བོད་བྱང་ཐང་གི་ཧོར་ཚོ་སོ་དགུའི་ལོ་རྒྱུས་ཀྱི་བྱུང་འཕེལ་ལ་རགས་ཙམ་དཔྱད་པ།

[ཟླ་ཚེས། 2024-02-01 13:54:53][རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །བོད་བྱང་ཐང་གི་ཧོར་ཚོ་སོ་དགུའི་ལོ་རྒྱུས་ཀྱི་བྱུང་འཕེལ་ལ་རགས་ཙམ་དཔྱད་པ།

མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་དབྱིན་ཡིག་ཏུ་བརྩམས།

བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་དབྱིནཡིག་ཏུ་བསྒྱུར།

  བོད་ཀྱི་བྱང་ངོས་སུ་གནས་པའི་ཧོར་ཞེས་པའི་ཡུལ་གྲུ་དེ་ནི་འཕོ་འགྱུར་ཆེ་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ས་ཁུལ་ཞིག་ཡིན། རྩོམ་ཡིག་འདིའི་ནང་དུ་གླེང་བར་བྱ་བའི་དོན་ནི་དུས་རབས་ཉི་ཤུའི་ནང་གི་ས་ཆ་དེ་གའི་གནས་སྟངས་སྐོར་ཡིན་ཞིང་། གླེང་གཞི་འདིའི་སྐོར་ལ་ཉེ་ཆར་པར་སྐྲུན་བྱས་པའི་དཔྱད་གཞིའི་རྒྱུ་ཆ་ཤིན་ཏུ་འཛོམས་པོ་འདུག

  ཧོར་གྱི་ས་ཁོངས་དེ་ཚོ་ཁག་སོ་དགུར་དབྱེ་སྲོལ་ཡོད་ལ་དེར་གནས་བཅའ་བའི་མི་རྣམས་ལ་ཧོར་པ་ཞེས་འབོད་སྲོལ་ཡོད། ཧོར་ཚོ་སོ་དགུ་ཞེས་པའི་ས་ཁོངས་ཀྱི་རྒྱ་ཁྱོན་ནི་ཆེན་པོ་ཡིན་ཏེ། དེའི་ཁོངས་སུ་དེང་དུས་ཀྱི་ནག་ཆུ་ས་ཁུལ་གྱི་སྦྲ་ཆེན་རྫོང་དང་། འབྲི་རུ་རྫོང་། གཉན་རོང་རྫོང་། སོག་རྫོང་བཅས་དང་། ཆབ་མདོ་ཁུལ་གྱི་སྟེང་ཆེན་རྫོང་བཅས་ཚུད་ཡོད། ཧོར་ཚོ་སོ་དགུ་ཞེས་པ་དེ་དོན་དངོས་ཐོག་ཁག་གཉིས་སུ་དབྱེ་ནས་ཡོད་པ་དེ་ཡང་ཚོ་སྟོད་དེ་ཧོར་དངོས་དང་ཚོ་སྨད་དེ་ཁྱུང་པོ[1]བཅས་ཡིན་ཞིང་། དེ་གཉིས་ལས་ཚོ་སྨད་ནི་སྤྱིར་བཏང་ཧོར་གྱི་རིགས་སུ་འཇོག་སྲོལ་མེད།[2]

  ས་ཆ་དེ་གཉིས་པོའི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་མི་འདྲ་བ་ཡོད། དེ་ཡང་ཧོར་རམ་ཧོར་སྟོད་ཀྱི་ཡུལ་མི་རྣམས་ནི་ཧ་ལམ་འབྲོག་པ་མང་ཆེ་བ་ཡིན་ལ། ཁྱུང་པོའི་ཡུལ་མི་མང་ཆེ་བ་ནི་སོ་ནམ་པ་ཡིན་ཞིང་། ས་མ་འབྲོག་གི་ཡུལ་སྡེ་ནི་ས་ཆ་དེ་གཉིས་གར་མཐོང་རྒྱུ་ཡོད། བོད་དབུས་གཙང་གི་མིས་ཧོར་པ་རྣམས་ནི་མགོ་མཁྲེགས་པོ་དང་ནང་སེམས་ནི་དྭངས་གཙང་ཅན་ཞིག་ཏུ་ངོས་འཛིན་བྱེད་པ་ཡིན་ལ། ཧོར་པ་རྣམས་དཔའ་བློ་ཁོག་ཆེ་བས་ཁོང་ཚོ་ནི་མི་རྣམས་ཀྱི་བསྔགས་བརྗོད་དམ་དཔེ་མཚོན་གྱི་ཡུལ་དུ་གྱུར་ནས་རྒྱུན་དུ་ཨ་ཕོ་ཧོར་ཞེས་འབོད་པ་ཡིན་ནོ། །

  སྦྲ་ཆེན་ནི་ཧོར་ཚོ་སོ་དགུའི་ལྟེ་གནས་ཡིན་པ་དང་། ཨ་དཀར་དགོན་ནི་ཧོར་གྱི་རྒྱལ་ས་ཡིན་ལ་རྒྱལ་པོའི་ཕོ་བྲང་ཡང་དེ་ན་ཆགས་ཡོད།[3]

  ཧོར་ཚོ་སོ་དགུའི་ཡུལ་ལ་དབང་སྒྱུར་བྱེད་པོ་ལ་བྱང་སྤྱི་ཁྱབ་རྒྱལ་པོ་ཞེས་འབོད་ཅིང་། དེའི་དབང་འོག་ཏུ་གནས་པའི་ཚོ་པ་སོ་དགུ་ནི་མཉམ་འབྲེལ་ངང་གནས་ཤིང་ཚོ་པ་སོ་སོར་རང་རང་གི་འགོ་པ་ཡོད་པ་དེ་དག་ཀྱང་སྤྱི་ཁྱབ་རྒྱལ་པོ་ལྟར་ཕ་ཤུལ་བུས་འཛིན་པ་ཡིན། ཚོ་པ་མང་པོའི་ནང་དུ་རྒན་པོ་ཞེས་པའི་གོ་གནས་ཡོད་པའི་མི་སྣ་ཞིག་ཡོད་པ་དེས་འགོ་པར་རམ་འདེགས་ཀྱིས་ལས་དོན་སྒྲུབ་པ་ཡིན། ཧོར་ཚོ་སོ་དགུ་ལས་ཚོ་པ་དྲུག་ཕུད། དེ་བྱིངས་མང་ཆེ་བ་ཞིག་ནི་ས་ཆ་གཞན་ནས་ཧོར་རྒྱལ་པོར་སྐྱབས་བཅོལ་དུ་ཡོང་རྗེས་གཞི་ནས་ས་དེར་གནས་ཆགས་པ་ཞིག་རེད་འདུག དེ་དག་ལས་ཁག་གཅིག་ནི་ས་གནས་དེ་གའི་སྤྱི་ཚོགས་དང་འདྲེས་པ་དང་ཁག་གཅིག་ནི་ལོགས་སུ་ཐོན་ནས་གནས་ཡོད།

  ཧོར་སྤྱི་ཁྱབ་རྒྱལ་པའི་རྒྱུད་པ་ཞིག་ད་ལྟ་ལྷ་སར་བཞུགས་འདུག་པ་ཁོང་ནི་སྤྱི་ལོ1936ལོར་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་པ་དང་མཚན་ལ་གཡུང་དྲུང་རྒྱལ་བ་ཞུ་ཞིང་། སྤྱི་ལོ1994ལོ་ནས་སྤྱི་ལོ1997ལོའི་བར་བོད་རང་སྐྱོངས་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ་དང་། ད་ལྟ་བོད་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་གནང་མུས་ཡིན།[4]

  སྤྱི་ལོ1991ལོར་ཁོ་བོར་ལྷ་སར་ཁོང་མཇལ་བའི་གོ་སྐབས་ཤིག་ཐོབ་ཅིང་། སྐབས་དེར་ཁོང་གིས་ང་ལ་ཁོང་རང་ནས་རྩོམ་སྒྲིག་གནང་བཞིན་ཡོད་ལ་པར་སྐྲུན་བྱ་གཉེར་ཡོད་པའི་དཔྱད་རྩོམ་ཞིག་བསྟན་གནང་བྱུང་། དཔྱད་རྩོམ་དེའི་ནང་དོན་ནི་དུས་རབས་ཉི་ཤུའི་དུས་འགོར་བོད་ས་གནས་སྲིད་གཞུང་དང་ཚོ་པ་སོ་དགུའི་དབར་ལངས་པའི་རྩོད་རྙོག་གི་སྐོར་རེད་འདུག གཡུང་དྲུང་རྒྱལ་བ་ནི་དོན་དངོས་ཐོག་སྤྲུལ་སྐུ་ཞིག་རེད་འདུག་ལ་ཁོང་གིས་ཧོར་སྤྱི་ཁྱབ་རྒྱལ་པོའི་མཆོད་ཁང་ཡང་ཡིན་པའི་བོན་ཀླུ་ཕུག་དགོན་པའི་མཁན་པོ་གནང་མྱོང་ཞིང་། དགོན་དེའི་སྐོར་གྱི་ལོ་རྒྱུས་ཤིག་ཀྱང་བྲིས་གནང་འདུག[5]

  ཁོ་བོར་རྫ་དམར་ཞེས་པའི་ས་ཆ་ཕུད། དེ་བྱིངས་ཀྱི་ཧོར་ཚོ་སོ་དགུའི་ས་ཆ་གང་ལའང་འགྲོ་སྐལ་མ་ཐོབ། རྫ་དམར་ནི་ནག་ཆུ་ཁུལ་ནས་ཉིན་བཞིའི་རྐང་ལམ་གྱི་སར་ཡོད། དེ་ཡང་སྤྱི་ལོ1956ལོར་ཁོ་བོས་གནས་སྐོར་བ་ཚོགས་པ་ཞིག་དང་འགྲོགས་ནས་སྐབས་དེར་སྣང་གསལ་དགོན་དུ་བཞུགས་པའི་བོན་གྱི་གྲགས་ཅན་བླ་མ་སྣང་གསལ་ནམ་མཁའི་རྒྱལ་མཚན(1882ལོར་འཁྲུངས)མཇལ་དུ་སོང་བ་ཡིན།[6]

  རྫ་དམར་ནི་ཧོར་ཚོ་སོ་དགུའི་ཡ་གྱལ་ཞིག་ཡིན་ལ། རོ་རེག(Roerich)ནི་ནུབ་ཕྱོགས་པ་ས་ཆ་དེར་སླེབ་མཁན་དང་པོ་དེ་ཡིན་ལ་ཁོང་གིས་རྫ་དམར་ས་ཁུལ་དང་། ལྷག་པར་དུ་ཤར་རི་དགོན་བཅས་སུ་ཟླ་བ་ལྔ་ཙམ(Roerich1933 178,183)བཞུགས་པར་གྲགས།[7]

  ཧོར་ཚོ་སོ་དགུ་རྣམས་ཁོ་བོའི་སྣང་བའི་ཡུལ་དུ་ཤར་བའི་རྐྱེན་གཙོ་བོ་ནི་ཡུལ་ལྷ་གཞི་བདག་གསོལ་བའི་སྐོར་ལ་ཞིབ་འཇུག་བྱ་འདོད་ཀྱི་སེམས་ཀྱི་དེད་པས་སོ། །ཞིབ་འཇུག་བྱེད་རིང་ཁོ་བོས་དཔྱད་གཞིའི་ཡིག་ཆ་མང་པོ་ཞིག་གསོག་འཇོག་བྱ་ཐུབ་པར་བྱུང་ཞིང་། ལྷག་པར་དུ་དུས་དེབ་ལ་སོགས་པ་ཉེ་ཆར་པར་སྐྲུན་བྱས་པའི་དཔེ་དེབ་བཅས་ལས་ཚོ་པའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་མང་པོ་ལག་སོན་ཐུབ་བྱུང་བས། ཁོ་བོར་ཧོར་ཚོ་སོ་དགུའི་མི་དང་ཡུལ་ལ་ཁྱབ་རྒྱ་ཆེ་ཙམ་གྱི་ལྟ་བའི་ཐོག་ནས་རྟོག་ཞིབ་བྱ་རྒྱུའི་བློ་ཞིག་སྐྱེས།

  ཧོར་ཚོ་སོ་དགུའི་མི་རྣམས་ཀྱིས་རང་ཉིད་ལ་ཐུན་མོང་མ་ཡིན་པའི་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ཡོད་པར་འདོད་ཅིང་། དེ་ལྟའི་ཁྱད་ཆོས་མངོན་ཕྱིར་ཁོང་ཚོའི་མེས་པོ་ནི་ཇིང་གེར་རྒྱལ་པོའི་རྒྱུད་པ་ཡིན་པ་དང་མིང་དུའང་ཧོར་ཞེས་འདོགས་ཚུལ་བརྗོད། འོན་ཀྱང་ཇིང་གེར་རྒྱལ་པོ་ནི་བོད་ཀྱི་བཙན་པོ་གྲི་གུམ་བཙན་པོའི་སྲས་ཉ་ཁྲིའི་རྒྱུད་ལས་མཆེད་པར་གྲགས་སོ།[8]

  ཧོར་ཞེས་པའི་མིང་དེ་ནི་གོ་དོན་གསལ་པོ་མེད་ལ་གོ་ནོར་ཐེབས་སླ་བའི་ཐ་སྙད་ཅིག་ཡིན། ཁོ་བོས་འདིར་གླེང་བའི་ཧོར་ནི་ཚོ་པ་སོ་དགུའི་ཧོར་ལ་ཟེར་བ་ཡིན་ལ། ཁྱུང་པོ་སྟེང་ཆེན་ནི་ཧོར་ཚོ་སོ་དགུའི་ཁྱབ་ཁྱོངས་ནང་ཚུད་ཡོད་ཀྱང་དེར་གནས་པའི་སྐྱེ་བོར་ཧོར་པ་ཞེས་མི་འབོད། ཧོར་ཚོ་སོ་དགུའི་ཁྱད་ཆོས་གཞན་ཞིག་ནི་ས་ཆ་དེ་དག་ལ་བོན་ཆོས་དར་ནས་ཡོད་པས་སྐྱེ་བོ་མང་ཆེ་བ་ནི་བོན་ཆོས་ལ་དད་པ་བྱེད་མཁན་ཡིན་ནོ། །

  ཧོར་དང་ཁྱུང་པོ་གཉིས་ནི་དབུས་གཙང་ཁུལ་དུ་ཆགས་པའི་བོན་སྡེའི་ཡོན་བདག་གཙོ་བོ་ཡིན་ལ་གྲྭ་རྒྱུན་གྱི་ཡོང་ཁུངས་ཀྱང་ཡིན། ཡིན་ནའང་དགོན་པའི་མཁན་པོ་བསྐོ་བར་ཟན་རྟགས་བསྒྲིལ་ནས་ཐག་གཅོད་བྱེད་སྐབས་ས་ཆ་དེ་དག་ནས་ཡོང་བའི་གྲྭ་བཙུན་གྱི་མཚན་བྱང་འཇུག་སྲོལ་མ་མཆིས།

ཧོར་ཚོ་སོ་དགུའི་ལོ་རྒྱུས་མདོར་བསྡུས།  

  ཧོར་པ་རྣམས་ལྟར་ན། ཧོར་ཚོ་སོ་དགུའི་ལོ་རྒྱུས་ནི་དུས་མཚམས་གསུམ་དུ་དབྱེ་སྲོལ་འདུག་ལ། ཁོང་ཚོའི་རྒྱལ་པོ་ཐོག་མ་ནི་སོག་པའི་རྒྱལ་རབས་ཀྱི་རྒྱལ་ཐོག་དགུ་པ་ཐོ་མི་མུར་གྱི་གཅུང་པོ་ཡིན་པར་གྲགས།[9]རྒྱལ་པོ་དེའི་མཚན་ལ་གུ་རོན་ཨོ་ལོན་ཐའི་ཇེའམ་ཨར་ཐེ་ཆོག་ཟེར། ཁོ་བའི་དཔྱད་ཡིག་ལྟར་ན། ཁོང་ནི་དུས་རབས་བཅུ་བཞི་པའི་སྐབས་རྟ་པ་དྲུག་དང་མཉམ་དུ་ས་སྐྱའི་ཕྱོགས་ལ་བགྲོད་སྐབས་ལམ་འཛོལ་ཐེབས་ནས་མི་མེད་ལུང་སྟོང་མང་པོ་བརྒྱུད་རྗེས་མཐར་སྦྲ་ཆེན་གྱི་ཉེ་འདབས་སོག་ན་ར་ཁུག་ཅེས་པའི་སར་འབྱོར་བ་དེར་བོད་པ་ཤ་བ་རྔོན་བཞིན་པ་འགའ་ཞིག་དང་འཕྲད། དེ་ནས་རྔོན་པ་རྣམས་དང་འགྲོགས་ནས་འགྲུལ་བས་སོག་གད་དམར་ཞེས་པའི་སར་སླེབས་ཤིང་། དེ་ནི་ཁོང་ཚོས་དཀའ་ཚེགས་ལྡན་པའི་འགྲུལ་བཞུད་བྱས་རྗེས་བོད་ཀྱི་འབྲོག་སྡེར་འཕྲད་པ་དང་པོ་དེ་ཡིན་ཞིང་། མཐའ་མར་ས་སྐྱར་བསྐྱོད་རྒྱུའི་བློ་དོར་ནས་ས་ཆ་དེ་གར་གཞིས་ཆགས་ནས་གནས་པ་ཞིག་ཡིན།

  སོག་པོའི་རྒྱལ་པོའི་སྲས་དེ་དཔའ་སྟོབས་ཆེ་ཞིང་བང་རྩལ་དང་རྟ་རྩལ་ཡང་ཤིན་ཏུ་ཆེ་བས་སུས་ཀྱང་དོ་ཟླར་མ་ནུས། དེ་པས་བོད་མི་ཞིག་བག་མར་བླངས་པ་དང་རིམ་བཞིན་འབྲོག་སྡེའི་དཔོན་དུ་གྱུར་ཅིང་། ཁོ་པའི་འགྲུལ་རོགས་ཚོས་ཀྱང་དེ་ལྟར་བྱས། གོང་དུ་བརྗོད་པའི་དཔྱད་གཞི་དེའི་ནང་དུ་སོག་པོའི་རྟ་པ་རྣམས་གཞིས་ཆགས་སའི་འབྲོག་སྡེ་དེ་ནི་ཧོར་ཞེས་པའི་མིང་དེའི་མཆེད་ཁུངས་ཡིན་ཚུལ་གསལ།

  འོན་ཀྱང་དཔྱད་གཞི་ཡིག་ཆ་གཞན་ཞིག་གི་ནང་དུ།[10]སོག་པོའི་རྒྱལ་སྲས་དེ་ལ་རིགས་རྒྱུད་མ་བྱུང་བས་དེ་པ་སོག་ཡུལ་དུ་སོང་ནས་རང་གི་གཅེན་པོ་རྒྱལ་པོ་ཐོག་ཐིག་མུར་གྱི་བུ་གཉིས་པ་ཨུ་ཡུ་རྒྱལ་དང་སོག་དུད་བཞི་བཅུ་སྐོར་ཞིག་མཉམ་དུ་ཁྲིད་ནས་སླར་སྦྲ་ཆེན་དུ་ལོག་ཅིང་གཞིས་ཆགས་སྐད།

  གོང་གསལ་གྱི་ནང་དོན་རྣམས་ལ་ཆ་འཇོག་རིན་ཆེན་པོ་ཡོད་མེད་ནི་སོག་ཡིག་གི་དཔྱད་ཡིག་ནང་དེ་ལྟའི་ལོ་རྒྱུས་འཁོད་ཡོད་མེད་ལ་དཔྱད་ཞིབ་བྱ་དགོས་པ་ཡིན། འོན་ཀྱང་ཁོ་བའི་ལག་ཏུ་ཡོད་པའི་ཡིག་ཆའི་ནང་ཨོ་ཡུ་རྒྱལ་གྱིས་བོད་མི་ཞིག་བག་མར་བླངས་པས་བུ་གསུམ་བྱུང་བ་ལས་རྒན་ཤོས་དེས་ཚོ་པའི་དཔོན་བྱས་པས་རྒྱལ་པོ་དམར་པོ་ཞེས་གྲགས་ཤིང་། དེ་པའི་གཅུང་པོ་གཉིས་ལ་རིམ་བཞིན་རྒྱལ་པོ་དཀར་པོ་དང་རྒྱལ་པོ་ནག་པོ་ཞེས་ཟེར་རོ། །དཔྱད་ཡིག་ནང་རྒྱལ་པོ་དམར་པོ་ལས་མཆེད་པའི་ཧོར་ཚོ་སོ་དགུའི་རྒྱལ་རྒྱུད་རིམ་པར་བྱུང་ཚུལ་གསལ།(ཞར་བྱུང་དཔྱད་གཞི་དང་པོར་གཟིགས)

  གུ་རོན་ཨོ་ལོན་ལ་ཚོ་པ་དེའི་དཔོན་གྱི་གོ་གནས་ཐོབ་རྗེས་དུས་ཡུན་རིང་པོ་མ་སོང་བར་ཁྱིམ་ཚང་དེའི་ཕོ་རྒོད་ཚོས་ཉེ་འཁོར་གྱི་འབྲོག་སྡེ་རྣམས་ཀྱང་རིམ་བཞིན་རང་འོག་ཏུ་བསྡུས་པ་དེ་ནི་ཧོར་ཚོ་སོ་དགུའི་ཐོག་མའི་ཆགས་རབས་ཡིན། འོན་ཀྱང་ཁོ་བོའི་དཔྱད་ཡིག་ཁྲོད་དུས་རབས་བཅུ་བཞི་པའི་སྐབས་ཚོ་པ་དེ་དག་ནི་ཚོ་དཔོན་ག་གེ་མོ་ཞིག་ལ་དབང་བ་ཙམ་ལས་མནའ་འབྲེལ་གྱི་ཚོ་པ་སོ་དགུའི་གནས་སྟངས་ལྟར་ཡོད་ཚུལ་ནི་མི་གསལ། དེར་བརྟེན་ཚོ་པ་སོ་དགུ་ནི་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་རིམ་བཞིན་ཆགས་གྲུབ་བྱུང་བ་ཞིག་ཡིན་པར་གོར་མ་ཆག

  ཁོ་བོའི་དཔྱད་གཞི་ལྟར་ན། བྱང་སྤྱི་རྒྱལ་ཐོག་བརྒྱད་པའི་སྐབས་ཏེ། དུས་རབས་བཅུ་བདུན་པའི་ནང་ཁྱུང་པོ་སྟེང་ཆེན་གྱི་ཁུལ་དེ་ཐོག་མར་ཧོར་རྒྱལ་པོས་དབང་དུ་བསྡུས་པས་ཧོར་ཚོ་སོ་དགུ་གཅིག་གྱུར་བྱུང་ཡོད།[11]མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱས་གྱིས་སྤྱི་ལོ1721ལོར་མཐའ་གཟིགས་ལ་བསྐྱོད་སྐོར་གྱི་ལོ་རྒྱུས་ནང་དུ་སྐབས་དེར་ཁྱུང་པོ་དང“ཧོར་ཁག་བཞི”ཞེས་ཡོད་ཚུལ་འཁོད་པ་ལས་གཞན་པ་ཡོད་ཚུལ་མི་གསལ་བས། དུས་རབས་བཅོ་བརྒྱད་པའི་སྐབས་སུ་ས་དེར་ཚོ་པ་བཞི་རང་ལས་སོ་དགུ་མེད་པར་མཚོན།[12]སྐབས་དེ་དུས་ཀྱི་ཁྱུང་པོ་དང་ཧོར་གཉིས་མཉམ་འབྲེལ་ཡིན་ཚུལ་ཡང་ཤིན་ཏུ་བརྗོད་དཀའོ། །

  ལྷ་སར་ཡོད་པའི་ཨམ་བན་ནས་ཆིན་ཝང(亲王)བསྟན་འཛིན་མཚོ་སྔོན་དུ་མངགས་ནས་སོག་པོའི་ཚོ་པར་རྒོལ་དུ་བཅུག་པ་དེ་ནི་ཆིང་སྲིད་གཞུང་གིས་ས་ཆ་དེའི་དབང་ཇུས་འཛིན་འགོ་བརྩམས་པ་ཞིག་ཡིན། ཉེ་འཁོར་གྱི་ཚོ་པ་རྣམས་ཀྱིས་ཧོར་ཚོའི་རྒྱལ་པོར་སྐྱབས་བཅོལ་དུ་ཡོང་དོན་ལས་ཚོ་པ་དེ་ལ་མཉམ་འབྲེལ་གྱི་བཙན་ཤུགས་ལྡན་པ་མངོན་ཞིང་། དེ་ནི་བེ་རི་སོགས་ཚོ་པ་དྲུག་གིས་ཧོར་ཚོའི་རྒྱལ་པོར་སྐྱབས་བཅོལ་བ་ལས་ཀྱང་ཤེས་ཐུབ།[13]འདིར་བརྗོད་པའི་བེ་རི་ནི་ཕལ་ཆེར་སི་ཏན(སི་ཏན། 1959:188)གྱིས་བཤད་པའི“ཧོར་གྱི་ཚོ་པ་ཆེན་པོ་ལྔ”ཞེས་པའི་ནང་གི་བེ་རི་ཞེས་པ་དེ་མ་ཡིན་པར་དེ་ནི་ཁམས་ཡུལ་གྱི་ཤར་ལྷོའི་ཕྱོགས་དང་སྐྱེ་རྒུ་མདོ་དང་དར་རྩེ་མདོའི་བར་དུ་ཆགས་པ་དེ་ཡིན། བེ་རི་རྫོང་དེ་བཞིན་སྤྱི་ལོ1640ལོར་གུ་ཤྲི་ཧན་ནས་གཏོར་ཕམ་བཏང་ཞིང་། རྫོང་ཤུལ་དེ་སྤྱི་ལེ་བཅོ་བརྒྱད་ཀྱིས་ཆོད་པའི་དཀར་མཛེས་གྲོང་སྡེ་ནས་མཐོང་ཐུབ།

  ཧོར་རྒྱལ་ཐོག་བཅུ་གཅིག་པ་ཁྲི་དཔོན་རྒྱལ་གྱི་དུས་སུ་ཨམ་བན་ཞེས་པའི་དཔོན་གནས་ཤིག་ཆིང་སྲིད་གཞུང་གིས་སྤྱི་ལོ1728ལོར་ཐོག་མར་ལྷ་སར་བཙུགས་པ་དང་ཧོར་ཚོ་དེ་ཡང་ཨམ་བན་ནས་དམིགས་བསལ་དབང་བསྒྱུར་བྱ་ཡུལ་དུ་གྱུར། སྒྲིག་གཞི་དེ་སྤྱི་ལོ1912བར་གནས་ཡོད། སྤྱི་ལོ1728ནས1912བར་གྱི་ཧོར་གྱི་ལོ་རྒྱུས་དུས་མཚམས་དེ་ལ“རྒྱ་དུས”ཞེས་བརྗོད་སྲོལ་ཡོད།[14]འོན་ཀྱང་ཧོར་རྒྱལ་པོའི་རྒྱུད་ནི་ཉམས་ཆག་མེད་པར་གནས་པ་མ་ཟད། རྒྱ་ཨམ་བན་ཐབས་མཁས་ཀྱི་དབང་ལ་ཧོར་རྒྱལ་པོའི་དབང་ཐང་ལ་བརྩི་འཇོག་གང་འཚམ་བྱས་ཡོད།

  སྤྱི་ལོ1905ལོར་རྒྱལ་ཐོག་བཅུ་དགུ་པ་ཚེ་དབང་ལྷ་རྒྱལ་གྱི་སྐབས་སུ་ཧོར་རྒྱལ་ཚང་ནང་ཁུལ་འཁྲུགས་ནས་རྒྱལ་པོ་དང་བཅས་པ་མི་ཚང་ཡོངས་རྫོགས་ལྔ་ལམ་དུ་བརྫངས། མཐའ་མ་ཡ་ཐ་ཚོ་པའི་དཔོན་ཧོར་རྒྱལ་པོ་ཚང་གི་གཉེན་དུ་འགྲོ་བ་དེ་བསུས་ནས་རྒྱལ་ཁྲིར་བསྐོར་པས་རྒྱལ་རྒྱུད་མི་སྟོང་ཙམ་བྱུང་ནའང་ནང་ཁུལ་གྱི་འཁྲུག་གཞིའི་རྩ་བ་ཆོད་མེད།[15]ཧོར་རྒྱལ་པོའི་ནང་འཁྲུག་ལ་སོགས་པར་མན་ཇུའི་ཤུགས་རྐྱེན་ཕོག་དཀའ་ཞིང་། ནང་འཁྲུག་གི་མཁའ་ལ་འབུར་དུ་ཐོན་པའི་སྐར་མ་ནི་གར་གྱ་ཚང་ཡིན་པས། གཤམ་དུ་མི་ཚང་འདིའི་སྐོར་ཡང་གླེང་བར་བྱའོ། །

བོད་ས་གནས་སྲིད་གཞུང་ནས་ཧོར་ཚོ་སོ་དགུར་དབང་བསྒྱུར་བའི་སྐོར།

  ཆིང་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས་ཀྱི་སྤྱི་ལོ1912ལོར་བོད་ས་གནས་སྲིད་གཞུང་གིས་དེ་སྔའི་ཆིན་གོང་མའི་དཔོན་རིགས་ཡོངས་རྫོགས་ཕྱིར་འབུད་བྱས་པ་དང་། ལྷ་ས་དང་ཁྱུང་པོ་སོགས་སུ་ཡོད་པའི་ཆིང་དམག་གི་སྒར་ཡང་མེད་པར་བཟོས། སྐབས་དེ་ནས་བཟུང་བོད་ས་གནས་སྲིད་གཞུང་གིས་ཐད་ཀར་ཧོར་ཚོའི་ཁུལ་དུ་དབང་བསྒྱུར་བྱ་འགོ་བརྩམས།

  སྤྱི་ལོ1912ནས1942ལོ་ནི་ཧོར་ཚོའི་ངོས་ནས་བཤད་ན་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་ཡིན་པས་དེ་ལ“བོད་དུས”ཞེས་བརྗོད།[16]

  སྤྱི་ལོ1914ལོར་བོད་ས་གནས་སྲིད་གཞུང་ནས་མཐའ་མར་ཧོར་ཚོ་ཁག་རྣམས་སེ་ར་དགོན་པའི་མཆོད་གཞིས་སུ་གཏན་འཇགས་བྱས།[17] དེ་ལྟའི་ས་ཁུལ་ཆེན་པོ་ཞིག་མཆོད་གཞིས་སུ་སྤྲད་པའི་དཔེ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་ལ། དེ་བཞིན་ས་ཆ་དེ་ན་དགེ་ལུགས་པ་ཧ་ལམ་མེད་ལ་བཀའ་བརྒྱུད་པ་ཉུང་ཤས་ཕུད། དེ་བྱིངས་ཚང་མ་བོན་པོ་ཡིན། བཀའ་ཤག་སྲིད་གཞུང་ནས་དེ་ལྟ་བུའི་ཧོར་ཚོའི་སྐྱེ་བོའི་སེམས་ལ་འཚེར་བའི་ཐག་གཅོད་བྱས་དོན་ནི་ད་བར་མ་ཤེས།

  ཁོ་བོའི་བསམ་ཚོད་ལྟར་ན། སྐབས་དེར་སེ་ར་དགོན་ནས་བཀའ་ཤག་སྲིད་གཞུང་ལ་གནོན་ཤུགས་སྤྲད་པས་སེ་ར་དགོན་གྱི་ཁོང་ཁྲོ་ཞི་ཕྱིར་ཧོར་ཚོ་ཁག་ཆོས་གཞིས་ལ་སྤྲད་པ་ཡིན་ལས་ཆེ། དེ་ཡང་བོད་དམག་གིས་ཆིང་གོང་མའི་དམག་མི་ཁྱུང་པོ་ནས་ཕྱིར་འབུད་བྱེད་སྐབས། བོད་དམག་དང་ཁྱུང་པོ་དཀར་རུ་ཚོ་པས་སྣེ་ཁྲིད་པའི་ཧོར་དམག་དབར་དམག་འཁྲུག་ལངས་ཤིང་། སྐབས་དེར་སེ་ར་དགོན་པའི་ཇ་ཟོག་ཕོན་ཆེ་ཞིག་ཆབ་མདོ་ནས་ཁྱུང་པོའི་ས་ཆ་གསང་ལི་སྤུག་སྣར་ཞེས་པར་འབྱོར།

  མན་ཇུ་ཕྱོགས་ནས་འཐབ་བཞིན་པའི་སྒང་རི་ཚོ་པ་དང་ག་ཐ་ཚོ་པ་གཉིས་ཀྱིས་ཇ་ཟོག་དང་སེམས་རྐྱེན་འཕྲོག་པའི་དོན་རྐྱེན་དེས་སེ་ར་དགོན་པར་མགོ་རྙོག་བཟོས་ཡོད་པ་ནི་སྨོས་མེད་ལགས། དོན་རྐྱེན་དེ་ཐོན་རྗེས་ཧོར་ཚོའི་ཕྱོགས་ནས་བཀའ་ཤག་གིས་དོན་དེར་ལན་ཅི་ཞིག་འདེབས་ཡོང་བསམ་ནས་ངང་སྒུག་བྱས་ནས་ལུས།

  སྤྱི་ལོ1914ལོར་ཧོར་ཚོ་རྣམས་སེ་ར་དགོན་པའི་ཆོས་གཞིས་སུ་སྤྲད། མཁན་པོ(སུ་ཡིན་མ་ཤེས)གཅིག་དང་འཁོར་གྲྭ་པ་བཅུ་གསུམ་ལས་གྲུབ་པའི་ངོ་ཚབ་སྟེང་ཆེན་དུ་འབྱོར་བ་དང་ཁོང་ཚོས་ཧོར་ཚོ་རྣམས་ད་ལྟ་སེ་ར་དགོན་པའི་དབང་འོག་ཏུ་ཡོད་ཚུལ་ལ་ཡིད་ཆེས་ཀྱིས་ཁེངས་ནས་མཆིས་པ་ལས། ཧོར་ཚོའི་སྐྱེ་བོ་རྣམས་ཀྱིས་བཀའ་ཤག་གི་སྲིད་ཇུས་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་ཡོད་པར་དེ་ཙམ་གྱིས་དོ་སྣང་མ་ཐུབ།

  གྲྭ་བཙུན་ལ་ཇ་ཟོག་འཕྲོག་བཅོམ་ཤོར་བའི་གྱོང་ཚབ་འཇལ་འཇུག་འདོད་ཀྱི་འཆར་གཞི་ཡོད་ནའང་། ཁོང་ཚོའི་རེ་འདོད་གཙོ་བོ་ནི་ཚོ་པའི་མི་འབོར་བརྩི་བཤེར་དང་སྲིད་འཛིན་མ་ལག་བཙུགས་ཐོག་སེ་ར་དགོན་པའི་ཆེད་དུ་བཅའ་ཁྲལ་བསྡུ་རྒྱུ་དེ་ཡིན་པ་རེད།

  ཁོང་ཚོ་ཁྱུང་པོ་ཁུལ་གྱི་ས་ཆ་ག་རེའི་གཡུ་མཚོ་ཞེས་པ་དེར་འབྱོར་སྐབས་སྒང་རི་དང་ག་ཐ་ཚོ་པའི་མིས་འཇབ་ནས་མཁན་པོ་ཚུད་པའི་གྲྭ་པ་མང་ཆེ་བ་རྐྱེན་ལམ་དུ་བཏང་།[18]དོན་རྐྱེན་དེས་བཀའ་ཤག་ནས་ཧོར་ཚོ་སོ་དགུའི་ས་ཆ་དེ་བཞིན་སེ་ར་དགོན་གྱི་ཆོས་གཞིས་སུ་སྤྲད་པའི་སྲིད་ཇུས་ལ་འགྱུར་ལྡོག་མི་གཏོང་དཀའ་མེད་བྱུང་ཞིང་། དོན་རྐྱེན་དེ་ཐོན་རྗེས་ཀྱི་དུས་ཡུན་ལོ་ངོ་གཉིས་ཙམ་རིང་གནས་ཚུལ་གང་ཡང་ལྷག་མེད།

  སྤྱི་ལོ1916ལོར་བཀའ་ཤག་ནས་འཇིགས་སྣང་ཆེ་བའི་ས་ཆ་དེར་ཇི་ལྟར་བྱས་ནས་དབང་བསྒྱུར་ཚུལ་གཏན་འབེབས་བྱས། དེ་ཡང་བྱང་སྤྱི་ཞེས་པའི་དཔོན་གནས་དང་སྒྲིག་གཞི་བཙུགས་ནས་ལྷིང་འཇགས་མེད་པའི་ཡུལ་གྲུ་དེར་བདག་སྐྱོང་བྱས་ཡོད་པ་ནི་གཤམ་གསལ་ལྟར་ཏེ།[19]

  བྱང་སྤྱི་དང་པོ།[20] (1917ལོ) བྱང་སྤྱི་དང་པོ་མཁན་ཆུང་གྲགས་རྣམས(གྲགས་པ་རྣམ་རྒྱལ)བོད་དམག་གི་དམག་སྤྱི་གཉིས་དང་སྐྱ་དཔོན་འགའ་ཞིག་དང་འགྲོགས་ནས་ནག་ཆུར་འབྱོར། དཔོན་དེ་དག་གི་བཀོད་འདོམས་འོག་ཏུ་དམག་མི་གྲངས་ཉིས་སྟོང་ཙམ་ཡོད་པ་དེ་དག་གི་འགན་འཁྲི་གཙོ་བོ་ནི་བྱང་སྤྱི་དང་དེའི་འཁོར་གཡོག་རྣམས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན། བྱང་སྤྱི་འདི་པ་ནི་དགེ་ལུགས་པའི་གྲྭ་པ་ཞིག་ཡིན་པས། དེ་ནི་ཧོར་པ་རྣམས་ཧང་སངས་དགོས་པའི་གནས་ཤིག་ལགས།

  སྤྱི་ལོ1918ལོར་བྱང་སྤྱི་འདིས་སྦྲ་ཆེན་དུ་ཡོད་པའི་ཧོར་རྒྱལ་པོའི་ཕོ་བྲང་བཙན་འཕྲོག་གིས་རང་གི་ལས་ཤག་ཏུ་བཅོས་ཤིང་། ཧོར་རྒྱལ་པོར་འབྲོག་ཤོག་ཅེས་པའི་ཚོ་པར་དབང་ཆ་སྤྱོད་དབང་རང་འཇགས་བཞག་པ་ཕུད། དེ་བྱིངས་ཀྱི་དབང་ཆ་ཡོད་དོ་ཅོག་མེད་པར་བཟོས། དེ་ནས་བྱང་སྤྱི་འདིས་ཁྱུང་པོར་བསྐྱོད་ནས་བོད་དམག་གིས་ཆིང་གོང་མའི་དམག་སྒར་འཇོམས་པའི་སྐབས་མན་ཇུའི་དམག་དང་མཉམ་ལས་བྱེད་མཁན་ཚོ་བཙལ་འཚོལ་གྱིས་དེ་དག་ལ་སྲོག་གཅོད་དང་། བཙོན་འཇུག རྒྱུ་དངོས་གཞུང་བཞེས་སོགས་ཀྱི་ཁྲིམས་ཐག་བཅད་ཅིང་། དཔྱ་ཁྲལ་ཡང་ཤིན་ཏུ་ལྕི་པོ་བཀལ་བར་གྲགས།

  དེ་རྗེས་བྱང་སྤྱིས་སེ་ར་དགོན་པའི་གྲྭ་པར་འཇབ་རྒོལ་གྱིས་གསོད་མཁན་རྣམས་བཙལ་གཅོད་བཏང་། འཇབ་རྒོལ་བྱེད་མཁན་མང་ཆེ་བ་ནི་ག་ཐ་སྡེ་པའི་མི་ཡིན་ལ། དཔྱད་གཞི་ལྟར་ན་སྡེ་པ་དེ་ལ་དུད་ཚང་ཁྱོན་བསྡོམས་བཞི་བཅུ་ཞེ་བདུན་ཡོད་ཅིང་། སྡེ་པ་དེར་དུད་ཚང་མང་ཆེ་བ་རྩ་མེད་བཟོ་བའི་ཉེས་ཆད་བཏང་བས། མཐའ་མར་དུད་ཚང་ཉེར་བརྒྱད་ལས་ལྷག་མེད་སྐད།

  སྤྱི་ལོ1918ལོར་ས་རྟ་ཞིབ་གཞུང་དང་འབྲེལ་ཡོད་དཔྱད་གཞི་ལྟར་ན། སྐབས་དེར་ཧོར་ཚོ་སོ་དགུར་ཁྱོན་བསྡོམས་ཐེམ་དུད9000ཡོད། གལ་ཏེ་དུད་ཚང་རེར་མི་མགོ་བཞི་རེ་ཡོད་པར་ཚོད་དཔག་བྱས་ན། སྐབས་དེར་མི་འབོར36000ཟིན་གྱི་ཡོད་པ་དེ་ལས་ང་ཚོས་སྤྱི་ལོ1916ལོར་ཧོར་ཚོ་སོ་དགུའི་སྤྱིའི་མི་འབོར་སྐོར་ངེས་ཤེས་རགས་ཙམ་བྱེད་ཐུབ།

  བྱང་པ་རྣམས་ཀྱི་ཁྲོད་དུ་བྱང་སྤྱི་འདི་ནི་མཐོང་དཀོན་པའི་གདུག་རྩུབ་ཆེ་ཞིང་སྙིང་རྗེ་དང་བྲལ་བའི་བྱང་སྤྱི་ཞིག་ཡིན་པའི་ཤོད་སྲོལ་ཡོད་ལ། བྱང་སྤྱི་འདི་མཐའ་མར་སྟེང་ཆེན་དུ་ལྐོག་གསོད་བཏང་ཡོད་སྐད།[21]ཁོ་བོའི་ལག་ཏུ་ཡོད་པའི་དཔྱད་གཞིའི་ནང་བྱང་སྤྱི་འདི་དགོན་པ་གང་གི་གྲྭ་པ་ཡིན་པ་དང་འདི་པ་ལྐོག་གསོད་གཏོང་དོན་དང་དུས་ཚོད་བཅས་སྐོར་གསལ་པོ་མ་འཁོད་ཀྱང་། བྱང་སྤྱི་འདི་པའི་རྗེས་སུ་མངགས་པའི་མཁན་ཆུང་མིང་ཅན་གྱི་བྱང་སྤྱི་རྣམས་ནི་སེར་མོ་བ་ལས་གྲུབ་པའི་རྩེ་ཡིག་ཚང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་མི་སྣ་ཤ་སྟག་ཡིན་ནོ། །

  བྱང་སྤྱི་གཉིས་པ།(1920ལོ) བྱང་སྤྱི་གཉིས་པ་རིམ་བཞི་སྨན་འཕེལ་ནི་སྐྱ་དཔོན་ཞིག་ཡིན་ཞིང་། འདིའི་འཁྲུངས་འདས་ཀྱི་ལོ་ཚིགས་གསལ་པོ་མ་ཤེས། དཔྱད་གཞི་ལྟར་ན་བྱང་སྤྱི་འདི་ཉིད་ཧོར་རྒྱལ་པོའི་བློན་པོ་ག་རྒྱ་བསྟན་དར་གྱིས་ཕམ་པར་བྱས་ནའང་། ཡང་སྙིང་དོན་ཅི་ཞིག་དང་རྣམ་པ་གང་གི་ཐོག་ནས་ཕམ་ཉེས་གཏོང་ཚུལ་ནི་མི་གསལ། མདོར་ན་བྱང་སྤྱི་འདི་དང་འདི་པས་ཧོར་ཁུལ་དུ་བྱ་བ་ཅི་བྱས་སྐོར་གསལ་པོ་མ་མཆིས།[22]

  བྱང་སྤྱི་གསུམ་པ།(1923ལོ) བྱང་སྤྱི་གསུམ་པ་མཁན་ཆུང་གཡུ་ཐོག་ནི་གྲྭ་པ་ཞིག་ཡིན་ཞིང་། འདིས་གོང་དུ་བརྗོད་པའི་ཧོར་གྱི་བློན་པོ་དེ་ཉིད་རང་གི་ཕྱག་མཛོད་དུ་བསྐོས། བྱང་སྤྱི་འདིའི་སྐབས་ཀྱི་ཤིང་བྱི་ཞིབ་གཞུང་ནང་འཁོད་པ་ལྟར་ན། སྐབས་དེའི་ཧོར་ཚོ་སོ་དགུའི་ཐེམ་དུད་ཀྱི་གྲངས་འབོར་ནི10024ཡིན་པ་ལ་དུད་ཚང་རེར་མི་མགོ་བཞི་རེ་ཡོད་པར་དཔགས་ན། ཁྱོན་མི་འབོར40096ཙམ་ཡོད་པར་མངོན།[23]

  བྱང་སྤྱི་བཞི་པ།(1926ལོ) བྱང་སྤྱི་བཞི་པ་རིམ་བཞི་ཀ་ཤོད་པ་ཆོས་ཀྱི་ཉི་མ་ནི་སྤྱི་ལོ1903ལོར་སྐྱེས། འདི་དང་རུ་རེག(Rorerich)གཉིས་སྤྱི་ལོ1927ལོར་ཐུག་འཕྲད་བྱུང་ཡོད་ལ། རུ་རེག་གིས་ཀ་ཤོད་པ་དང་ཐུག་འཕྲད་བྱུང་བའི་སྐོར་སྤྱི་ལོ1933ལོར་བརྩམས་པའི་དེབ་ནང་བཀོད་ཡོད།(Rorerich1933:166)

  བྱང་སྤྱི་འདིས་ནག་ཆུ་ཁ་ནས་རུ་རེག་ལྷ་སར་བསྐྱོད་རྒྱུའི་ལམ་བཀག་ནས་ཕྱིར་ལོག་བཏང་། ཤོད་སྲོལ་ལྟར་ན། ཀ་ཤོད་པས་ཧོར་གྱི་བློན་པོ་ག་རྒྱ་བསྟན་དར་གྱི་སྐེ་ཐོག་གི་གཟི་དེ་བཙོང་དགོས་པའི་བཙན་བཀའ་བཏང་ནའང་མ་བཙོངས་པ་དང་། ཕྱིས་སུ་བསྟན་དར་ནས་བྱང་སྤྱི་ལ་བློ་ལོག་བྱ་རྩིས་བྱས་ཀྱང་མཐའ་མར་གསང་བ་ཕྱིར་གྱར་ནས་ལམ་དུ་མ་སོང་སྐད།[24]

  བྱང་སྤྱི་ལྔ་པ།(1929ལོ) བྱང་སྤྱི་ལྔ་པ་མཁན་ཆུང་གྲགས་པ་རྒྱལ་མཚན་ནས་བྱང་སྤྱི་གོང་མའི་ཁྲལ་བསྡུའི་ལམ་ལུགས་མུ་མཐུད་ནས་ལག་བསྟར་བྱས་ཡོད་པ་ཙམ་ལས་དེ་མིན་གྱི་གནས་ཚུལ་སྐོར་མི་གསལ།[25]

  བྱང་སྤྱི་དྲུག་པ།(1932ལོ) བྱང་སྤྱི་དྲུག་པ་རིམ་བཞི་སྙེ་མོ་མདོ་མཁར་ནི་སྐྱ་དཔོན་ཞིག་ཡིན་ཞིང་། འདིས་ཀྱང་བྱང་སྤྱི་གོང་མའི་ཁྲལ་བསྡུའི་ལམ་ལུགས་མུ་མཐུད་ལག་བསྟར་བྱས་ཡོད་པ་ཕུད། གཞན་པའི་གནས་ཚུལ་མི་གསལ་ལ་ཐ་ན་འདི་པའི་མིང་དངོས་ལ་ཅི་ཞིག་འབོད་པའང་མི་གསལ་ལོ། །[26]

  བྱང་སྤྱི་བདུན་པ།(1935ལོ) བྱང་སྤྱི་བདུན་པ་མཁན་ཆུང་ཐུབ་བསྟན་པདྨ་ནི་བཙུན་པ་ཞིག་ཡིན་ནའང་གདུག་རྩུབ་ཅན་ཞིག་ཡིན། འདིས་ཀྱང་སྔར་བཞིན་དཔྱ་ཁྲལ་ལྕི་པོ་བཀལ་ཡོད་པ་མ་ཟད། བོད་ཀྱི་ཉེས་ཁྲིམས་ཀྱང་ལག་བསྟར་བྱས་ཡོད་པར་གྲགས། བྱང་སྤྱི་འདི་རག་ཤི་ཞེས་པའི་ཡུལ་དུ་ལྐོག་གསོད་བཏང་བར་གྲགས་ནའང་། རྒྱུ་མཚན་ཅི་ཡི་དོན་དུ་བཀྲོངས་པ་གསལ་པོ་མ་ཤེས།[27]

  བྱང་སྤྱི་བརྒྱད་པ།(1938ལོ) བྱང་སྤྱི་བརྒྱད་པ་རིམ་བཞི་ཁྱུང་རམ་དོན་གྲུབ་རྒྱལ་པོ་ནི་སྐུ་དྲག་གི་ཁྱིམ་རྒྱུད་ཡིན་ཞིང་། བྱང་སྤྱི་འདིས་སྤྱི་ལོ1930ལོར་ཞིབ་གཞུང་ཞིག་འགོད་རྩིས་བྱས་ཀྱང་གཞུང་ནས་གློ་བུར་དུ་ལྷ་སར་བསྐོང་ནས་ཁྲིམས་ལ་སྦྱར་ཞིང་མཐའ་མར་ལྷོ་བྲག་ཏུ་རྒྱང་ཕུད་བཏང་ངོ་། །[23]

  བྱང་སྤྱི་དགུ་པ།(1941ལོ) བྱང་སྤྱི་དགུ་པ་སྟག་བྲག་གཟིམ་དཔོན་ནི་བཙུན་པ་ཞིག་ཡིན་ལ་བྱང་སྤྱི་མཐའ་མ་དེ་ལགས། འདི་པས་རྒྱལ་ཚབ་སྟག་བྲག་གཟིམ་སྦུག་གི་སྐུ་སྲུང་བྱ་མྱོང་ཞིང་། བྱང་སྤྱི་འདིའི་རིང་བོད་ས་གནས་སྲིད་གཞུང་ནས་ཧོར་ཚོ་ཁག་བདག་སྐྱོང་བྱ་དཀའ་བའི་གནས་ལ་གཞིགས་ནས་སྤྱི་ལོ1942ལོར་སྲིད་ཇུས་གསར་པ་གཉིས་བཏོན་ཡོད་པ་དེས་ཤུགས་རྐྱེན་ཆེན་པོ་བཟོས་ཡོད།

  དེ་ཡང་དང་པོ་ནི་ཧོར་ཚོ་སོ་དགུའི་མཉམ་འབྲེལ་གྱི་གནས་སྟངས་མེད་པར་བཟོས་ནས་དེ་དག་རྫོང་ཁག་དྲུག་ཏུ་དབྱེ་ཡོད་པ་སྟེ། སྟེང་ཆེན་རྫོང་དང་། སེར་ཚ་རྫོང་། ཁྲི་རྡོ་རྫོང་། སྦྲ་ཆེན་རྫོང་། འབྲི་རུ་རྫོང་དང་གཉན་རོང་རྫོང་བཅས་དང་། རྫོང་སོ་སོར་སེར་སྐྱ་དཔོན་རིགས་གཉིས་བསྐོས་པ་དང་། གཉིས་པ་ནི་རྫོང་ཁག་དྲུག་པོ་རྣམས་ནག་ཆུ་ཁར་བཙུགས་པའི་བྱང་སྤྱིའི་དབང་འོག་ཏུ་བསྡུས་ཡོད་པ་དེ་ཡིན།

  སྲིད་ཇུས་དེ་དག་ནུས་ལྡན་གྱིས་ལག་བསྟར་བྱས་པས། ལོ་ངོ་སུམ་ཅུ་ཙམ་བོད་ས་གནས་སྲིད་གཞུང་ལ་དཀའ་ཁག་བཟོ་མཁན་གྱི་ཧོར་ཚོ་སོ་དགུའི་སྒྲིག་གཞི་མེད་པར་གྱུར།[29]སྲིད་ཇུས་དེའི་དམིགས་ཡུལ་གཙོ་བོ་ནི་ཚོ་པའི་མཉམ་འབྲེལ་གྱི་སྟོབས་ཤུགས་གཏོར་ནས་བཀའ་ཤག་གི་དབང་ཐང་ཆེ་རུ་གཏོང་ཕྱིར་ཡིན།

  བྱང་སྤྱི་ཀ་ཤོད་པ་དང་ཁྱུང་རམ་པ་གཉིས་ཀྱི་སྐབས་ནི་ཧོར་ཡུལ་དུ་ཉེན་ཁ་ཤིན་ཏུ་ཆེ་བའི་སྐབས་ཡིན་པས། བཀའ་ཤག་སྲིད་གཞུང་གིས་ཁ་གཡར་ནས་ཁོང་གཉིས་ལྷ་སར་ཕྱིར་བསུ་མི་བྱེད་ཐུ་མེད་བྱུང་ཡོད།[30]

  སྤྱི་ལོ1916ལོར་བཀའ་ཤག་ནས་བྱང་སྤྱི་ཁྱབ་རྒྱལ་པོ་དེ་སྦྲ་ཆེན་འབྲོག་ཤོག་གི་ཚོ་དཔོན་དུ་རང་འཇགས་བཞག་པ་ཕུད། དེ་མིན་གྱི་དབང་ཆ་ཡོད་ཚད་མེད་པར་བཟོས།[31]

  ལེ་ཚན་གོང་དུ་རགས་ཙམ་ངོ་སྤྲོད་བྱས་ཟིན་པའི་གཡུང་དྲུང་རྒྱལ་བ་ནི་སྦྲ་ཆེན་རྒྱུད་ཀྱི་ཧོར་རྒྱལ་པོ་ཚང་གི་མི་རྒྱུད་ཡིན་ལ། ཁྱིམ་ཚང་དེས་སྤྱི་ལོ1916ནས་འབྲོག་ཤོག་གི་དཔོན་གནས་བཟུང་ཡོད། འོན་ཀྱང་ག་གྱ་ཚང་གི་སྟོབས་དང་གྲགས་པ་ནི་སྤྱི་ལོ1905ལོར་ག་གྱ་བསོད་ནམས་བསྟན་དར་གྱིས་ཧོར་རྒྱལ་པོའི་བློན་པོ་བྱས་པ་ནས་བཟུང་འཕེལ་འགོ་ཚུགས་ཤིང་། ཧོར་རྒྱལ་པོ་སྐུ་ཐོག་བཅུ་གཉིས་པའི་སྐབས་ག་གྱ་ཚང་དང་ཧོར་རྒྱལ་ཚང་གཉིས་གཉེན་དུ་འབྲེལ།

  གཞན་ཡང་། ག་གྱ་ཚང་གི་མི་འགའ་ཞིག་ནས་བྱང་སྤྱི་རིམ་བྱོན་གྱི་བཀའ་འོག་ཏུ་གོ་གནས་བཟུང་ནས་ལས་ཀ་བྱས་ཡོད་ནའང་མི་ཚང་དེའི་བློ་ནི་ཧོར་རྒྱལ་པོ་རང་ལ་གཏད་ཡོད། ཁོང་ཚོའི་རེ་འདོད་ནི་ཧོར་རྒྱལ་པོའི་དབང་ཐང་སླར་གསོ་བྱ་རྒྱུ་དེ་ཡིན་ནའང་དེ་ལྟར་ལམ་ལྷོངས་བྱུང་མེད། ཤོད་སྲོལ་ལྟར་ན། ག་གྱ་ཚང་ལ་རྟག་ཏུ་ཕྲུ་གུ་གཉིས་སྐྱེ་བ་ལས་གཅིག་ནི་ལྷ་དང་ཅིག་ཤོས་ནི་བདུད་ཡིན་སྐད།

  སྤྱི་ལོ1940ལོར་མི་ཚང་དེར་བུ་གཉིས་ཡོད་པ་ལས་རྒན་པ་ག་གྱ་ཁྱུང་སྤྲུལ(1897-1955)གྱིས་སྟོད་མངའ་རིས་སུ་སྤྱི་ལོ1933ལོར་ཨི་ཏ་ལིའི་བོད་རིག་པ་མཁས་ཅན་ཏུ་ཆི(Tucci)དང་འཕྲད། ཁྱུང་སྤྲུལ་ནི་རིག་པའི་གནས་ལྔར་མཁས་པའི་བླ་སྤྲུལ་ཞིག་ཡིན་པ་མ་ཟད། སྨན་རྩིས་ལུང་བསྟན་ལ་སོགས་པར་མཁས་པའི་བོན་པོ་ཞིག་ཀྱང་ཡིན། ཏུ་ཆིས་ཁྱུང་སྤྲུལ་ཐེངས་གཉིས་ཙམ་མཇལ་མྱོང་།

  ག་གྱ་ཚང་གི་བུ་གཞོན་པའི་མིང་ལ་དཀོན་མཆོག་རྒྱལ་མཚན(1903-1944)ཟེར་ནའང་མིང་དེ་ཤེས་མཁན་ཧ་ལམ་མེད་ཅིང་མཚང་མིང་ག་གྱ་འགྲམ་ནག་ཅེས་འབོད་ན་ཚང་མས་ཤེས། ག་གྱ་འགྲམ་ནག་ནི་འབྲོག་ཤོག་གི་ཡུལ་ལྷ་སྤྲ་བ་བྲག་ནག་གི་རྫུས་བུར་ངོས་འཛིན་བྱེད་ཅིང་། དེ་དང་བོན་ཐ་ཚོ་པའི་ཚབ་ཤི་ཚང་དང་དེ་མིན་གྱི་ཚོ་པའི་དབར་འཁོན་འགྲས་ཡོད་ལ་ཁོང་ཚོ་ཕན་ཚུན་ཇག་པ་རྒྱག་ཚུལ་གྱི་གཏམ་རྒྱུད་ཀྱང་མང་པོ་ཤོད་རྒྱུ་ཡོད།[32]

  ག་གྱ་འགྲམ་ནག་ནི་ཧོར་ཚོའི་མཉམ་འབྲེལ་མེད་པར་བཟོས་པར་ཁོང་ཁྲོའི་མེ་ལྕེ་འབར་སྐད་དང་། དེ་པའི་འཁོན་དགྲ་གཙོ་བོ་ནི་བཀའ་ཤག་སྲིད་གཞུང་ཡིན་པ་རེད། བཀའ་ཤག་གིས་ག་གྱ་འགྲམ་ནག་འཛིན་བཟུང་བྱ་རྩིས་ཐེངས་འགའ་བྱས་ཀྱང་ལམ་དུ་མ་སོང་།

  སྤྱི་ལོ1942ལོར་སྐབས་ཀྱི་བྱང་སྤྱི་ནི་སྐུ་དྲག་ཁྱིམ་ཚང་ཕ་ལྷ་ནས་ཡིན་པའི་གྲྭ་བཙུན་ཐུབ་བསྟན་འོད་ལྡན་ཡིན་ཞིང་། དེས་སྤྱི་ལོ1944ལོར་ག་གྱ་འགྲམ་ནག་གི་རྙོག་དོན་དེ་གཞི་ནས་མེད་པར་བཟོས་ཡོད། དེ་ཡང་སྐབས་ཤིག་བྱང་སྤྱི་ཕ་ལྷས་རང་ཉིད་སྦྲ་ཆེན་གྱི་འདམ་དཀྱིལ་རི་ཤར་བརྒྱུད་ཨ་མདོ་མཚོ་སྔོན་པོའི་རྒྱུད་དུ་ཟི་ལིང་དང་བཀའ་ཤག་དབར་གྱི་རྩོད་གཞི་ཞིག་ཐག་གཅོད་བྱེད་དུ་བསྐྱོད་ཅིང་། སྦྲ་ཆེན་ཁུལ་དུ་འབྱོར་སྐབས་ཁོ་པའི་གྲོགས་པོ་ཚ་ཤོ་དཔལ་གྲགས་ཀྱིས་སྣེ་ལེན་ཞུས་པ་དང་སྦྲགས་ག་གྱ་འགྲམ་ནག་ཀྱང་མགྲོན་དུ་འབོད། ཚ་ཤོ་དཔལ་གྲགས་དང་ག་གྱ་འགྲམ་ནག་ནི་མཛུབ་མོ་དམར་འགུག་གི་མནའ་བཞག་གྲོགས་པོ་ཡིན་སྐད།[33]

  ཐེངས་ཤིག་ཚ་ཤོ་དཔལ་གྲགས་ནས་ག་གྱ་ལ་ཧོར་སྤྱིར་དགོང་དྲོའི་གསོལ་ཚིགས་ཤིག་འབུལ་འཆར་ཡོད་ཚུལ་དང་ག་གྱ་འགྲམ་ནག་ཀྱང་ཡོང་རེ་བརྗོད་པར། ག་གྱའི་གྲོགས་གཞན་ནས་དེ་ལ་ཡིད་གཟབ་བྱ་དགོས་ཀྱི་གསང་བརྡ་བཏང་ཡང་ག་གྱས་ཐེ་ཚོམ་མེད་པར་མགྲོན་པོར་སོང་། ག་གྱ་ཆང་གིས་བཟི་རྗེས་ཕ་ལྷས་དཀའ་ཚེགས་མེད་པར་རྐྱེན་ལམ་དུ་བཏང་།[34]དེའི་ཕྱི་ཉིན་གྱི་ཞོགས་པ་སྔ་མོར་བྱང་སྤྱིས་ཡུལ་དེའི་མི་སེར་ནས་དགྲ་ཤ་ལེན་ལ་ཡོང་རྒྱུར་འཇིགས་ནས་ནག་ཆུར་བྲེལ་འཚུབ་ཀྱིས་ཕྱིར་ལོག་བྱས། ཕྱིས་སུ་དགྲ་ཤ་ལེན་མཁན་བྱུང་མེད་ལ་དེ་ལས་ལྡོག་སྟེ་སྤྱི་ལོ1947ལོར་ཁོ་པ་མགྲོན་གཉེར་ཆེན་མོར་བསྐོ་བཞག་བྱས་པ་དང་། ཕྱིས་སུ་སུད་སི་རྒྱལ་ཁབ་ཏུ་མི་ཚེའི་འཕེན་པ་རྫོགས།[35]

  མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག

  [1]ཁྱུང་པོའི་སྐོར་གྱི་ལོ་རྒྱུས་མདོར་བསྡུས་ཤིག 《ཧོར་ཚོ་སོ་དགུའི་ལོ་རྒྱུས་མདོར་བསྡུས》ཞེས་པའི་ཤོག་གྲངས3-10བར་དང་ནག་རུ་ཚོ་པའི་སྐོར་ཤོག་གྲངས181-199བར་གསལ།

  [2][3]《ཧོར་ཚོ་སོ་དགུའི་ལོ་རྒྱུས་མདོར་བསྡུས》 ཤོག་གྲངས178,22

  [4]ཁོ་ནོར་དང་བར་ནེ་ཐེ1997གཡུང་དྲུང་རྒྱལ་བ།

  [5][11]《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས》 དེབ་བདུན་པ། ཤོག་གྲངས307-318,12-13

  [6]དགོན་པ་འདིའི་སྐོར་རོབ་ཙམ་ཞིག《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས》 དེབ་བདུན་པ། ཤོག་གྲངས། 436-445ལ་གཟིགས།

  [7]དགོན་པ་འདིའི་སྐོར《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས》 ཤོག་གྲངས455-463དང་ཤར་རུའི(རིའི)སྐོར་ཁོ་བོས་བྲིས་པའི་1998:125ལ་གཟིགས།

  [8][10]འཇིགས་མེད་རིག་པའི་རྡོ་རྗེ། 《ཧོར་གྱི་ཆོས་འབྱུང》 ཤོག་གྲངས་7,10-11

  [9]ཐོག་ཐིག་མུར《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རིག་གནས་ལོ་རྒྱུས》 དེབ་བདུན་པའི་ཤོག་གྲངས11ཐོག་ཐིག་མུར1329—1332 (Petech 1990:143)ཚལ་པ་ཀུན་དགའ་རྡོ་རྗེའི《དེབ་ཐེར་དམར་པོ》ཤོག་གྲངས522དང531 འཇིགས་མེད་རྡོ་རྗེའི《ཧོར་གྱི་ཆོས་འབྱུང》 ཤོག་གྲངས31བཅས་ལ་གཟིགས་པར་འཚལ།

  [12][13][14][15]མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། 《མི་དབང་རྟོགས་བརྗོད》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1981ལོ། ཤོག་གྲངས་468-471,15,21,22,27,28,—33

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།