབྱེད་པ་བ་དག་ཤན་གྱི་རི་རྒྱུད་ལ་རི་དྭགས་དང་། ཚ་གསེར་དང་འབྲུ་བོད་དུ་འབྱེད་པ་ཏ་ལ་ནག་པོའི་རི་རྒྱུད་ཤར་ནུབ་འཁོར་བའི་ཚུལ་དུ་ཡོད་པའི་ལྷོ་ན་གངས་རི་ཏི་སེ་ཡོད་དོ། །ཞི་ཁྲོ་རྩ་འགྲེལ་ལྟར་ན། ཡུལ་ཆེན་བཅོ་བརྒྱད་ནི། ཤར་དུ་རྒྱ་ནག་གྲི་བདག ལྷོར་རྒྱ་གར་དང་ཁ་ཆེ། ནུབ་ན་སྟག་སྡེ་གཟིག་འཕན། བྱང་གེ་སར་དང་ཧོར་ཡུལ དབུས་གངས་རི་རྭ་བ་ཅན་ཞང་བོད་གཉིས་སོ། །རྒྱ་ནག་གི་མཐར་རྒྱ་མོ་ཁྱི་ཁྱོ་དང་ཐོད་དཀར། རྒྱ་གར་གྱི་མཐར་གྱང་ཡུལ་དང་ཧུ་ན། སྟག་གཟིག་གི་མཐར་གེ་ལེ་ཕུན། གེ་སར་གྱི་མཐར་སོག་པོ་སྦལ་ཁ། དབུས་གསེར་གླིང་ཟངས་གླིང་ན་གནམ་སྟོང་རྣམས་སོ། །ཡུལ་ཕྲན་གོ་གཅིག་ནི། ཀམ་པོ་རྗེ་བྲང་མིག་ཅན། འཕྱེ་བོ་ཕྱལ་གདོང་། སྒུར་འགྲོ་མི་ལུས། རྣ་བོ་ཆེ་ལུས་འགེབས་སོགས་ཏེ་གླིང་ཆེན་རྣམས་ཀྱི་བར་མཚམས་དང་། མཐའ་འཁོབ་སྟོང་དང་ལྔ་བརྒྱ་ནི་གནོད་སྦྱིན་དང་གཅན་གཟན་གྱིས་བཟུང་བར་བཤད་དོ། །གཞན་དུས་འཁོར་ལས་ནི། འཛམ་གླིང་ལ་དུམ་བུ་དྲུག་ཏུ་བགོས་པའི་དང་པོ་ལྷོ་རྒྱ་གར་གྱི་ཡུལ་ནི་ཐུབ་པ་བྱོན་པའི་གནས་ཡུལ་དྲུག་དང་བྷཾ་ག་ལ་སོགས་ཡུལ་ཕྲན་མང་པོས་གང་བ། གཉིས་པ་བོད་ཡུལ་འཕགས་པ་འཇིག་རྟེན་དབང་ཕྱུག་གི་གདུལ་ཞིང་ཁ་བ་ཅན། གསུམ་པ་ལི་ཡུལ་འཕགས་པ་ཤ་རིའི་བུ་དང་རྣམ་ཐོས་སྲས་ཀྱིས་མཚོ་བསྐམ་ནས་ཡུལ་བྱས་ཏེ་མཆོད་རྟེན་གོ་མ་ས་ལ་གྷནྡྷ་བཞུགས་པ། བཞི་བ་རྒྱའི་ཡུལ་འཕགས་པ་འཇམ་དཔལ་གྱི་གདུལ་ཞིང་རི་བོ་རྩེ་ལྔ་སོགས་གནས་ཁྱད་པར་ཅན་དང་རྒྱ་སེར་པོའི་རིགས་ཡུལ་ཤིན་ཏུ་མང་བ། ལྔ་བ་རྒྱ་ནག་ཆེན་པོའམ་ཤམྦྷ་ལ་སྤྲུལ་བའི་རྒྱལ་པོ་རིམ་བྱོན་གྱིས་བསྐྱངས་ཤིང་ཀཱ་ལ་པ་སོགས་ཡུལ་བྱེ་བ་ཕྲག་གོ་བདུན་ཡོད་པ། དྲུག་པ་བྱང་ཕྱོགས་ཀྱི་གངས་རི་དང་འབྲེལ་བའི་གངས་ལྡན་དུ་གྲགས་པ་རྣམས་ཡོད་པར་གསུངས། དེ་ལྟར་ན་བལ་བོ་མན་ཆད་རྒྱ་གར་དང་རྒྱ་ནག་གི་མཚམས། ཡུ་ནན་གྱི་ཡུལ་དང་ཉེ་བ་མི་ནུབ་རྒྱལ་པོར་འབོད་པ་ཡོད་འདུག་པ་ཚུན་ཆད་རྒྱ་གར་དང་། བོད་མངའ་རིས་མན་ཆད་ནས་མཚོ་སྔོན་ཕྱོགས་ནས་བྱང་མར་ཡུལ་དང་། དེ་ནས་སོག་པོ་ལ་མ་ཐུག་གི་བར་གྱི་ས་སྟོང་རྣམས་ཀྱང་བོད་དུ་བརྩི་དགོས་པ་སོགས་ཤར་ནུབ་ལ་རིང་ཐུང་ཅི་རིགས་སུ་ཡོད་པར་མངོན་ནོ། །དེ་ཡང་རྒྱ་གར་ཁ་ཆེ་ཏ་ཟིག་གསུམ་སོག་པའི་ཡུ་བ་ལ་ཡོད་པས་སེམས་ཆུང་བློ་བརྟན་ལོངས་སྤྱོད་ཆེ། བོད་སོག་པའི་ཐེར་ལ་ཡོད་པས་གྲང་ཞིང་དབུལ་ལ་རིག་པ་གསལ། རྒྱ་ནག་ཧོར་སོག་པོ་རྣམས་སོག་པའི་ཁ་གདེང་ལ་ཡོད་པས་རྒྱ་ཆེ་ཁོག་ཡངས་ནོར་ཕྱུག་པའོ། །
གཉིས་པ་ལ་གསུམ། ས་ཚིགས་ཀྱི་ཡུལ་དབུས། བོན་ཚིགས་ཀྱི་ཡུལ་དབུས། དེའི་རྗེས་མཐུན་གྱི་ཡུལ་དབུས་སོ། །དང་པོ་ནི། སྲིད་པའི་མཛོད་ཕུགས་ལས། ཏི་བྱང་ཁ་རང་དུན་གུ་ཅི། །རྣིལ་དང་རྭང་གི་ཕ་རོལ་ན། །ཤིམ་ཕོད་ནོམ་པའི་ཚུ་རོལ་ན། །དང་ར་མ་དྲོས་མུར་ཟང་གནས། །ཞེས་ཏིང་ནི་ཕྱིའི་རྒྱ་མཚོ་སྟེ་དེའི་བྱང་མཐའ་ནས་ལྷོར་རི་ནག་དགུ་འདས་པའི་ལྷོར་རྣིལ་དང་རྭང་ཞེས་པ་གངས་རི་སྟེ་ཏི་སེ་དང་། དེའི་ལྷོར་ཤིམ་ཕོད་ནོམ་པ་སྟེ་སྤོས་རི་ངད་ལྡན། དེའི་བྱང་ན་དང་ར་མ་དྲོས་མུར་ཟངས་ཏེ་མཚོ་མ་པང་ལ་མ་དྲོས་ཞེས་པའི་ཀླུ་གནས་སོ། །ཞེས་དྲན་པའི་སྒྲ་འགྲེལ་ལས་གསུངས་པས་ཚད་མ་ཡིན་ཅིང་། དེ་ཉིད་ཞི་ཁྲོ་རྩ་འགྲེལ་ལས། འཛམ་གླིང་གི་དབུས་ཡིན་པར་བཤད། དེའི་ཁ་འབབ་ཀྱི་ཆུ་བཞི་ནི། ཤར་རྟ་མཆོག་ཁ་ཆུ་བོ་གྱིམ་ཤང་བྱེ་མ་གཡུང་དྲུང་ནས་ཤར་དུ་འགྲོ། བྱང་སེང་གེའི་ཁ་འབབ་ཆུ་བོ་སེང་ང་ཞང་ཞུང་རུ་ཐོག་ནས་བྱང་ཕྱོགས་གངས་ཅན་ནས་ཁ་གཉིས་སུ་གྱེས་ནས་ཤར་ནུབ་ཏུ་འགྲོ། ནུབ་གླང་ཆེན་ཁ་འབབ་ཆུ་བོ་གངྒ་ཁྱུང་ལུང་དངུལ་མཁར་ནས་ནུབ་ཨོ་རྒྱན་དང་རྒྱ་གར་གྱི་བར་ནས་འགྲོ། ལྷོ་རྨ་བྱའི་ཁ་འབབ་ཆུ་བོ་ནི་ནེ་ར་ཛ་བྱ་རི་གཙུག་ལྡན་ནས་ལྷོ་རྒྱ་གར་བྷཾ་ག་ལའི་མཐའ་ནས་ཁ་གཉིས་སུ་གྱེས་ཏེ་ལྷོ་ཕྱོགས་སུ་འགྲོ། འདི་ལ་རྒྱ་གར་བས་ཤར་པཀྵུ། ལྷོ་གངྒ། ནུབ་སིནྡྷུ། བྱང་སཱི་ཏ་ཞེས་འབོད། མིང་གཞན་ཡང་མང་དུ་སྣང་ངོ། །གངས་ཏི་སེ་ནི། རྩ་བ་བྲག་ལ་མཆོད་རྟེན་གྱི་རྣམ་པའི་རྩེ་མོ་གངས་རི་སྟེ་ཆུ་ཞིང་དཔག་ཚད་བཅོ་བརྒྱད་པ། གེ་ཁོད་མགོན་པོ་རྣམ་གསུམ་དང་གསང་མཆོག་མཐར་ཐུག་སོགས་ཀྱི་གནས་ཁྱད་པར་ཅན། ཞང་ཞུང་གི་ཡུལ་གྱི་སྙིང་པོ་བསྟན་པ་སྔ་དར་གྱི་སྐབས་སུ་མཁས་པ་དང་གྲུབ་པ་བྱེ་བ་མང་པོའི་བཞུགས་གནས་མཆོག་ཏུ་གྱུར་བའོ། །དབྱིག་གཉེན་གྱི་མངོན་པ་མཛོད་ལས་གསུངས་པའི་གངས་ཅན་དང་། དུས་འཁོར་ལས་གསུངས་པའི་གངས་ལྡན་གཉིས་གཅིག་ཡིན་པར་བཞེད་ལ། དེ་ཡང་རྒྱ་གར་མཉན་ཡོད་ནས་རི་ནག་དགུའི་ཕ་རོལ་ནས་གངས་ཏི་སེ་དང་། དེའི་བྱང་ན་སྤོས་རི་ངད་ལྡན་དང་། དེའི་ཚུ་རོལ་དཔག་ཚད་བཅུ་ན་མཚོ་མ་དྲོས་པ་གྲུ་བཞི་ངོས་རེ་ལ་དཔག་ཚད་ལྔ་བཅུ་རེ་ཡོད་པ། དེའི་ཕྱོགས་བཞི་ནས་ཁ་འབབ་ཀྱི་ཆུ་བཞི་དང་། དེའི་འགྲམ་ན་ཤིང་འཛམ་བུ་པྲིཀྵའི་འབྲས་བུ་མཚོར་ལྷུང་བ་གསེར་དུ་འགྱུར་ཞིང་གསེར་དེ་ལ་སྤྱོད་པའི་བྱ་ཚེ་རིང་ཡོད། སྤོས་རི་ངད་ལྡན་གྱི་བྱང་དཔག་ཚད་ཉི་ཤུ་ན་གསེར་བྲག་བྱ་སྐྱིབས་གྲུ་བཞི་ངོས་རེ་ལ་དཔག་ཚད་ལྔ་བཅུ་དང་། དཔང་དཔག་ཚད་ཕྱེད་བཞི་བའི་ཁོར་ཡུག་བྱ་སྐྱིབས་བརྒྱད་སྟོང་གིས་བསྐོར་བ། དེའི་བྱང་དཔག་ཚད་ཉི་ཤུ་ན་ཤིང་ལ་རབ་བརྟན་རྩ་བ་འདོམ་བཅུ་གསུམ་མན་ཆད་ཅི་རིགས་སུ་ཡོད། དེའི་ཤར་དཔག་ཚད་ཉི་ཤུ་ན་མ་དྲོས་པ་ལྟ་བུའི་མཚོ་དང་རྫིང་བུ་བརྒྱད་སྟོང་དང་། ཤིང་རྟའི་འཕང་ལོ་ཙམ་གྱི་མེ་ཏོག་དང་། ལྷའི་གླང་པོ་ཆེ་རབ་བརྟན་དཔག་ཚད་ཕྱེད་གསུམ་པ་དབྱར་དང་དགུན་དུ་དེར་གནས་པར་བཤད་དེ། དེ་ནི་པུ་རང་གི་གངས་རི་མཚོ་གསུམ་མིན་ཏེ། དེ་ལ་ཤིང་འཛམ་བུ་སོགས་ཀྱི་མཚན་ཉིད་མ་ཚང་བ་དང་དེ་ཉིད་འཛམ་གླིང་གི་བྱང་མམའ་ཡིན་གྱི་དབུས་མིན་པའི་ཕྱིར་རོ། །དེས་ན་ཤིང་འཛམ་བུ་པྲིཀྵ་ཡོད་པས་འཛམ་གླིང་མཚོན་བྱེད་ཀྱི་གངས་རི་མཚོ་གསུམ་ནི་བྱང་མཐའ་སྟག་གཟིག་གི་ཡུལ་ན་ཡོད་དེ། མདོ་འདུས་ལས། འཛམ་བུ་གླིང་གི་ནུབ་བྱང་ན། །མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས། །འཛམ་བུ་པྲིཀྵའི་ཤིང་གི་རྩར། །རི་བོ་གངས་ཅན་ཏི་སེའི་དྲུང་། །མཚོ་ནི་མ་པང་གཡུ་མཚོའི་འགྲམ། །ཆུ་བོ་ཆེན་པོ་བཞི་འདུས་འགོ །སྤོས་རི་ངད་ལྡན་ཉེ་བའི་ས། །རི་ནག་དགུ་འདུས་ར་བ་སྟེ། །ཆུ་བོ་པཀྵུ་སུནྟུས་བཅད། །དུས་གསུམ་སྟོན་པ་བྱོན་པའི་ཞིང་། །ཞེས་སོ། །དེ་ན་ངན་སོང་གི་རྟེན་གནས་ངོས་འཛིན་པའི་ཏི་སེ་ནི་བོད་ཀྱི་ཏི་སེ་དང་། ཤིང་འཛམ་བུ་སོགས་ཡོད་པ་ནི་སྟག་གཟིག་གི་ཏི་སེ་སྟེ་གཉིས་ཡོད་ལ། སྟག་གཟིག་གི་ཏི་སེ་ལ་རྒྱ་གར་བས་ཀ་པི་ལ་དཱང་ཀཱེ་ལ་ཤ་ཟེར། བོད་ཀྱི་ཏི་སེ་ལ་ཀཱེ་ལ་ཤ་ཟེར་ཡང་ཀ་པི་ལའི་མིང་མ་བྱུང་ཞིང་། སྟག་གཟིག་གི་གངས་ཅན་ནི་ཤམྦྷ་ལའི་འགྲམ་ཆུ་བོ་ཤི་ཏའི་ཕ་རོལ་ན་ཡོད་ཅིང་། གངས་རིའི་ཕྲེང་བ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁྱབ་པར་བཤད་དོ། །
གཉིས་པ་བོན་ཚིགས་ཀྱི་ཡུལ་དབུས་ནི་བྱང་ཤམྦྷ་ལ་སྟེ། རྒྱ་གར་བས་བྱང་ཤམྦྷ་ལ་དང་། ཨོ་རྒྱན་པས་ནུབ་བདེ་བ་ཅན་དང་། བོད་ཀྱིས་ནུབ་བྱང་འོལ་མོའི་གླིང་ཞེས་འབོད་པ་དེ་ཡིན་ལ། ཆེ་ཆུང་དཔག་ཚད་ལྔ་བཅུ་དང་། ཉིས་བརྒྱ་ལྔ་བཅུ། སྟོང་ལྔ་བརྒྱ། འཛམ་གླིང་གི་ཕྱེད་ཡིན་པ་སོགས་རྣམ་གྲངས་མང་བ་ནི་དབུས་དང་མཐའི་ཁྱད་པར་རོ། །འདི་ལ་སྟག་གཟིག་ཞེས་བརྗོད་པ་འཛམ་གླིང་ནུབ་བྱང་གི་ཕྱོགས་ཐམས་ཅད་ལ་སྟག་གཟིག་ཕྲོམ་གྱི་ཡུལ་དུ་འབོད་པ་དང་། དབལ་སོ་གངས་ཀྱི་ར་བ་ལས་སྟོན་པ་བོད་དུ་བྱོན་པའི་ཚེ་མདའ་ལམ་ཕྱུངས་པའི་ཤུལ་ན་སྟག་གཟིག་སོགས་གཅན་འཕྲང་དང་མུན་འཕྲང་ཉིན་ལམ་དགུ་རེ་ཡོད་པ་ལས་བཏགས་པར་བཤད་དོ། །དེ་ཡང་མདོ་འདུས་ལས། གཤེན་ཡུལ་འོལ་མོའི་གླིང་ཆེན་ནི། །དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ། །གླིང་བཞི་རི་རབ་ཚུལ་དུ་གྲུབ། །ཞེས་གསུངས་པ་ལྟར་དབུས་སུ་གཡུང་དྲུང་དགུ་བརྩེགས་ཀྱི་རི་བོ་གྲུ་བཞི་བང་རིམ་དགུ་བ་རྩེར་ཤེལ་གྱི་རྡོ་རིང་ཡོད་པ། དཔངས་དཔག་ཚད་ཕྱེད་དང་བཅུ་གསུམ་དང་། མཐར་དཔག་ཚད་ང་གཅིག་གིས་འཁོར་བ། དེའི་ཕྱོགས་བཞི་ནས་ཁ་འབབ་ཀྱི་ཆུ་བཞི་དང་མཚོ་གླིང་སྐྱེད་ཚལ་གྱིས་བསྐོར་བ། དེའི་ཕྱོགས་བཞིར་ཤར་ཤམ་པོ་ལྷ་རྩེ་སོགས་རྒྱལ་ས་ཕོ་བྲང་གླིང་བཞི་སྟེ་སྟོན་པ་སྐུ་འཁྲུངས་པའི་གནས་དང་། མཚམས་བཞིར་མཆོད་རྟེན་བཞི། མཐར་རྭ་བ་རིམ་བདུན་གྱིས་བསྐོར་བ་ནི་ནང་གླིང་ས་སྤྱོད་ཀྱི་ཞིང་ཁམས་སྟེ་གདུལ་བྱ་སྐལ་ལྡན་ཁོ་ནའོ། །དེའི་ཕྱི་རོལ་དུ་ཤར་ན་གཡུང་དྲུང་བཀོད་པ་སོགས་ནང་གླིང་བཅུ་གཉིས། དེའི་ཕྱི་རོལ་ན་རྒྱལ་རིགས་ཀྱི་རྒྱལ་ས་སོགས་བར་གླིང་བཅུ་གཉིས། དེའི་ཕྱི་ན་གླིང་ཆེན་བཅུ་དྲུག། མཐའ་གླིང་བརྒྱད་སོགས་ཡོད་ཅིང་། དེ་དག་གི་མཐའ་མུ་ཁྱུད་བདལ་བའི་རྒྱ་མཚོ་དང་དབལ་སོ་གངས་རིའི་བསྐོར་ནས་ཡོད་པ་སྟེ། དེ་དག་ཏུ་རིན་པོ་ཆེའི་གཏེར་མཛོད། ཤིང་འཇའ་ཚོན་འོད་འབར། བྲག་སེང་གེའི་རྒྱབ་བསྣོལ། ཆུ་ཡན་ལག་བརྒྱད་ལྡན། མེ་ཏོག་ཨུ་དུམ་ཝ་ར་སོགས་ལོངས་སྤྱོད་ཀྱི་བཀོད་པ་ལྷ་དང་མཉམ་ཞིང་། ཡུལ་དེར་དམུའི་གདུང་བྱོན་གདུང་བརྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་གིས་མཚོན་མི་བདག་བྱེ་བ་ཕྲག་མང་པོ་དང་། ཡུལ་ལུགས་ཀྱི་སྤྱོད་ཚུལ་རྒྱ་གར་དང་ཕྱོགས་མཐུན་པར་བཟང་ཞིང་ཤས་ཆེར་དགེ་བ་ལ་སྤྱོད་པ་ཤ་སྟག་ཡིན་ལ། ཡུལ་འདི་སངས་རྒྱས་བྱོན་པའི་ཞིང་ཁམས་ཡིན་པས་དེ་སྔོན་སངས་རྒྱས་རབ་བདུན་དང་། རབ་དགུ་ལས་བརྒྱ་བའི་སྟོན་པ་གཤེན་རབ་མི་བོ་དང་བརྒྱད་བྱོན་ཅིང་བོན་གྱི་འཁོར་ལོ་རྒྱ་ཆེན་པོར་བསྐོར་བ་དང་། གསང་སྔགས་དང་བླ་མེད་ཀྱི་བོན་ཡང་དེར་དར་ཞིང་སྐུ་གསུང་ཐུགས་ཀྱི་བསྟན་པ་མ་རྫོགས་ཀྱི་བར་དུ་བསྟན་པ་གནས་པས་ད་ལྟར་ཡང་བསྟན་པ་གནས་ཤིང་འཕེལ་འགྲིབ་མེད་ལ། འདི་ནས་དམུ་ཙ་ཏྲ་ཧེ་སོགས་ལོ་ཙཱ་ཆེན་པོ་དྲུག་གིས་བཀའ་དྲིན་གྱིས། སྟག་གཟིག ཞང་བོད། རྒྱ་དཀར་ནག ཕྲོམ་གེ་སར་སོགས་ཀྱི་ཡུལ་དུ་བསྟན་པ་སྤེལ་བས་ཡུལ་འདི་ལ་སོག་ཁ་བོན་གྱི་འབྱུང་གནས་ཞེས་ཀྱང་གྲགས་སོ། །དུས་འཁོར་ལས། ཡུལ་འདིར་སྤྲུལ་བའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་བདུན་དང་རིགས་ལྡན་གྱི་རྒྱལ་པོ་ཉེར་ལྔ་བྱོན་ཅིང་། ཕོ་བྲང་ཀཱ་ལ་པ་སོགས་ངོ་མཚར་བའི་བཀོད་པ་དང་། མདོ་དང་ཁྱད་པར་གསང་སྔགས་ཀྱི་བསྟན་པ་ཆེས་ཆེར་དར་བ་དང་། ད་ལྟར་རིགས་ལྡན་གྱི་རྒྱལ་པོ་ཉི་ཤུ་པ་སྟོབས་པོ་ཆེ་ཁྲིར་བཞུགས་ཤིང་། མ་འོངས་པར་འདི་ནས་ལོ་ལྔ་བརྒྱ་ཙམ་ནས་འཛམ་བུའི་གླིང་ཀླ་ཀློའི་དབང་བསྒྱུར་བའི་ཚེ། རབ་བྱུང་ཉེར་གཉིས་པའི་ནང་དུ་རིགས་ལྡན་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན་བྱོན་ནས། ཀླ་ཀློ་ཐམས་ཅད་ཚར་བཅད་ནས་སླར་ཡང་བསྟན་པ་རྒྱ་ཆེར་འཕེལ་བར་བཤད་དོ། །
གསུམ་པ་ནི། བོན་ཚིགས་ཀྱི་ཡུལ་དབུས་རྗེས་མཐུན་ནི་ཞང་བོད་གཉིས་ཡིན་པས་ཐོག་མར་ཞང་ཞུང་ཕུག་པ་ནི། གངས་ཏི་སེའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན་མེ་སག་གི་པར་སིག་དང་། བྷ་དག་ཤན་དང་། བྷ་ལག་སོགས་ཡོད་པའི་ཡུལ་དང་ཉེ་བར། སྔོན་གྲོང་ཁྱེར་རྒྱལ་བ་མཉེས་ཚལ་བྱ་བ་དེར་རི་བོ་ཆེན་པོ་རྩེ་ལྔ་བ་གསང་མཆོག་གི་སྐུ་རང་བྱུང་དུ་ཡོད་པ། རྒྱལ་གཤེན་མི་ལུས་བསམ་ལེགས་བྱོན་སྐབས་རྒྱལ་མཁར་བ་ཆོད་ཞེས་པ་ཆགས། རྒྱལ་གཤེན་གྱིས་མ་རྒྱུད་གསང་མཆོག་གི་སྒྲུབ་པ་མཛད་པས་གྲུབ་རྟགས་སུ་རྒྱང་གྲགས་གཅིག་གི་ནམ་མཁར་བཞུགས་ཁྲི་དང་། ཤར་ཁྲོ་ཆུའི་ཕ་བོང་། ལྷོར་རལ་གྲིའི་འཁོར་ལོ། ནུབ་གནམ་ལྕགས་ཕུར་བ། བྱང་གནོད་སྦྱིན་གྱི་གྱད་རྡོ་རྣམས་ས་ལ་མ་ལྷུང་བ་ཡོད། གྱད་རྡོ་བར་སྣང་ལ་མི་ཚད་ཙམ་ན་འདུག་པ་ས་ལ་ལྷུང་མི་རུང་ཟེར་ནས་འོག་ནས་རྩིག་པས་སྐྱོར་བའི་སྲོལ་འདུག་ཟེར། ཡུལ་སྡེ་སུམ་ཅུ་རྩ་གཉིས་ཡོད། བླ་མ་ཆེ་བཞི་སོགས་ཀྱིས་མདོ་སྔགས་རིག་གནས་དང་བཅས་པ་སྤེལ་བས་མཁས་པ་དང་གྲུབ་ཐོབ་ནམ་མཁའ་ལ་འཕུར་ནུས་པ་མང་དུ་བྱོན། དེང་སང་ནི་མཐའ་མིས་དབང་བྱས་པས་བསྟན་པ་རྣལ་མ་མེད་ཀྱང་། བོད་དང་རྒྱ་དཀར་ནག་གི་དགེ་སྦྱོར་བ་རེ་གཉིས་ཡོད་ཅིང་ནང་བ་ལ་དད་པ་ཆེ་འདུག་ཟེར། ཞང་ཞུང་བར་བ་ནི་ཏི་སེའི་ནུབ་ཕྱོགས་ཞག་འགའི་ཤུལ་ཙམ་ན་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་བྱ་རི་གཙུག་ལྡན་ཡོད། སྒྲུབ་ཕུག་མང་། མིང་བྲེ་ཏ་པུ་རུ་ཟེར། བོན་པོ་དང་བཀའ་རྒྱུད་གསར་རྙིང་གི་ཉམས་ལེན་པ་མང་། ཏི་སེ་ནས་ཞག་ལམ་མཚམས་ཙམ་ན་བླ་ཆེན་དྲན་པའི་སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ཡོད། དེང་སང་བོན་སྡེ་ཅི་རིགས་དང་དགོན་པའང་ཡོད། དེ་ནས་གངས་ཏི་སེའི་བར་ན་གཡུང་དྲུང་རིན་ཆེན་འབར་བའི་བྲག་ཕུག་ཡོད། གངས་རི་ཆེན་པོའི་མདུན་ཕྱོགས་ག་ལྗང་གཡུ་ལོ་རྫོང་ཞེས་པས། ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་སོགས་ཡུལ་ཆེན་བཅོ་བརྒྱད་དུ་བྱ་རུ་ཐོབ་པའི་རྒྱལ་བོ་བཅོ་བརྒྱད་བྱོན་པ་ཡིན་འདུག ཕོ་བྲང་གི་ཤུལ་སོགས་ད་ལྟར་ཅི་རིགས་སུ་ཡོད་ཟེར། དེང་སང་དེ་དག་གི་ཕྱོགས་མཚམས་ཀུན་ཏུ་བཀའ་རྙིང་བོན་གསུམ་གྱི་སྒྲུབ་སྡེ་མང་ཞིང་དགོན་པ་ཡང་ཡོད། ཏི་སེའི་ལྷོ་ཕྱོགས་སུ་ས་རྡོ་མེ་འབར་གནས་དང་། དེའི་ཕྱོགས་སུ་བླ་མ་ཡང་སྟོན་ཆེན་པོ་སོགས་ཞང་ཞུང་སྙན་རྒྱུད་ལ་བརྟེན་ནས་འཇའ་ལུས་པ་མང་པོ་བྱོན་པའི་གདུང་རྒྱུད་ཀྱང་ཡོད། ཏྲེ་སྟོན་གྱི་གདན་ས་དང་། སྤ་ཚང་གི་གདན་ས་ཡང་དེར་ཕྱོགས་ན་ཡོད། མཚོ་མ་པང་ནས་ཤར་དུ་ཞག་བཅུ་ཙམ་ན་སྒྲ་བླ་མོའི་རྟེན་གནས་སྟག་རི་ཁྲ་བོ་ཡོད། དེ་ནས་བོད་དང་འབྲེལ་བར་སྟོད་དང་ར་ནས་ཤར་དུ་ཞག་ཉི་ཤུ་ཙམ་ན་གཤེན་དར་ལྡིང་ཞེས་གཤེན་ཚང་གི་གདན་ས་དང་། རྟ་ནག་དུང་ཕོར། རི་ཁྲོད་ཆེན་པོའི་སྒྲུབ་གནས་གཡའ་རུ་རྩེ་བྲག བཀྲ་ཤིས་ལྷུན་པོའི་ལྷོ་ཕྱོགས་སུ་ཞུ་ཚང་གི་གདན་ས་ཞུ་རི་ཞིང་། དེའི་ཤར་ན་གྲས་གོང་མ་ཐོབ་རྒྱལ་བཀྲ་ཤིས་སྨན་རི་བ། གཡས་རུ་མཁར་སྣ། བྲུ་ཚང་གི་གདན་ས་རྣམ་ཐོས་ཕོ་བྲང་ཡོད་ཅིང་དེང་སང་གདུང་རྒྱུད་ནི་མེད། མཉམ་མེད་ཆེན་པོའི་སྒྲུབ་གནས་ཕྱུག་མོ་དཔལ་རི་དང་དེའི་ཤར་དུ་སྔོན་གཡས་རུ་དབེན་ས་ཆགས། དེའི་བྱང་དུ་གྲ་ས་འོག་མ་ར་ལག་གཡུང་དྲུང་གླིང་ཡོད། དེའི་ཉེ་བར་རྨེའུ་ཚང་གི་གདན་ས་ཟངས་རི་མཁར་དམར། གནམ་མཚོ། གཉན་ཆེན་ཐང་ལྷ་རྣམས་ཡོད། དེ་དག་ཞང་བོད་གཉིས་ཀྱི་བར་མཚམས་ཡིན་པས་ཞང་བོད་གང་དུ་འདྲེན་ཡང་རུང་ངོ་། །
ཞང་ཞུང་སྒོ་བ་ནི། སྨད་ཀྱི་ཤེ་ལེ་རྒྱ་སྐར་ཞེས་ཁྱུང་པོ་རི་རྩེ་དྲུག་ཡིན་ལ། སུམ་པ་གླང་གི་གྱིམ་ཤོད་ཡང་ཟེར། ཁྱུང་པོའི་ཁོག་ཏུ་ཁྱུང་པོ་དཀར་ནག་སེར་གསུམ་གྱི་གདན་ས་དང་། བློ་ལྡན་གྱི་གདན་ས་བྱ་ཟེར་སོགས་ན་ཁྱུང་པོ་སྟེང་ཆེན་སོགས་དགོན་སྡེ་མང་། ནང་གསེས་ཚོ་བ་སོ་དགུ་དང་། བྱང་ཕྱོགས་ཀྱི་རྒྱ་སྡེ་ཉེར་ལྔ་སོགས་ཕལ་ཆེར་བོན་སྡེ་ཡིན་ལ། དེའི་ནུབ་ཕྱོགས་ཨ་མདོ་སྟོད་པ་ཞེས། རྔུལ་རྫ་སྒང་གི་རི་རྒྱུད་ཀྱི་མཚམས་སུ་བྲག་དམར་རི་འདུས། སྤུ་རྒྱལ་གངས་དཀར། རྨ་ཡོ་ཀ་པ་སོགས་ཡོད། དེ་དག་ཕལ་ཆེར་སྔོན་ཧོང་གུར་དཀར་གྱི་བློན་པོ་སྡིག་ཅན་ཤན་པའི་གདུང་རྒྱུད་ཧོར་སྤྱི་ཁྱབ་རྒྱལ་པོའི་མངའ་ཞབས་ཡིན་ལ། བོན་སྡེ་རྒྱ་ཆེ་བས་སྤ་ཉི་མ་འབུམ་གསལ་གྱི་གདན་ས་སྤ་ཚང་དགོན་དང་སོག་སྡེ་བོན་དགོན་སོགས་དགོན་སྡེ་མང་ཞིང་དེང་སང་ཡང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་སུ་དམ་པ་མང་ངོ་། །
གཉིས་པ་བོད་ཀྱི་ཡུལ་ལ་མངའ་རིས་དབུས་གཙང་མདོ་ཁམས་དང་གསུམ་ལས། དང་པོ་མངའ་རིས་ལ་སྐོར་གསུམ་ཏེ། པུ་རང་གངས་ཀྱི་སྐོར། གུ་གེ་གཡའ་རི་སྐོར། རུ་ཐོག་རིའི་སྐོར་རོ། །དེ་དག་སྔོན་ཞང་ཞུང་དུ་འདུ་བས་བོན་སྡེ་ཡིན་ཀྱང་། རྒྱལ་པོ་ཁྲི་སྲོང་སྐབས་བོད་ཀྱི་དབང་དུ་འདུ་བས་བོན་སྡེ་ཡིན་ཀྱང་། རྒྱལ་བོ་ཁྲི་སྲོང་སྐབས་བོད་ཀྱི་དབང་དུ་བསྡུས་པས་དེང་སང་གཞུང་ས་ཆེན་པོའི་མངའ་འོག་ཏུ་ཡོད། དེ་དག་ན་བོན་སྡེ་ཅུང་ཟད་རེ་ཡོད་ཀྱང་གཙོ་ཆེར་ས་དཀར་གཉིས་དང་དགེ་ལྡན་པ་དར་བའི་སྐབས་ཡིན་ནོ། །
བར་དབུས་གཙང་རུ་བཞི་ནི། གཡས་རུ་དང་རུ་ལག་དབུས་རུ་དང་གཡོན་རུ་རྣམས་ཏེ། དབུས་རུའི་གཙོ་བོ་ལྷ་སའི་གླིང་སྟེ་ཇོ་བོ་ཡིད་བཞིན་ནོར་བུའི་བཞུགས་གནས་ཡིན་ལ། ཇོ་བོའི་སྐུ་འདི་མ་ཎི་བཀའ་འབུམ་སོགས་ལས་ཐུབ་པའི་སྐུ་ཚབས་སུ་གསུངས་ཀྱང་། བོན་ལུགས་སུ་ཞང་ཞུང་བཟའ་ལིང་ཏིང་སྨན་གྱི་རྟེན་སྐལ་ཡིན་པས་རྣམ་མཁྱེན་སྟོན་པའི་སྐུ་ཚབས་སུ་བཤད། པོ་ཏ་རྩེ་སོགས་སྐྱབས་མགོན་རྒྱལ་བ་ཡབ་སྲས་ཀྱི་གདན་ས་དང་། སེ་འབྲས་དགེ་གསུམ་སོགས་རི་བོ་དགེ་ལྡན་པའི་བསྟན་པ་ཁྱབ་ཆེ། བསམ་ཡས་ཀྱི་གཙུག་ལག་ཁང་དང་། ཉེ་སྐོར་རྙིང་མ་རྡོ་རྗེ་བྲག་དང་སྨིན་གྲོལ་གླིང་ཡོད། ལྷ་སའི་ལྷོ་ནུབ་ཕྱོགས་ཞག་བཅུ་སྐོར་ལ་ས་སྐྱ་ངོར་དང་། དེ་ནས་མི་རིང་བར་ས་སྐྱ་གོང་དང་། དེའི་ལྷོ་ན་འབྲུག་ཡུལ་ཞེས་པར་བཀའ་བརྒྱུད་པ་རྒྱ་ཆེ། ལྷ་སའི་ལྷོ་ནས་ཤར་དུ་པདྨ་གླིང་། གྲོ་བོ་ལུང་། ཙ་རི། ལྷ་སའི་ཤར་སྨད་ལྟ་བུར་ཉང་དྭགས་རྐོང་གསུམ་དང་བོན་རི་ཆེན་མོ་རྣམས་བཞུགས་སོ། །
སྨད་མདོ་ཁམས་སྒང་དྲུག་ལ་བརྩི་ཚུལ་མང་ཡང་། བསྡོམས་ན་རྔུལ་རྫ་ཟལ་མོ་སྒང་། ཚ་བ་སྒང་། སྨར་ཁམས་སྒང་། ཤར་རྫ་སྒང་། དམར་རྫ་སྒང་། མེ་ཉག་སྒང་། བུ་འབོར་སྒང་རྣམས་དང་། ཆུ་བཞི་ནི། རྔུལ་ཆུ། འབྲི་ཆུ། རྫ་ཆུ། རྨ་ཆུ་རྣམས་སོ། །དེ་དག་གི་བར་མཚམས་ཀྱི་ཡུལ་རགས་པ་ཙམ་སྨོས་ན། ཁྱུང་པོའི་ཡུལ་ནས་ཤར་རྫའི་ཡུལ་ལ་མ་ཐུག་བར་ལ་བྲུ་རྒྱལ་བ་གཡུང་དྲུང་གི་གདན་ས་དང་ཡན་ལག སྡེ་དགེ་ཀཾ་ཚང་གི་གདན་ས། བདག་ཞི་ཁ་རག་དགོན། དབྲ་ལྕང་སྨོན་གསུམ་གྱི་གདན་ས་སོགས་བོན་བརྒྱུད་ཀྱི་དགོན་སྡེ་མ་ཆད་པར་ཡོད། ཁྱུང་པོའི་ལྷོ་ཕྱོགས་ཆབ་མདོ་ནས་རིམ་པར་ལྷོ་རྒྱུད་དུ་པདྨ་བཀོད། ཚ་བ་རོང་། འབྲུག་ཡུལ་གྱི་ཤར་དུ་འཇང་ས་ཐམ་གྱི་ཡུལ་རྣམས་སུ་བོན་པོ་རྙིང་མ་བཀའ་བརྒྱུད་ཅི་རིགས་ཡོད། ཙ་རིའི་རྒྱབ་ན་ཀློ་ཁ་བཀྲའམ་གཞའ་ཡུལ་དང་། དེའི་ཤར་མོན་ཡུལ་ཏེ་ཁ་ཤའི་ཡུལ་ཡང་ཟེར། ཁྱུང་པོ་དང་བོན་རིའི་བར་ན་སྤུ་བོའི་ཡུལ། དེའི་ཤར་ཆབ་མདོར་ཞི་འཕགས་གཉིས་ཀྱི་གདན་ས། སྡེ་དགེ་ཆོས་རྒྱལ་རྫོང་ཁག་ཉེར་ལྔ། རྙིང་མའི་ཆོས་གྲའི་གཙོ་བོ་ཀཿདཔལ་རྫོགས་གསུམ། གླིང་ཡུལ་སྟོད་སྨད། ཧོར་དགོན་སྡེ་བཅུ་གསུམ། ཉག་ཨ་ཛི་ཏྲ་ལུང་། འབའ་ལེ་རྗེས་གསུམ། གངས་དཀར་གླིང་། མགོ་ཐང་། དར་མདོ། མེ་ཉག འདྲ་ཡུལ། སྟ་གུ། བརྡ་སྙི་བསེ་གསུམ། མགོ་ལོག་ཁག་གསུམ་སོགས་སུ་གནས་རྟེན་དགོན་སྡེ་བན་བོན་གསར་སྙིང་སྣ་ཚོགས་སུ་ཡོད། དར་རྩེ་མདོའི་ཤར་ན་རྒྱ་རོང་གི་ཡུལ་དུ་རྒྱལ་ཁག་བཅོ་བརྒྱད། ཁྱད་པར་དུ་དེང་སང་ཡང་ཁྱུང་འཕགས་ཁྲ་མོའི་གདུང་རྒྱུད་བོན་སྐྱོང་ཁྲོ་ཆེན་རྒྱལ་བོ་ཁྲི་སྡེ་བཅུ་གཉིས། གྲུབ་མཐའ་ལ་བོན་སྔ་དར་གཙོར་བྱས་པའི་བན་བོན་གསར་རྙིང་ཐམས་ཅད་དར། དེའི་བྱང་མགོ་ལོག་དང་འབྲེལ་བར་ཧོར་གྱི་ཡུལ་དུ་རྨ་ཆེན་པོམ་ར་ཡོད། དེ་ནས་རྒྱ་ནག་གི་བར་དུ་ཨ་མདོའི་ཡུལ་ཏེ་སྣང་ཞིག་དགོན་སོགས་བོན་དགོན་དང་དགེ་ལྡན་པ་མང་། དེའི་བྱང་ན་བླ་བྲང་བཀྲ་ཤིས་འཁྱིལ། ཟི་ལིང་མཚོ་སྔོན་པོ། དེའི་བྱང་རྗེ་སྐུ་འབུམ་ཚུན་མདོ་ཁམས་ཀྱི་ཕྱོགས་སུ་གཏོགས་པར་གསལ་ལོ། །བོད་སྤྱིའི་ཕྱོགས་བཞིའི་ལ་ཚིགས་སྲིད་པ་ཁ་བྱང་ལྟར་ན། ཤར་རྒྱའི་ལ་ཚིགས་དུང་སྒལ་དར་དཀར། བྱང་ཧོར་གྱི་ལ་ཚིགས་ཆགས་སོ་གངས་དཀར། ནུབ་མོན་གྱི་ལ་ཚིགས་ཕ་ཝཾ་རྨ་ལ། ལྷོ་འཇང་གི་ལ་ཚིགས་སྟག་ལ་ཝ་ཚལ་ཞེས་པ་རྣམས་ཡིན་པར་གསུངས་སོ། །དེང་སང་ཡང་དེ་རྣམས་སུ་འཁོར་རྣམ་བཞི་ཡོད་ཅིང་གཞི་གསུམ་གྱི་ཕྱག་ལེན་མ་ཆད་པ་དང་མདོ་སྔགས་རྫོགས་ཆེན་དང་བཅས་པའི་བཤད་སྒྲུབ་མ་ཉམས་ཤིང་སྡེ་སྣོད་འཛིན་པའི་མཁས་པ་དང་ཉམས་རྟོགས་ཅན་གྱི་གྲུབ་ཐོབ་ཡང་མང་དུ་ཡོད་པས་སངས་རྒྱས་ཀྱི་བསྟན་པ་རྣལ་མ་བཞུགས་པ་ཡིན་ནོ། །བོད་ཡུལ་འདིར་སྟོན་པས་ཞབས་ཀྱིས་བཅགས་པའི་ཡུལ་ཡིན་པས་ཅུང་ཟད་སྨོས་ན། དབལ་སོ་གངས་ཀྱི་ར་བ་ནས་རིམ་གྱིས་བྱོན་ཏེ་སྟག་གཟིག་དང་ཞང་ཞུང་གི་ཡུལ་མཚམས་སུ་མེ་འབར་བྲག་ལ་པདྨའི་སྡོང་པོ་ཡོད། ཞང་ཞུང་མུ་ཕྱ་དུམ་པ་ཚལ་ན་སྟོན་པའི་ཞབས་རྗེས་ཡོད། དེ་ནས་གངས་ཏི་སེར་བྱོན། རིམ་པར་རྐོང་བོན་རི་ཆེན་མོ། ཡར་ལྷ་ཤམ་པོ་སོགས་མགུར་ལྷ་བཅུ་གསུམ་གཙོས་ཡུལ་ལྷ་རྣམས་དམ་ལ་བཏགས། གནམ་མཚོ་སོགས་མཚོ་ཆེན་རྣམས་ལ་ཕྱག་རྗེས་བཞག སྨུག་མོ་རི། སྤེ་ནི་རི་བཀྲ། ཐོ་ལ་རྨོག་མགོ དམུ་རྡོ་ལྷ་གཉན་སོགས་ཞབས་ཀྱིས་བཅག་སྟེ་བྱིན་གྱིས་བརླབ་པ་ཡིན་པས་ད་ལྟར་ཡང་བཀའ་རྟགས་དུ་མ་མངོན་སུམ་དུ་མཇལ་དུ་ཡོད་དོ། །
གསུམ་པ་ལ་གཉིས། ཡུལ་སྤྱིའི་ཕྱོགས་མཚམས་དང་། བྱེ་བྲག་འགའ་ཞིག་སོ་སོར་བཤད་དོ། །དང་པོ་ནི། གངས་ཏི་སེ་དབུས་སུ་བྱས་པའི་འཛམ་གླིང་ཕྱོགས་མཚམས་སྤྱི་ཙམ་ལ། ཤར་སྨད་ན་རྒྱ་ཡུལ་འོ་མི་ཤན། ཤར་སྟོད་ན་པེ་ཅིན། བྱང་ཤར་ན་ཧོར་ཡུལ་དང་དེའི་ཕྱི་མཐར་རྒྱ་སོག་གི་མཚམས་ནས་ཁྱི་ཁྱོའི་ཡུལ། བྱང་སྨད་སོག་པོ་སྟེ་ལི་ཡུལ་ལམ་ཧོར་ཡང་ཟེར་ཞིང་རྒྱ་ནག་ནས་ཏ་ཟིག་བར་རྒྱ་ཆེ། བྱང་སྟོད་སོག་པོའི་ཕྱི་ནས་ཨུ་རུ་སུའམ་རྒྱ་སེར་པོ་སྟེ་གེ་སར་ཕྲོམ་གྱི་ཡུལ་ཡང་ཟེར། བྱང་ནུབ་ན་དྲུག་ཕྲོམ་དྲུ་གུའི་ཡུལ་དང་ཕྱི་མཐར་ཤམ་བྷ་ལ་སྟེ་རྒྱ་ནག་ཆེན་པོ་ཡང་ཟེར་ཞིང་དེ་དག་སྤྱི་མིང་དུ་སྟག་གཟིག་གི་ཡུལ་དང་དམུ་ཡུལ་དང་གཤེན་ཡུལ་ཞེས་ཀྱང་འབོད་དོ། །ནུབ་སྟོད་ན་ཏ་ཟིག་གམ་སྟག་གཟིག་གི་ཡུལ། དེའི་ནུབ་ན་ཨོ་རྒྱན་ནམ་མཁའ་འགྲོའི་ཡུལ། ནུབ་སྨད་ན་ཁ་ཆེའི་ཡུལ་ཡོད་ལ། ནུབ་སྟོད་སྨད་ཀྱི་བར་དང་ཕྱི་མཐའ་རྣམས་ཀླ་ཀློ་ཁོ་ན། ལྷོ་ནུབ་ན་ཁ་ཆེ་དང་འབྲེལ་བའི་ཊི་ལི་པ་ཋ་སོགས་ཀླ་ཀློ་དང་། དེ་ཕྱོགས་ཀྱི་གླིང་ཕྲན་ན་སྲིན་པོའི་ཡུལ། ལྷོ་སྨད་རྒྱ་གར་གྱི་ཡུལ་མཐའ་དབུས་རྣམས་དང་། ལྷོ་སྟོད་ཀ་ལི་ཀ་ཏ་སོགས་ལྷོ་ཤར་ན་འབར་མ་དང་འཇང་ཡུལ་སོགས་ཡོད་དོ། །ཡུལ་དེ་དག་གི་ནང་ནས་ཕྱོགས་བཞི་དབུས་ལྔའི་རྒྱལ་ཁབ་ལྔ་ནི། ཞང་ཞུང་དང་བོད་ཀྱི་རྒྱལ་བོ། ཤར་རྒྱ་ནག་རྒྱལ་བོ། བྱང་གེ་སར་རྒྱལ་བོ། ནུབ་སྟག་གཟིག་རྒྱལ་བོ། ལྷོ་རྒྱ་གར་རྒྱལ་བོ་རྣམས་ཏེ། དེ་དག་ཀུན་ཏུ་གཡུང་དྲུང་གི་བོན་བྱུང་ཞིང་ཡུན་རིང་པོར་དར་བ་ཡིན་ནོ །།གཉིས་པ་ནི། འཛམ་གླིང་གི་ཤར་ཕྱོགས་རྒྱ་ནག་སྟེ་མ་ཧཱ་ཙི་ན་ཡང་ཟེར། ཡུལ་འདིར་སྟོབས་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་བོ། ཧུའང་གསུམ། ངྷཱི་ལྔ། དབང་གསུམ། ཧཱ་ན། ཇིན། སུས། ཐང་། སུང་། ཧོར། ཏཱ་མིང་སོགས་ཀྱི་རྒྱལ་རབས་མཐར། ཆེན་པོ་ཆིང་གུར་སྟེ་གོང་མ་ཞི་ཙུ་སོགས་ནས་བཟུང་རྒྱལ་རབས་མང་དུ་བྱོན། སློབ་དཔོན་ཁུང་ཙིའི་གདུང་བརྒྱུད་དུས་ཕྱིས་བར་དུ་ཡོད་ཅིང་རི་གཉན་སོགས་ལ་དམ་བསྒྲགས་དགོས་ཚེ་དེའི་རིགས་རྒྱུད་ཀྱི་མི་འོང་ན་བཀའ་ལ་ཉན་པ་ཡིན་སྐད། དུས་ཕྱིས་གོང་མ་ཤིན་ཐང་གི་སྐབས་ནས་རྒྱ་ཡུལ་ནང་འཁྲུགས་བྱུང་སྟེ་གདན་ས་རྒྱ་རྗེ་སུང་ཀྲིན་ཧྲིན་གྱིས་བླང་ནས་རིམ་པར། ཅང་ཅེ་ཧྲི། མའོ་ཙེ་ཏུང་རྣམས་ཀྱིས་བསྐྱངས་སྐབས་ཡིན། སྔོན་ཊི་ལི་དང་། ཤན་ཡང་སོགས་ཞིང་ཆེན་བཅུ་དྲུག་ཟེར་ཡང་དེང་སང་དེ་ལས་ཀྱང་མང་བར་སྣང་། རྒྱ་ནག་གི་སྡེ་མཐའ་ལྷོ་ཕྱོགས་ཡུན་ནན་ནས་བཟུང་བྱང་བསྐོར་གྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ལ་ཟླ་བ་གཉིས་ཙམ་གྱིས་ཉེ་བའི་ཧོར་ཀླ་ཀློ་བྷ་ལག་གི་བར་མན་ཆད་དོ། །ཆོས་ལུགས་ནི་སྔོན་ཐོག་མར་ཤེའུ་སྟེ་རྩིས། དོའུ་སྟེ་བོན། ཇིང་སྟེ་ཆོས་དང་གསུམ་དུ་བྱུང་། མུ་སྟེགས་ནི་རྒྱ་ནག་ཏུ་འོང་མ་མྱོང་། སོག་པོ་ནས་བྱུང་བའི་ཀླ་ཀློ་ཟིན་ཤིང་ཞེས་སམ་ཧོ་ཟི་ཟེར་བ་ཡོད། དོའུ་ཞེས་པ་སྟོན་པ་ལོའུ་ཀྱུན་ཀྱི་ལུགས་རིག་བྱེད་ཀྱི་ཕྱོགས་གཏོགས་ཞིག་ཡིན་པས་བོན་དངོས་ནི་མིན་ལ། ལེགས་ཏིང་རྨང་པོ་སོགས་ནས་བརྒྱུད་པའི་བོན་དང་བོད་ནས་དར་བའི་བོན་ཡང་ཅི་རིགས་སུ་དར། དེ་ཡང་ཐོག་མར་བོན། དེ་ནས་རིམ་པར་བཀའ་བརྒྱུད། ས་སྐྱ། དགེ་ལྡན་རྣམས་རིམ་གྱིས་དར་ཞིང་། རབ་ཏུ་བྱུང་ནས་སྦྱངས་པའི་ཡོན་ཏན་ལ་གནས་པ་སོགས་རྒྱ་གར་དང་ཚུལ་མཚུངས་པའི་ཕྱག་ལེན་གཙང་ཡང་གསང་སྔགས་ཀྱི་ཉམས་ལེན་ནི་བོད་ལྟ་བུ་མེད་པར་མཐོང་ངོ། །པེ་ཅིང་དང་དེའི་ལྷོ་ཕྱོགས་ནས་རིམ་པར་རི་བོ་རྩེ་ལྔ་དང་གླང་ཆེན་སོགས་སུ་གནས་དང་དགོན་སྡེ་ཤིན་ཏུ་མང་ངོ། །ཧ་ཤང་འགོག་པ་བ་ཟེར་བ་དེ། རྒྱའི་སློབ་དཔོན་ཏཱ་མོ་ཙི་ཤུན་ནས་ཀུན་གཞི་རྣམ་ཤེས་ཀྱི་སྟེང་དུ་ཚོགས་བདུན་འཁོར་བཅས་འགོགས་པ་ཡིན། འདི་ལ་ཐེག་པ་ཆེ་ཆུང་གཉིས་ཡོད་གསུངས་པ་ཐོས། ཉམས་ལེན་ཙུང་མིན་ནི་ཅིག་ཆར་བའི་ལྟ་བ་དང་། ཏོའུ་མིན་ནི་རིམ་གྱིས་པའི་ལྟ་བ་སྟེ། བོད་དུ་འོང་བ་དེ་ཧ་ཤང་མ་ཧཱ་ཡ་ན་ཞེས་ཅིག་ཆར་བའི་ལུགས་རིམ་གྱིས་པ་ལ་འགེབས་པས་གང་ཟག་གི་སྐྱོན་དུ་སོང་ནས་རྒྱ་ནག་ཧ་ཤང་གི་ལྟ་བ་ཞེས་གླེང་བ་ལས་ཆོས་ཀྱི་སྐྱོན་མིན་ཞེས་རྒྱའི་སློབ་དཔོན་རྣམས་གླེང་ངོ། །གོང་མ་ཞི་ཙི་ཧུའང་ངྷཱིའི་སྐབས་རྒྱལ་དབང་ལྔ་པ་ཆེན་པོར་ཏཱ་ལའི་བླ་མའི་མཚན་དང་འཇའ་ས་ཕུལ། དེ་རྗེས་ཀཽ་ཤཱི་བསྟན་འཛིན་ཆོས་རྒྱལ་ཞེས་སོག་པོ་རྟ་ཁྲ་ཅན་གྱི་དམག་བྱུང་ནས་གནམ་བསྐོས་དགའ་ལྡན་ཕོ་བྲང་གི་རྒྱལ་སྲིད་འདི་བྱུང་བ་ཡིན་ནོ། །མོ་ལ་ཏ་ན། ཀ་བྷེ་ལ། ཁོ་ར་ས་ན། བ་ཛ་ས་ན། གོ་ཥ་སོགས་ནས་རིམ་པར་ཧོར་བྷ་ལག བྷ་དག་ཤན། མེ་སག་གི་བར་སིག དེ་ནས་ཨུ་རུ་སུའི་ཡུལ་མཚམས་ནས་རིམ་པར་ཐོར་གོད། ཨོ་ལོད་ཐོད་དཀར་རྣམས་ལ་སྟོད་ཧོར་དང་། དེ་ནས་བྱང་ཤར་གྱི་ཧལ་མི། ཡིན་ཁེར། ཐོར་གྭོད། ཧ་ལ་ཧན་སོགས་ལ་སྨད་ཧོར་ཟེར་ཏེ་རྒྱ་དང་འདྲེས་མར་ཡོད། སྨད་ཧོར་གྱི་ཡུལ་དུ་སྔོན་སེ་ཆེན་རྒྱལ་པོ་བྱོན་ནས་ས་ཀར་གྱི་བསྟན་པ་དར་ཞིང་། ཧོར་རྒྱལ་ཨལ་ཐན་ཧན་གྱི་དུས་ནས་དགེ་ལྡན་པའི་སྲོལ་ཚུགས། རྒྱལ་པོ་ལེགས་ལྡན་སྐབས་ཧོར་གྱི་རྒྱལ་རབས་རྫོགས་ནས་རྒྱ་ནག་གིས་མངའ་བདག་མཛད་ཀྱང་རྒྱ་ཧོར་སྡེ་འབངས་ཐུན་མོང་ཡིན་པས་སོག་ཡུལ་དུ་དགེ་ལྡན་པ་ཇེ་རྒྱས་སུ་འཕེལ། སོག་ཡུལ་གྱི་བཙུན་པ་རྣམས་བོད་དུ་སློབ་གཉེར་ལ་འོང་བའི་སྲོལ་ཚུགས་ཤིང་རིམ་པར་སོག་ཡུལ་དུ་དགོན་སྡེ་སུམ་ཅུ་རྩ་བདུན་སོགས་བྱུང་། དེང་སང་ནི་སོག་ཡུལ་དུ་སྔོན་བས་ཀྱང་མཁས་པ་མང་ཞིང་འདོད་ཆུང་ཆོག་ཤེས་པའི་དགེ་སྦྱོང་རྒྱ་གར་དང་མཐུན་པའི་སྒྲིག་ལམ་གཙང་བ་སོགས་བོད་ལས་ཀྱང་སོག་ཡུལ་དུ་བསྟན་པ་ཆེས་ཆེར་དར་བ་ཡིན་ནོ། །ལོ་རྒྱུས་གཞན་དུ་སྟག་གཟིག་དང་། ཏ་ཟིག སོག་པོ། མོང་གོལ་རྣམས་མིང་གི་རྣམ་གྲངས་སུ་བཤད་ལ། དུས་འཁོར་ནས་བསྟན་པའི་ལི་ཡུལ་ཞེས་པའང་སོག་ཡུལ་ཉིད་ཡིན་ཏེ། ལི་ཡུལ་ན་མཆོད་རྟེན་གོ་མ་ས་ལ་གནྔྷ་བཞུགས་པར་བཤད་པ་དེ་སོག་སྨད་ཉིད་ཤ་ཟེར་བ་ན་འདོམ་གང་ལྷག་ཙམ་གྱི་ནམ་མཁའ་ལ་ཡོད་ཟེར་ཞིང་། ཡུལ་དེའི་མི་རྣམས་ཀྱིས་ཀྱང་དེར་འདོད་པས་འཁྲུལ་བ་མེད་ཅིང་། ད་ལྟར་ལི་ཡུལ་བལ་པོ་དང་། གོ་མ་ས་ལ་གནྔྷ་འཕགས་པ་ཤིང་ཀུན་དང་། རི་གླང་མགོ་དེར་ཡོད་པར་བཤད་པ་ནི་ནོར་བར་སྣང་། ལི་བོན་སྤུངས་རྒྱུང་མཐུ་ཆེན་གྱི་ཡུལ་དང་དམག་དཔོན་གྱི་བླ་རི་ལྗང་ར་སྨུག་པོ་ནི་བལ་ཡུལ་གྱི་ཕྱོགས་སུ་ཡོད་པས་ཐ་དད་པར་གསལ་ལོ། །ཧོར་སོག་གི་སྟོད་ཀྱི་བྱང་ཕྱོགས་པ་རྣམས་ལ་ཕྲོམ་དང་གེ་སར་གྱི་ཡུལ་ཞེས་བཤད་ལ། དེང་སང་བྱང་གི་སྟོད་སྨད་ཐམས་ཅད་ཨུ་རུ་སུའི་རྒྱལ་ཁམས་ཟེར་བས་ཤིན་ཏུ་རྒྱ་ཆེ། སོག་པོ་དང་ཨུ་རུ་སུ་གཉིས་ལ་སྤྱི་མིང་དུ་རྒྱ་སེར་པོ་ཞེས་ཟེར་བའང་ཐོས། ཕྲོམ་དང་གེ་སར་ཨུ་རུ་སུ་གཉིས་ལ་སྤྱི་མིང་དུ་རྒྱ་སེར་པོ་ཞེས་ཟེར་བའང་ཐོས། ཕྲོམ་དང་གེ་སར་ཨུ་རུ་སུ་རྣམས་སྤྱི་མིང་གཅིག་ལྟ་བུར་འབོད་པར་བཤད། མདོ་ཁམས་ཀྱི་བྱང་ཕྱོགས་རྫ་ཆུ་ཁ་བའི་འབྲོག་སྡེ་རྣམས་ཕྲོམ་གྱི་རུ་ལག་ཡིན་པར་བཤད་པའང་མཐོང་། གང་ལྟར་ཡང་སོག་པོའི་བྱང་མཐའ་རྣམས་སུ་སྔོན་ནས་བོན་དར་བའི་དོན་གྱིས་ད་ལྟར་ཡང་སྔགས་པ་ལྟ་བུ་རེ་ཟུང་དང་། རྟེན་གསུམ་ཅི་རིགས་མཐོང་ཚོར་ཡོད་འདུག་ཀྱང་བསྟན་པ་རྣལ་མ་ཡོད་པ་ནི་མ་ཐོས་སོ། །གངས་ཏི་སེའི་ནུབ་བྱང་མཚམས་ན་དྲུ་གུའི་ཡུལ་ཡོད་ལ། ཧོར་སོག་གི་སྟོད་ལ་མོ་ཏ་ན་ནས་བཟུང་ནུབ་བྱང་ཕྱོགས་སུ་ཕྱིན་ན་ཀླ་ཀློའི་ཡུལ་མང་པོ་དང་། ཁྱད་པར་རུ་མཾ་ཤམ་ཞེས་པའི་ཡུལ་དུ་དུ་རུ་ཀའམ་སོག་པོ་རྣམས་ཀྱིས་ཁན་ཁུར་པ་ཋན་དུ་འབོད་པའི་ཀླ་ཀློའི་རྒྱལ་པོ་ཡོད་ཅིང་། འདི་ནས་ལྷོ་ཕྱོགས་སུ་ཟླ་བ་ཕྱེད་གཉིས་ཙམ་ཕྱིན་པ་ན་མེ་ཁ་ཞེས་པའི་ཡུལ་དུ། དུས་འཁོར་ནས་ཀླ་ཀློ་འཇུག་པར་གསུངས་པའི་གནས་གཞི་འགངས་ཆེ་བ་དེ་ཡོད་ལ། དེར་ཀླ་ཀློའི་ལྷ་རྟེན་རྡོའི་ལིངྒ་མདའ་ཚད་ཙམ་བར་སྣང་ལ་ཡོད་པས། དེ་ལ་དམར་མཆོད་བྱས་ན་སྤྲུལ་པ་ཞིག་འོང་ནས་ཀླ་ཀློས་ཆོས་འཆད། རྡོའི་ལིངྒ་དེ་མཐོ་ན་ཀླ་ཀློ་དར་ཞིང་དམའ་ན་ཀླ་ཀློ་ཉམས་ཟེར། བྱང་ཕྱོགས་ཀྱི་ཆུ་བོ་ཤཱི་ཏ་ཚུན་ཆད་དང་རྒྱ་གར་ཡན་ཆད་ཀྱི་ཀླ་ཀློའི་འབྱུང་ཁུང་འདི་ཡིན་ཅིང་ཆུ་བོ་ཤཱི་ཏ་ཚུན་གྱི་རྒྱལ་པོ་ཡང་དུ་རུ་ཀ་ཡིན་ནོ། །འཛམ་གླིང་ནུབ་བྱང་གི་དུ་རུ་ཀ་འདི་ལ་སྤྱིར་མོང་གོལ། པ་ཋ། སིག དོམ་ཧི་ཞེས་པ་བཞི་ཡོད་ལ། ལྷ་མིན་གྱི་གདོན་མི་ལ་བི་བྷི་ལི་དང་། བྷི་ས་མི་ལ་ཞེས་པ་སྐྱབས་སུ་འཛིན། སངས་རྒྱས་ལ་མིང་ཤེན་ཏན་ཞེས་ཟེར་ཞིང་མི་རུང་བ་ཐམས་ཅད་ཀྱི་གཞིར་འཛིན། ཀླ་ཀློ་འདི་ཕྱི་པ་ནང་པ་གཉིས་ཀ་དང་གྲུབ་མཐའ་མི་མཐུན་ཅིང་ཕྱི་ནང་གཉིས་ཀའི་བསྟན་པ་ལ་གནོད་པས་རྒྱ་གར་ན་ཕྱི་པ་རྣམས་ཀྱིས་ཀྱང་འཇིག་རྟེན་གྱི་འབྲེལ་མི་བྱེད་པར་སྣང་ངོ། །དུས་ཕྱིས་སོག་པོ་ལྷ་སར་འོང་བའི་མི་སྣ་རྣམས་ཀྱིས་གླེང་མོ་ལ། ཁན་ཁུར་པ་ཋན་གྱི་རྒྱལ་པོས་མི་བཞི་བཅུ་ལ་གསེར་ཊཾ་བརྒྱ་རེ་བྱིན་ནས། བྱང་ཤམྦྷ་ལའི་རྒྱལ་པོ་ལོ་བརྒྱར་འཚོ་བའི་རྒྱུ་མཚན་འདྲིར་བཏབ་པས། དེ་རྣམས་ནུབ་བྱང་ནས་ཡུན་རིང་པོར་ཕྱིན་པས་རེ་ཞིག་ན་མི་སྡེ་ཕྱིང་གུར་ཅན་དང་། རྟ་དང་ཁྱིའི་གདོང་ཅན་དང་། རྐང་གཅིག་པ་མི་གཉིས་རེ་ལུས་སྦྲེལ་ནས་རྒྱུག་པས་རྟ་བཞིན་མགྱོགས་པ་དང་། རྐང་པ་གཉིས་འཁྲིགས་ནས་རྐང་པ་ལས་བུ་སྐྱེ་བ་དང་། རྣ་བ་གོས་སུ་གྱོན་པ་དང་། མགོ་མེད་པའི་ཤེད་པོ་ཆེ་དང་། ཕྲག་མིག་ཅན་སོགས་མང་དུ་བརྒལ་ནས་ཤམྦྷ་ལའི་ཡུལ་དུ་སླེབས་པས། དེར་ཡུལ་གྱི་བཀོད་པ་ལྷའི་ཡུལ་ལྟར་འབྱོར་ཞིང་ཕྱུག་པ། ཆས་དང་སྤྱོད་ཚུལ་ཤས་ཆེར་རྒྱ་གར་དང་འདྲ་ཞིང་དགེ་བ་ལ་འདུན་པ་ཤིན་ཏུ་ཆེ། རྒྱལ་པོ་ལ་རྒྱུ་མཚན་དྲིས་པས། ཡུན་རིང་ཞིག་ནས་ངས་འཛམ་གླིང་གི་སྣོད་བཅུད་ཐམས་ཅད་འབྱོར་ཞིང་རྒྱས་ལ་བདེ་ཞིང་སྐྱིད་པའི་སྨོན་ལམ་རྒྱུན་དུ་འདེབས་པས་ཚེ་རིང་བ་ཡིན་ཞེས་པའི་བཀའ་ཡིག་དང་རིན་པོ་ཆེ་ཁུར་པོ་རེ་གནང་ནས་ཕྱིར་ལོག་པའི་ལོ་རྒྱུས་བཤད་པ་ཐོས། དུ་རུ་ཁ་རྣམས་ཀྱི་གཏམ་དུ་དེང་སང་ངེད་ཀྱིས་སྟོབས་ཆེ། ཕྱིས་ནས་ཤམྦྷ་ལའི་རྒྱལ་པོའི་མཐུ་ཆེ་བས་དེའི་དབང་དུ་མ་སོང་གོང་རང་རེ་རྣམས་བག་ཡོད་པར་བྱ་བ་གལ་ཆེ་ཞེས་ཆོས་གྲྭ་ཀུན་ལ་གླེང་བ་ཡོད་པར་ནི་མངོན་སུམ་ཚད་མའོ། །རུ་མཾ་ཤམ་ནས་ཡུན་རིང་པོར་ཕྱིན་པའི་མཐར་གང་ག་ཀ་རི་ཞེས་བྱ་བའི་རི་བོ་དང་། དེའི་བྱང་ཕྱོགས་སུ་གཅན་གཟན་དང་མི་མ་ཡིན་མང་པོས་གང་བའི་ཡུལ་རི་བོ་གྷནྔྷ་བྱ་བ་ཡོད་དེ་མི་གཏན་ནས་མེད། དེ་རྒྱབ་གངས་རི་ཆེན་པོ་ན་འཕགས་པའི་གནས་བརྟན་བཞུགས། གངས་རི་དེའི་གཡས་གཡོན་ནས་ཆུ་བོ་ཆེན་པོ་ཤར་ནུབ་ཏུ་འགྲོ་ཞིང་གྲང་ཆེས་པས་འཁྱགས་རོམ་མེད་ཅིང་རྐང་པས་རེག་ན་དེ་མ་ཐག་རྡོ་ལྟར་གྱུར་ནས་ཆད་འགྲོ་བས་འགྲོ་མི་ནུས་པ་ཡིན་ཞེས་གླེང་། དེའི་རྒྱབ་ན་ཆུ་བོ་པ་ཏ་ལོ་ཏ་ན་ཡོད་པའི་འགྲམ་ནས་མི་སྡེ་ཆགས་ཤིང་། རྒྱལ་ཆེན་བོན་གྱིས་འཕགས་ཀྱི་གནས་དང་གསེར་དངུལ་གྱི་འབྱུང་ཁུངས་མང་། དེའི་རྒྱབ་ན་རྒྱ་ནག་ཟེར་བ་དང་སུ་མི་དོ་ཟེར་བ་སོགས་ཡུལ་ཆེན་པོ་ཤིན་ཏུ་མང་། དེའི་རྒྱབ་ན་རྒྱ་ནག་ཆེན་པོ་བྱ་བ་ཡོད། དེའི་ནུབ་ཕྱོགས་རྟ་དང་ཁྱི་མགོ་ཅན་གྱི་མི་དང་། ཕྱེད་ལུས་ཅན་དང་། རྣ་བ་ལེབ་གྱོན་སོགས་མཐའ་འཁོབ་ཀྱི་མི་རིགས་མང་། དེའི་བྱང་ན་དབལ་སོ་གངས་རི་མཐོན་པོའི་ནང་ན་བྱང་ཤམྦྷ་ལ་འོལ་མོའི་གླིང་ཡོད་པར་བཤད་དོ། །གངས་ཏི་སེའི་ནུབ་ཕྱོགས་ལ་དྭགས་ཀྱི་ཡུལ་ནས་རྒྱང་རིང་པོར་ཕྱིན་པ་ན་ནུབ་བྱང་དུ་རུ་ཀའི་ཕྱོགས་གཏོགས་ལ་མོ་ཏ་ན་དང་། དེའི་ལྷོ་ཐོད་དཀར་གྱི་ཡུལ་གྱི་ཕྱི་ན་ཏ་ཟིག་གམ་སྟག་གཟིག་གི་ཡུལ་ཡོད་ལ། སྤྱི་ཙམ་དུ་སྟག་གཟིག་གི་ཡུལ་འདི་ཕན་ཆད་ཤམྦྷ་ལའི་ཡུལ་མཐར་བཤད་པས་འོལ་གླིང་འཛམ་གླིང་གི་ཕྱེད་ཡིན་པར་བཤད་པ་ཡང་དེ་ལ་དགོངས། སྔོན་དེ་དག་ཏུ་བོན་རྒྱུ་འབྲས་གཉིས་ཀ་དར་ཡང་དེང་སང་ནི་དུས་ཀྱི་དབང་གིས་བསྟན་པ་རྣལ་མ་ཞིག་མེད་པར་མངོན། དེ་ནས་ནུབ་ཕྱོགས་རྒྱང་རིང་པོ་ན་ཡུལ་མི་རྣམས་ཀྱིས་ག་ཛ་ནའི་ཡུལ་ཟེར་བ་ཨོ་རྒྱན་ནམ་མཁའ་འགྲོའི་ཡུལ་ཡིན། མཐོང་བའི་ལམ་དུ་ཕྱི་ནང་དང་ཀླ་ཀློ་གང་གི་ཆོས་ལུགས་མེད། སྤྲུལ་པ་ཅན་མང་བས་ཆུའི་ཕ་རོལ་དུ་ལག་པ་བརྐྱངས་ནས་ཅི་འདོད་ལེན་པ་དང་། བུད་མེད་འགའ་ཞིག་གིས་ཟས་བྱིན་པ་ཟོས་ན་ཞག་མང་པོར་ཏིང་འཛིན་སྐྱེ་བ་སོགས་ཡོད་པར་འདུག་ཟེར། དེ་ན་རྒྱལ་པོ་ཨིནྡྲ་བྷུ་ཏིའི་ཕོ་བྲང་གི་ཤུལ་དང་། དེའི་ཉེ་སྐོར་རྒྱ་མཚོའི་ཆུ་ལག་གིས་བཅད་པའི་མཚོ་གླིང་དུ་ངྷ་ན་ཀོ་ཥའི་གླིང་སོགས་ཀྱང་མཐོང་བར་འདུག དེ་ནས་ལྷོ་ཕྱོགས་སུ་ཕྱིན་པ་ན་ཆུ་བོ་སིནྔྷུ་རྒྱ་མཚོར་འབབ་ཟེར་རོ། །གངས་ཏི་སེའི་ནུབ་སྨད་ཕྱོགས་ན་འཛམ་བུའི་རྒྱལ་ཁམས་ཞེས་པ་དང་། དེའི་ཤར་ཕྱོགས་མངའ་རིས་གུ་གེ་དང་འབྲེལ་བར་ཁུ་ནུའི་རྒྱལ་པོ་བྱ་བ་ཡོད་དེ། དེར་ད་ལྟར་བོན་གྱི་བསྟན་པ་ཅི་རིགས་སུ་ཡོད་ཟེར། གངས་ཏི་སེ་དང་ཁུ་ནུའི་རྒྱལ་པོའི་ལྷོ་ནུབ་ཀྱི་ཕྱོགས་སུ་རྒྱ་གར་ཁ་ཆེའི་ཡུལ་ཡོད་དེ་ཀ་སྨི་རའི་ཡུལ་ཞེས་གྲགས། དེའི་བྱེ་བྲག་ཆོས་རྒྱལ་མྱ་ངན་མེད་ཀྱི་གདན་ས་ཊི་ལི་ཟེར་བ་ན་པ་ཋ་ཟེར་བའི་རྒྱལ་པོ་ཡོད། ཁ་ཅིག་གིས་རྙིང་མའི་གཏེར་ཆོས་སོགས་སུ་བོད་ཕུང་བའི་སྟོད་ཧོར་ཟེར་བ་དེ་འདི་ཡིན་ཞེས་སྨྲ་ན་ཡང་མ་ངེས་ཏེ། ཊི་ལི་པ་ཋ་འདི་སྟོད་ཧོར་གྱི་རིགས་ཤིག་ཡིན་ཀྱང་སོག་པོ་ཚུན་ཆད་ལ་ཧོར་ཟེར་བ་ལྟར་ན་ཤིན་ཏུ་རྒྱ་ཆེ་བས་ཧོར་ཡིན་ན་ཊི་ལི་པ་ཋ་ཡིན་མི་དགོས་ཤིང་། བོད་དུ་ཧོར་དམག་སྔ་ཕྱིར་བྱུང་བས་ངེས་དོན་གྱི་བསྟན་པ་ལ་གནོད་པ་ཆེན་པོ་བྱུང་བས་ལུང་བསྟན་པ་ནི་འབྲི་གུང་བས་ས་སྐྱ་ལ་ཧོར་དམག་དྲངས་པ་དང་། སོག་པོ་རྟ་ཁྲིད་ཅན་གྱི་དམག་བྱུང་བ་སོགས་ཡིན་པར་མངོན་ནོ། །དེའི་ལྷོ་ཕྱོགས་ན་བྷོ་རོང་གི་ཟེར་བའི་རྒྱལ་ཁབ་ན་མི་དང་རྟ་རྩལ་ཆེ་ཞིང་མཚོ་རྟ་ཆུ་གཏིང་དུ་འགྲོ་བ་ཡོད། དེའི་ལྷོ་ནས་ཧོར་སྟེ་ཟ་ཧོར་གྱི་རྒྱལ་ཁམས་ཡོད་དོ། །གངས་ཏི་སེའི་ལྷོ་ཕྱོགས་རྒྱ་གར་གྱི་ཡུལ་ཡིན་ཏེ། དེ་ལ་ཡང་ཕྱོགས་བཞི་དབུས་ལྔ་ལས། ཡུལ་དབུས་གཙོ་བོ་རྡོ་རྗེའི་གདན་གོང་དུ་ཅུང་ཟད་བཤད་པ་དང་། དེའི་ཉེ་སྐོར་དུ་གྲོང་ཁྱེར་དྲུག་ནི། མཉན་ཡོད། གནས་བཅས། ཙམ་པ་ཀ རྒྱལ་པོའི་ཁབ། ཡངས་པ་ཅན། ཝ་ར་ཎ་སི་རྣམས་ཏེ། དེ་དག་ཏུ་རབ་ཏུ་བྱུང་བ་རེ་གཉིས་ཙམ་རེ་ཡོད་ཅིང་། ཤར་ཀོ་ཀི་དང་འབྲས་སྤུངས་ཀྱི་མཆོད་རྟེན་ཕྱོགས་ནས་རྡོ་རྗེའི་གདན་དུ་དབྱར་གནས་ལ་འོང་བ་ནི་དུས་ཕྱིས་བར་དུ་ཡོད་འདུག ཐམས་ཅད་ཀྱང་སྦྱངས་པའི་ཡོན་ཏན་དང་ལྡན་པའི་བསམ་གཏན་པ་ཁོ་ན་ཡིན་ཞིང་སྡེ་སྣོད་འཛིན་པ་ནི་ཉུང་བ་ཡིན་སྐད། རྒྱ་གར་གྱི་བྱང་ཤར་བོད་ལྷ་སའི་ནུབ་སྨད་ན་བལ་པོ་ཡོད་ཅིང་། སྔོན་སངས་རྒྱས་འོད་སྲུང་གི་དུས་ནས་བརྒྱུད་པ་མ་ཉམས་པའི་རྒྱལ་པོ་མ་ཧཱ་རཱ་ཛ་དང་། ངྷརྨ་རཱ་ཛ་ཞེས་པ་ཡོད་ཅིང་ཆོས་དར་ན་ཡང་། དུས་ཕྱིས་ནི་མཐའ་མི་གོརྵའི་དབང་དུ་སོང་བས་ཚོགས་བདག་གླང་གདོང་ལ་དམར་མཆོད་སོགས་བྱེད། སྔོན་ནས་བོན་དར་ཡང་ད་ལྟ་སྔགས་པ་རེ་ཟུང་གིས་གེ་ཁོད་སྒྲུབ་མཁན་ཙམ་ལས་དར་རྒྱས་མེད། བལ་པོའི་ཤར་ན་སུ་ཁུམ་གྱི་ཡུལ་ཏེ་འབྲུག་ཡུལ་ཡོད་ཅིང་། བཀའ་བརྒྱུད་པའི་ཆོས་དར་ཡང་རབ་ཏུ་བྱུང་བ་ནི་མ་མཐོང་ཟེར། གོང་བཤད་ཁུ་ནའི་རྒྱལ་པོ་ནས་འབྲུག་ཡུལ་ཕན་ཆད་ལ་གངས་དང་ཉེ་བའི་རྒྱ་གར་རི་བྲག་པ་ཟེར་ཏེ་བྱང་ཕྱོགས་པའོ། །རྒྱ་གར་ལྷོ་ཕྱོགས་ན་རི་མ་ལ་ཡ་ཙནྡན་གྱི་ནགས་ཡོད། དེའི་ལྷོ་ན་རུམ་པ་ཅ་ཟེར་བའི་ཀླ་ཀློའི་རྒྱལ་པོ་སྟོབས་ཆེ་བ་ཡོད། དེ་ནས་ལྷོའི་རྒྱ་མཚོའི་འགྲམ་འཛམ་བུ་གླིང་གྲུ་གསུམ་དུ་ཡོད་པའི་རྩེ་མོའི་ཕྱོགས་ནས་སྔོན་ར་མ་ཎས་བཙུགས་པ་ཡིན་ཟེར་བའི་རྡོ་ཟེམ་གྱི་ཤུལ་རིང་པོ་ཡོད་ཅིང་དེ་ནས་སྲིན་པོའི་ཡུལ་དུ་འགྲོ་བའི་ལམ་ཡོད། འདི་ཕྱོགས་ཀྱི་རྒྱ་མཚོར་གླིང་ཕྲན་སིངྒ་ལ་དང་། འགྲོ་ལྡིང་སོགས་ཆོས་དར་བའི་ཡུལ་མང་པོ་འདུག དེ་ཕྱོགས་ཕོ་བས་མོ་མང་བས་རྒྱ་གར་ནས་མག་པར་སོང་བ་མང་སྐད། རྒྱ་གར་གྱི་ཤར་ཕྱོགས་སུ་བྷཾ་ག་ལ་ཞེས་ཇོ་བོ་རྗེ་ཨ་ཏི་ཤའི་འཁྲུངས་ཡུལ་དང་། དེའི་བྱང་ན་ཀ་མ་རུ་པ་དང་། གྱད་ཡུལ་རྩ་མཆོག་གི་གྲོང་དང་། དེ་དང་ཉེ་བར་ཨ་ཤང་གི་ཡུལ་ཞེས་པ། ཙ་རིའི་རྒྱབ་ཀྱི་ཀློ་ཁ་བཀྲའི་ལྷོ་ཕྱོགས་ཀྱི་ཡུལ་མཐར་མནའ་མ་ལེན་ཚེ་མ་མགོ་གཅོད་པ་དང་། དེར་གྷྲྀ་རྡོ་ཟེར་བའི་མི་རིགས་ཤིག་ཡོད་པ་སྲིན་པོའི་རྒྱུད་ཡིན་པས་མི་ཤ་ཟ་བ་ལ་གུ་རུ་པདྨས་དེ་བཀག་ནས་བཟའ་བཏུང་གི་ཆེད་དུ་བ་མེན་གནང་བས། དེང་སང་པདྨ་བཀོད་སོགས་སུ་ཡོད་པའི་བ་མེན་རྒྱ་ཚ་ཟེར་བ་དེ་ཡིན་འདུག བྷཾ་ག་ལ་ནས་ཤར་ཕྱོགས་ཟླ་བ་གསུམ་དུ་ཕྱིན་པ་ན་ཟངས་གླིང་ཞེས་པ་མི་ཤ་ཟ་བ་ད་དུང་ཡང་ཡོད་པས་མི་ཕལ་བ་ཤིན་ཏུ་ཡང་འགྲོ་བར་དཀའ། འདིའི་མཐར་གངྒ་རྒྱ་མཚོར་འབབ་ས་ནས་འཇིག་རྟེན་གྱི་མཁའ་འགྲོ་མ་དང་། ཆུ་སྲིན་བྱིས་པ་གསོད་དང་ཀླུ་དང་གློག་སོགས་ཀྱི་འཇིགས་པ་ཆེན་པོ་ཡོད་འདུག་ཟེར་རོ། །གངས་ཏི་སེའི་ཤར་ལྷོའི་ཕྱོགས་སུ་ཨ་ཤང་གི་ཡུལ་མཐའ་གྷྲི་རྡོ་ཟེར་བ་ནས་ཤར་ཕྱོགསསུ་འཇང་ཡུལ་ཡོད་ཅིང་། དེར་ས་ཐམ་རྒྱལ་པོའི་མཁར་ཤུལ་སྣང་ཟེར། ཀརྨ་པའི་ཆོས་ལུགས་དང་། བོན་ལུགས་བོད་ནས་དར་བའི་བརྒྱུད་འཛིན་ཅི་རིགས་ཡོད་འདུག དེའི་ཤར་ན་ཀོ་ཀི་ཟེར་བའི་རྒྱལ་ཁམས་ནི་རྒྱ་གར་གྱི་ཡུལ་མཐའ། རྒྱ་ནག་གི་མངའ་འོག་ཡུན་ནན་གྱི་མཚམས་ལ་ཐུག་པའོ། །འདི་ནས་མཚོ་ལ་གྲུ་བཏང་ནས་ཕྱིན་ན་འབྲས་སྤུངས་ཀྱི་མཆོད་རྟེན་ཡོད་སར་སླེབས་ཟེར་རོ། །དེ་དང་ཉེ་བར་ཙནྡྲའི་གླིང་དང་གསེར་གླིང་སོགས་ཤིན་ཏུ་མང་ངོ་། །ནའི་གླིང་ཞེས་པ་བྲག་གི་ལྷ་ཁང་ཞིག་གི་ནང་སངས་རྒྱས་ཀྱི་གསུང་རབ་ཐམས་ཅད་ཡོད་སྐད། རྒྱ་གར་གྱི་ཡུལ་གྲུ་དེ་དག་ཏུ་གནས་ཉེར་བཞི་ཕལ་ཆེ་བ་ཡོད་ཅིང་། རྡོ་རྗེའི་གདན་དང་བྷཾ་ག་ལ་སོགས་ན་རིགས་སྔགས་འགྲུབ་སླ་བ་དང་སྒྲུབ་གནས་བྱིན་རླབས་ཅན་བསྙེན་སྒྲུབ་བྱས་ན་ལྟས་རེ་ངེས་པར་འོང་བ་ཡོད། ཕྱི་རོལ་པའི་སྒྲུབ་གནས་ཀྱང་མང་ངོ་། །ནང་བའི་གནས་གཞི་ཨོ་ཏནྟ་པུ་རི། བྱ་རྒོད་ཕུང་རི། ཤྲཱི་ན་ལེནྡྲ། བི་ཀྲ་མ་ལ་ཤྲཱི་ལ་སོགས་ཡོད་ཀྱང་དུས་ཕྱིས་ནི་མེད། ནང་བའི་རྟེན་གསུམ་ནི་མང་པོ་འདུག ཕྱི་རོལ་བའི་གནས་གཞི་ཡང་མ་ཐུ་ར་དང་། བྷས་ཛི་ན་ཐ་སོགས་ཡོད་ཀྱང་དུས་ཕྱིས་སྟོང་། དབང་ཕྱུག་དང་ཁྱབ་འཇུག་གི་ལྷ་རྟེན་སོགས་ནི་ད་དུང་ཡོད།བྲམ་ཟེའུ་ཆོས་ལུགས་དང་། ཨ་ཙ་ར་ཟེར་བའི་སྔགས་པ་ལྟ་བུ་རྟེན་འབྲེལ་དང་གཏོ་ཐབས་བྱེད་པ་དང་། ཛོ་ཀི་ཟེར་བའི་ཉམས་ལེན་མཁན་གཅོད་དང་འཕོ་ལུང་བྱེད་པ་ལྟ་བུ་མང་དུ་སྣང་ཡང་བྲམ་ཟེ་དང་བན་བོན་གང་ཡིན་ཤན་འབྱེད་དཀའ་བར་སྣང་། སྣང་གཤེན་མདོས་མཁན་བོན་ལུགས་ལྟ་བུ་མང་དུ་མཆིས་ཟེར་རོ། །རབ་ཏུ་བྱུང་བ་རེ་གཉིས་ཙམ་མཐའ་དབུས་ཀུན་ན་ཡོད། རྒྱ་གར་ཤར་ཕྱོགས་དང་། འཇང་ཡུལ་གྱི་ཕྱོགས་དང་། གླིང་ཕྲན་སིངྒ་ལ་དང་། ནའི་གླིང་དང་། གསེར་གླིང་སོགས་ན་རབ་ཏུ་བྱུང་བ་མང་ཞིང་ད་དུང་ཡང་བསྟན་པ་ཅི་རིགས་ཡོད་ལ། བསྟན་པ་ལ་དད་པའི་ཡོན་བདག་ནི་ཤིན་ཏུ་མང་ངོ། །འཛམ་གླིང་ལྷོ་བྱང་གི་ཡུལ་དེ་དག་རྣམས་ལས་སྟོན་པ་སྐུ་དངོས་ཀྱི་ཞབས་ཀྱིས་བཅགས་པའི་ཡུལ་ནི། ཉི་སྒྲོན་ལྟར་ན་རྒྱ་ནག མེ་ཉག རྒྱ་གར། བལ་པོ། ཨོ་རྒྱན། ཟ་ཧོར། ཁ་ཆེ། ཐོད་གར། ལི་ཡུལ། སྟག་གཟིག ཞང་ཞུང་། མོན་ཡུལ། ཁྱི་ཐན་ཡུལ། ཕྲོམ་གེ་སར། བྲུ་ཤ། གར་ལོག ཡུ་གུ། བོད་ཀྱི་ཡུལ་རྣམས་སུ་བྱོན་ཏེ་བཀའ་རྟགས་ཞབས་རྗེས་སོགས་ད་ལྟར་ཡང་མངོན་སུམ་དུ་བཞུགས་པས་ཀུན་གྱིས་ཡིད་ཆེས་སུ་རུང་བའོ། །དེ་ཡང་སྤྱིར་འཛམ་གླིང་མཐའ་དབུས་ཐམས་ཅད་རྣམ་མཁྱེན་སྟོན་པའི་སྐུ་གསུང་ཐུགས་ཀྱི་བསྟན་པའི་གདུལ་ཞིང་ཡིན་ཀྱང་ཁྱད་པར་དུ་སྟོན་པས་ཞབས་ཀྱིས་བཅགས་པའི་གནས་རྣམས་སུ་སྔོན་ཡང་བསྟན་པ་ཅི་རིགས་སུ་བྱུང་ལ། ད་དུང་ཡང་བསྟན་པ་འཕེལ་འགྲིབ་ཅི་རིགས་འབྱུང་ཡང་དོན་དུ་ཚེ་ལོ་བཅུ་པ་ལ་ཐུག་གི་བར་དུ་བསྟན་པའི་རྒྱུན་ཡུན་རིང་དུ་གནས་པ་ཡིན་ནོ། །དེ་ལྟར་ན་འཛམ་གླིང་གཅིག་ལའང་རྒྱལ་བའི་བསྟན་པ་ཡོད་མེད་ཀྱི་ཚུལ་སྣ་ཚོགས་སུ་ཡོད་པས་རང་རེ་བསྟན་པ་རིན་པོ་ཆེ་ཡོད་པའི་ཡུལ་དབུས་སུ་སྐྱེས་པའི་ཚུལ་ངོ་ཤེས་ནས་སླད་ཆད་ནས་ཀྱང་རྒྱལ་བའི་བསྟན་པ་དང་མཇལ་བ་ལ་དོན་ཡོད་པར་བྱའོ་ཞེས་ཀྱང་རྗེས་སུ་གདམས་ཏེ་སྨྲས་པའོ། །
མཆོག་དམན་སྐལ་བའི་ཁྱད་པར་མི་འདྲ་བ། ། ཞིང་ཁམས་གཅིག་ལའང་ཁྱད་པར་སྣ་ཚོགས་ཚུལ། །
རིང་ནས་ལས་དང་སྨོན་ལམ་ལ་བརྟེན་ནས། ། ཆུ་མཚོར་རྒྱུ་སྐར་བཞིན་ཏུ་སོ་སོར་སྣང་། །
དེ་ལྟ་འཛམ་གླིང་དབུས་མཐའི་ཁྱད་པར་རྣམས། ། སྙིང་པོར་བསྡུས་ཏེ་གཏམ་དུ་གླེང་བའི་མཐུས། །
ལས་སྣང་སྤྱོད་ཡུལ་ཡིད་ལ་ངེས་ནས་ཀྱང་། ། བག་ཡོད་སེམས་ལ་དྲན་པའི་མཐུ་ཐོབ་ཤོག །
ཅེས་པ་འདི་ནི་བོད་དུ་བྱུང་བའི་ཡིག་ཆ་སྔ་ཕྱི་འགའ་ཞིག་ལ་གཞི་བྱས་ནས་འོལ་ཚོད་ཀྱིས་མ་བསླད་པར་འཛམ་གླིང་ཡུལ་གྱི་ལོ་རྒྱུས་ལ་མཐོང་རྒྱ་ཆེ་བ་བལ་པོའི་བླ་མ་བསྟན་འཛིན་རྒྱལ་མཚན་སོགས་ཀྱི་ངག་རྒྱུན་ཁུངས་མ་སྣ་ཚོགས་ལ་བརྟེན་ནས། བྲག་སྟེང་རྒྱལ་པོ་ཉི་མ་དབང་ལྡན་གྱི་ཕྱག་མཛོད་ཆེན་མོ་བསོད་ནམས་ཕུན་ཚོགས་ཀྱི་ཐུགས་བཞེད་སྐོང་བའི་སླད་དུ་ལོ་རྒྱུས་ལ་དགའ་བ་ཁོད་སྤུངས་དབྲ་ཞིག་བཙུན་པས་མདོ་ཙམ་ཞིག་བྲིས་པའོ། །
2014ལོའི་«ཞང་བོད་ཞིབ་འཇུག»སྤྱི་དེབ་གཉིས་པ་ལས་དྲངས།