བོན་གྱི་སྙན་ངག་གཞུང་ལུགས་སྐོར་ལ་དྲི་བ་དང་དྲིས་ལན།

[ཟླ་ཚེས། 2014-04-12 00:10:50][རྩོམ་པ་པོ། ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

99.jpg

གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོའི་རྩོམ་སྒྲིག་པ་ལགས།
བོན་ལུགས་ཀྱི་སྙན་ངག་གཞུང་གི་ཐོག་མ་དེ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་གཞུང་མེ་ལོང་མ་དེ་འཛིན་ནམ་དེ་ལས་གཞན་པའི་སྙན་ངག་གི་གཞུང་ཞིག་ཡོད།

ཞེས་ཀློག་མཁན་གངས་ལྷ་མེ་ཏོག་ནས།

གྲོགས་གངས་ལྷ་མེ་ཏོག་ལགས། སྐུ་ཉིད་ཀྱི་དྲི་བའི་ལན་ལ་བོན་གྱི་མཆོག་སྤྲུལ་མཁས་དབང་ཚུལ་ཆེན་ཐེག་མཆོག་བསྟན་པའི་ཉི་མ་མཆོག་ནས་ལན་བསྐྱོན་པར་གཤམ་གསལ་ལྟར།
   དེ་ཡང་སྔ་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བརྒྱ་བའི་རྣམ་འདྲེན་དམུ་རྒྱལ་སྲས་པོ་སྟོན་མཆོག་རྒྱལ་བ་གཤེན་རབ་མི་བོ་དམ་པ་གང་གིས་བཀའ་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཞིག་གདུལ་བྱ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་བསལ་བའི་དོན་དུ་གསུངས་ཡོད་ལ་དེ་དང་ཁྱབ་ཅིག་ཏུ་བོད་གངས་ཅན་གྱི་བཅུ་ཕྲག་རིག་པའི་གནས་རྣམས་ཀྱང་རིམ་པ་སྟོན་མཆོག་རྒྱལ་བ་གཤེན་རབ་མཆོག་གིས་གསུངས་པ་ཡིན་ཏེ། རིག་གནས་ཆེ་བ་ལྔ་ལས། ༡ བཟོ་རིག་ནི་སྲིད་པ་སངས་པོ་འབུམ་ཁྲིའི་དགོངས་པ་ཇི་བཞིན་བཟོ་རིག་འབུམ་གསུམ་གསུངས་པ་དང་། ༢ དེ་བཞིན་གསོ་བ་རིག་པ་ནི། ཡེ་རྗེ་སྨན་ལྷའི་རྒྱལ་བོའི་དགོངས་པ་བཞིན་གསོ་རིག་བདུད་རྩི་མདོ་དགུ་གསུངས་པ་དང་། ༣ སྒྲ་ཚད་རིག་པ་ལ་ཡེ་མཁྱེན་སྒྲ་ལྷའི་རྒྱལ་་བོའི་དགོངས་པ་བཞིན་སྒྲ་ཚད་འབུམ་གསུམ་གསུངས་པ་དང་། ༤ ཕྱི་རིག་པའམ་གཙུག་ལག་རྩིས་ཀྱི་རིག་པ་ལ་ཡེ་དབང་ས་ཡི་རྒྱལ་བོའི་དགོངས་པ་བཞིན། ཕྱི་རིག་པའི་འབུམ་གསུམ་གསུངས་པ་དང་། ༥ ཐུན་མོངས་མིན་པའི་ནང་དོན་རིག་པ་ལ།གདུལ་བྱའི་རྒྱུད་ཀྱི་སྤང་བྱ་ལ་དགོངས་ནས། བཀའ་དང་བོ་ཐེག་པ་རིམ་དགུ། བར་བ་སྒོ་བཞི་མཛོད་ལྔ། ཐ་མ་ཕྱི་ནང་གསང་གསུམ་གྱི་འཁོར་ལོ་རིམ་པ་གསུམ་བསྐོར་ནས་བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པའོ། །དེ་དག་ནི་ང་ཚོ་བོད་གངས་ཅན་གྱི་རིག་པའི་གནས་ཆེན་རྣམས་ཀྱི་བྱུང་བ་མདོ་ཙམ་བརྗོད་ནས་ད་ནི་སྐབས་སུ་བབས་བའི་སྙན་ངག་འདི་ལ་སྔ་འགྱུར་གཡུང་དྲུང་བོན་གྱི་རང་ལུགས་ཀྱི་སྙན་ངག་ནི་རིག་གནས་ཆུང་བ་ལྔ་ཡི་ཡ་གྱལ་ཡིན་ལ་སྒྲ་རིག་པ་ལས་འཕྲོས་པ་ཡིན། སྒྲ་རིག་པ་ནི་བརྗོད་བྱ་ཀུན་གྱི་གཞི་ཡིན་པས་དབྱེ་གཞི་སྒྲ་རིག་པ་ལས་དབྱེ་བ་སྙན་ངག མངོན་བརྗོད། སྡེབ་སྦྱོར། བཟློས་གར། སྐར་རྩིས་ལྔ་དབྱེ་བ་དེ་ལྔ་ནི་ང་ཚོའི་རིག་གནས་ཆུང་བ་ཞེས་སུ་གྲགས་པ་ཡིན་ལ། དེ་ཡང་སྙན་ངག་ཤེས་ན་ཚིག་རྒྱན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིག་བཅད་ལྷུག་ལ་མི་རྨོངས། བཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་གྲངས་ལ་མི་རྨོངས་ཞེས་པའི་རིག་གཞུང་ཆུང་བ་རྣམས་ལ་ཡང་རིམ་པར་བསླབ་ན་བླ་མེད་ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་པའི་ལམ་བསྟན་པར་བཞེད་པ་སྟེ། དེ་ལ་འདིར་བཤད་པར་བྱ་བའི་བོན་ལུགས་གྱི་སྙན་ངག་ལ་དབྱངས་ཅན་ལྷ་མོའི་ཞལ་གྱི་དྲོད་རླངས་མ་ཡལ་བའི་ལུང་ཟབ་མོ་ཕྱི་ནང་གསང་བའི་མེ་ལོང་གསུམ་བྱུང་བ་ཡིན་ཏེ། དེ་ཡང་ཕྱི་ལྟར་ན་ཕྱི་རོལ་མུ་སྟེགས་རྣམས་རྗེས་སུ་བཟུང་ཕྱིར་དབྱངས་ཅན་ལྷ་མོ་ལྷ་ཚངས་པའི་བུ་མོར་སྤྲུལ་ནས་སྤེལ་བ་སྙན་ངག་ནམ་མཁའི་མེ་ལོང་ཞེས་བྱ་རྒྱས་པ་རྒྱ་གར་དུ་གྲགས་པ་དང་། ནང་ལྟར་ན་མཉམ་མེད་རྒྱལ་བའི་བསྟན་པ་མཛེས་པའི་ཕྱིར་དུ་དབྱངས་ཅན་མས་ཐུགས་རྗེ་སྤྱན་རས་འགྲོ་ལ་གཟིགས་པའི་གཤེན་ལྷ་དཀར་པོའི་ཞལ་གྱི་མཆེ་བ་ལས་འཁྲུངས་ཚུལ་བསྟན་ནས་གསུངས་པའི་སྙན་ངག་རིན་ཆེན་མེ་ལོང་ཞེས་བྱ་བ་འབྲིང་བོ་རྟག་གཟིགས་སུ་གྲགས་པ་དང་། གསང་བ་ལྟར་ན་གཡུང་དྲུང་བོན་གྱི་བསྟན་བ་རིན་པོ་ཆེ་རྒྱས་པའི་ཆེད་དུ་དབྱངས་ཅན་མས་ས་ཏྲིག་ཨེར་སངས་ཀྱི་ལྗགས་མཆིལ་ལས་བྱུང་ཚུལ་བསྟན་ཏེ་བཤད་པའི་སྙན་ངག་ཤེལ་གྱི་མེ་ལོང་ཞེས་བྱ་བ་བསྡུས་པ་བོད་ཡུལ་དུ་གྲགས་པ་དང་གསུམ་གྱི་ནང་ནས། རྗོད་བྱེད་ཀྱི་ཚིག་ཉུང་ཞིང་། བརྗོད་བྱའི་དོན་ཕུན་སུམ་ཚོགས་པ་འདི་ནི། གསང་བའི་གྲུབ་ཆེན་བརྒྱད་ཅུའི་ནང་ཚན་གཙང་གཤེན་སྙན་ངག་མཁན་པོ་ལ་མཚོ་བྱུང་ལྷ་མོ་བཟང་བཟའ་རིང་བཙུན་མས་ལུང་བསྟན་ནས་ཡི་གེར་ཕབ་པའི་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་འདི་ཉིད་ཡིན་ལ། འདི་ལའང་། ཀླད་ཀྱི་དོན་དང་། རྒྱན་གྱི་དོན་དང་། སྐྱོན་སེལ་གྱི་དོན་དང་གསུམ་གྱི་སྒོ་ནས་བསྟན་པ་ཡིན་ལ། རྒྱན་ལའང་། དོན་དང་། སྒྲ་དང་གབ་ཚིག་གི་རྒྱན་གསུམ་གྱི་སྒོ་ནས་བསྟན་པའི་སྙན་ངག་གི་རྩ་དོན་ཕུན་སུམ་ཚོགས་པ། ཆ་ཚང་བ་རྒྱས་བསྡུས་མཚམས་པ་བོད་གངས་ཅན་གྱི་རིག་གཞུང་ཆུང་བ་ལྔ་ཡི་ཡ་གྱལ་དུ་གྱུར་བ་འདི་ལ། ཕྱི་རབས་མཁས་པ་རྣམས་ཀྱིས་རྒྱས་འགྲེལ་བསྡུས་འགྲེལ་མང་དུ་གསུངས་ཡོད་པ་དེ་ལྟར་ལགས་ལ། སྤྱིར་སྙན་ཚིག་གི་རིག་པ་འདི་ནི་བསླབ་པར་བྱ་བའི་གནས་མཆོག་ཏུ་གཅེས་པ་ཞིག་ཡིན་ཏེ། ནང་དོན་རིག་པའི་གསུང་རབ་རྣམས་ཀྱང་སྙན་ངག་གི་གཟུགས་སུ་གནས་པ་ཁོ་ནར་གནས་ཤིང་ཤེས་བྱ་རིག་པའི་གནས་གང་ལའང་ལྟ་བར་བྱེད་བའི་འདྲེན་བྱེད་ལྟ་བུ་སྟེ། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གྱི་མཆོག་ནི་རྩོམ་ན་བཟང་ངན་སྙན་ངག་གི་བསྟན་བཅོས་ཤེས་མི་ཤེས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་ལ། ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ་ཞིག་རྩོམ་ཀྱང་སྙན་ངག་དང་མི་ལྡན་པའི་གྲོང་ཚིག་ཙམ་ལ་དོན་བཟང་བོ་ཡོད་པར་རློམ་པ་ནི། དཔེར་ན་ལང་ཚོས་དྲེག་པའི་སྐྱེས་བུ་ལ་གོས་རྒྱན་དང་བྲལ་ནས་གཅེར་བུར་རྒྱུ་བ་ན། མི་རྣམས་ཀྱི་འཕྱ་སྨོད་བྱེད་པ་དང་འདྲ་བས། ཤེས་བྱ་རིག་པའི་བློ་དང་ལྡན་པ་རྣམས་ཀྱིས་རྩེ་དགའ་ཁོང་ནས་རྒོད་པའི་སྙན་ངག་གི་ཚིག་སྦྱོར་བཟང་བོ་འདི་ལ་འཇུག་པར་རིགས་སོ། །

༢༠༡༠ལོའི་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་༼མུ་ཁྲི་བཙན་པོ་༽སྤྱིའི་དེབ་གྲངས་བཞི་བ་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།