བོད་ཀྱི་ཡ་ཐོག་ཤེས་རིག་གི་འབྱུང་ཁུངས་གླེང་བ།
[ཟླ་ཚེས། 2013-06-23 23:35:48][རྩོམ་པ་པོ། ལན་ཀྲིག་སློབ་ཆེན་གྱི་དགེ་རྒན་ཆེན་མོ། འབྲུག་ཐར།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
— «མདོ་སྨད་མདའ་ཚང་ཡུལ་གྱི་གནའ་དཔེ་ཕྱོགས་བསྡུས་མཐོང་བ་དོན་ལྡན»ལས་འཕྲོས་པ།
དེ་ཡང་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་ཅུང་ཟད་བརྗོད་པར་བྱ་ན། བོན་པོ་རིག་གནས་ཀྱིས་རྨང་གཞི་བྱས་པ་དང༌། སངས་རྒྱས་ཆོས་ལུགས་རིག་གནས་སྲོག་ཤིང་དུ་གྱུར་ནས་གྲུབ་པ་ཡིན་པར་སྙམ། དེ་ལས་བོན་ནི་ཡ་ཐོག་འགྲོ་བ་མི་བྱུང་བ་ནས་བཟུང་མགོ་ནག་བོད་མིའི་ལྟ་སྒོམ་སྤྱོད་པ་ལ་ཆུ་དང་འོ་མ་བཞིན་འདྲེས་ཏེ་གངས་ལྗོངས་སུ་རྐང་ཆགས་པ་ཡིན་ལ། ནང་བསྟན་ཆོས་ལུགས་དེ་བོད་ཡུལ་དུ་དར་ནས་ད་བར་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལས་མེད། དེ་བས། བོད་ཀྱི་ལོ་རྒྱུས་སྤྱི་དང༌། སྒོས་སུ་དུས་རབས་བདུན་པའི་ཡར་སྔོན་གྱི་བོད་ཀྱི་ལོ་རྒྱུས་དང༌། རིག་གཞུང་། སྤྱི་ཚོགས་སོགས་ལ་བརྟག་ཞིབ་བྱེད་དགོས་ན། བོན་པོའི་རིག་གནས་ནི་དེར་འཇུག་པའི་སྒོ་དང་ལྡེ་མིག་ལྟ་བུར་གྱུར། རེབ་འདིར་ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང༌། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་སྒོས་《མདོ་སྨད་ཀན་སུའུ་མདའ་ཚང་ཡུལ་གྱི་བོད་ཁྱིམ་དུ་ཉར་བའི་བོན་པོའི་ཡིག་ཆ་འགངས་ཆེན》སྐོར་གྱི་རྟོག་དཔྱོད་ལས་གཞི་འདི་སྒྲུབ་པ་ཡིན། འདི་སྒྲུབ་དོན་ནི་བོན་གྱི་གནའ་དཔེ་རྙིང་བ་འཚོལ་བསྡུ་བྱས་ཏེ་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་བའི་ཆེད་ཡིན།
གཤམ་ནས་ང་ཚོས་བོན་བསྟན་བྱུང་ཚུལ་དང༌། བན་བོན་འདྲེས་ཚུལ། བོན་ཆོས་ད་ལྟའི་བར་དུ་གནས་ཐུབ་པའི་རྒྱུ་རྐྱེན་བཤད་པ་དང༌། མདའ་ཚང་ཡུལ་གྱི་བོན་པོའི་དཔེ་རྙིང་ངོ་སྤྲོད་རགས་བསྡུས་དང༌། མདའ་ཚང་བོད་མིའི་བོན་དད་དང་བོད་ཁྱིམ་དུ་ཉར་བའི་བོན་པོའི་ཡིག་ཆའི་དཔྱད་བརྗོད་བཅས་ཕྱོགས་བཞིའི་སྒོ་ནས་བརྗོད་རྒྱུ་ཡིན། ང་ཚོ་ལ་སྐྱེས་སྦྱངས་ཀྱི་ཡོན་ཏན་ཞན་ཞིང༌། ཕྱི་ནང་གི་རྐྱེན་དུ་མའི་དབང་གིས་དཔྱད་པ་མཐར་མ་ཕྱིན་པ་དང་འཁྲུལ་བའི་ཆ་སོགས་འབྱུང་ངེས་པས། མཁས་པ་དང་ཀློག་པ་པོ་ཚོས་སྐྱོན་བརྗོད་དང་དགོངས་ཆར་ལྷུག་པོར་སྩོལ་རོགས་ཞུ་ཞུ། །
གཅིག བོན་བསྟན་བྱུང་ཚུལ།
བོན་ཞེས་པའི་ཐ་སྙད་དེ་ཞང་ཞུང་གི་སྐད་དོད་དུ་གྱེར་ཟེར། བོད་ཀྱི་ཡིག་རྙིང་ཁག་ཏུ་བོན་ལ་འགྲེལ་ཚུལ་སྣ་ཚོགས་ཡོད། 《སྲིད་པ་སྤྱི་མདོས》བྱུང་རྗེས་བོན་ཞེས་པའི་གོ་དོན་དེ་བརྟན་ཆགས་སུ་སོང༌། བོན་དང་བཟླ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་འདོད་ཅིང༌། གནའ་དུས་ཀྱི་བོན་པོ་དག་གིས་སྔགས་མང་དུ་བཟླས་ཏེ་རང་གཞན་གྱི་གེགས་བར་ཆད་བསལ་བ་དང༌། གནོད་བྱེད་གང་ལ་མཐུ་གཏོང་བའི་ལས་བསྒྲུབ་ཀྱི་ཡོད། བོན་གྱི་ཐ་སྙད་ལ་བདག་སྒྲ་སྟོན་བྱེད་ཀྱི་སྒྲ་པོ་སྦྱར་བའི་བོན་པོ་ཞེས་པ་ནི་བོན་དེ་ལོངས་སུ་སྤྱོད་མཁན་ལ་ཟེར། སྤྱིར་བོན་ཞེས་པའི་ཐ་སྙད་ནི་ཤེས་བྱ་དང༌། རྣམ་ཤེས། འཁོར་འདས། བསོད་ནམས། དོན་དང་ལམ། གསུང་རབ་དང་ཐེག་པ་བཅས་ལ་འཇུག་གོ །
བོན་བསྟན་ཇི་ལྟར་བྱུང་ཚུལ་སྐོར་ལ་བཞེད་ཚུལ་མི་མཐུན་པ་འགའ་ཡོད་དེ། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར》དང་ཧྥ་རན་སིར་བཞུགས་པའི་མཁར་རྨེའུ་བསམ་གཏན་ལགས་ཀྱི་《བོན་པོའི་ལོ་རྒྱུས་དང་ཆོས་གཞུང་རགས་ཙམ་བརྗོད་པ》ཞེས་པ་གཉིས་སུ་བོན་ནི་སྟག་གཟིག(པར་སིག)ནས་བྱུང་ཞིང༌། འོལ་མོའི་ལུང་རིང་ནས་ཡུལ་སྤྱི་དང་བོད་ཡུལ་དུ་དར་བར་བཞེད། བོན་གཞུང་ཁག་ནང་འོལ་མོ་ལུང་རིང་གི་ཡུལ་གྱི་བཀོད་པ་ཞིབ་འབྲི་བྱས་པའི་འོལ་མོ་ལུང་རིང་དེ་གངས་ཏེ་སིའི་ཉེ་འགྲམ་དུ་གནས་པར་བསྟན། 《ཐུའུ་བཀྭན་གྲུབ་མཐའ》དང་《རྒྱལ་རབས་གསལ་བའི་མེ་ལོང་》གཙོ་བྱས་དཔེ་རྙིང་མང་ཤོས་སུ་བོན་ནི་ཞང་ཞུང་གི་ཡུལ་ནས་བྱུང་བར་བཞེད། དེ་ནི་ཁུངས་བཙུན་པ་ཞིག་ཡིན་པར་འདོད། ཞང་ཞུང་ཞེས་པ་དེ་ནི་དོན་ལ་ད་ལྟའི་མངའ་རིས་ས་ཁུལ་ཡིན་པ་དང༌། ཡུལ་དེའི་གནས་མཐོ་ཞིང་ས་རྒྱ་ཆེ་ལ། ཆུ་བཟང༌། མཁའ་དབུགས་གཙང་བ། ཡུལ་དེར་འཚོ་ཞིང་གནས་པའི་གནའ་བོའི་བོད་མི་དག་ཀྱང་འགྲོ་བ་མིའི་རིགས་སྤྱི་དང་མཚུངས་པར་རང་བྱུང་ཁམས་ཀྱི་སྟོབས་ཤུགས་དངོས་ལ་ངོས་འཛིན་བྱ་མ་ཐུབ་པའི་འཁྲུལ་སྣང་གི་འདུ་ཤེས་ལས་ཉི་ཟླ་སྐར་གསུམ་དང༌། ནགས་ཚལ་དང་ཆུ་ཀླུང༌། དྲག་རླུང་དང་སྤྲིན་རླབས་ཚང་མ་འགྲོ་བ་མི་དང་མཚུངས་པར་རྣམ་པར་ཤེས་པ་དང་ལྡན་པའི་ཚེ་སྲོག་གི་ཕུང་བོ་ཞིག་ཡིན་པར་འདོད་པ་དང༌། རང་བྱུང་གི་སྟོབས་ཤུགས་དེ་དག་ནི་བསམ་གྱིས་མ་ཁྱབ་ཅིང༌། བརྗོད་ཀྱིས་མི་ལངས་པ། ཁ་ལོ་བསྒྱུར་ཐབས་དང་བྲལ་བའི་གསང་བ་ལྐོག་གྱུར་གྱི་ཡུལ་དང༌། བྱ་དངོས་ཀུན་གྱིས་དོ་ཟླ་མི་འོང་བ་ཞིག་དང༌། གཞན་གྱིས་དབང་བསྒྱུར་དང་གནོད་འཚེས་མི་ཐུབ་པའི་བདག་ཉིད་ཅིག་ཡིན་པར་རློམ་ཏེ། འཇིག་རྟེན་གྱི་ངོ་མཚར་དང་ལྐོག་གྱུར་ཡུལ་ལ་རྗེས་དཔག་བློ་ཡིས་འཇའ་བའི་སྟ་གོན་གྱི་བློ་སྤོབས་རྒྱས་ཤིང༌། བློ་འབྱེད་ཀྱི་རིག་པའི་སྒྲོན་མེ་སྤར་ཏེ་ཡ་ཐོག་བོན་གྱི་ཤེས་རིག་གི་སྒོ་མོ་ཆེས་ཆེར་ཕྱེས།
བོན་ལ་དབྱེ་ཚུལ་མང་ཡང་བསྡུས་ན། ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་དང༌། གཡུང་དྲུང་བོན་གཉིས་སུ་འདུ་བ་དང༌། སྔགས་མང་བཟླས་ཏེ་ཡར་རྒན་གྱི་ལྷ་མཆོད་པ་དང༌། བར་ཁྱིམ་གྱི་ཐབས་འདོན་པ། མར་འདྲེ་སྲི་གནོན་པ་བཅས་ཆོ་ག་རྒྱ་ཆེར་སྤེལ་བའི་བོན་དེ་རིགས་ནི་ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་དང༌། སྟོན་པ་གཤེན་རབ་མ་བྱོན་གོང་དུ་དབལ་བོན་དང༌། ཡོགས་བོན། ཁྲིན་བོན། གཉེར་བོན། འོ་བོན། འཚམས་བོན། བདུད་བོན། དམུ་བོན། བཙན་བོན། སྲིད་བོན། ལྷ་བོན་སོགས་བོན་གྱི་རིགས་ཇི་སྙེད་ཅིག་བྱུང་བ་དེས་གནའ་རབས་བོད་མིའི་ལྟ་སྒོམ་སྤྱོད་གསུམ་ལ་ཤན་སྟོབས་ཆེན་པོ་ཐེབས་ཡོད། དེ་ཡང་《དེབ་ཐེར་དམར་པོ་གསར་མ》སོགས་ལོ་རྒྱུས་ཡིག་ཚང་དུ་འཁོད་པ་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་བརྒྱ་དང་བཅུ་བདུན་ཡས་མས་སུ། རྗེ་གཉའ་ཁྲི་གཙན་པོའི་རིང་ལ་དམུ་གཤེན་རྨུ་རྒྱལ་བྱ་བས་སྲོལ་ཕྱེས་པའི་བོན་ལ་བརྡོལ་བོན་ནམ་ལྡེའུ་བོན་ཞེས་བརྗོད་ཅིང༌། དེ་ནི་བོད་རང་ས་ནས་སྔར་ཡོད་གདོད་མའི་ཆོས་ལུགས་ཀྱི་བསམ་བློའི་རྨང་གཞིའི་སྟེང་བྱུང་བའི་བོན་ཆོས་ཐོག་མ་ཡིན་པ་དང༌། གཙོ་བོ་འབྱུང་བ་ལྔའི་ལྷ་དང་ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ་ལྟ་བུའི་རིགས་ལ་མགོན་སྐྱོབས་སྡོངས་གྲོགས་ཞུ་བ་ཡིན། དེ་ལ་རྒྱུའི་བོན་ཆབ་ནག་ཅེས་ཀྱང་གྲགས། ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་དེ་ལ་མངོན་གསལ་དོད་པོའི་ཁྱད་ཆོས་མངའ་བ་ནི། དཔེར་ན། ཕྱི་སྣོད་ཀྱི་རི་ར་བ་ཁང་ཁྱིམ་དང་རི་དྭགས་སྒོ་ཕྱུགས་སོགས་ལྷའི་རྣམ་སྤྲུལ་དུ་འཛིན་པའི་ལྷ་གསོལ་འདྲེ་འདུལ་གྱི་དད་མཆོད་དང༌། མོ་ལྷ་བདར་བས་ལེགས་ཉེས་མགོན་ཤེས་གསལ་བ་དང༌། གླུད་ཕར་གཏོང་བས་འདྲེ་ཚིམས་པ་བཅས་མདོར་ན་ལྷ་ཚོགས་ལ་དད་མཆོད་བྱེད་པར་མཚོན་ལ། གཞན་ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་གྱིས་ལྷ་བསང་རྒྱག་རྔན་བསྔོ་བ་དང༌། འདྲེ་འདུལ་མོ་རྩིས་བྱེད་པ། ཚེ་དཔལ་ཕྱྭ་གཡང་འགུགས་པ། འཁྲུག་བཅོས་གཏོ་ཟློག་བྱེད་པ། མི་དཔྱད་ས་དཔྱད་བྱེད་པ་བཅས་ཀྱིས་སྣོད་བཅུད་བཏང་སྙོམས་དང༌། སྤྱི་ཚོགས་ཞི་མཐུན་ལ་ནུས་པ་ཆེན་པོ་ཐོན་ཡོད།
ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་དུས་སྐབས་ནི། ཞང་ཞུང་གི་ཡུལ་རེར་རྗེ་དཔོན་བྱུང་སྟེ་ཡུལ་གྲུ་བཅད་བཟུང་གིས་གཅིག་འོག་གཅིག་ཏུ་མི་ཚུད་པར་གནས་ཤིང༌། དེ་ལས་སྟོབས་འབྱོར་མངའ་ཐང་ཆེ་བ་ནི་དམུ་གཤེན་དང༌། གཤེན་རབ་མི་བོ་ཆེའི་བར་ལ་དམུ་གཤེན་གྱི་གདུང་རབས་ལྔ་བྱོན། དེ་ལྟར་ཞང་ཞུང་རྒྱལ་རབས་ཀྱི་མངའ་ཐང་དར་བའི་རྩེར་སོན་ཏེ། བོད་ཀྱི་ལོ་རྒྱུས་སྟེང་གྲགས་ཆེ་བའི་ཞང་ཞུང་བྱ་རུ་ཅན་ཅན་གྱི་རྒྱལ་རབས་བཅོ་བརྒྱད་དུ་གྲགས་པ་བྱུང་ཞིང༌། མདོ་དབུས་མཐོ་སྒང་གི་ནུབ་ཁུལ་གཞི་བཟུང་ནས་མངའ་ཁོངས་རྒྱ་བསྐྱེད། ཞང་ཞུང་ལ་སྒོ་ཕུགས་བར་གསུམ་དུ་དབྱེ་སྲོལ་ཡོད་པ་ལས། ཞང་ཞུང་ཕུག་པ་ནི་སྟོད་མངའ་རིས་དང་ལ་དྭགས་སོགས་དང༌། དབུས་གཙང་ནི་ཞང་ཞུང་གི་བར། མདོ་སྨད་ནི་ཞང་ཞུང་གི་སྒོ་བཅས་ངོས་འཛིན་སྲོལ་ཡོད།
སྐབས་དེའི་ཞང་ཞུང་རྒྱལ་རབས་ལ་མཚོན་ན། ཆོས་སྲིད་གཉིས་ཐོག་ནས་དབང་བསྒྱུར་རྒྱ྄ུ་ནི་རྒྱལ་སྲིད་བརྟན་ཆགས་དང་མངའ་ཁོངས་རྒྱ་བསྐྱེད་ལ་སྨན་པའི་དཔྱིད་དུ་གྱུར་སྲིད། ཞང་ཞུང་རྒྱལ་བོ་རིམ་བྱུང་གིས་ཡ་ཐོག་སྲིད་པའི་བོན་གྱི་རྨང་གཞིའི་སྟེང་འཕེལ་རྒྱས་བྱུང་བའི་གཡུང་དྲུང་བོན་བསྟན་རྒྱ་ཆེར་དར་སྤེལ་མཛད། བོན་པོའི་ཡིག་རྙིང་ཁག་ལས་བསྟན་དོན། སྟོན་པ་གཤེན་རབ་བྱོན་ཏེ་སྔར་གྱི་བོན་པོ་དག་གིས་སེམས་ཅན་དམར་མཆོད་བྱེད་པའི་སྲོལ་བཅད་དེ་སེམས་ཅན་གྱི་གཟུགས་རིས་དང་རྩི་ཤིང་བན་བུན་གྱིས་འཐུས་པར་བྱས་ཏེ་གཞི་ལམ་འབྲས་གསུམ་དང༌། ལྟ་སྒོམ་སྤྱོད་འབྲས། ལས་དགེ་སྡིག་གི་སྤངས་བླངས་སོགས་གསལ་བོར་སྟོན་པའི་གཡུང་དྲུང་བོན་གྱི་སྲོལ་ཕྱེས་ཤིང༌། རྟག་ཏུ་མཐོང་བའི་བོན་ལུགས་ཀྱི་ལྷ་ཚོགས་ནི་ཡུམ་ས་ཏྲིག་ཨེར་སངས་དང༌། ལྷ་གཤེན་ལྷ་འོད་དཀར། སྲིད་པ་སངས་པོ་འབུམ་ཁྲི། སྟོན་པ་གཤེན་རབ་མི་བོ་ཆེ་སྟེ་བདེར་གཤེགས་གཙོ་བཞི་དང༌། གསས་མཁར་མཆོག་ལྔ་སྟེ་དབལ་གསས་རྔམ་པ་དང༌། ལྷ་རྒོད་ཐོག་པ། གཙོ་མཆོག་མཁའ་འགྱིང༌། ཡོན་ཏན་དབལ་ཆེན་གེ་ཁོད་དང༌། ཕུར་བའོ། །
ཕྱིས་སུ། བོན་ལུགས་སུ། འཇིག་རྟེན་འདི་ལ་ས་འོག་ས་སྟེང་ས་བླ་གསུམ་དུ་དབྱེ་ནས་ཁམས་གསུམ་དུ་བཏགས་ཤིང༌། ས་འོག་ནི་ཀླུའི་གནས་ཡུལ་དང༌། ས་སྟེང་ནི་གཉན། ས་བླ་ནི་བཙན་གྱི་གནས་ཡུལ་དུ་ངོས་བཟུང་སྟེ་གསོལ་མཆོད་བྱས། སྟོན་པ་གཤེན་རབ་ཀྱིས་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བ་ནས་བཟུང༌། བོད་མིའི་ཤེས་རིག་དེ་སྔར་ལས་ཕུན་སུམ་ཚོགས་ཤིང་གྱ་ནོམ་པར་འཕེལ་རྒྱས་བྱུང་བ་དང༌། བོན་བསྟན་དེ་ལ་ཡང་བསྟན་པ་སྔ་དར་དང༌། བར་དར། ཕྱི་དར་གསུམ་བྱུང༌། མདོར་ན། བོན་གྱི་རིག་གནས་ནི་གནའ་རབས་བོད་མིའི་སྲིད་པ་ཆགས་ཚུལ་དང༌། མི་རྒྱུད་གྲོལ་ཚུལ། ལྷ་འདྲེ་བྱུང་ཚུལ། ལྟ་སྒོམ་སྤྱོད་འབྲས་ཀུན་གསལ་བར་འཆར་བའི་མེ་ལོང་དང༌། བོད་ཀྱི་ཡ་ཐོག་རིག་གནས་ཀུན་འདུས་ཀྱི་བང་མཛོད་ཆེན་པོ་ཞིག་ཀྱང་ཡིན་ནོ། །
གཉིས། བན་བོན་འདྲེས་ཚུལ་དང༌། བོན་ཆོས་ད་ལྟའི་བར་གནས་ཐུབ་པའི་རྒྱུ་རྐྱེན་བཤད་པ།
དེ་ཡང་བོད་ཀྱི་ལོ་རྒྱུས་སུ་བན་བོན་འཐབ་རྩོད་ཅེས་ཀུན་ལ་རླུང་ལྟར་གྲགས་ཤིང༌། དོན་ལ་དེ་ནི་བན་ལ་བོན་འདྲེས། བོན་ལ་བན་འདྲེས་པའི་ཚུལ་ལས་མ་འདས་པར་སྣང༌། སངས་རྒྱས་ཆོས་ལུགས་གངས་རིའི་ལྗོངས་འདིར་མ་དར་གོང་བོན་ཆོས་འབའ་ཞིག་ལ་དད་ཅིང༌། དུས་རབས་བདུན་པར་སངས་རྒྱས་ཆོས་ལུགས་བོད་དུ་སྤེལ་བ་ནས་བཟུང༌། བན་ལ་བོན་འདྲེས། བོན་ལ་བན་འདྲེས་པས། བན་བོན་གཉིས་ནི་འོ་ཆུ་བཞིན་འདྲེས་ཏེ་ད་བར་མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷག་འདས་པས། ཇི་སྐད་དུ། ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང༌། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་གྱུར། །ཅེས་གསུངས། ང་ཚོས་བན་ལ་བོན་འདྲེས། བོན་ལ་བན་འདྲེས་པའི་ཚུལ་དེ་དུས་རིམ་གཉིས་སུ་དབྱེ་ཡོད་དེ། གཅིག་ཤོས་ནི་སངས་རྒྱས་ཆོས་ལུགས་བོད་དུ་རྐང་ཚུགས་པའི་ཕྱིར། བོན་གྱི་ནང་དོན་མང་པོ་ཞིག་ཚུར་ལེན་བྱས་པས་བན་བོན་སྔ་དར་གྱི་དུས་དང༌། བན་བོན་འཐབ་རྩོད་ཁྲོད་བོན་ཕམ་རྗེས། བོན་ཆོས་མི་ནུབ་དར་སྤེལ་ཆེད། བོན་པོས་བན་ཕྱོགས་ཀྱི་ནང་དོན་མང་པོ་ཞིག་ཕར་བསྒྱུར་བའི་བན་བོན་ཕྱི་དར་གྱི་དུས་དེ་ཡིན། བན་བོན་གཉིས་ཀྱི་བསྟན་པ་གང་ཡིན་ཡང༌། བན་བོན་ལོ་རྒྱུས་སྟེང་གི་བསྟན་པ་ཕྱི་དར་ནི། དུས་རབས་བཅུ་གཅིག་པ་ནས་མགོ་ཚུགས་ཤིང༌། བན་གྱི་བསྟན་པ་ཕྱི་དར་ནི། དབུས་གཙང་ནས་ཀླུ་མེས་སོགས་མི་བཅུ་མདོ་སྨད་དུ་ཕེབས་ནས་བླ་ཆེན་དགོངས་པ་རབ་གསལ་ལས་སྡོམ་པ་བླངས་ཏེ་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་པ་དང༌། བོན་གྱི་བསྟན་པ་ཕྱི་དར་ནི། བཀའ་བསྟན་སྙན་བརྒྱུད་ཀྱི་བོན་གཏེར་དུ་བཞུགས་པ་རྣམས་བོད་ཡུལ་སྟོད་སྨད་ཀྱི་གནས་སོ་སོ་ནས་གདན་དྲངས་ཏེ་གཏེར་ཞལ་ཕྱེས་པ་དེ་ཡིན།
བསྟན་པ་ཕྱི་དར་ནས་བཟུང༌། སངས་རྒྱས་ཆོས་ལུགས་སྔར་ལས་ལྷག་པར་སྒོ་ནས་འཕེལ་རྒྱས་བྱུང༌། དགེ་འདུན་གྱི་སྡེ་ཇེ་མང་དུ་ཕྱིན་པ་དང༌། རྒྱ་གར་གྱི་པཎྚི་ཏ་རྣམས་ཟམ་མ་ཆད་པར་བོད་དུ་ཕེབས་ནས་འཆད་ཉན་གྱི་རྒྱུད་སྤེལ་ཞིང༌། མདོ་སྔགས་ཀྱི་ཆོས་མང་པོ་བསྒྱུར་བ་སོགས་ལ་བརྟེན་ནས་བོད་དུ་སངས་རྒྱས་ཆོས་ཀྱི་དགོངས་པའི་རོ་གཅིག་ཏུ་འདྲེས་པའི་ཆོས་ལུགས་གྲུབ་མཐའ་མང་པོ་གཅིག་རྗེས་གཉིས་མཐུད་དུ་བྱུང་བས། བོད་བརྒྱུད་ནང་བསྟན་གྱི་འཕེལ་རྒྱས་ལ་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་བླ་ལྷག་ཏུ་ཐོན།
སངས་རྒྱས་ཆོས་ལུགས་ཐོག་མར་བོད་དུ་སྤེལ་སྐབས། བན་བོན་ཕན་ཚུན་བར་དུ་འགལ་ཟླ་དང་འཐབ་རྩོད་རྒྱུན་མ་ཆད་པས། བོད་བརྒྱུད་ནང་བསྟན་པས་རང་ཉིད་ལ་ནང་པ་ཞེས་འབོད་ཅིང༌། བོན་ལ་ཕྱི་རོལ་བ་ཞེས་ཐ་སྙད་སྦྱར། བོན་ཆོས་ནང་བ་ཡིན་མིན་གྱི་ཆ་ནས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་བན་བོན་གཅིག་འདྲ་ཡིན་པས་བོན་ཆོས་ནང་བ་ཡིན་པར་གསལ་ལ། སྤྱིར་གཡུང་དྲུང་བོན་དང་ཆོས་གཉིས་ལ་ཐ་སྙད་ཀྱི་ཁྱད་པར་ཙམ་ལས་བརྗོད་བྱའི་དོན་ལ་ཁྱད་པར་མེད་པ་ནི་དེ་གཉིས་ཀྱི་སྟོན་པ་དང༌། ལྟ་བ། སྤྱོད་པ། སྐྱབས་འགྲོ་འབྲས་བུ་བཅས་ནས་ཤེས་ཐུབ་ཕྱིར། ཇི་སྐད་དུ། བོན་དང་ཆོས་ཞེས་བརྡ་ཡི་ཁྱད་ཙམ་སྟེ། །བརྗོད་བྱའི་དོན་ལ་ཁྱད་པར་ཡོད་མ་ཡིན། །ཞེས་གསུངས།
བོད་རང་ས་ནས་དར་འཕེལ་བྱུང་བའི་གཡུང་དྲུང་བོན་ནི་ནང་དོན་དང་གཞུང་ལུགས་རྒྱ་ཆེ་ཞིང༌། ལྟ་བ་གཏིང་ཟབ་པ་དང༌། བོན་གྱི་བསྟན་པ་དེ་ལ་ཡང་རྒྱལ་བོ་གྲི་གུམ་བཙན་པོའི་རིང་བོན་བསྣུབས་པ་དང༌། རྒྱལ་བོ་སྤུ་དེ་གུང་རྒྱལ་གྱི་དུས་སུ་བོན་དར་བ། རྒྱལ་བོ་ཁྲི་སྲོང་ལྡེ་བཙན་དུས་སུ་བོན་བསྣུབས་པ་བཅས་དར་ནུབ་ཀྱི་རིམ་པ་མང་པོ་ཞིག་བྱུང་ཡང༌། བོན་གྱི་དད་པ་དེ་མགོ་ནག་བོད་མིར་བག་ཆགས་ཟབ་ཅིང༌། བོན་རང་ངོས་ནས་གཞུང་ལུགས་ཆ་ཚང་ཞིག་ཡོད་པ་དང༌། མི་རིགས་ཀྱི་ཁྱད་ཆོས་མངའ་བ་བཅས་ཕྱི་ནང་གི་རྐྱེན་དུ་མས་དབང་གིས་བོན་དེ་གནའ་ནས་ད་ལྟའི་བར་དུ་ཟམ་མ་ཆད་པར་འཕེལ་རྒྱས་བྱུང་སྟེ་གངས་རིའི་ལྗོངས་འདིར་གནས་ཐུབ་པ་བྱུང༌། བོད་ཡུལ་དུ་བཞུགས་པའི་བོན་དགོན་སུམ་བརྒྱ་ལྷག་དང་མདོ་སྨད་ཀན་སུའུ་མདའ་ཚང་གི་བོད་མི་ནི་དེའི་མཚོན་བྱེད་ཡང་དག་ཅིག་རེད་ཅེས་བཤད་ཆོག
གསུམ། མདའ་ཚང་ཡུལ་གྱི་བོན་པོའི་དཔེ་རྙིང་ངོ་སྤྲོད་རགས་བསྡུས།
སྤྱི་ལོ་ཉིས་སྟོང་བཅུ་ལོའི་ཟླ་དྲུག་པར། མདའ་ཚང་རྫོང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་དང༌། སྲིད་གྲོས་མི་རིགས་ཆོས་ལུགས་ཨུ་ཡོན་ཚོགས་པའི་སྣེ་ཁྲིད་དང་རོགས་རམ་འོག ལན་ཀྲོའུ་སློབ་ཆེན་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་དང༌། ཀན་སུའུ་དམངས་དོན་བོད་ཀྱི་གནའ་དཔེ་དཀར་ཆག་དག་སྒྲིག་རྟོགས་དཔྱོད་ཚོགས་པ་གཉིས་མདའ་ཚང་དུ་སོང་སྟེ། ཉིན་བཅུ་ལྷག་རིང་ས་དེ་གའི་བོད་ཁྱིམ་དུ་ཉར་བའི་བོན་པོའི་དཔེ་རྙིང་འགངས་ཆེན་དག་ལ་རྟོག་དཔྱོད་ཞིབ་འཇུག་དང༌། བཅར་འདྲི། པར་རྒྱག་པ་བཅས་བྱ་བ་ལྷུར་བླངས།
མདའ་ཚང་ཡུལ་གྱི་བོན་པོའི་དཔེ་རྙིང་འགངས་ཆེན་དེ་དག་ནི་གཙོ་བོ་རྐ་ངོགས་ཞང་ལུང་རིང་(城关镇)དང༌། ཞིན་ཁྲིན་ཙི(新城子) ། ནན་ཧི(南河) བཅས་ཞང་གསུམ་དུ་གཏོགས་པའི་བོད་ཁྱིམ་བཅུ་གསུམ་དུ་ཉར་ཡོད་ཅིང༌། ང་ཚོས་རྒྱུས་ལོན་བྱས་པ་ནི་འདི་ལྟ་སྟེ།
༡༽ རྐ་ངོགས་ཞང་(城关镇)ལུང་རིང་(鹿仁村)སྡེ་བ་ནས་ཁྱོན་གླེགས་བམ་བཅུ་གསུམ་རྙེད། རྒྱུས་ལོན་བྱས་པ་ལྟར་ན། གླེགས་བམ་དེ་དག་ཉར་ནས་མི་རབས་ཉི་ཤུ་ལྷག་ཕྱིན་པ་དང༌། དེ་ལས་གླེགས་བམ་གཅིག་ནི་ཀོ་བའི་ཐོག་བྲིས་པའི་ཞང་ཞུང་ཡིག་རྒན་གཙོས་བའི་རྩིས་གཞུང་གི་སྐོར་ཡིན།
༢༽ ལིས་ཇི(立界)སྡེ་བ་ནས་ཁྱོན་གླེགས་བམ་དྲུག་རྙེད། རྒྱུས་ལོན་བྱས་པ་ལྟར་ན། མེན་རྒྱལ་རབས་སྐབས་ཀན་ལྷོའི་ཐེ་བོ་ནས་བརྒྱུད་ཡོང་བར་བཤད།
༣༽ ཞིན་ཁྲིན་ཙི་ཞིན་ཕེན(新城子新坪)སྡེ་བ་ནས་ཁྱོན་གླེགས་བམ་བརྒྱད་རྙེད། རྒྱུས་ལོན་བྱས་པ་ལྟར་ན། ཞིན་ཕིན་སྡེ་བའི་་མི་རྒྱུད་ནི་ཡོན་རྒྱལ་རབས་སྔོན་ལ་སྟོད་མངའ་རིས་ནས་མཆེད་ཅིང༌། བོན་གྱི་དཔེ་རྙིང་དཀོན་པོ་འདི་དག་ནི་དུས་སྐབས་དེར་ཁྱེར་ནས་ཡོང་བ་དང༌། ཁྱིམ་དུ་ཉར་ནས་མི་ལོ་བཞི་བརྒྱ་ལྷག་འདས་པར་བཤད།
༤༽ ལོའུ་སྒང་ཐིག(路岗头)སྡེ་བ་ནས་ཁྱོན་གླེགས་བམ་གཅིག་རྙེད། ནང་དོན་ལ་གཙོ་བོ་ཁྱུང་དང༌། ཀླུ། གཡག ར་མ། བྱ་ཕོ་བཅས་སེམས་ཅན་དང་རྩི་ཤིང་གི་རིགས་ལ་བསང་མཆོད་འབུལ་བའི་ཆོ་ག་རིམ་གྲོའི་སྐོར་ཡིན།
༥༽ ནན་ཧི་ཧྲང་ཀྲང་ལྦན(南河上漳湾)སྡེ་བ་ནས་ཁྱོན་གླེགས་བམ་གསུམ་རྙེད། གླེགས་བམ་དུ་བོན་པོའི་ཐང་ག་དཀོན་པོ་བཅུ་ལྷག་ཡོད་པ་དང༌། ཁྱིམ་དུ་ཉར་ནས་མི་རབས་བཅུ་ལྷག་འདས་པར་བཤད།
རེབ་འདིར་ཁྱོན་གླེགས་བམ་སུམ་ཅུ་སོ་གཅིག་རྙེད་སོན་བྱུང་ཞིང༌། ཤོག་ངོས་བདུན་སྟོང་ཆིག་བརྒྱ་ལྷག་ལ་ཉེ། བོད་ཁྱིམ་དེ་དག་གིས་ཉི་ཟླ་གཟའ་སྐར་ལེགས་པའི་བོད་ཀྱི་དུས་ཆེན་ལ་མ་གཏོགས་རང་དགར་གླེགས་བམ་གྱི་ཞལ་མི་ཕྱེས་ཤིང༌། ཞལ་ཕྱེས་དུས་ཀྱང༌། སྔོན་ལ་ལག་པ་བཀྲུ་བ་དང༌། བདུག་སྤོས་འབུལ་བ། སྐྱབས་གསོལ་བཅས་རིམ་གྲོའི་ཆོ་ག་སྤེལ་ཏེ་གདན་འདྲེན་ཞུ་བ་ཡིན། ས་དེ་གའི་བོད་མི་དེ་འདྲའི་ཕྱུག་པོ་མིན་ན་ཡང༌། ཁོ་ཚོས་དཔེ་རྙིང་དེ་དག་ནི་ཕ་མེས་རྒྱུད་ཀྱི་རིན་ཆེན་དུ་བཟུང་སྟེ་ཉར་ཚགས་བཟང་པོ་བྱས་ཡོད། རིག་གནས་གསར་བརྗེ་སྐབས་སུ། སྡེ་མི་ཡོངས་ཀྱིས་མནའ་ཚིག་དམ་པོར་བསྒྲགས་ཏེ། རི་ལ་གཏེར་དུ་སྦས་བ་དང༌། རིག་གནས་གསར་བརྗེའི་རྗེས་སུ། རང་ཁྱིམ་དུ་གདན་འདྲེན་ཞུས་ཏེ་ད་ལྟའི་བར་དུ་ཉར་ཚགས་བྱས།
བཞི། མདའ་ཚང་བོད་མིའི་བོན་དད་དང་བོད་ཁྱིམ་དུ་ཉར་བའི་བོན་པོའི་ཡིག་ཆའི་དཔྱད་བརྗོད།
“宕昌” ཞེས་པའི་ཐ་སྙད་དེ་ཆེས་ཐོག་མར་རྒྱའི་ཡིག་ཚང་《ཆུའི་གཞུང་འགྲེལ》ལས་བྱུང༌། སྤྱང་ཆུ་ནི། མདའ་ཚང་མཁར(宕昌城)གྱི་ཤར་སྣེ་བརྒྱུད་དེ། ཤར་དང་ལྷོར་འབབ་ཅེས་འཁོད་ཡོད། རྒྱའི་ཡིག་ཐོག་ཏུ་ཕབ་པའི་“宕昌”ཞེས་པའི་མིང་ནི་དོན་ལ་བོད་ཡིག་གི་མདའ་ཚང་ཞེས་པའི་སྒྲ་རང་སོར་བཞག་པར་སེམས། ང་ཚོས་ད་སྔ་“宕昌”ཞེས་པའི་མིང་འདིའི་སྒྲའི་ཀློག་སྟངས་ལ་གསལ་བཤད་གནང་བའི་རྒྱའི་དཔེ་རྙིང་རྩ་ཆེན་ཞིག་མཐོང་བ་ནི། 《སྲིད་དོན་མེ་ལོང་》དང་《དེབ་ཐེར་ཀུན་གསལ》གཉིས་ཡིན་པ་དང༌། དེ་ལས་རྒྱ་ནག་གི་གནའི་སྐད་ལ་ཡི་གེ“荡”དང་“汤”གཉིས་སྒྲ་མཚུངས་པར་བསྟན་པ་དང༌། དེང་མདའ་ཚང་ཡུལ་གྱི་བོད་མིས་“宕昌”ལ་“汤昌” ཞེས་འདོན་པ་ལས། ཡང་ན་“荡昌”ཞེས་འདོན་སྲོལ་མེད་པ་དང༌། དེང་རབས་རྒྱའི་སྐད་ཡིག་ལྟར་ནའང་“汤”དང་“炭”གཉིས་ལ་འདྲ་ས་མང་ཞིང༌། “汤昌”ཞེས་པ་ཡང་དང་བསྐྱར་དུ་མྱུར་བར་ཀློག་ཚེ་སྒྲ་མདངས་“炭昌”ཞེས་པར་འགྱུར་འགྲོ་ཕྱིར། ས་དེའི་བོད་མིས་འབོད་པའི་“宕昌”ཞེས་པའི་སྒྲ་ནི་“炭昌”ཞེས་པའི་སྒྲ་འགྱུར་ལས་བྱུང་བར་ཤེས་རྟོགས་བྱུང༌།
ང་ཚོས་ལོ་རྒྱུས་ཡིག་ཚང་མང་པོ་མཇལ་བ་ལས། “宕昌” ཞེས་འབོད་པའི་མིང་འདི་ལ་གོ་དོན་གསུམ་ཡོད་པ་རྟོགས། གཅིག་ནི་རྒྱལ་རབས་ལྷོ་མ་དང་བྱང་མའི་སྐབས་སུ་ཀེའུ་ཡུལ་མཁར་(陇南)དང༌། ཀན་སུའུ། མཚོ་སྔོན། སི་ཁྲོན་བཅས་གནས་དེར་འཁོད་པའི་ཡུལ་མི་སྟེ་གནའ་བོའི་ཆཱང་མི་ལ་འཇུག་པ་དང༌། གཉིས་སུ་མདའ་ཚང་རྒྱལ་ཁབ་ལ་གོ་བ་དང༌། གསུམ་དུ་མདའ་ཚང་མཁར་མིང་བཅས་ལ་འཇུག་པའི་གོ་དོན་གསུམ་ཙམ་ཡོད་ཀྱང༌། སྔོན་ཆད་ཡུལ་འདིའི་གནམ་གཤིས་དྲོད་གྲང་སྙོམས་ཤིང༌། སྨྱུག་མའི་སྡོང་བོས་གང་ས་ཀུན་ནས་བརྒྱན་པ་དང༌། དུས་ནམ་ཞིག་ལ་བོད་མིའི་མི་རྒྱུད་དྭངས་མ་སྟེ་ཆཱང་མིས་གནས་འདིར་བདག་གིར་བཟུང་སྟེ་རང་དམག་ལ་མདའ་གཞུ་བཟོ་བའི་ཡུལ་ཡིན་པའི་ཆ་ནས། གནའི་ཐ་སྙད་“宕昌”ཞེས་པ་ནི་བོད་སྐད་ཀྱི་མདའ་ཚང་ཞེས་པའི་སྒྲ་མ་ཉམས་པར་རང་སོར་བཞག་པར་སྙམ་པའོ། །
མདའ་ཚང་རྫོང་གི་རྐ་ངོགས་ཞང་ལུང་རིང་དང༌། ཞིན་ཁྲིན་ཙི་བོད་མིའི་ཞང་(新城子藏族乡)། ནན་ཧི་ཞང་(南河乡)གི་བོད་མི་ནི་བོད་མིའི་མི་རྒྱུད་ཤ་སྟག་ཡིན་པ་དང༌། རེབ་འདིར་མདའ་ཚང་བོད་ཁྱིམ་དུ་ཉར་བའི་དཔེ་རྙིང་དང་ས་འདིར་རྟོག་དཔྱོད་ཞིབ་འཇུག་བྱས་མཐར། ང་ཚོས་ཀེའུ་ཡུལ་མཁར(陇南)ནས་ཆུ་མ་མཁར(秦陇)བར་དུ་འཚོ་ཞིང་གནས་པའི་བོད་མི་འདི་དག་གི་མི་རྒྱུད་ནི། ཞང་ཞུང་སྟེ་དེང་གི་སྟོད་མངའ་རིས་ཀྱི་རྩ་མདའ་དང༌། སྤུ་རང༌། ལ་དྭགས་སོགས་ནས་མཆེད་ཅིང༌། རུས་ནི་ཡ་ཐོག་ཞང་ཞུང་གི་རུས་ཆེན་བསེ་ཁྱུང་སྦྲ་གསུམ་ལས་སྦྲ་ཡིན་ལ། དེང་སྐབས་ཀན་སུའུ་ཀེའུ་ཡུལ་མཁར(陇南)ནས་ཆུ་མ་མཁར(秦陇)བར་དུ་འཚོ་བའི་མི་འདི་དག་གིས་ཀྱང་རང་ཉིད་ཀྱི་རུས་ནི་སྦྲ་ཡིན་པར་སྨྲ་ཞིང༌། ཁོ་ཚོས་བསྟེན་པ་ནི་བོན་སྒྲུང་ལྡེའུ་གསུམ་ལས་ལྡེའུ་ཡིན་ནོ། །
བོན་གྱི་ལོ་རྒྱུས་དེབ་ཐེར་གྲགས་ཅན་《བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་གླེང་བ》རུ་བོད་ལ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་རྒྱལ་བོ་གཉའ་ཁྲི་བཙན་པོ་ནས་རྒྱལ་བོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བར་རྒྱལ་རབས་ཉི་ཤུ་རྩ་བདུན་རིང་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱི་བསྐྱངས་ཞེས་འཁོད་ཡོད་ཅིང༌། མདོ་སྨད་ཀན་སུའུ་ཡུལ་གྱི་མདའ་ཚང་སོགས་ས་ཆ་ནས་རྙེད་པའི་བོན་གྱི་དཔེ་རྙིང་ཁག་གི་ནང་དོན་དང༌། བརྡ་རྙིང༌། དེ་མིན་གནའ་བོའི་ཞང་ཞུང་གི་་ཡུལ་ལྷ་གཞི་བདག་གི་མིང་བཅས་ལ་གཞིགས་ན། ཀེའུ་ཡུལ་མཁར་དུ་འཚོ་བའི་བོད་མི་ཚོས་སྒྲུང་ལྡེའུ་བོན་གསུམ་ལས་ལྡེའུ་བོན་བསྟེན་པར་ཁ་ཚོན་གཅོད་ཐུབ།
བོན་ལུགས་སུ། གཤེན་རབ་མི་བོ་ཆེས་འདུལ་བ་རྒྱུད་དྲུག་གི་སྡོམ་རྒྱུད་དེ་ཉིད་སྐུའི་སྲས་མུ་ཆོ་ལྡེམ་དྲུག་ལ་བརྒྱུད་ཅིང༌། དེས་གཙུག་གཤེན་རྒྱལ་བ་ནས་མུ་ཟི་གསལ་བཟང་དང་བཅས་པའི་བར་བརྒྱུད་པའི་བླ་རབས་ཉེར་གཉིས་བྱུང་ཞིང༌། སྟོན་པ་གཤེན་རབ་འདས་རྗེས་སྟོན་པའི་བཀའ་རྣམས་དང༌། བསྒྲགས་པ་གསུམ་གྱི་བོན་སྡེ་ཟབ་མོ་རྣམས་ལོ་ཙཱ་བ་ཆེན་པོ་དྲུག་གིས་མུ་ཆོའི་མདུན་ནས་སོ་སོའི་སྐད་དུ་བསྒྱུར་ནས་དར་བར་མཛད། དེ་ཡང་ལོ་ཙཱ་བ་དྲུག་ནི། སྟག་གཟིག་གི་ལོ་ཙཱ་བ་དམུ་ཙ་དྲ་ཧེ། ཞང་ཞུང་གི་ཁྲི་ཐོག་སྤར་ཙ། སུམ་པའི་གུ་ཧུ་རུ་ལི་སྤར་ལེགས། རྒྱ་གར་གྱི་ལྷ་བདག་སྔགས་དྲོ། རྒྱ་ནག་གི་ལེགས་བཏང་རྨང་པོ། ཁྲོམ་གྱི་གསེར་ཐོག་ལྕེ་འབྱམས་དང་དྲུག་གོ །གོང་གི་བོན་བསྟན་སྤེལ་ཚུལ་དེ་དག་ལ་གཞིགས་ན་བོན་དཔེ་བྱུང་སྔ་ཞིང་ཁུངས་བཙུན་པའི་ངེས་ཤེས་རྙེད་ཐུབ་ལ། གཞན་བོན་ལ་དར་ནུབ་སྣ་ཚོགས་བྱུང་རྐྱེན་གཏེར་གནས་ཆེན་པོ་བརྒྱད་དུ་བོན་རྣམས་གཏེར་ཁ་སུམ་བརྒྱ་དྲུག་ཅུར་སྦས་ནས་གཡུང་དྲུང་གི་བོན་རེ་ཞིག་ནུབ་པ་དང༌། གཏེར་མ་ལ་བྱང་གཏེར་དང་ལྷོ་གཏེར། དབུས་གཏེར་དང༌། ཁམས་གཏེར། གཏེར་གསར་དང་ལྔ་བཞུགས་པ་ལས། བོན་གྱི་བསྟན་པ་ཕྱི་དར་གྱི་སྐབས་ཏེ་དུས་རབས་བཅུ་གཅིག་པར་གཤེན་ཆེན་ཀླུ་དགའ་དང་ནམ་མཁའ་གཡུང་དྲུང་སོགས་ཀྱིས་བོན་གཏེར་དུ་བཞུགས་པ་བཏོན་པ་རྣམས་ལྷོ་གཏེར་དུ་འབོད་པ་དང༌། འདི་ཉིད་ཀྱི་གོང་དུ་བོན་གྱི་གཏེར་སྟོན་བཅོ་ལྔ་ཙམ་བྱུང་ཞིང༌། དེ་ལས་བྱང་གཏེར་ལ་ཁྱོན་བོན་སྡེ་མི་འདྲ་བ་སུམ་བརྒྱ་དང་བཞི་བཅུ་བྱུང་བར་བཤད་པས། གཤེན་ཆེན་ཀླུ་དགའི་གོང་ནས་བོན་དཔེ་ཤིན་ཏུ་མང་པོ་ཞིག་བཞུགས་པ་གསལ།
བོན་གྱི་དཔེ་རྙིང་དག་ལ་དཔྱད་བརྗོད་གནང་བ་བརྒྱུད་ནས་ང་ཚོས་ཤེས་རྟོགས་ཐོབ་པ་ནི། མདོ་སྨད་ཀན་སུའུ་མདའ་ཚང་ཡུལ་གྱི་བོན་དཔེ་དག་འདི་དག་ནི་བོན་གྱི་ཐེག་པ་རིམ་དགུ་ལས་རྒྱུའི་བོན་ཐེག་པ་བཞི་སྟེ། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞིར་འབྲེལ་ཆེ་ཞིང༌། དེ་ལས་ཕྱྭ་གཤེན་ལ་རྣམ་གྲངས་མོ་རྩིས་གཏོ་དཔྱད་བཞི། སྣང་གཤེན་ལ་གྱེར་སྒོམ་བཞི། སྐད་ཅོང་བརྒྱད། གཏང་རག་བཞི་བཅུ་རྩ་གཉིས། འཕྲུལ་གཤེན་ལ་ལྟ་བྱང་རྫུ་འཕྲུལ་གྱི་གཞུང༌། སྲིད་གཤེན་ལ་ཤི་ཐབས་འདུར་ཐབས་བཅས་རྣམ་གྲངས་མང་ཞིང༌། 《རྒྱལ་རབས་གསལ་བའི་མེ་ལོང་》ལས་དེ་ལས་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་དང་གཡང་འགུག ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པ་བྱེད། འཕྲུལ་གཤེལ་བལ་ཚོན་ཅན་གྱིས་མདོས་དང་ཡས་གཏོང༌། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད། ཕྱྭ་གཤེན་ཇུ་ཐིག་ཅན་གྱིས། ལེགས་ཉེས་ཀྱི་ལམ་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད། དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་སྒྱུ་སྐར་ལྟ། སའི་འདྲེ་བཏུལ་ཞེས་བོད་མིའི་ལྟ་སྒོམ་སྤྱོད་གསུམ་ཁྲོད་འོ་ཆུ་བཞིན་འདྲེས་ཏེ་བོད་མིའི་སྤྱི་ཚོགས་དང༌། མཚན་ཉིད་རིག་པ། རྩོམ་རིག་དང་ལོ་རྒྱུས། སྒྱུ་རྩལ། རྩིས་གཞུང་སོགས་རིག་གནས་མ་ལག་མང་པོའི་འཕེལ་འགྱུར་ལ་བསྐུལ་འདེད་ཀྱི་ནུས་པ་བླ་ན་མེད་པ་ཐོན་ཡོད།
ང་ཚོས་རྟོག་དཔྱོད་ཞིབ་འཇུག་བྱས་མཐར། མདོ་སྨད་ཀན་སུའུ་མདའ་ཚང་ཡུལ་གྱི་བོད་ཁྱིམ་དུ་ཉར་ཚགས་བྱས་པའི་བོན་དཔེ་དག་རིགས་ཆེན་པོ་བཅུ་གཉིས་སུ་དབྱེ་ཡོད་དེ། ས་འདུལ་གཏོ་བཅས་དང༌། བསང་འབུལ་དམར་མཆོད། མི་ཚེ་ཆོ་སྒྲུབ། མདོས་ཡས་གཏོང་བ། ཐན་འགོག་ཆར་ཕབ། ལྷ་གསོལ་རྒྱག་བརྔན། ཕྱྭ་དང་གཡང་འགུག གཙང་ཤེས་སེལ་འདེབས། བླ་འབོད་ཚེ་འགུག མོ་ལུང་རྩིས་འདེབས། འདྲེ་སྲི་གཏོ་བཅོས། འགྲོ་ཤེས་གླུད་གཏོང་བཅས་སོ། །
རྣམ་གྲངས་མང་ཞིང་ནང་དོན་རྒྱ་ཆེ་བའི་བོན་གྱི་དཔེ་རྙིང་འདི་དག་ལ། དུས་ཀྱི་བྱུང་བ་སྔ་ཞིང་ནང་དོན་ངོ་མཚར་བས། ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལ་དོན་སྙིང་ཆེན་པོ་ཡོད་པ་དང། སྐུང་ཡིག་དང་བརྡ་རྙིང་གིས་བཅངས་ཤིང༌། ཞང་ཞུང་ཡུལ་སྐད་འདྲེས་པས་དོན་རྟོགས་དཀའ་བ། ད་རུང་གླེགས་བམ་གྱི་ངོས་སམ་ཡིག་འབྲུའི་བར་མཚམས་སུ་ལྐོག་གྱུར་གྱི་རི་མོའི་བརྒྱན་པས་རིམ་གྲོའི་ཆོ་ག་མཚོན་པ་སོགས་ཀྱི་ཁྱད་ཆོས་ལྡན་པ་དང༌། ནང་དོན་དང་ཡི་གེ་སོགས་ཀྱི་ཐོག་ནས་དབྱེ་ཞིབ་བྱས་མཐར། བོན་གྱི་དཔེ་རྙིང་འདི་དག་ནི་དུས་རབས་ལྔ་བ་ནས་དྲུག་པའི་བར་གྱི་དཔེ་རྙིང་ཡིན་པར་ཐག་ཆོད་བྱུང་ཞིང༌། ལྷག་པར་དཔེ་རྙིང་འདི་དག་ནི་དུས་རབས་ལྔ་བ་ནས་དྲུག་པའི་ཡར་སྔོན་གྱི་བོད་མིའི་བསམ་བློ་དང༌། མཚན་ཉིད་རིག་པ། ཆོས་ལུགས་དང༌། ཚན་རིག་ལག་རྩལ་སྐོར་སོགས་ཀྱི་སྟོང་ཆ་བསབ་པའི་ཡིག་ཆ་འགངས་ཆེན་ཞིག་ཡིན་པར་སེམས། ཕ་མེས་རྒྱུད་ཀྱི་རིན་ཆེན་གཅེས་ནོར་འདི་དག་མདའ་ཚང་ཡུལ་གྱི་བོད་མི་ཚོས། བོན་ལུགས་ཀྱི་རི་བྲག་མཆོད་རྟེན་སོགས་ལ་གཏེར་དུ་སྦས་པའི་གཏེར་མ་དང༌། ཞང་ཞུང་སྙན་རྒྱུད་ཀྱི་ཚུལ་གྱིས་དུས་ད་ལྟའི་བར་དུ་བདག་འཛིན་བྱས་ཏེ་མི་རབས་ཉི་ཤུ་ལྷག་འདས་ཤིང༌། རིག་གནས་གསར་བརྗེའི་སྐབས་སུ། སྡེ་མི་ཡོངས་ཀྱི་མནའ་ཚིག་དམ་པོར་བསྒྲགས་ཏེ། རི་ལ་གཏེར་དུ་སྦས་པར་བཤད།
མདོར་ན། བོན་གྱི་དཔེ་རྙིང་འགངས་ཆེན་འདི་དག་ནི་ཀྲུང་ཧྭ་ཤེས་རིག་ལ་འཇུག་པའི་སྒོ་དང༌། བོད་ཀྱི་ཆོས་དང་རིག་གཞུང་ལ་ངེས་ཤེས་རྙེད་པའི་ལྡེ་མིག་ཏུ་འགྱུར་རྒྱ྄ུ་ནི་ང་ཚོའི་རེ་བ་ཉག་ཅིག་ཡིན་ལ། གཞན་མགྲིན་པ་གཟེངས་སུ་འདེགས་ཏེ་སྨྲ་འདོད་ཅིང་ཕོད་པ་ནི། བོན་ནི་མདོ་དབུས་མཐོ་སྒང་ནས་བྱུང་བའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་དང༌། ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་བོད་རིག་གནས་ཀྱི་འགོ་ཁུངས་ཡིན་ལ། བོད་མི་ཚོས་མིའི་རིགས་ཀྱི་ཤེས་རིག་འཕེལ་བའི་ལོ་རྒྱུས་ངོས་སུ་ནམ་ཡང་གཟིམ་པ་མེད་ཅིང༌། མཚར་སྡུག་འོད་སྟོང་འབར་བའི་ཤེས་རིག་གི་སྒྲོན་མེ་ཆེན་མོ་ཞིག་སྤར་ཡོད་ཅེས་པ་དེ་ལགས། གནའ་ནས་ད་ལྟའི་བར། བོད་མིའི་ལྟ་སྒོམ་སྤྱོད་གསུམ་སོགས་ལ་བོན་གྱི་ཤུགས་རྐྱེན་ཟབ་ཅིང་མཐུག་པས་ན། མ་འོངས་བའི་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ལ་ཡང་བླ་མེད་ནུས་པས་ཕྱུག་པ་ནི་བསྙོན་དུ་མེད་དོ། །
2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་ལས་བཤུས།