བཙན་པོའི་བང་སོ་མུ་ཡུལ་སྐྱིད་ཐང༌སྐོར་གླེང་བ།

[ཟླ་ཚེས། 2014-06-03 00:39:33][རྩོམ་པ་པོ། དབྲ་ཁྱུང་དགེ་བཤེས་སྐལ་བཟང་ནོར་བུ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

རྒྱལ་པོ་ཕྱྭ་རྗེ་བདའ་དྲུག་སྲས།། རྒྱལ་ཁམས་གངས་རིའི་ལྗོངས་ཆེན་དུ༌།།
རྒྱལ་གཤེན་བསྟན་པ་མཉམ་ཆགས་ཕྱིར།། རྒྱལ་རབས་བཞི་བཅུ་རྩ་གཉིས་སྤྲུལ།།
མཐོ་སྒང་གོ་ལའི་དབུ་རྩེ་ནས།། ཤེས་རིག་སྟོང་གི་དབྱར་རྔ་སྡེར།།
ལུགས་གཉིས་དཔྱིད་དཔལ་སྒེག་མོའི་གླུ།། ཁ་བ་རི་བའི་དཔྱིད་དུ་སྒྲོགས།། 
 

       ཞེས་འདིར་བོན་གྱི་ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་རང་རེ་བོད་ཀྱི་རྒྱལ་པོའི་ཐོག་མའི་བང་སོ་ལ་དཔྱད་པའི་ལུང་ཁག་ཅིག་འགོད་བར་སྤྲོ།  

       དེ་ཡང་རང་རེ་བོད་གངས་ཅན་པའི་རྒྱལ་གྱི་ཐོག་མ་རྗེ་གཉའ་བཙནད་པོ་ནས་བཟུང་བཙད་པོ་ཁྲི་ལྡེ་ཡག་པ་ཞེས་པའི་སྲས་གྲི་རུམ་བཙནད་པོའི་བར་དུ་རྒྱལ་གྱི་བང་སོ་མཁའ་ལ་བཏབ་ཞེས་བང་སོ་བརྩེགས་པ་མི་མཐོང་ཡང༌། རྒྱལ་པོ་གྲི་རུམ་བཙནད་པོ་ནས་བཟུང་རྒྱལ་གྱི་བང་སོ་ས་ལ་བཏབས་པ་ཐོག་མ་དེ་ཡིན་པར་འདོད་པ་བཞིན། རང་རེའི་བོད་ཤར་ཕྱོགས་རོང་ཆེན་བཞི་ཡི་ཡ་རྒྱལ་ཀོང་པོ་རོང་དུ་ཡོད་པའི་བཙནད་པོའི་བང་སོ་སམ་ཡོངས་གྲགས་སུ་དུར་ཁྲོད་ཆེན་པོ་མུ་ཡུལ་སྐྱིད་ཐང་ངམ་མི་ཡུས་སྐྱིད་མཐིང་ཞེས་པ་འདི། བོན་རིའི་དཀར་ཆག་ལས། མི་འགྱུར་བཀའ་རྟགས་གསལ་བ་རེ་རེ་ཡོད༌།། གསང་བའི་ན་གཏེར་ཆ་གཅིག་དེ་རུ་བཞག །མིང་ཡང་མུ་ཡུལ་སྐྱིད་ཐང་ཞེས་སུ་གྲགས།། ཞེས་གནས་མཆོག་ཐུགས་སྤྲུལ་བོན་རི་ཆེན་པོའི་ཕྱོགས་བཞིར་གསང་བའི་དུར་ཁྲོད་དམ་དཀྱིལ་འཁོར་ཆེན་པོ་བཞི་ཡི་ནང་ཚན། འདི་ནི་བོན་རིའི་ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་དེ་ཉིད་ཡིན་ཅིང༌། དེ་ཡང་མི་ལོ་བརྒྱད་སྟོང་གོང་དུ་སྟོན་པ་གཤེན་རབ་མི་བོ་གནས་འདིར་ཕེབས་ཏེ་ཕྱི་རབས་འགྲོ་བའི་དོན་དུ་བྱིན་གྱིས་བརླབས་པའི་གནས། ཞི་ཁྲོའི་དཀྱིལ་འཁོར་ཚང་བའི་དུར་ཁྲོད་ཁྱད་པར་ཅན་ཞིག་ཡིན་པ་མ་ཟད། གནས་དེར་ལུས་རྟེན་བོར་བའི་སེམས་ཅན་རྣམས་ཕྱིས་གནས་ངན་གྱི་སྐྱེ་སྒོ་ཁེགས་ནས་དལ་འབྱོར་གྱི་ལུས་རྟེན་བསྙེགས་པའི་རྟེན་འབྲེལ་བཟང་པོ་ཡོད་པ་དང༌། རྗེས་འཇུག་ཁྱིམ་མི་རྣམས་ཀྱང་ས་དམིགས་ཁྱད་པར་ཅན་འདིས། རིགས་རྒྱུད་འཕེལ་ཞིང་གསོན་པོ་རྣམས་ཀྱང་ཚེ་འདིར་བདེ་སྐྱིད་ལྡན་པའི་རྟེན་འབྲེལ་ཡོད་འདུག་པས། དུས་དེ་ནས་བཟུང་ས་གནས་འདིར་བོན་འབངས་གཙོས་བོད་མི་ཀུན་གྱིས་གཤིན་པོའི་དུར་ས་གཙོ་བོ་ཞིག་ཏུ་ངོས་འཛིན་གནང་སྲོལ་ཡོད་པ་མ་ཟད། ཁྱད་པར་དུ་རང་རེའི་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་མུ་ཁྲི་བཙན་པོ་ནས་བཟུང་རྒྱལ་པོ་རིམ་བྱོན་གྱི་རིང་ལ་ལོ་ལྟར་དབྱར་དུས་སུ་ལྷ་རི་གྱད་རྡོའི་མགོ་ལ་བསང་གསོལ་དུ་ཕེབས་ཞོར་སྐུ་གཤེན་རྣམས་ཀྱིས་གནས་འདིར་གསོན་གཤིན་གྱི་བསྔོ་སྨོན་རྒྱ་ཆེན་གནང་གི་ཡོད་པ་མ་ཟད། དམིགས་གསལ་དུ་རང་རེའི་རྒྱལ་གྱི་བང་སོ་ཆེན་མོ་མུ་ཡུལ་སྐྱིད་ཐང་འདི་ཉིད་ནི་ཕྱིས་སྤྱི་ལོའི་སྔོན་གྱི་མི་ལོ་(680)ཙམ་གྱི་དུས་སུ། རང་རེའི་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་མཇུག་བཙད་པོ་ཁྲི་ལྡེ་ཡག་པ་ཞེས་པའི་སྲས་སུ། བོད་རྒྱལ་གྲི་གུམ་བཙན་པོ་ཞེས་བྱ་བ་ཞིག་འཁྲུངས་ནས་ཡོད་པ་དེའི་དུར་ཆོས་སམ་དུར་ས་འདི་རུ་བྱས་པ་ཡིན་འདུག

      དེ་ཡང་སྐབས་འདིར་དགོས་དབང་དང་བསྟུན་ནས་རང་ཅག་གི་ལོ་རྒྱུས་སྨྲ་བའི་ངག་རྒྱུན་དང་སྔར་ཡོད་ཀྱི་དཔེ་ལུང་ཁག་ལས་གསལ་བ་ལྟར་ན། དེ་ཉིད་ལ། དེ་མཚམས་བཙན་པོ་ཁྲི་ལྡེ་ཡག་པའི་སྲས།། གྲི་གུམ་བཙན་པོ་ཞེས་སུ་བྱ་བ་བྱུང༌།། དེ་ཉིད་བོན་ལ་ལྟ་བ་ལོག་བྱས་ནས།། སྐུ་སྲུང་བོན་གཤེན་བོད་ཡུལ་མཐའ་ལ་བསྐྱུར།། བོན་བསྣུབས་དབུ་ཡོག་རྒྱལ་པོ་གྲི་གུམ་རང༌།། འབངས་ནི་ལོ་ངམ་རྟ་རྫིས་མདའ་ཡིས་བསད།། སྲས་པོ་གཉིས་ནི་དག་ཉང་གཉིས་ལ་སྤྱུགས།། གྲི་གུམ་དུར་ནི་ཟངས་དམར་ཁ་སྤྲོད་ནང༌།། བཅུག་སྟེ་ཉང་ཆུ་སྟག་གི་གཞུང་ལས་བསྐྱུར།། ཞེས་རང་ཅག་ཁ་བ་གངས་ཅན་གྱི་རྒྱལ་པོ་གནམ་གྱི་ཁྲི་བདུན་གྱི་ཐ་མའམ་སྟོད་ཀྱི་སྟེང་གཉིས་ཀྱི་ནང་ཚན་སྤུ་རྒྱལ་གྲི་གུམ་བཙན་པོ་ནི། བཙན་པོ་ཁྲི་ལྡེ་ཡག་པའི་སྲས་སུ་སྐུ་འཁྲུངས་པ་དང༌། བོད་ཀྱི་རྒྱལ་པོ་བར་གྱི་གདེང་གཉིས་ཀྱི་ཐོག་མ་གྲི་གུམ་བཙན་པོའམ་གྲི་རུམ་བཙན་པོ་དེ་ཉིད་གཙང་ཉང་རོ་རྒྱང་མཁར་ཞེས་བོན་གྱི་འདུ་གནས་སོ་བདུན་གྱི་ནང་ཚན་ཉང་སྟོད་སྟག་ཚལ་ལམ་(ཉང་རོ་སྲོབ་ཀྱི་སྟག་ཚལ)དུ་སྐྱེད་བསྲིང་ཤིང༌། ཁོང་ཅུང་ནར་སོན་ནས་རྒྱལ་པོའི་ཁྲི་ལ་བཀོད་པས་དེ་ཉིད་སྔོན་གྱི་རྒྱལ་པོ་རྣམས་དང་མི་འདྲ་བ་ཅུང་ཁྲོ་ཤིང་གཏུམ་པའམ་ཡང་ན་རང་གཤིས་གྱོང་པོ་ཞིག་ཡོད་པར་སྣང་བས། ནང་པ་གཤེན་རབ་པའི་ཆོས་ལ་དེ་ཙམ་གྱི་མི་མོས་པར་སྡང་སེམས་བྱེད་ཅིང་ཡོད་པར་བཤད། རྒྱུ་མཚན་ནི་བོན་གྱི་ལོ་རྒྱུས་ཁག་ལས་རྒྱལ་པོ་འདི་ཉིད་བདུད་ཀྱི་སྤྲུལ་པ་ཡིན་པར་བཤད་སྒྲོས་ཡང་ཡོད་ལ། གཞན་ལོ་རྒྱུས་འགའ་ལས་སྐབས་དེར་སྒྲུབ་གཤེན་རྣམས་ཁས་དབང་ཤིན་ཏུ་བཙན་ནས། ཆོས་དང་སྲིད་གཉིས་བར་འགྲན་རྩོད་ལྟ་བུ་གྱུར་བའི་ངོས་འཛིན་པའི་གནང་ཚུལ་ཡང་ཡོད་སྲིད། མ་ཟད་བློན་པོ་ནང་མ་འགས་རང་གིས་འདོད་བློ་མཐུན་མིན་ལ་བརྟེན་ནས་ཆོས་སྲིད་བར་དུ་ཕྲ་མ་བཅུག་པ་ཡང་ཡིན་སྲིད། གང་ལྟར་ཡང་རྒྱལ་བུ་ནར་སོན་ཞིང་ཁྲི་ལ་འཁོད་ནས་ཡུན་རིང་མ་སོང་བར་ནང་པ་གཤེན་རབ་ཀྱི་བསྟན་པའམ་ཆོས་ལ་དེ་ཙམ་གྱིས་མི་དགའ་བའི་རྣམ་འགྱུར་བསྟན་ནས། དེ་ཡང་སྔོན་ནས་བཟུང་ཞང་བོད་ཀྱི་ཁུལ་དུ་བསྟན་པ་རྣམ་པར་དག་པ་ནང་པ་གཤེན་རབ་པའམ་གཡུང་དྲུང་བོན་གྱི་ཆོས་ལུགས་ལས་མེད་ཅིང༌། ཡབ་མེས་གོང་མ་རྣམས་ཀྱིས་བོན་ཆོས་ལ་མཐོང་ཆེན་དུ་བརྩི་བའི་ལུགས་སྲོལ་ཡོད་ནའང་ཁོང་གིས་རྒྱལ་སྲིད་ཀྱི་ཁེ་ཕན་ནམ། ཕྱོགས་ཕན་གྱི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས། སྔོན་བྱོན་རྒྱལ་པོ་རྣམས་ཀྱི་མཛད་སྲོལ་ཇི་བཞིན་མ་འཛིན་པར། དུས་རེ་ཞིག་ནས་ཕན་ཚུན་མི་མཐུན་པའི་འགལ་ཟླ་བྱུང་ཡོད་པར་སྣང༌།

     དུས་རེ་ཞིག་ནས་རྒྱལ་པོ་གྲི་གུམ་བཙན་པོ་རང་ཉིད་གཙོས་ཁག་གཅིག་གི་འདོད་པ་དང་བསྟུན་ནས་བཀའ་འདི་ལྟར་བསྩལ་བར་གྲགས། ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་གནས་འདིར་མཉམ་དུ་མི་ཤོང་བས། བོན་གཤེན་རྣམས་གནས་འདིར་མི་གནས་པར་ཡུལ་གཞན་དུ་འགྲོ་དགོས་པའི་བཀའ་ཕབས། བོན་གཤེན་རྣམས་མཐའ་ལ་སྤྱུགས་པ་དང༌། གཡུང་དྲུང་བོན་གྱི་བསྟན་པ་ཡང་ཅུང་ཟད་ཉམ་དམས་སུ་བཏང་པར་བཤད། གང་ལྟར་སྔོན་བོད་རྒྱལ་ཁྲི་བདུན་གྱི་རིང་རྒྱལ་གཤེན་བསྟན་པ་མཉམ་ཆགས་ཞེས་ཤིན་ཏུ་གཙིགས་སུ་འཛིན་པ་ནི་ནང་བ་གཤེན་རབ་པའི་བསྟན་པ་ཡིན་ཀྱང༌། ཁོང་ནི་སྔོན་རབས་རྣམས་དང་ལྟ་བ་མི་མཐུན་པས། ལ་ལས་ཕྱོགས་གཞན་ཞིག་ནས་དམ་པའི་ཆོས་གདན་འདྲེན་ཞུ་རྒྱུའི་འཆར་གཞི་ཡོད་རབ་བཤད་པ་སོགས་མདོར་ན་རྐྱེན་དབང་དུ་མའི་སྒོ་ནས་ལས་དབང་ལ་ཟློག་ཐབས་མེད་སྟབས། ཁོང་གིས་རྒྱལ་ཕྲན་འགའ་དབང་དུ་བསྡུས་ནས་རང་ཉིད་སྤོབས་པ་སྔར་ལས་མཐོ་རུ་ཕྱིན་ནས། ཅུང་ཟད་རང་དང་ལྟ་བ་མཐུན་མིན་གྱིས་མངའ་འོག་ལ་འགྲན་སེམས་སྐྱེས་ཏེ། རང་གི་འཁོར་འབངས་ཚོགས་ནས་དྲགས་རྩལ་ཅན་གྱི་བློན་པོ་ལོ་ངམ་ཡིན་པས། བློན་པོ་ལོ་ངམ་ལ་རྒྱལ་དང་རྩལ་འགྲན་དགོས་པའི་བཀའ་ཕབས་པར་བཤད་ཀྱང་གང་ལྟར་རྒྱལ་བློན་ནང་ཕན་ཚུན་འཐབ་རྩོད་ཆེ་རུ་ཕྱིན་ནས། མཐར་ཉང་རོ་ཐལ་སྐྱ་ཞེས་པའི་ས་གནས་དེར་ནང་བློན་ལོ་ངམ་དགྲ་ཟླར་ཏེ། ཕན་ཚུན་འཐབ་པའི་མཐར་རྒྱལ་པོ་གྲི་གུམ་བཙན་པོ་བློན་ལོ་ངམ་གྱི་མདས་བཀྲོངས་ཞེས་པའི་གཏམ་ངན་འཛམ་བུ་གླིང་དུ་ཐལ། འཁྲུག་པ་བྱེད་པའི་ཚུལ་ལ་ལོ་ངམ་ལ་བོན་སྐྱོང་སྲུང་མས་ལུང་བསྟན་པ་རེད་ཟེར་དང༌། འགའ་ཡིས་རྒྱལ་པོ་སྡིག་ཅན་འདུལ་བའི་དུས་ལ་བབས་ནས་རྨི་ལམ་བྱུང་བ་རེད་ཟེར་བ་སོགས། འདིའི་སྐོར་ལྷ་སྒྲུང་ལྟ་བུ་ཆོས་ལུགས་ཁག་ལ་བཤད་སྒྲོས་མི་མཐུན་པ་མང་ཡང༌། གང་ལྟར་འབངས་གྱེན་ལོག་བྱས་ནས་མཐར། བློན་ལོ་ངམ་གྱིས་རྒྱལ་པོ་ལ་མདའ་བརྒྱབ་ཏེ་བཀྲོངས། དེ་ནས་བློན་ལོ་ངམ་དང་ཁོང་གི་ཕྱོགས་ཁག་རྣམས་འདུས་ནས། རྒྱལ་པོའི་པུར་ཞེས་ཕུང་པོ་དེ་ཟང་དམར་ཁ་སྦྱོར་དུ་བཅུགས་ནས་ཉང་ཆུར་བསྐྱུར་རོ་ཞེས་པའི་ཉང་ཆུ་དེ་ནི་དེང་རྒྱལ་རྩེ་རྫོང་ནས་བྱང་དུ་རྒྱུགས་པའི་ཆུ་དེ་ཡིན་དགོས།

     དེ་ནས་བཟུང་བོད་གངས་ཅན་གྱི་ཡུལ་འདིར་རྒྱལ་འབངས་ནང་འཁྲུགས་ཀྱི་མགོ་བོ་བརྩམ་པའི་སྐད་ངན་གྱི་ཐོག་མ་འདི་ནས་ཐལ་བ་ཡིན་པར་འདོད། སྔོན་ཆད་ནས་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་རིང་སྲས་ཀྱི་ཆིབས་ཁ་ཐུབ་པ་ནས། ཡབ་རྒྱལ་པོ་རྨུ་ཐག་གམ་(མི་ཐག)གི་རྒྱུད་ནས་དགུང་དུ་གཤེགས་ཞེས་པའི་གཏམ་གྱི་འཕྲོ་དེ་ནས་ཆད། བོད་ཀྱི་རྒྱལ་པོའི་སྐུ་ཕུང་ས་ལ་ལུས་ཞེས་པའི་གཏམ་ཐོག་མ་འདི་ནས་ཐོས་པ་མ་ཟད། བོད་ཀྱི་རྒྱལ་ས་འབངས་ཀྱིས་བཅོམ་པའི་ཐོག་མའི་གཏམ་ངན་ཡང་དུས་འདི་ཉིད་ནས་ཐལ། གཞན་ཡང་བཤད་སྒྲོས་འགའ་ལས། གནམ་གྱི་ཁྲི་བདུན་པོ་ལ་གནམ་ནས་མི་ཐག་མེད་ཀྱང༌། རྒྱལ་པོའི་སྤུར་མེ་ལ་བསྲེག་ནས་དེའི་དུ་བ་ནམ་མཁར་སོང་བ་ལ། གནམ་དུ་གཤེགས་ཞེས་བོནད་དམ་བོན་གནམ་ལ་དགའ་བའི་གཏམ་རེད་ཅེས་བཤད་ཀྱང༌། གོང་ལྟར་རིགས་རྒྱུད་ལྡན་པའི་རྒྱལ་པོ་དེ་དག་གཞན་དང་མ་འདྲ་བ། རིགས་རྒྱུད་ལྷ་ལས་གྲོལ་བས་རྣམ་དཔྱོད་ཁྱད་པར་ཅན་ལྡན་པས། གཡུང་དྲུང་བོན་གྱི་སྒོར་ཞུགས་སྟེ་སྔགས་སེམས་ཟུང་འཇུག་གི་ལྟ་སྤྱོད་ཚུལ་བཞིན་བསྐྱངས་པས་ཉམས་ལེན་གྱི་གདེངས་ཐོབ་ཏེ་གཟུགས་ཕུང་དེ་ཉིད། གདོས་ལུས་སམ་སྒྱུ་ལུས། གཞའ་ལུས་སོགས་ཅི་རིགས་ཀྱི་སྐུར་གྱུར་བས་དེ་ལྟར་སྨྲ་བ་མིན་ནམ་སྙམ། གསལ་མེ་ལས། ཁྲི་བདུན་བང་སོ་ནམ་མཁའི་དབྱིངས་ལ་བཏབ།། ལྷ་ཡི་ལུས་ལ་རོ་མེད་འཇའ་ལྟར་ཡལ།། ཞེས་སོགས་འཁོད་ལ། དེ་ཡང་མི་ཐག་གམ་རྨུ་ཐག་ཞེས་པ་འདི་ནི་སྔར་ནས་ད་དབར་ལོ་རྒྱུས་ཡུན་རིང་ལྡན་པའི་བརྡ་རྙིང་ཞིག་ཡིན་པ་ལས། དེང་རབས་གསར་དུ་དར་བའི་ཚིག་ཞིག་མིན་པ་མཁྱེན་དགོས་པ་ནི་དེ་བས་གལ་ཆེ། གང་ཡིན་ཟེར་ན་ད་ཆའི་རང་རེའི་གདོད་མའི་བོད་ཀྱི་ཆོས་གཡུང་དྲུང་བོན་གྱི་ལུགས་ལ། ཤི་བ་འདུར་དང་ཕུང་པོ་དུར་ལ་བཅོལ། ཞེས་པའི་དཔེ་ལྟར། དུར་ལ་ས་དུར་དང་ཆུ་དུར་མེ་དུར་སོགས་ལས་གང་ལ་ཡང་རྨུ་ཐག་འབྲན་པའམ་འཐེན་པའི་ལས་ཆོག་གལ་ཆེན་ཞིག་ཏུ་བརྩིས་ནས། ལག་ལེན་འདི་སྔོན་མི་ལོ་བརྒྱད་སྟོང་གོང་ནས་ད་ལྟའི་བར་དུ་གྲ་མ་ཉམས། གྲུ་མ་ཞིག་ཞེས་པའི་དཔེ་ལྟར། བོན་པོའི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་གནས་བཞིན་ལགས་པ། དེས་ན་གོང་གིས་གནམ་གྱི་ཁྲི་བདུན་རྨུ་ཐག་བརྒྱུད་དེ་གནམ་ལ་ཕེབས་ཞེས་པའི་རྨུ་ཐག་དང་འབྲེལ་བ་ངེས་ཅན་ཞིག་ཏུ་ཡོད་འདུག་སྙམ་སྟེ་དཔྱད། འདི་ནི་ཆེས་ཡ་མཚན་ནམ་ཐུན་མིན་ཞང་བོད་གྱི་ལོ་རྒྱུས་སྨྲ་བ་ལ་གལ་ཆེ་བདེན་དཔང་ཞིག་ཏུ་ངེས་པར་སེམས། གང་ལྟར་རང་རེའི་ཁ་བ་བོད་ཀྱི་རྒྱལ་པོའི་དུར་རམ་བང་སོ་ས་ལ་བརྩིགས་པའི་ཐོག་མ་དེ་བརྒྱད་པ་རྒྱལ་གྲི་གུམ་བཙནད་པོ་འདི་ཡིན་པར་སྨྲས་ན་ཆོག་པར་སེམས་སོ།།

     “ཀོང་པོའི་དེ་མོ་རྡོ་བསྐོས་ལས་”གྲི་གུམ་བཙན་པོ་ཕན་ཆད་གདུང་རབས་བདུན་གྱི་བར་དུ་ཕྱིང་བ་སྟག་ཙེ་ན་བཞུགས། ཅེས་འཁོད་འདུག་ཀྱང་དེང་ཡོངས་གྲགས་སུ་མཁར་ལ་སྔ་བ་ཡུམ་བུ་བླ་མཁར་ཟེར་བས་དེ་ལ་དཔྱད་བྱར་གནས་སོ།། དེ་ཉིད་རྒྱལ་པོ་དགུང་ལོ་སུམ་ཅུ་རྩ་དྲུག་ཐོག་ལ་ལོ་ངམ་གྱིས་བཀྲོངས་ནས་བཟུང༌། རྒྱལ་པོའི་སྲས་ཀྱི་སྐོར་ལ་བྱ་ཁྲི་དང་ཉ་ཁྲི། ཤ་ཁྲི་གསུམ་ཡོད་པར་འགའ་ལས་བཤད་ཀྱང༌། «ཏུན་ཧོང་ཡིག་རྙིང་ལས»སྲས་མཆེད་གཉིས་ནི་ཤ་ཁྱླའྀ་དང་ཉ་ཁྱླའྀར་བཏགས་ཏེ་ཀོང་ཡུལ་དུ་སྤྱུགས་ཞེས་དང་། «ལེགས་བཤད་མཛོད་དང་ལུང་སྙིང་»ལས། སྲས་སྤུ་ལྡེ་དང་ཧ་རི་གཉིས་ཀྱང་ཉང་ཀོང་གཉིས་སུ་སྤྱུགས་ཞེས་འཁོད། དེ་ཡང་རྒྱལ་པོ་གྲི་གུམ་བཙན་པོ་དེ་ཉིད་གནམ་གྱི་ཁྲི་བདུན་གྱི་ཐ་མར་ངོས་འཛིན་པ་དང༌། འགའ་ཞིག་གི་བར་གྱི་ལྡིང་གཉིས་ཀྱི་ཐོག་མ་རུ་ངོས་འཛིན་གནང་བ་སོགས་མི་འདྲ་བ་སྣང་ཡང༌། ཁོ་བོས་ནི་གྲི་གུམ་བཙན་པོ་དེ་ཉིད་བོད་རྒྱལ་བརྒྱད་པ་ཡིན་པར་སེམས་ལ་བོན་གྱི་ལོ་རྒྱུས་ཁག་ལས་དེ་ལྟར་འདོད།

     དེ་ཡང་བློན་ལོ་ངམ་གྱིས་བོད་ཀྱི་རྒྱལ་པོའི་གོ་ས་བཟུང་སྟེ། སྲས་བྱ་ཁྲི་དང༌། ཤ་ཁྲི་གཉིས་ཀོང་ཡུལ་དུ་བཅུག སྲས་མོ་ཆུང་མར་བསུས། རྒྱལ་མོ་ར་རྫི་བྱས་ཏེ། ལོ་ངམ་གྱིས་བསམ་སྦྱོར་ངན་པས་རྒྱལ་པོ་གྲི་གུམ་གྱི་སྤུར་རམ་སྐུ་ཕུང་དེ་ཟང་དམར་ཁ་སྦྱར་ནང་དུ་བཅུག་ཏེ་ཉང་ཆུ་ལ་བསྐྱུར་རོ་ཞེས། འདི་ཡི་ཉང་ཆུ་ཞེས་པ་ནི་ཡར་ལུང་ཉང་རོ་རྒྱང་མཁར་གྱི་ཉེ་འགྲམ་ཉང་རོ་ཐལ་སྐྱ་ཞེས་པ་དེས་བརྡས་དྲང་པ་ཡིན་ཞིང༌། དེང་སྟོད་རྒྱལ་རྩེ་རྫོང་ཁོང་དུ་སྔོན་གྲི་གུམ་བཙན་པོ་བཀྲོངས་གནས་ཉང་ཡུལ་ཐ་སྐྱ་ཞེས་དང༌། ཆུ་དེ་ལ་ཡང་མྱང་ཆུའམ་ཉང་ཆུ་རུ་བརྗོད་ཅིང་དེ་ནི་གྲི་གུམ་བརྩན་པོའི་སྐུ་སྤུར་ཆུ་ལ་སྦྱར་བའི་ས་གནས་དེ་ཡིན་ཏེ། «བྭཻ་རོ་འདྲ་འབག»ལས། མྱང་ཆུ་དང་གཙང་ཆུ་འདྲེས་པའི་སར་ཞེས་པས། རྒྱང་རྩེ་ནས་བྱང་དུ་རྒྱུགས་པའི་ཉང་ཆུ་འམ་མྱང་ཆུ་དང་ནུབ་ནས་ཤར་དུ་རྒྱུགས་པའི་རྟ་མཆོག་ཁ་འབབ་བམ་ཡོངས་གྲགས་སུ་ཡར་ཀླུང་གཙང་པོ་གཉིས་འཛོམས་སའི་ས་ཆ་དེ་ནི་དེང་གཞིས་ཀ་རྩེ་གྲོང་ཁྱེར་ཡིན་ལ། དེ་ནི་རིམ་བཞིན་དབུས་ནས་རྒྱུད་དེ་དྭགས་“དག”པོ་ཁོག་གམ་ཡར་ལུང་ཁུལ་དུ་རྒྱུགས། དྭགས་“དག”ཀོང་ཉང་གསུམ་གྱི་ཉང་ཆུ་ནི་ཉང་པོ་སོག་རིའམ་དེང་རྒྱ་མདའ་རྫོང་ནས་འབབ་པའི་གཙང་པོ་དེ་ཡིན། འདི་དག་ཉང་ཆུ་ཞེས་པའི་བརྡ་འདྲ་ཡང་དོན་ལ་ཁྱད་པར་ཡོད་པས་ཤེས་དགོས། དུས་དེ་ནས་བཟུང་རང་རེའི་གངས་ཅན་བོད་ཡུལ་ལ་ཅུང་ཟད་མི་བདེ་བ་བྱུང་བས། བོད་ཀྱི་ཆོས་དང་རིག་གཞུང་ལའང་དེ་མུས་སུ་ཉམས་དམས་སུ་འགྱུར་བ་དངོས་གཤིས་ལགས་སོ།།

      དུས་རེ་ཞིག་ནས་གྲི་གུམ་གྱི་རྗེ་མོའམ་བཙུན་མོ་དེ་ལ་སྲས་སམ་བུ་ཞིག་བྱུང༌། མིང་ལ་རུ་ལས་སྐྱེས་ཞེས་སྨྲ། འགའ་ཞིག་གིས་བུ་དེ་ཡར་ལྷ་ཤམ་པོའི་བུ་རྫུས་སྐྱེས་སུ་བྱུང་བར་སྨྲ་ཡང་དོན་དུ། རྒྱལ་པོའི་འཁོར་གྱི་ནང་ཚན་བློན་པོ་སྐྲག་གི་བུ་ཡིན་པར་བཤད་པས་དོན་དུ་གནས་པར་སེམས། གང་ལྟར་ཡང་གཞན་དང་མི་འདྲ་བ་ཞིག་ཡོད་འདུག སྲས་དེ་ནར་སོན་ནས་མ་ཡིས་གང་གི་ལོ་རྒྱུས་རེ་རེ་བཞིན་སྨྲས་པས། སྲས་དེས་གཅེན་པོ་གཉིས་བཙལ་ནས་རྙེད། ཁོས་ཡས་མར་ཐབས་སྣ་ཚོགས་ཀྱི་སྒོ་ནས། མཐར་ལོ་ངམ་གྱིས་བོད་ཀྱི་རྒྱལ་སྲིད་ལོ་ལྔ་བཟུང་པར་འགའ་ལས་བཤད་ཀྱང་དོན་དུ་ལོ་བཅུ་གསུམ་བཟུང་རྗེས་སུ། བོད་ཀྱི་རྒྱལ་པོ་ལོ་ངམ་དེ་འབངས་ཀྱིས་བསད་ནས་བོད་ཀྱི་རྒྱལ་སྲིད་དམ་གྲི་གུམ་གྱི་བཙན་པོ་སྲས་སྤུ་ལྡེ་གུང་རྒྱལ་ལམ་བྱ་ཁྲི་བཙན་པོ་ལ་ཐོབ་པས། དེའི་སྐོར་ལོ་རྒྱུས་རྒྱས་པ་གཞན་དུ་ཤེས་སོ།། དེ་ནས་སྲས་སྤུ་ལྡེ་གུང་རྒྱལ་གྱིས། ཡབ་ཀྱི་སྐུ་ཕུང་བཙལ་དུ་ཕྱིན་ནས་དུས་རེ་ཞིག་ཏུ་མ་རྙེད་སྐབས། སྔོན་གྱི་བོན་གཤེན་རྣམས་ཕྱོགས་ཕན་ནས་གདན་འདྲེན་ཞུས་ཏེ་གཏོ་ཐབས་སྣ་ཚོགས་མཛད་ཞེས། རྗེ་ཡི་སྐུ་ཕུང་ཡར་ལུང་གཙང་པོའི་རྒྱུད་དག་ཉང་གཉིས་ཀྱི་ཆུ་མདོ་ནས་རྙེད་དོ།། དེ་ཉིད་ལས་ལས། དེ་ནས་སྲས་པོ་སྐྲག་བུ་རི་སྐྱེས་གྱིས།། ཉང་ཆུ་རྒྱུད་ནས་རྗེ་ཡི་པུར་བཙལ་གཤེགས།། གཙང་པོའི་འདུས་སོར་རྗེ་ཡི་པུར་རྙེད་དོ།། སྐབས་དེར་རྒྱལ་སྲས་གཉིས་དང་ལྷན་ཏུ་བོན་གཤེན་རྣམས་ཀྱིས་གཏོ་ཆོག་དང་འདྲེན་ཆོག་སོགས་ཟབ་རྒྱས་མཛད་པར་དགོངས་ནས། སྐབས་དེར་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་གནམ་མཚོའི་དོ་གླིང་དུ་བཞུགས་བཞིན་ཡོད་པས། ཁོང་གཙོས་ཞང་ཞུང་གི་ཡུལ་ནས་མཁས་པ་མི་དགུ་གདན་དྲངས་པ་དང༌། གཞན་ཡང་བོན་གཤེན་རིག་འཛིན་ཇི་སྙེད་ཅིག་གདན་འདྲེན་ཞུས་ཤིང༌། ཁོང་རྣམས་ཕྱོགས་གཅིག་ཏུ་ཀོང་ཡུལ་བྲེ་སྣ་རུ་འདུས་ཏེ། རྒྱལ་པོ་གྲི་གུམ་ཐར་པ་ཐོབ་པ་དང༌། སྤུ་ལྡེ་ཡག་པས་རྒྱལ་ས་ནོན་པ། རྒྱལ་གཤེན་བསྟན་པ་དར་བ་དང༌། ཕྱི་རབས་པ་རྣམས་ལ་བསྟན་པ་རྗེས་བཞགས་སུ་དམིགས་ནས། འདུལ་གྱི་གཤེན་པོ་ར་ཤག་བོན་པོ་སྐྱི་རྒྱལ་གྱིས་རྒྱལ་གྱི་གྲི་འདུར་སུམ་བརྒྱ་རྩ་བརྒྱད་ཀྱི་ལག་ལེན་མཛད་ཅིང་གཞུང་བསྲང་པ་དང༌། གྲི་གཤེད་རྣམས་བཏུལ། ད་དུང་ཤི་བ་གནས་འདྲེན་གྱི་བྱང་བུ་དང༌། གསོན་པོ་ཚེ་བསོད་རྒྱས་པའི་ལས་ཚོགས་བཅས། བསྔོ་སྨོན་རྒྱ་ཆེན་མཛད་ཅིང་འདི་ཕྱི་གཉིས་ཀའི་དོན་རྣམས་ལེགས་གྲུབ་ཡོང་བའི་སྨོན་ལམ་དང་འཕྲིན་བཅོལ་མཛད་དོ།།

      སྐབས་དེར་སྤུར་ཁང་ནམ་རྒྱལ་པོའི་བང་སོ་གྱད་རྡོ་འམ་གྱང་ཏོ་བླ་འབུབས་ཀྱི་མགུལ་དུ་བང་སོ་བརྩིགས་སོ།། ཞེས་པའི་གནས་ནི་མུ་ཡུལ་སྐྱིད་ཐང་འདི་ཉིད་ཡིན་ཏེ། གྱད་རྡོ་བླ་འབུབས་ནི་སྔོན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་སའི་རི་བོ་དེ་ཉིད་ཡིན་ལ། བླ་འབུབས་ནི་བོད་རྒྱལ་ཐོག་མར་བབས་པའི་བརྡས་རི་དབྱིབས་ལ་གོ་ཞིང༌། དེས་ན་གོང་གི་དུར་ཁྲོད་དམ་དཀྱིལ་འཁོར་འདི་ཉིད་སྔོན་སྟོན་པས་བྱིན་གྱིས་བརླབས་པ་མ་ཟད། ཕྱིས་བོད་རྒྱལ་གྲི་གུམ་བཙན་པོའི་བང་སོ་དེར་བརྩེགས་ནས། བོན་གཤེན་རིག་འཛིན་རྣམས་ཀྱིས་ཐུགས་སྨོན་རྒྱ་ཆེན་མཛད་པའི་ས་གནས་བྱིན་ཆེན་ཞིག་ཡིན་ལ། དུར་ཁྲོད་འདི་ནི་སྔ་རབས་ནས་ཕྱི་རབས། ཕྱི་རབས་ནས་དེང་རབས་བར་ཉམས་ཆག་མ་བྱུང་ཞིང༌། གནམ་བསྐོས་བོད་རྒྱལ་བཙན་པོའི་བང་སོ་ཐོག་མ་ཡིན་པ་བཅས་ཀྱིས་དད་ཅན་རྣམས་ཀྱི་མཇལ་སྐོར་གྱི་གནས་ཁྱད་པར་ཅན་དུ་ཡིན་པ་མ་ཟད། དེང་བོད་རིག་པར་ཞིབ་འཇུག་པས་ཤིན་ཏུ་རྙེད་པར་དཀའ་བའི་རྩ་ཆེའི་རིག་དངོས་དང༌། ལོ་རྒྱུས་ཡུན་རིང་ལྡན་པའི་ལམ་སྟོན་གྱི་ཕོ་ཉའམ་བདེན་དཔང་ལྟ་བུར་བཞུགས་བཞིན་པ་ནི་ཤིན་ཏུ་བཀྲ་ཤིས་པའི་རྟེན་འབྲེལ་ལགས་སོ།། 

2013ལོའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་བ་ལས་དྲངས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།