ཀོང་ཙེ་འཕྲུལ་རྒྱལ་དང་དཀར་ནག་བཀྲ་གསལ་གྱི་ཐོག་མའི་གཞི་གང་ཡིན་ལ་རྩད་ཞིབ།
[ཟླ་ཚེས། 2014-02-12 16:10:39][རྩོམ་པ་པོ། མཁའ་འགྲོ་བདེ་ཆེན་དབང་མོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅།། གཡུང་དྲུང་བོན་གྱི་ལོ་རྒྱུས་ལས་ཀོང་ཙེ་འཕྲུལ་རྒྱལ་དང་དཀར་ནག་བཀྲ་གསལ་གྱི་
ཐོག་མའི་གཞི་གང་ཡིན་ལ་རྩད་ཞིབ་ཞུས་པ།
ལི་ཤུ་སྤྲུལ་སྐུ་གཤེན་རྒྱལ་བསྟན་འཛིན་ནས་སློབ་སྟོན་གནང་།
མཁའ་འགྲོ་བདེ་ཆེན་དབང་མོའམ་རུང་བཀྭན་རེན་གྱིས་རྒྱ་ཡིག་ཐོག་བརྩམས།
མཁས་གྲུབ་དང་ཁྱུང་དར་གྱིས་བོད་ཡིག་ཏུ་བསྒྱུར།
༢༠༠༧ལོའི་ཟླ་༡༢པར་རྩོམ་གྲུབ་ཟིན། ༢༠༡༠ལོའི་ཟླ་བ་༧པའི་ནང་ཐེངས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཁ་ན་ཏར་འཚོགས་དུས་སུ་སྒྲོག་སྦྱང་གནང་།
དེ་ཡང་《མདོ་དྲི་མེད་གཟི་བརྗིད》་ནང་གསལ་བ་ལྟར་ན། གཡུང་དྲུང་བོན་གྱི་ལོ་རྒྱུས་ནང་གལ་འགངས་ཆེ་བའི་མི་སྣ་“ཀོང་ཙེ་འཕྲུལ་རྒྱལ”ཞེས་པ་ཞིག་ཡོད་པ་དང་། ཁོང་གིས་“འོལ་མོ་ལུང་རིང་”གི་ནུབ་ཕྱོགས་སུ་གསས་ཁང་“དཀར་ནག་བཀྲ་གསལ”ཞེས་པ་ཞིག་བཞེངས་ཡོད།
ལོ་རྒྱུས་ཀྱི་རྒྱུ་ཆ་དུ་མར་ལྟར་ན་“དཀར་ནག་བཀྲ་གསལ”ནི་ད་ལྟའི་ཆར་ཀྲུང་གོའི་ཀན་སུའུ་ཞིང་ཆེན་ལིན་ཞ་ཀྲའུ་ཡུང་ཅིང་རྫོང་རྡོ་ཕུང་རི་ཆུང་སྟེང་གི་འབུམ་གླིང་དགོན་པ་སྟེ། བོད་ཡིག་གི་ནང་དུ་“ཀ་ཆུ”ཞེས་འཁོད་པའི་ས་དེ་ཡིན། ད་ལྟ་ཡང་བོད་པ་ཚོས་ས་ཁུལ་དེ་ལ་“ཀ་ཆུ”ཞེས་འབོད་ཀྱི་ཡོད།《མདོ་སྨད་ཆོས་འབྱུང་》ལས་དགོན་པ་འདི་ན་ཡོད་པའི་བྱམས་པའི་སྐུ་བརྙན་ཆེན་པོ་ནི་ཀོང་ཙེས་བཞེངས་པ་སྟེ་ཐོག་མར་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐུ་བརྙན་ཡིན་པ་ལ་ཕྱིས་སུ་བན་དེ་བ་རྣམས་དར་ཆེ་བའི་རྐྱེན་ལས་བྱམས་ཆེན་གྱི་སྐུ་བརྙན་ལ་བཅོས་པ་ཡིན་པའི་སྐོར་ཉུང་མཐར་ཡང་ཐེངས་གཉིས་ཙམ་གླེང་ཡོད། འབུམ་གླིང་དགོན་པར་བཞུགས་པའི་མིང་རྒྱལ་རབས་སྐབས་ཀྱི་བོད་ཡིག་གི་རྒྱུ་ཆ་ལས་ཀྱང་“滚尕མིང་ཅན་གྱིས་སྐུ་བརྙན་འདི་བཞེངས་”ཞེས་གསལ་བ་དང་། འབུམ་གླིང་དགོན་ཞེས་པའང་བོད་སྐད་“བྱམས་པ་འབུམ་གླིང་”ཞེས་པ་ལས་ཟུར་ཆག་ནས་རྒྱ་སྐད་ཀྱི་མིང་དེ་བྱུང་། བྱམས་སྐུ་དེར་མཐོ་ཚད་སྤྱི་ཁྲེ༢༧ཡོད་ཅིང་། སྔར་ཡོད་སྐུ་བརྙན་མང་པོ་ཞིག་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་གཏོར་སྐྱོན་ཕོག་པར་བཤད། སྐུ་བརྙན་དེ་ནི་རི་བོར་སྐུ་རྒྱབ་བསྙེགས་ཤིང་ཆུ་བོར་ཞལ་གཏད་ནས་བཞུགས་ཡོད་ལ། དེ་ཡང་རྒྱབ་རིའི་བྲག་ངོས་ལ་བརྐོས་རྒྱབ་པ་ལས་གྲུབ་པ་ཞིག་ཡིན་ཏེ། རྨ་ཆུའི་བྲག་རོང་ཆེན་པོ་ཞིག་གི་ནང་དུ་གནས་ཡོད་པའང་ཀྲུང་གོའི་སྐད་གྲགས་ཆེ་ཤོས་ཀྱི་བྲག་བརྐོས་སྐུ་བརྙན་ཆེན་པོའི་ཕུག་ཆེན་དྲུག་གི་ཡ་གྱལ་གཅིག་ཡིན། ལོ་རྒྱུས་ཀྱི་དཔེ་ཆའི་ནང་དུའང་བྲག་བརྐོས་ཕུག་ཆེན་དེར་དཔེ་རྙིང་ཉར་ཚགས་བྱས་ཡོད་པའི་སྐོར་གྱི་བཤད་རྒྱུན་ཡོད།
གཅིག “དཀར་ནག་བཀྲ་གསལ་”ཞེས་པ་བོད་ཡིག་ལོ་རྒྱུས་རྒྱུ་ཆའི་ནང་ཇི་ལྟར་འཁོད་ཡོད་པ་ནི།
༡ 《མདོ་སྨད་ཆོས་འབྱུང་》ལས། “བྱམས་པ་འབུམ་གླིང་གི་བྱམས་ཆེན་འདི་ངག་རྒྱུན་འགར་ཀོང་ཙེས་བཞེངས་པ་ཡིན་ཟེར་ཞིང་། དེའི་རྒྱུ་མཚན་གྱིས་ཀོང་ཙེའི་མིང་ལ་ཡང་བཟོ་ཀོང་ཙེ་དང་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཞེས་བཤད། འགའ་ཞིག་དེ་བོན་པོ་ཞིག་ཡིན་པ་གཞིར་བཞག་ནས། དང་པོ་སྟོན་པ་གཤེན་རབ་ཀྱི་སྐུ་ཡིན་པ་ལ་ཕྱིས་སུ་གཙུག་ཏོར་སོགས་བསྣན་ཏེ་བྱམས་སྐུའི་རྣམ་པར་བསྒྱུར་ཟེར་སྣང་། དེ་དང་མཐུན་པར་ཐུའུ་བཀྭན་རིན་པོ་ཆེས། གནའ་དུས་གཤེན་རབ་ལོའུ་གྱིན་རྣམ་པ་སྟེ། ད་ལྟ་མཆོག་གི་སྤྲུལ་སྐུའི་ཆ་བྱད་དུ། བསྒྱུར་ལ་རྒྱལ་བའི་བྱིན་བརླབས་ཞུགས་པ་ཡི། འབུམ་གླིང་བྱམས་ཆེན་སྐུ་བརྙན་མཇལ་ལགས་སམ།”ཞེས་ཐུའུ་བཀྭན་རིན་པོ་ཆེས་བསྔགས་བརྗོད་ཀྱི་ཚིག་འགྲོས་ཀྱང་གསུང་མྱོང་ཡོད།《སྐལ་ལྡན་ཆོས་འབྱུང་》དུ། “ཀོང་ཙེ་འཕྲུལ་རྒྱལ་གྱིས་བྱམས་སྐུ་ཆེན་མོས་ཐོག་དྲངས་བྱམས་སྐུ་འབུམ་ཐེར་བཞེངས། འདི་ལ་རྒྱལ་བ་བསོད་ནམས་རྒྱ་མཚོ། སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོ། སྟོང་འཁོར་ཡོན་ཏན་རྒྱ་མཚོ། རྒྱལ་བ་རྒྱ་མཚོ། སྡེ་བ་ཞབས་དྲུང་རྣམས་ཆེད་གཉེར་གྱིས་མཇལ་བར་ཕེབས་ཞེས་སུ་འཁོད་པ་ཡང་གསལ།”《མཁར་ནག་ཆོས་འབྱུང་》ལས་“རྨ་ཆུ་ཁའི་སྒྱུ་འཕྲུལ་གྱི་ལྷ་ཁང་དེ་ནི་བཟོ་བོ་མཁས་པ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་བཞེངས་པའི་འབུམ་གླིང་དགོན་ཡིན་ཅིང་། དེ་ཡང་རྒྱལ་བའི་དབང་པོ་ཙོང་ཁ་པ་ཆེན་པོའི་རིང་ལུགས་འཛིན་བཞིན་པ་ལ། དགོན་བདག་ནས་དེ་ལྔ་སྨོན་ལམ་ཆེན་མོ་བཙུགས་མྱོང་”ཞེས་པ་སོགས་འཁོད།
༢ ཧན་སྟག་ལུང་དགོན་ནི་བོད་ཀྱི་“བསྟན་པ་ཕྱི་དར་”རྗེས་ཀྱི་རྫོགས་ལྡན་དུས་རབས་ཕྱི་ལོ་༡༥༤༣ལོ་༼མིང་རྒྱལ་རབས་ཀྱི་ཅཱ་ཆིང་ཁྲི་ལོ་༢༢་པ་༽ལ་གསར་དུ་བཞེངས་ཡོད་ཅིང་། བཞེངས་པ་པོ་ནི་གཙང་རྟ་ནག་པ་ཀུན་དགའ་རྣམ་སྲས་ཡིན་ཏེ། དེ་ནི་ཕྱིས་ཀྱི་སྟག་ལུང་ཚང་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་ཆགས་ཡོད།《མདོ་སྨད་ཆོས་འབྱུང་》ལྟར་ན། གཙང་རྟ་ནག་པ་ཀུན་དགའ་རྣམ་སྲས་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་གི་མི་ཡིན་ཅིང་། ཞིབ་ཆའི་འཁྲུངས་འདས་དུས་ཚོད་མ་ངེས། འཁྲུངས་ས་ནི་གཙང་རྟ་ནག་ཡིན་ཏེ་དེང་སང་གཞི་རྩེ་ས་ཁུལ་གྱི་བཞད་མཐོང་སྨོན་རྫོང་ཁོངས་སུ་ཡིན། ཁོང་ནི་དགུང་ལོ་ཆུང་ངུ་ནས་རབ་ཏུ་བྱུང་ཞིང་། སྐབས་དེ་དུས་གསར་དུ་བཞེངས་གྲུབ་ཙམ་ཡིན་པའི་བཀྲ་ཤིས་ལྷུན་པོའི་དགོན་པར་ཞུགས། པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ༼༡༥༠༥ལོ་ནས་༡༥༦༦ལོ་བར་བཞུགས་༽བསྟེན་ནས་མདོ་སྔགས་ཀྱི་ཟབ་ཆོས་ལ་སྦྱངས་པ་བྱས། པཎ་ཆེན་རིན་པོ་ཆེའི་གཟིགས་པ་ཆེན་པོ་ཐོབ། ཁོང་ཉིད་གྲུབ་པའི་གོ་འཕང་མཐོ་པོར་གཤེགས་རྗེས་པཎ་ཆེན་རིན་པོ་ཆེའི་བཀའ་ལུང་འདི་ལྟར་ཕེབས་པ་ལས།“འདི་ནས་ཉི་མ་ཤར་གྱི་ཕྱོགས། མདོ་སྨད་ཀྱི་བྱང་ཕྱོགས་སར་གནས་མེ་ཏོག་སེར་པོ་བཞད་པའི་བྲག་རོང་ཞིག་ན། ཐག་རིང་ནས་བལྟས་ན་ཤིན་ཏུ་སྡུག་པའི་ནགས་ཚལ་གྱིས་སྐོར་བའི་གནས་ཤིག་ཡོད་ཅིང་། ནགས་དེའི་ནང་སྟག་མོ་སྐྱ་ཁྲ་ཞིག་ངར་སྒྲ་སྒྲོག་པ་ཞིག་ཡོད་དེ། ས་དེ་ནི་ཁྱེད་ཀྱི་དགོན་པ་བཏབ་ནས་བསྟན་པ་སྤེལ་པའི་གནས་དེ་ཡིན་ནོ། །”ཞེས་པ་ལྟར། གཙང་རྟ་ནག་པས་སྐུ་འཁོར་མི་༡༢་དང་བཅས་ལ་ལུང་མང་པོ་བརྒལ་ནས་བོད་ཁམས་བྱང་ཤར་གྱི་མདོ་སྨད་དུ་སླེབས་ཡོད་དེ། ལམ་བར་ཆབ་མདོ་དང་། དཀར་མཛེས། སྐྱིད་ཐང་༼དེང་ཟི་ལིང་ཡིན་༽། གདོང་རྭ་མཚོ་སྣ་སྟེ་དེང་ཞོན་ཧྭ་རྨང་གདའ་ལྷ་མཚོ་༼སྒྲ་བསྒྱུར་༽སོགས་བརྒྱུད་མུ་མཐུད་ཤར་དུ་བསྐྱོད་ནས་བྱམས་པ་འབུམ་གླིང་དགོན་དུ་གནས་སྡོད་བྱས། ལྷག་པར་དགོན་དེར་ལོ་ངོ་༢༠༠༠་སྔོན་གྱི་གདོད་མའི་བོན་གྱི་སྐུ་བརྙན་ཞིག་ཡོད་པ་བཅོས་ནས་བྱམས་ཆེན་དུ་བསྒྱུར། ཞལ་གསེར་བསྒྲོན་ཞིང་རབ་གནས་མཛད། དེ་ནས་མུ་མཐུད་ལྷོ་ལམ་ལ་བཞུད།
༣ ལྷ་སྐུ་འདི་བཞེངས་མཁན་སྐོར་ལ་འབུམ་གླིང་དགོན་པར་ཡོད་པའི་མིང་རྒྱལ་རབས་ཀྱི་ཁྲི་ལོ༤༨༼སྤྱི་ལོ་༡༦༢༠ལོ་ ༽བོད་ཡིག་གི《བྱམས་པ་འབུམ་གླིང་གི་གནས་ཡིག་དཔེ་རིས་ཅན་》ནང་འདི་ལྟར་འཁོད་ཡོད་དེ།“རྒྱལ་བ་བྱམས་པར་ཕྱག་འཚལ་ལོ། །དགོན་འདིའི་རྩ་ཆེའི་སྐུ་བརྙན་འདི། །སྤྲུལ་པའི་བཟོ་བོས་བཞེངས་པ་ལས། །དེ་ཡི་ལས་འཕྲོ་བདག་གིས་བསྐྱངས། །གཙུག་ཏོར་འོད་འཕྲོ་ཕན་བཞེད་པ། །དབུ་སྐྲ་ནག་པོ་སྔགས་འཆང་༼密陀僧?༽འདྲ། །“滚尕”༼ཀོང་ཙེའམ་ཀུན་དགའ།༽ཞེས་པས་སྐུ་འདི་བསྐྲུན། །དེ་ཡི་དབུ་ལ་གཙུག་ཏོར་བརྒྱན། ། དེ་སྟེང་གསེར་ཞུན་གྱི་བྱུགས་སོ། །”ཞེས་བྱུང་།
གཉིས། “ཀོང་ཙེ་འཕྲུལ་རྒྱལ་”གྱི་ཐོག་མའི་གཞི་གང་ཡིན་པ་རྒྱ་ཡིག་གི་ཡིག་ཚང་ནང་འཁོད་པའི་བདེན་དཔང་།
“ཀོང་ཙེ་འཕྲུལ་རྒྱལ་”གྱི་ཐོག་མའི་གཞི་བཅོལ་ས་ནི་རྒྱ་ནག་གི་རྒྱལ་པོ་ཐོག་མར་གྲགས་པ་“ཏཱ་ཡུད་大禹”ཞེས་པ་དེ་ཡིན་དགོས་ཏེ་རྒྱ་ནག་གི་གནའ་དཔེ་ངོ་མཚར་ཅན་《山海经》༼ རི་མཚོའི་མདོ་ ༽ཡི་ནང་དུ་གསལ་བ་ལྟར་ན། ཧ་ལམ་ལོ་ངོ་༤༢༠༠ལྷག་ཙམ་གྱི་སྔ་རོལ་དུ་རྨ་ཆུར་ཆུ་ལོག་ཆེན་པོ་ཐོན་ཅིང་ཤིན་ཏུ་ཉེན་པའི་སྐབས་ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་བརྒྱུད་རིམ་ནང་དུ་འབུམ་གླིང་དགོན་ཆགས་སའི་རྨ་ཆུའི་བྲག་རོང་གསུམ་གྱི་ས་ཁུལ་ཏུ་གནོད་པ་རྩོམ་མཁན་གྱི་འབྲུག་ངན་མགོ་དགུ་པ་ཅན་ཞིག་བཏུལ་ཞིང་། གནས་དེར་ས་ཡི་སྟེགས་བུའམ་ཕོ་བྲང་ཅིག་བཞེངས་ནས་ལྷ་ལ་མཆོད་འབུལ་བྱེད་ཀྱི་ཡོད་པ་དང་། ཏཱ་ཡུད་ཀྱིས་རྒྱ་ནག་གི་རྒྱལ་རབས་དང་པོ་ཞཱ་རྒྱལ་རབས་བཙུགས་པར་བཤད། དེ་ཡང་བོན་གྱི་ལོ་རྒྱུས་ནང་དུ་འཁོད་པའི་“ཀོང་ཙེ་འཕྲུལ་རྒྱལ་”ནི་རྒྱ་ནག་གི་རྒྱལ་པོ་ཞིག་ཡིན་ཅིང་གསས་ཁང་བཞེངས་སྐབས་འབྲུག་ངན་གྱི་གནོད་པ་བྱས་པ་ལ་མཐའ་མ་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཡི་སྐྱབས་རོགས་ཐོབ་ནས་འབྲུག་ངན་བཏུལ་ཞིང་ཕོ་བྲང་བཞེངས་ཐུབ་པ་བྱུང་ཡོད་ཞེས་པའི་ལོ་རྒྱུས་འདི་དང་ཤིན་ཏུ་ཆ་འདྲ་བར་སྣང་།
རྒྱ་ནག་གི་གནའ་བོའི་“帝尧”༼ཆེས་སྔ་བའི་མངའ་མཛད་རྣམས་༽ཀྱི་དུས་རབས་སུ་རྨ་ཆུ་རྒྱུགས་ཁུལ་ཏུ་ཆུ་ལོག་གི་གནོད་འཚེ་ཤིན་ཏུ་ཚབས་ཆེན་བྱུང་བར་ཏཱ་ཡུད་ཅེས་པས་འབངས་མི་རྣམས་ཀྱི་སྣེ་འཁྲིད་བྱས་ནས་རང་བྱུང་གི་ཆུ་སྐྱོན་དང་འཐབ་རྩོད་བྱས་ཡོད་པར་མཐའ་མར་རྒྱལ་ཁ་ཐོབ་ཡོད་དེ། ཏཱ་ཡུད་ཀྱིས་རང་གི་ཡབ་“鲧gun”༼ཀུན་ནམ་ཀོང་༽ཞེས་གྲགས་པ་༼ང་ཚོས་བསམ་བློ་འཁོར་དགོས་པ་ཞིག་ལ་“ཡུད་”ནི་“ཀོང”་གི་བུ་(རྒྱ་སྐད་དུ་ཙེ་སྒྲ་ཡོད་པ་བུ་)ཡིན་པས་“ཀོང་ཙེ་འཕྲུལ་རྒྱལ་”ཞེས་པའི་མིང་གི་འབྱུངས་ཁུངས་ཡིན་སྲིད། ༽ དེས་ཀྱང་ཆུ་ལོག་བཅོས་པའི་ཕམ་ཁ་མྱངས་པ་ལ་བསླབ་བྱ་བླངས་ནས་ཆུ་ལོག་འགོག་པའི་འབད་པ་མ་བྱས་པར་ཆུ་ལོག་གཞན་དུ་ཁ་བསྒྱུར་ནས་འཁྲིད་པའི་ཐབས་ཤེས་སྤྱད་ཡོད། ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་ཕྱིར་མི་ལོ་མང་པོར་འབངས་མི་དང་ལྷན་དུ་འབད་བརྩོན་བྱས་ཤིང་རང་ཁྱིམ་ལ་ཁ་ཡ་བྱེད་ཐུབ་མེད་དེ་གཉེན་སྒྲིག་བྱས་ནས་ཉིན་བཞི་ལས་འཚོ་བ་སྐྱེལ་ཁོམ་མེད་པར་ལོ་ངོ་བཅུ་གསུམ་ཁ་བྲལ་དགོས་བྱུང་ཡོད་ལ། ཐེངས་གསུམ་ཁྱིམ་སྒོ་ནས་བརྒྱུད་མྱོང་ཡོད་ཀྱང་སྒོ་ཐེམ་འཛུལ་མེད་པར་བཤད། དེ་ཡང་བོན་གྱི་ལོ་རྒྱུས་ནང་དུ་ཀོང་ཙེ་འཕྲུལ་རྒྱལ་གྱིས་གསས་ཁང་བཞེངས་པའི་ཕྱིར་རང་ཁྱིམ་དུ་མ་ལོག་ཅིང་ཆུང་མ་དང་ཁ་གྱེས་ནས་གནས་པའི་གནས་ཚུལ་དང་མཐུན་པར་ཡོད། ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་ཆུ་མགོ་དེ་ནི་འབུམ་གླིང་དགོན་ཆགས་སའི་“小积石山”༼རྡོ་ཕུང་རི་ཆུང་༽རྒྱུད་དུ་ཡིན་ཅིང་། ས་དེར་ད་ལྟར་ཡང་“ཏཱ་ཡུད་འབྲུག་བཏུལ་བྲག་རོང་”སོགས་གཏམ་རྒྱུད་ནང་གི་གནའ་ཤུལ་དག་ཡོད། ཏཱ་ཡུད་ནི་ཤིའི་ཆང་“西羌”ནུབ་ཆང་དུ་འཁྲུངས་ཤིང་“西王母”༼ཡེ་ཤེས་དབལ་མོ་༽ལས་ཡོན་ཏན་སྦྱངས།༼འདི་ལས་“ཡེ་ཤེས་དབལ་མོ”ཞེས་པའི་རྒྱ་ནག་གི་ཐོག་མའི་གཞི་གང་ཡིན་པའང་བསམ་བློ་འཁོར་ངེས་ལ། འདི་ནི་ང་ཚོའི་ཞིབ་འཇུག་བྱེད་རྒྱུའི་ཁ་ཕྱོགས་ཞིག་ཡིན་ཏེ་དེ་སྐོར་《山海经》༼ རི་མཚོའི་མདོ་༽ལ་གསལ། ཏཱ་ཡུད་ཀྱི་ཆུ་ལོག་བཅོས་ཐུབ་རྗེས་གནམ་འོག་གཅིག་ཏུ་དབང་དུ་བསྡུས་ནས་གླིང་དགུར་ཕྱེ་ཞིང་། འགྲོ་བ་མི་ཡི་ཤེས་རིག་ལོ་རྒྱུས་ནང་དུ་ཐེངས་དང་པོར་རྒྱལ་ཁབ་ཅིག་གི་ས་ཁོངས་རྒྱུ་ཆར་ཡོངས་ཁྱབ་ཀྱི་བརྟག་ཞིབ་བཏང་ཡོད་དེ། ཁོང་གི་བརྟག་ཞིབ་ཀྱི་ཡིག་ཆ་དེ་ནི་རྒྱ་ནག་གི་དཔེ་རྙིང་རྩ་ཆེན་《山海经》ཡིན། དེའི་ནང་དུ།
༡ ཡུད་ཀྱི་ཧྲུའུ་ཧེ་ཞེས་པར་བཀའ་ཕབ་ནས་ས་གཞིའི་ཚད་གཞལ་ཡོད་དེ།༼ཡུད་ཀྱི་གོམ་པ་ཞེས་པ་སྐབས་དེ་དུས་ཚད་གཞལ་བྱེད་ཀྱི་ཡོ་བྱད་དམ་གོམ་པ་སྤོ་སྟངས་ཤིག་ཡོད།༽དེའི་སྐོར་ཡང་བོན་གྱི་ལོ་རྒྱུས་ནང་དུ་ཆ་འདྲ་བ་རྙེད་རྒྱུ་ཡོད།
༢ ཡུད་ཕུག་ནི་ཏཱ་ཡུད་ཀྱིས་དཔེ་ཆ་སྦས་ས་ཡིན་ཏེ།༼མ་གཞི་དེང་སང་གི་མཁས་པ་ཚོས་ཡུད་ཕུག་གི་གནས་ས་ངོ་མ་གང་ཡིན་གཅིག་གྱུར་གྱི་བཞེད་པ་ཞིག་མེད་ཀྱང་དཀར་ནག་བཀྲ་གསལ་ནི་བོན་གྱི་དཔེ་ཆའི་ནང་དང་ལོ་རྒྱུས་ཐོག་ཡུད་ཀྱི་ཕུག་ལ་དཔེ་ཆ་གཏེར་དུ་སྦས་ཡོད་ཅེས་པའི་བཤད་སྲོལ་དང་ཁ་མཐུན་གྱི་ཡོད།༽འབུམ་གླིང་དགོན་པའི་གྲགས་ཅན་བྲག་ཕུག་ནང་དཔེ་ཆ་སྦས་པའི་བཤད་སྲོལ་ཀྱང་ཡོད་པ་《山海经》ལ་གཟིགས་ན་ཤེས།
༣ ཡུད་ཀྱིས་ཤང་ལེའུ་“相柳”བསད་ནས་“རྒྱལ་པོ་ཀུན་གྱི་མཆོད་སྟེགས་བཞེངས་”ཞེས་《山海经》ནང་གི་《大荒北经》ནང་གསལ་ལྟར། ཤང་ལེའུ་ཞེས་པ་ལུས་པོ་སྦྲུལ་ལ་མགོ་བོ་དགུ་རུ་ཡོད་ཅིང་། དུས་གཅིག་ལ་རི་བོའི་རྩེ་མོ་དགུ་ལ་ཟས་ཟ་ནུས་པའི་བོང་སྟོབས་ཤིན་ཏུ་ཆེ་བ་ཞིག་ཡོད་དེ། ཁོས་དུག་ཅན་ཁ་ཆུ་རྒྱུན་ཆད་མེད་པར་སྐྱུགས་ཡོང་གི་ཡོད་པ་ལས་རོ་དྲི་ངན་པའི་འདམ་རྫབ་ཆགས་ཡོད་ལ། ཐ་ན་དེས་བཏང་བའི་དྲི་ངན་གྱིས་ལམ་ལ་རྒྱུ་བའི་བྱ་དང་རི་དྭགས་ཀྱང་ཤི་འགྲོ་ཡི་ཡོད་པར་བཤད། ཁོས་ད་དུང་“共工”ཞེས་པ་དང་འགྲོགས་ནས་ཆུ་ལོག་བཏང་ནས་འབངས་མིར་གནོད་འཚེ་གཏོང་གི་ཡོད་པས་ཡུད་ཀྱི་ཤང་ལེའུ་“相柳”ཚར་བཅད། འོན་ཀྱང་ཤང་ལེའུ་ཡི་ཁྲག་དང་ཆུ་སེར་ལ་དྲི་ངན་ཤིན་ཏུ་ཚབ་ཆེ་བས་དེ་རྒྱུགས་སར་འབྲུ་སྣ་ལྔ་རྩ་བ་ནས་མི་སྐྱེ་ལ། འཆི་ཁའི་ཁ་ཆུ་དེ་རྣམས་ཀྱིས་དུག་ཅན་འདམ་རྫབ་ཤིན་ཏུ་རྒྱ་ཆེ་བ་ཞིག་ཆགས་ཡོད་པས་ཡུད་ཀྱི་འདམ་རྫབ་དེ་རྣམས་ཐེངས་གསུམ་དུ་བསུབ་ཀྱང་ཐེངས་གསུམ་དུ་སླར་རྡིབ་སོང་བས་ཐབས་ལམ་གཞན་ཞིག་སྤྱད་ཡོད་པ་ནི། ཆུ་གཙང་མ་དེར་དྲངས་ནས་རྫིང་བུ་གཙང་མ་ཞིག་བསྐྱིལ་དུ་བཅུག་ལ། རྫིང་བུའི་འཁྲིས་སུ་ཕོ་བྲང་དང་བ་གམ་ཅན་གྱི་ཁང་བུ་རྣམས་བརྩེགས་པར་བྱས་པས་དེ་ཚོའི་མིང་ལ་ཡང་རྒྱལ་པོ་ཀུན་གྱི་མཆོད་སྟེགས་ཞེས་གྲགས་ཡོད།《山海经》ནང་དུ་ཡང་ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་སྐབས་སུ་མཁར་གྲུ་བཞི་སྐས་རིམ་བཞིན་བརྩེགས་པ་སྙུང་གཟུགས་ཀྱི་མཆོད་སྟེགས་བཞི་བཞེངས་ཡོད་པ་ཐེངས་མང་པོར་འཁོད་ཡོད །
༤ “积石山”༼ རྡོ་ཕུང་རི་བོ་ ༽དེར་ད་ལྟ་རྡོ་ཕུང་རི་ཆུང་ཟེར་གྱི་ཡོད་དེ། ༼ བཤད་སྲོལ་ཤིག་ལ་རྡོ་ཕུང་རི་ཆེན་ནི་ཨ་མྱེས་རྨ་ཆེན་ལ་གོ་ཞེས་ཟེར།༽དེང་སང་གི་ཀན་སུའུ་ཞིང་ཆེན་གྱི་ལིན་ཞཱ་རྡོ་ཕུང་རི་བོ་རྫོང་གི་འབུམ་གླིང་དགོན་པ་ཆགས་ས་དེ་ཡིན་ཅིང་ཆི་ལན་རི་རྒྱུད་ཀྱི་ཆ་ཤས་གཅིག་ཡིན་ལ་བྱང་སྣེ་དེ་རྨ་ཆུའི་ཆུ་ཁར་ཟུག་ཡོད། དེ་ནི་སྔར་ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་ཆུ་མགོ་ཡོད་ས་དེ་ཡིན་ལ། གནའ་རབས་ཀྱི་ལོ་རྒྱུས་ལྟར་ན་ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་སྐབས་ཀྱི་བཟོ་སྐྲུན་ཆེན་པོ་ཞིག་ནི་རྡོ་ཕུང་རི་བོ་དེ་བཟོས་པ་ཡིན་ཏེ།༼ཡུད་ཀྱིས་རྡོ་ཕུང་སྤུངས་པ་ལས་རིར་གྲུབ་པ་《禹贡》ཞེས་པར་གསལ། ༽ཕྱིས་སུ་མི་རྣམས་ཀྱིས་ཆུ་ལོག་འགོག་བྱེད་ཀྱི་རགས་བརྩིགས་པའི་རྡོ་ཡི་ཕུང་པོའམ་ལམ་ཁ་གཏོད་ཆེད་དུ་རྡོ་ཕུང་བརྩིགས་ནས་རྟགས་རྒྱབ་པར་ངོས་འཛིན་བྱེད་ཀྱི་ཡོད། ས་ཆ་དེ་གའི་ས་གནས་ལོ་རྒྱུས་འབྲི་མཁན་གྱིས་བཤད་པ་ལྟར་ན། རྡོ་ཕུང་རི་བོ་དེར་བགྲོད་པར་ལ་དགུ་བརྒལ་དགོས་ཀྱི་ཡོད་དེ། རྡོ་ཕུང་རི་བོའི་རི་གཤམ་དུ་འཁྱག་རོམ་གྱི་རྗེས་ཤུལ་ཡང་ཡོད་པར་འདུག་པས་ངའི་སེམས་ནང་ལ་གཡུང་དྲུང་དགུ་བརྩེགས་ཀྱི་རི་བོ་དང་རི་རྩེའི་ཆུ་ཤེལ་གྱི་ཏོག་ཆེན་པོ་ཞེས་པའང་ལམ་ལམ་དུ་འཁོར།
བོན་གྱི་ལོ་རྒྱུས་ནང་དུ་འཁོད་པ་ལྟར་ན་འོལ་མོ་ལུང་རིང་གི་མཐའ་ནི་རྒྱ་མཚོས་བསྐོར་ཞིང་དེ་ཡི་མཐའ་ནི་“དབལ་སོ་གངས་ཀྱི་ར་བ་”ཞེས་པས་བསྐོར་བ་ཞིག་ཡིན་ཅིང་། དེ་ནི་“གངས་རིའི་ར་བས་བསྐོར་བ་”ཞེས་བོད་པ་ཚོས་བོད་ལ་འབོད་པའི་མིང་དང་ཆ་འདྲ་བར་ཡོད། རྡོ་ཕུང་རི་བོ་རྫོང་ནི་མཚོ་བོད་མཐོ་སྒང་དང་རྒྱ་ནག་ནུབ་བྱང་རྒྱུད་ཀྱི་ས་སེར་མཐོ་སྒང་གཉིས་ཀྱི་འབྲེལ་མཚམས་ན་ཡོད་ཅིང་། ས་བབས་ཀྱང་ལྷོ་ནུབ་ནས་བྱང་ཤར་ལ་གསེག་མར་ཆགས་ཡོད་དེ། ལྷོ་ནུབ་ཕྱོགས་དེ་མཐོ་ཞིང་བྱང་ཤར་ཕྱོགས་དེ་དམའ་ལ་མཐོ་དམན་གྱི་ཁྱད་པར་ཆེ་ཙམ་ཡོད། རྫོང་དེའི་ནང་དུ་གནའ་ནས་ད་བར་གཙང་ཆུ་དང་རི་ཤུར་ཤིན་ཏུ་མང་བ་ཞིག་ཆགས་ཡོད་ཅིང་། དེའི་མཐའ་ནི་མཚོ་བོད་མཐོ་སྒང་གིས་བསྐོར་ནས་ཡོད་པ་དངོས་དོན་དང་མཚུངས་པར་ཡོད། རྡོ་ཕུང་རི་བོ་ནི་ཞཱ་རྒྱལ་རབས་ཀྱི་སྐབས་སུ་“གཡུང་ཀྲའུ”༼སྒྲ་གདངས་གཡུང་དྲུང་དང་ཆ་འདྲ་༽ཞེས་པའི་ས་ཁོངས་སུ་གཏོགས་ཤིང་། དེ་ནི་ཡུད་ཀྱིས་མངའ་ཁོངས་དབྱེ་འབྱེད་བྱས་པའི་གླིང་དགུའི་ཡ་གྱལ་གཅིག་ཡིན་ཏེ་རྒྱ་ནག་གི་ནུབ་བྱང་ཁོངས་གཏོགས་ཡིན་ལ་“གཡུང་ས་མཐོ་ཤོས་”སུ་གྱུར་ཡོད །
འབུམ་གླིང་དགོན་པ་ནི་རྨ་ཆུའི་བྱང་ཁའི་རྡོ་ཕུང་རི་ཆུང་གི་རི་རྩེ་མང་པོ་གནམ་ལ་ཟིང་བའི་ནང་དུ་གནས་ཡོད་ལ། དགོན་པ་དང་སྐུ་བརྙན་ཡོད་པའི་བྲག་ཕུག་རྣམས་ཀྱི་ངོས་གཅིག་ཆུ་ལ་གཏད་ལ། ངོས་གསུམ་རི་ཡིས་བསྐོར་ནས་ཡོད། འབུམ་གླིང་དགོན་པ་ཞེས་པའི་མིང་འདི་ནི་ཐོག་མར་རྒྱ་ནག་ཅིན་རྒྱལ་རབས་ཀྱི་སྔ་དུས་སུ་ཡོད་པའང་ཆང་གི་སྐད་དུ་“ཐང་སུ་དགུ་”(唐述谷)ཞེས་འབོད་ཀྱི་ཡོད་པའང་དོན་ནི་འདྲེ་ཡི་ལུང་ཤུར་ཞེས་པར་གོ། ཐང་རྒྱལ་རབས་ཀྱི་སྐབས་སུ་“龙兴寺”༼འབྲུག་རྒྱས་དགོན་༽ཞེས་འབོད་ལ། སུང་རྒྱལ་རབས་ལ་“灵岩寺”༼ལིང་ཡན་དགོན་༽ཞེས་འབོད། ཡོན་རྒྱལ་རབས་སྐབས་སུ་ཡང་“冰灵寺”༼ པིང་ལིང་དགོན་ ༽ཟེར། བོད་སྐད་ཀྱི་ནང་དུ་གྲངས་ཚད་འབུམ་ཕྲག་གཅིག་ལ་“炳”ཞེས་པ་“འབུམ་”དང་སངས་རྒྱས་བཞུགས་པའི་གནས་སུ་“གླིང་”“灵”༼སྒྲ་བསྒྱུར་༽ཞེས་འབོད་ཀྱི་ཡོད་པས། དེས་ན་“炳灵”ཞེས་པ་སངས་རྒྱས་འབུམ་བཞུགས་པའི་གླིང་“འབུམ་གླིང་”ཡིན་ནོ། །འོན་ཀྱང་རྒྱ་ཡིག་གི་ཡིག་ཆ་གཞིར་བཞག་ནས་ཞིབ་འཇུག་བྱེད་མཁན་མཁས་པ་ཁག་ཅིག་གིས་འབུམ་གླིང་དགོན་པའི་དོན་ནི་ལྷ་ཡི་དགོན་པ་ཞེས་པར་འགྲེལ་བཤད་བྱས་ཡོད་དེ །“唐述谷”༼ཐང་སུ་དགུ་༽ཞེས་པའི་ནང་གི་ཐང་སུ་“唐述”ནི་ཆང་གི་སྐད་བརྡའི་ནང་འདྲེ་ལ་གོ་དགོས་པར་འདུག འབུམ་གླིང་དགོན་པའི་བྲག་བརྐོས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་དེ་ནི་གོང་འཁོད་བོད་ཀྱི་བོད་ཡིག་དཔེ་ཆའི་ནང་དུ་ཀོང་ཙེ་འཕྲུལ་རྒྱལ་གྱིས་བཞེངས་པར་འཁོད་མོད། འོན་ཀྱང་དེང་སང་གི་ཡིག་ཆ་གཞན་པའི་ནང་ཐང་རྒྱལ་རབས་སྐབས་སུ་བཞེངས་པར་འཁོད་ཡོད་པས་དེ་སྐོར་མུ་མཐུད་རྩད་ཞིབ་གཏོང་དགོས་པར་མཐོང་།
གསུམ། 《山海经》༼ རི་མཚོའི་མདོ་ ༽དང་《山海图》༼ རི་མཚོའི་དཔེ་རིས་ ༽གཉིས་དང་འོལ་མོ་ལུང་རིང་གི་ས་ཕྱོགས་སྐོར་གྱི་བསམ་གཞིགས།
བོན་གྱི་《སྲིད་པའི་མདོ་》ཡི་ནང་དུ་ཡ་མཚན་ཆེ་ཞིང་དོན་དངོས་དང་མི་མཐུན་པའི་རྒྱལ་ཁབ་ཀྱི་མིང་མང་པོ་ཞིག་ཡོད་པ་༼གནའ་རབས་ཀྱི་ཡིག་རྙིང་འགའ་ཞིག་རྙེད་པ་ཕན་ཚུན་བསྡུར་བ་ལས་ཤེས་པ་ ༽དཔེར་ན་“སྣ་མེད་ངོ་ཆེན་” “ཀླད་དམར་སྐྲ་མེད་”“བྲང་མིག་ཅན་”“རྣ་ཆེན་ལུས་འགེབས་རྒྱལ་ཁབ་”སོགས་འཁོད་ཡོད་པ་ནི་དོན་ངོ་མ་ཇི་ལྟར་ཡིན་རུང་དེ་དག་གིས་འདས་པའི་ལོ་ངོ་མང་པོའི་སྔོན་དུ་བོན་གྱི་རྒྱལ་ཁབ་དག་མཚོན་ཡོད་པ་གོར་མ་ཆག སྟེས་དབང་ངམ་ཅི་ཡིན་གང་ལྟར་《山海经》ནང་གོང་འཁོད་རྒྱལ་ཁབ་ཀྱི་མིང་དེ་རྣམས་ཆ་མཚུངས་པར་འཁོད་ཡོད་པ་དཔེར་ན་“刑天”༼ ཞིང་ཐན་ ༽ཞེས་པ་ནི་བྲང་མིག་ཅན་གྱི་དོན་ཏེ་༼ ནུ་མ་གཉིས་མིག་ཡིན་ལ་ལྟེ་བ་ནི་ཁ་ཡིན། ༽“聂耳国”ཞེས་པ་ནི་རྣ་ཆེན་ལུས་འགེབས་ཀྱི་རྒྱལ་ཁབ་ཞེས་པའི་དོན་ལ་བབས་པ་སོགས་ཡིན།
རྒྱ་ནག་གི་གནའ་དཔེ་གྲགས་ཅན་《尚书》དང་《吕氏春秋》/《史记》སོགས་ཀྱི་ནང་འཁོད་པ་ལྟར་ན། ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་རྗེས་བློན་ཆེན་རྣམས་འཁྲིད་ནས་རི་ཀླུང་ཀུན་ཏུ་ཕྱིན་ནས་ཡུལ་སོ་སོའི་ཐོན་རྫས་དང་ཡུལ་སྲོལ་ཇི་ཡིན་སོགས་ལ་བརྟག་ཞིབ་བགྱིས་ནས། མཐའ་སྡོམས་སུ་སྐབས་དེ་དུས་ལ་རྩིས་ན་ཤིན་ཏུ་ནས་ཚད་དང་ལྡན་པའི་“རྒྱལ་ཁབ་ཀྱི་ས་གཤིས་དང་ཐོན་རྫས་ཇི་ཡོད་མཚོན་པའི་དཔེ་རིས་”ཤིག་བྲིས་བཀོད་བྱས་ཡོད་ཅིང་། དེའི་ནང་དུ་རྒྱ་ནག་དེ་གླིང་དགུ་རུ་ཕྱེ་ཡོད། ང་ཚོས་ད་ལྟ་མཐོང་ཐུབ་པའི་《山海经》ནང་གི་《山经》༼ རི་མདོ་ ༽ཞེས་པ་དེ་ནི་ཏཱ་ཡུད་ཀྱིས་བརྟག་ཞིབ་བྱས་པའི་འབྲས་བུ་ཡིན། བཤད་རྒྱུན་ལྟར་ན་《山海经》དང་དུས་མཉམ་དུ་ཐོན་པའི་དཔེ་ཆ་ཞིག་ཡོད་པ་ནི་《山海图》༼ རི་མཚོའི་དཔེ་རིས་ ༽ཞེས་པ་དེ་ཡོད་ཅིང་། 《山海经》ཞེས་པ་ནི་《山海图》ཡི་དཔེ་རིས་རྣམས་ཀྱི་གསལ་བཤད་ཡི་གེ་ཡིན། 《山海图》༼ རི་མཚོའི་དཔེ་རིས་ ༽དེ་རྣམས་སྔར་ཁྲོ་ཆེན་དགུ་ཡི་སྟེང་དུ་ལུག་བརྒྱབ་ནས་རི་མོར་བཀོད་ཡོད་དེ་རྒྱ་ནག་གི་ཁྲུན་ཆིའུ་ཀྲན་གོའི་རྒྱལ་རབས་ཀྱི་སྐབས་སུ་དམག་འཁྲུག་གོད་ཆག་ཟམ་མི་ཆད་པར་ལྷག་པའི་སྐབས་སུ་ཁྲོ་ཆེན་དགུ་པོ་རྣམས་ཀྱང་རྩ་བརླག་ཏུ་ཕྱིན་ཟིན་པས། 《山海图》ཡང་འཇིག་རྟེན་འདི་ནས་མི་མངོན་པའི་དབྱིངས་སུ་ཐིམ་པར་ཟད།
དེང་སང་གི་དཔེ་རྒྱུན་ལྟར་གྱི་《山海经》ལ་པོད་བཅོ་བརྒྱད་ཡོད་ཅིང་། དེ་རྣམས་ནི་《ལྷོ་རིའི་མདོ་》དང་《ནུབ་རིའི་མདོ་》《བྱང་རིའི་མདོ་》《ཤར་རིའི་མདོ་》《དབུས་རིའི་མདོ་》བཅས་《རི་མདོ་སྡེ་ལྔ་》ཡོད་པ་ལ་བསྡུས་མིང་དུ་《山经》༼ རི་མདོ་ ༽ཞེས་འབོད། ད་དུང་རྒྱ་མཚོ་ཕ་རོལ་གྱི་ཤར་ལྷོ་ནུབ་བྱང་གི་མདོ་སོ་སོར་པོད་རེ་དང་། རྒྱ་མཚོའི་ཚུར་རོལ་གྱི་ཤར་ལྷོ་ནུབ་བྱང་གི་མདོ་སོ་སོར་པོད་རེ། ཐང་ཆེན་ཤར་ལྷོ་ནུབ་བྱང་གི་མདོ་པོད་རེ་རེ། རྒྱ་མཚོའི་ཚུར་རོལ་གྱི་མདོ་པོད་གཅིག་བཅས་ཁྱོན་པོད་༡༣་ཡོད་པར་སྤྱི་མིང་ལ་《海经》༼མཚོ་མདོ་༽ཞེས་འབོད།《山经》ཡི་ནང་དུ་རི་ཀླུང་གི་ཐོན་རྫས་དང་ལྷ་འདྲེ་གསོལ་མཆོད་སྐོར་འཁོད་ཡོད་ཅིང་། རི་རྒྱུད་༢༦དང་རི་བོ་༤༤༧བཤད་ཡོད་པ་ལས་དེའི་ནང་ངོས་སུ་ཁ་ཕྱོགས་གནས་ཡུལ་བསྟན་པའི་རི་བོ་༡༤༠ཙམ་ཡོད་པ་ནི་《山海经》ནང་འཁོད་རིན་ཐང་ཆེ་ཤོས་ཀྱི་ཆ་ཤས་གཅིག་ཡིན་པར་མི་རབས་རིམ་བྱུང་གི་མཁས་པ་ཀུན་གྱིས་གཙིགས་སུ་འཛིན་གྱི་ཡོད། ད་དུང་ཆུ་ཆེན་ཆུ་ཕྲན་དང་བཅས་པ་༢༥༨དང་། ས་སྣེ་༣༤༨དང་། གཏེར་ཁ་ཡོད་ས་༦༧༣། སྐྱེས་དངོས་༥༢༥། སྲོག་ཆགས་༤༧༣སོགས་ཁྱོན་བསྡོམས་ས་ཁྱོན་སྤྱི་ལེ་བྱེ་བ་བརྒལ་བའི་གནས་ཚུལ་བསྟན་ཡོད་པ་ནི། འཛམ་བུའི་གླིང་འདིར་ཆེས་སྔ་ཤོས་ཀྱི་འགྲོ་བ་མི་ཡིས་ས་གཤིས་བརྟག་ཞིབ་བགྱིས་པའི་ལག་རྗེས་ཞིག་ཡིན་པར་ངེས། གནས་ཚུལ་འདི་དག་ལས་ང་ཚོས་བསམ་གཞིགས་བྱེད་སྲིད་པ་ནི་བོན་གྱི་གསུང་རབ་ནང་འཁོད་པའི་འཛམ་གླིང་འདི་ཡི་ལོ་རྒྱུས་ཐོག་སྔར་རྒྱལ་ཁབ་བམ་ས་ཁུལ་ཆེན་པོ་༡༨ཀྱིས་གྲུབ་པར་འཁོད་པའང་༼《山海经》ལ་པོར་༡༨་ཡོད་པ་ ༽དང་། བོད་ནི་ལྷོ་འཛམ་བུ་གླིང་གི་ལྟེ་བར་གསུངས་པའི་ཚུལ་དང་། ལྷག་པར་ཏུ་བོན་གྱི་གསུང་རབ་ནང་དུ་འཁོད་པའི་འོལ་མོ་ལུང་རིང་གི་གནས་ཀྱི་ཆགས་དབྱིབས་དང་རྒྱ་མཚོའི་སྐོར། ཡ་མཚན་ཅན་གྱི་སྲོག་ཆགས་སྣ་ཚོགས། གཏེར་དང་ནོར་བུ་སོགས་ཇི་ཡོད་སོགས་《山海经》དང་ཤིན་ཏུ་ཆ་འདྲ་བར་མཐོང་བས་ངེད་ཚོར་རང་བཞིན་གྱིས་མནོ་བསམ་ཞིག་གཏོང་དགོས་པ་ཆགས་ཀྱི་ཡོད་དེ། འོལ་མོ་ལུང་རིང་ནི་སྔར་རྩ་བརླག་སོང་བའི་《山海图》༼རི་མཚོའི་དཔེ་རིས་ ༽ནང་འཁོད་པ་ཞིག་ཨེ་ཡིན། གང་ལྟར་《山海经》ཡིས་ང་ཚོར་ཞིབ་འཇུག་བྱེད་རྒྱུའི་ཁ་ཕྱོགས་ཡོངས་སུ་གསར་པ་ཞིག་བསྟན་ཡོད་པ་ནི་གོར་མ་ཆག
བཞི་པ། རྒྱ་ནག་གི་སངས་རྒྱས་ཆོས་ལུགས་ཀྱི་འབྱུང་ཁུངས་དང་འོལ་མོ་ལུང་རིང་སྐོར་གྱི་དྲན་འཆར།
ཏའོ་ཅའོ་ཆོས་ལུགས་དང་《文昌帝君阴骘文》༼ ཝུན་ཁྲང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་༽ནང་འཁོད་པ་ལྟར་ན། ཤིའི་ཀྲའུ་དུས་རབས་༼སྤྱི་ལོའི་སྔོན་གྱི་༡༠༤༦ལོ་ནས་སྤྱི་ལོ་སྔོན་གྱི་༧༧༡ལོ་བར་༽སངས་རྒྱས་པའི་བསྟན་པ་དར་ཟིན་པར་བཤད་ཡོད་པ་ནི། ད་ལྟ་ཡོངས་གྲགས་སུ་རྒྱལ་བ་ཤཱཀྱ་མུ་ནི་༼སྤྱི་ལོའི་སྔོན་གྱི་ལོ་༥༦༥ནས་སྤྱི་ལོ་སྔོན་གྱི་༤༨༦ལོ་བར་༽ཞལ་བཞུགས་པར་བཤད་པ་དང་མི་མཐུན་པ་ཞིག་ཡིན།
བན་དེའི་བསྟན་པ་རྒྱ་ནག་ཏུ་དར་བའི་དུས་ཚོད་སྔ་ཤོས་ནི་ལོ་རྒྱུས་སྨྲ་བ་པོ་ཚོས་ཤིའི་ཧའན་རྒྱལ་རབས་ཀྱི་དུས་མཇུག་༼སྤྱི་ལོའི་སྔོན་གྱི་ལོ་གཉིས་༽ལ་“月氏”༼བསྒྱུར་མཆན། བོད་ཡིག་ལ་ཐོ་གར་དང་བྲུ་ཤ་སོགས་གང་ཡིན་རྩད་དགོས་ཀྱང་དུས་ཚོད་མེད་པས་དགོངས་དག་ཞུ་རྒྱུ་ལས་འོས་མ་མཆིས།༽ རྒྱལ་ཁབ་བརྒྱུད་ནས་དར་བར་བཤད་ལ། “月氏”རྒྱལ་ཁབ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་༡༦ཙམ་ལ་རྒྱ་ནག་གི་བྱང་ཤར་གྱི་ཏུན་ཧོང་དང་ཆི་ལན་རི་རྒྱུད་དུ་འཚོ་བའི་སྟོབས་ཤུགས་ཤིན་ཏུ་ཆེ་བའི་གྲངས་ཉུང་མི་རིགས་ཤིག་ཡིན་་ཅིང་། སྤྱི་ལོའི་དུས་རབས་གཉིས་པ་ཙམ་ལ་ཨེ་ཤེ་ཡ་དཀྱིལ་མའི་ཕྱོགས་སུ་སྐྱས་སྤོས་ཆེན་པོ་བྱས་པ་བཤད། “月氏”ཡིས་རྒྱ་ནག་བྱང་ཤར་གྱི་ཏུན་ཧོང་ཕྱོགས་སུ་ཡུལ་མི་ཉུང་ཤས་ཤིག་སྐྱས་སྤོས་མ་ཐུབ་པར་སྔར་གཞིས་སུ་ལུས་ཡོད་པ་རྣམས་ཕྱིས་སུ་ཆི་ལན་རི་རྒྱུད་ཀྱི་ཆང་རིགས་དང་འདྲེས་པ་ལས་མིང་དུ་“月氏”ཆུང་ངུ་ཞེས་འབོད། དེ་ཡང་“月氏”རྒྱལ་པོའི་བློན་པོ་“伊存”ཞེས་པ་རྒྱ་ནག་རྒྱལ་པོའི་ཕོ་བྲང་ཡོད་ས་ཁྲང་ཨན་དུ་འབྱོར་བ་ལས་《浮屠经》༼སངས་རྒྱས་ཀྱི་མདོ་༽༼རྒྱ་ནག་གི་སངས་རྒྱས་པའི་མདོ་རྒྱ་ཡིག་ཏུ་བསྒྱུར་བ་ཐོག་མ་དེ་ཡིན༽ངག་འདོན་བྱས་པར་གྲགས་ཅིང་།༼“浮屠”ཞེས་པ་ལེགས་སྦྱར་གྱི་“བུདྡྷ”དང་དོན་གཅིག་ཡིན་ཅིང་རྒྱ་ནག་སྐད་དུ་ཟུར་ཆག་པའི་སྒྲ་ཞིག་ཡིན་པས་《སངས་རྒྱས་ཀྱི་མདོ་》དེ་ཡང་སྙིང་མདོ་གང་ཡིན་གསལ་བསྟན་བྱས་མེད།༽《浮屠》ནང་དུ་རྒྱལ་བ་ཤཱཀྱ་མུ་ནེའི་མཚན་དཔེ་བརྗོད་པའི་སྐབས་སུ་“དབུ་སྐྲ་མཐིང་མདོག་”དང་“བྲང་ཁར་སྤུ་མཐིང་ཀ་འཁྱིལ་བ། ” “ཕྱག་སེན་ཟངས་ཀྱི་མདོག་ཅན།” “དབུ་ལ་ཐོར་ཅོག་ཡོད་པ་”ལ་སོགས་འཁོད་ཡོད་དེ། འོན་ཀྱང་ཕྱིས་ཀྱི་ནང་པའི་མདོ་དངོས་ནང་སྟོན་པའི་མཚན་དཔེར་“བྲང་ལ་སྤུ་མཐིལ་ཀ་འཁྱིལ་བ་”དང་“ཟངས་ཀྱི་མདོག་ཅན་”སོགས་མེད་པས་སྐྱེ་བོ་ལ་ལས་《浮屠经》ནང་བཤད་པ་ནི་རྒྱ་ནག་གི་“老子”༼ལའོ་ཙེ་༽དང་ཧ་ལམ་མཐུན་པར་མཐོང་ཞིང་། ཐ་ན་ལ་ལས་ཚོད་དཔག་བྱས་ནས་བཤད་པ་ལྟར་ན། རྒྱ་ནག་གི་དམ་པའི་སྐྱེས་བུ་ལའོ་ཙེ་ཡིས་རྒྱ་ནག་གི་ནུབ་ཕྱོགས་ན་ཡོད་པའི་ཧཱ་དགུ་ཀོན་གྱི་འགག་སྒོ་བརྒྱུད་ནས་ནུབ་ཕྱོགས་དང་ཁྱད་པར་ཕྱིས་སུ་རྒྱ་གར་དུ་ཡང་ཕེབས་ནས་དེ་གའི་འགྲོ་དོན་མཛད་ཡོད་དེ། “浮屠”༼ སངས་རྒྱས་༽ནི་ལའོ་ཙེའི་མདུན་དུ་སློབ་གཉེར་ལ་ཞུགས་མྱོང་བའི་དགེ་ཕྲུག་གཅིག་ཡིན་པར་བཤད། དེ་ལྟའི་བཤད་སྟངས་དེ་ནི་དུས་ཕྱིས་ཏཱའོ་ཅའོ་ཆོས་ལུགས་དང་ནང་པ་སངས་རྒྱས་པའི་ཆོས་ལུགས་གཉིས་ཕན་ཚུན་རྩོད་པའི་སྐབས་སུ་འགལ་རྐྱེན་གཙོ་བོ་དེར་གྱུར་ཡོད།
༣ ཏུང་ཧོང་གི་ཡིག་ཆའི་ནང་དུ་སྟོན་པ་གཤེན་རབ་མི་བོ་ཆེ་ཡི་མཚན་དེ་མཆོད་པའི་ཆོ་ག་དང་སྦྲེལ་ནས་ཉུང་མཐར་ཡང་ཐེངས་ལྔ་ཙམ་འཁོད་ཡོད་ཅིང་། ཏུན་ཧོང་གནས་ཡུལ་དེ་ནི་ཏག་ཏག་དེ་སྔ་ལོ་རྒྱུས་ཐོག་“月氏”༼ཐོ་གར་༽གྱི་བཟུང་མྱོང་བའི་ས་ཡིན་ཏེ། ང་ཚོས་བསམ་གཞིགས་ཤིག་བྱེད་དགོས་པ་ཞིག་ནི་སྐབས་དེར་“月氏”དང་“匈奴”གཉིས་འཐབ་པ་ལས་“大月氏”ཆེ་བ་ནི་ཨེ་ཤ་ཡ་དཀྱིལ་མའི་ཕྱོགས་༼དེང་གི་ཨ་ཧྥུ་གྷན་སི་ཐན་གྱི་བྱང་ཕྱོགས་༽སུ་གནས་སྤོས་བྱེད་དགོས་པར་གྱུར་ཅིང་། ཉུང་ཤས་གཞིས་ལུས་སུ་གྱུར་པ་རྣམས་ཆི་ལན་རི་རྒྱུད་དུ་ཆང་རིགས་དང་འདྲེས་པ་“月氏”ཆུང་པ་ཞེས་ཆགས་པ་དེས་ཁོང་ཚོའི་རིག་གཞུང་དང་ཆོས་ལུཌ་རྒྱུན་མཐུན་བྱེད་སྲིད་པ་ཡིན། དེར་བརྟེན་མ་གཞི་མཁས་པ་ཚོས་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་ནི་“月氏”རིགས་ཀྱིས་ཨེ་ཤི་ཡའི་དཀྱིལ་མའི་ཡུལ་ནས་སྦྱངས་ཤིང་རྒྱ་ནག་ཏུ་སྤེལ་བར་འདོད་ཀྱི་ཡོད་དེ། འོན་ཀྱང་ང་ཚོས་ལྟ་ཚུལ་གཞན་ཞིག་འདོན་ཆོག་པ་ནི་“月氏”ཡིས་གནའ་དུས་ནས་མཚོ་བོད་མཐོ་སྒང་དེར་བོན་གྱི་བསྟན་པར་དད་མོས་བྱེད་ཀྱི་ཡོད་པར་ཆ་འཇོག་བྱས་ཆོག༼མིག་སྔའི་བར་རྒྱ་ནག་གི་མཁས་པ་ཚོས་“月氏”ནུབ་སྤོས་སྔོན་གྱི་གཞིས་སྡོད་སྐབས་ཀྱི་ཆོས་དད་སྐོར་ལ་ཞིབ་འཇུག་བྱས་འབྲས་གཏན་ངེས་པ་ཞིག་ཐོན་མེད།༽དེ་ལྟར་ན་“月氏”རིགས་ཀྱི་དད་པ་བྱེད་པའི་བོན་གྱི་བསྟན་པ་དེ་ཁོང་ཚོའི་སྐྱ་སྤོས་དང་སྦྲགས་ནས་ཨེ་ཤི་ཡའི་དཀྱིལ་མའི་ཡུལ་དུ་འཁྱེར་སྲིད་ལ། ཡང་ཁོང་ཚོས་ཡུལ་དེ་གའི་ཆོས་ལུགས་དང་རིག་གཞུང་སྣ་ཚོགས་ཤིག་དང་ཕན་ཚུན་ཐུག་འབྲེལ་བྱུང་བ་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། སླར་རྒྱ་ནག་ཏུ་ཚུར་སྤེལ་བ་ཡང་སྲིད་པ་ཡིན། ཁྱད་པར་དུ་གཞིས་ལུས་“月氏”རྣམས་ཀྱིས་རང་རང་གི་ཕ་མེས་ནས་ཆགས་ཟིན་པའི་བོན་གྱི་བསྟན་པ་དེ་མུ་མཐུད་མཚོ་བོད་མཐོ་སྒང་དེར་རྒྱུན་མཐུད་ནས་དད་མོས་བྱེད་ཅིང་གནས་པ་ནི་དེ་བས་སྲིད་པ་ཞིག་ཡིན། དེ་སྐོར་ང་ཚོས་མུ་མཐུད་ཞིབ་དཔྱད་དགོས་ངེས་ཤིག་ཏུ་མཐོང་།
བོད་རིགས་ཞིབ་འཇུག་པ་ལུང་ཤིའི་ཅང་༼བོད་མིང་ཅི་༽གིས་ཁོང་གི་དཔྱད་རྩོམ་《རྒྱ་བོད་མི་རིགས་ཀྱི་ཐུན་མོང་བའི་འབྱུང་ཁུངས་——མཚོ་བོད་མཐོ་སྒང་སྟེང་གི་གནའ་བོའི་བོད་མི་རིགས་ཏེ་ཞང་ཞུང་༼གནའ་བོའི་ཙི་ན་༽དང་ནུབ་ཀྱི་མ་རྒྱུད་རྒྱལ་ཁབ་ཀྱི་“嘉(夏)”ཚོ་པ་དང་། རྒྱ་ནག་དབུས་ཀྱི་ཤཱ་(夏)རྒྱལ་རབས་དབར་གྱི་གཉེན་ཉེའི་འབྲེལ་བའི་སྐོར་གྱི་འདོད་ཚུལ་ལ་སླར་ཡང་དཔྱད་པ་》༼《བོད་ལྗོངས་ཞིབ་འཇུག》༢༠༠༤ལོའི་དེབ་དང་པོ་ ༽ཞེས་པའི་དཔྱད་རྩོམ་དེའི་ནང་དུ་གླེང་བ་ལྟར་ན། བོད་ཀྱི་གནའ་བོའི་ཞང་ཞུང་དང་སུམ་པ་མ་རྒྱུད་ཀྱི་རྒྱལ་ཁབ་སོགས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་༡༠པ་ནས་སྤྱི་ལོའི་སྔོན་གྱི་དུས་རབས་༦པའི་བར་ད་ལྟའི་མཚོ་སྔོན་ཞིང་ཆེན་ནམ་རྒྱ་བོད་གཉིས་ཀྱི་སོ་མཚམས་ས་ཁུལ་དག་ནས་རིམ་གྱིས་བོད་ཀྱི་ནང་དུ་སྤོས་ཡོད། ངས་བལྟས་ན་དེ་ནི་ལོ་རྒྱུས་དང་མཐུན་པའི་དཔྱད་གཏམ་ཞིག་ཏུ་མཐོང་ལ། ཁོང་གིས་ཞང་ཞུང་ནི་ཐོག་མར་དེང་སང་གི་ཀན་སུའུ་དང་མཚོ་སྔོན་གྱི་དབར་ན་ཆགས་ཡོད་པ་ལས་རིམ་གྱིས་བོད་ཀྱི་ནུབ་ཕྱོགས་གངས་ཏི་སིའི་ཕྱོགས་སུ་སྤོས་པར་བཤད་པ་ནི་རྩོམ་ཡིག་འདི་ཡི་གླེང་བྱ་དང་མཐུན་གྱི་ཡོད་དེ།“ཀོང་ཙེ་འཕྲུལ་རྒྱལ”དང་“དཀར་ནག་བཀྲ་གསལ་”གཉིས་ཀྱང་ས་གནས་དེ་ག་རང་གི་རྡོ་ཕུང་རི་ཆུང་ནས་བྱུང་བ་ཡིན་ཅིང་། བོན་གྱི་ལོ་རྒྱུས་ལས་གསུངས་པའི་གཤེན་རབ་མི་བོ་ཆེ་ཡི་སློབ་མ་ཡང་གནས་དེ་རང་དུ་བྱུང་ཞིང་སྟོན་པ་དེས་བསྟན་གྱི་བོན་གྱི་བསྟན་པ་ཁག་ཅིག་ཕྱོགས་སྒྲིག་བྱས་ནས་དར་སྤེལ་དུ་བཏང་ཡོད།“འོལ་མོ་ལུང་རིང་”གི་སྐོར་ལ་རྒྱ་ནག་གི་གནའ་རབས་ཀྱི་ལོ་རྒྱུས་ནང་དུ་གདོད་མའི་ལྷ་རི་“ཁུན་ལུན་”རི་བོ་འཚོལ་བའི་ལོ་རྒྱུས་ཡིག་རིགས་ནང་དུ་ཨ་མྱེས་རྨ་ཆེན་དང་ཆི་ལན་རི་བོ་གཉིས་ཀར་དེ་སྔ་དམིགས་བསལ་གྱི་མིང་ཞིག་ཡོད་མྱོང་བ་ནི་“闷墨黎”༼《སྡོད་མི་བཟོད་པའི་ཁུ་ལུན་རི་བོ་》ཞེས་པ་ལྟར་ན་༽ཞེས་པ་ཞིག་བྱུང་ཡོད་པ་ནི་“འོལ་མོ་ལུང་རིང་”དང་སྒྲ་གདངས་ཤིན་ཏུ་ཉེ་བར་སྣང་། ད་དུང་ཡིག་ཆ་མང་པོར་ཁ་མཐུན་པ་རྣམས་ཀྱིས་བདེན་ར་ཞིག་སྤྲད་པ་ནི། རྒྱ་ནག་གི་གནའ་བོའི་དུས་མཆོད་བསྟོད་ཀྱི་ཡུལ་དུ་གྱུར་པའི་“ཁུན་ལུན་རི་བོ་”དང་“འོལ་མོ་ལུང་རིང་”གཉིས་ནི་གཞི་གཅིག་ལ་གོ་དགོས་པར་མཐོང་སྟེ། ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་ཟིན་པའི་རྗེས་སུ་གྲུབ་པའི་དཔེ་ཆ་《禹贡》ནང་དུ་འཁོད་པ་ལྟར་ན་“གཡུང་ཀྲའུ་”༼གཡུང་གླིང་ཏེ་དེང་སང་གི་ཧྲན་ཤི་ཞིང་ཆེན་གྱི་བྱང་ངོས་དང་ཀན་སུའུ་ཞིང་ཆེན་གྱི་ཤར་ལྷོ་ཕུད་པའི་ས་ཁོངས། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་བྱང་ཤར་ཁུལ་དང་ཉིང་ཞཱ་ཁུལ་དུའོ།༽ ཁུལ་གྱི་“织皮”༼ཨ་མྱེ་རྨ་ཆེན་གྱི་བྱང་ངོས་༽འབངས་མི་རྣམས་“ཁུན་ལུན་昆仑”དང་“析支”༼ཨ་མྱེས་རྨ་ཆེན་ནས་ཆབ་ཆ་བར་ ༽“渠”“搜”བཅས་རྒྱལ་ཁབ་བཞི་ཏེ་ནུབ་ཀྱི་ཕྱོགས་སྐྱོང་རྒྱལ་ཁབ་ཀུན་བདེ་ཞིང་བཀའ་ཉན་པར་ཡོད། ཅེས་པ་སོགས་ལས་ང་ཚོས་ཤེས་ཐུབ་པ་ནི་“ཁུན་ལུན་”ནམ་“འོལ་མོ་ལུང་རིང་”ནི་ཨ་མྱེས་རྨ་ཆེན་ནས་ཆོ་ལན་རི་བོ་བར་གྱི་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གྱི་ནང་ཁོངས་སུ་ཆགས་ཡོད་པ་རེད།
ལྔ། འོལ་མོ་ལུང་རིང་དེ་ཏ་ཟིག་ཏུ་ཡོད་པར་བཞེད་པའི་སྐོར་གྱི་བསམ་གཞིགས།
ཏ་ཟིག་ནི་པར་སིག་གི་སྐད་དོད་ཡིན་ཏེ་ཐོག་མར་ཏ་ཟིག་ཞེས་པ་ཨི་རང་གི་ཚོ་པ་གཅིག་གི་མིང་ཡིན་མོད། རྒྱ་ནག་གི་ཐང་རྒྱལ་རབས་དང་སུང་རྒྱལ་རབས་སྐབས་སུ་དེ་ནི་ཨ་རབ་ཀྱི་མི་དང་ཨ་རབ་ཀྱི་བཙན་པོའི་རྒྱལ་ཁབ་ལ་ཆེད་དུ་འབོད་པའི་མིང་དང་། ཨི་རང་ཁུལ་གྱི་མུ་སེ་ལིན་ཚང་མར་གོ་བའི་སྤྱི་མིང་ཞིག་ཡིན། སྤྱི་ལོའི་དུས་རབས་བདུན་པའི་དུས་དཀྱིལ་ནས་བཟུང་ཐང་རྒྱལ་རབས་ཀྱི་ཡིག་ཆའི་ནང་ཨ་རབ་ཀྱི་མི་རྣམས་ལ་ཏ་ཟིག་དང་“ཏོ་ཧྲེ་”ཞེས་འཁོད་ཡོད་ཅིང་།
སྤྱི་ལོའི་དུས་རབས་བཅུ་པའི་དུས་དཀྱིལ་ནས་བཟུང་སུང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཆའི་ནང་དུའང་ཏ་ཟིག་ཅེས་བྲིས་ཡོད། ཏ་ཟིག་ནི་སྤྱི་ལོའི་དུས་རབས་བདུན་པར་དར་འཕེལ་བྱུང་ཞིང་། ས་ཧྲན་པར་སིག་རྒྱལ་ཁབ་ཉམས་རྒུད་དུ་ཕྱིན་པའི་བརྒྱུད་རིམ་དང་བསྟུན་ནས་ཏ་ཟིག་བཙན་པོའི་རྒྱལ་ཁབ་ནི་ཆེན་པོ་ཐང་རྒྱལ་གྱི་ནུབ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཆེན་པོ་ཞིག་ཏུ་གྱུར་ཅིང་། ཐང་དང་འབྲེལ་རྒྱུན་བཟང་པོ་རྒྱུན་འཁྱོངས་བྱས་ཡོད་ལ། ཏ་ཟིག་དང་རྒྱ་ནག་སོགས་ཤར་ཕྱོགས་རྒྱལ་ཁབ་ཁག་དབར་ལ་ཚོང་ལས་ཀྱི་འབྲེས་བ་དམ་ཟབ་ཏུ་ཕྱིན་ཡོད། ཏ་ཟིག་གི་ཤར་ཕྱོགས་འབྲེལ་རྒྱུན་ཇེ་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་མུ་སེ་ལེམ་གྱི་ཆོས་ལུགས་ཀྱང་ཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱ་ནག་ལ་དར་ཞིང་། རིམ་གྱིས་རྒྱ་ནག་གི་མི་རིགས་མང་པོས་ཀྱང་དད་མོས་བྱེད་པའི་ཆོས་ལུགས་ཤིག་ཏུ་གྱུར། འབུམ་གླིང་དགོན་ཡོད་སའི་རྡོ་ཕུང་རི་བོ་རྫོང་ནི་གནའ་དུས་ནས་བཟུང་མི་རིགས་མང་པོ་འདུས་སྡོད་བྱེད་པའི་ས་ཆ་ཞིག་ཡིན་ཏེ་ཁུལ་དེར་སྔ་ཕྱིར་ཆང་རིགས་༼ཆང་རིགས་ནི་དེ་སྔ་རྫོང་དེའི་ཁུལ་དུ་འཚོ་གནས་བྱེད་ཀྱི་ཡོད་ཅིང་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་༣༠༠༠ནས་སྤྱི་ལོའི་སྔོན་གྱི་ལོ་༢༥༠༠ཙམ་གྱི་སྐབས་ཆང་རིགས་དང་། ལི་དགུ་“九黎”དང་། མེའོ་གསུམ་“三苗”། དབྱི་མི་“夷人”བཅས་ཀྱིས་གདོད་མའི་གཏམ་རྒྱུད་དུས་རབས་ཀྱི་རྒྱ་ནག་གི་ལོ་རྒྱུས་ཀྱི་གཙོ་གནད་བཟུང་ཡོད་ལ།《史记》ནང་དུ་ཏཱ་ཡུད་ནི་ནུབ་ཆང་ནས་བྱུང་བའི་མི་ཡིན་པ་དང་ཆང་རིགས་ཀྱང་ཏཱ་ཡུད་ཀྱིས་ཆུ་ལོག་བཅོས་པའི་ལས་གྲྭར་ཞུགས་མྱོང་ཡོད་པར་བཤད་ལ། ཞཱ་ཧྲང་ཀྲའུ་“夏商周”གསུམ་གྱི་རྒྱལ་རབས་སྐབས་སུ་ཆང་མི་ཡིས་ཁུལ་དེར་བྱ་བ་མང་པོ་སྤེལ་ཡོད་པར་འཁོད་ཡོད་པ་༽དང་། རྒྱ་རིགས་དང་། ཤུང་ནུ་རིགས། ཤོན་པེ་རིགས། གྲུ་གུ་རིགས། བོད་རིགས་སོགས་བྱུང་ཡོད་ཅིང་། ཡོན་དང་མིང་རྒྱལ་རབས་ཀྱི་རྗེས་ནས་ཁུལ་དེའི་མི་རིགས་རྣམས་ཀྱིས་ཧུའེ་རིགས་དང་། རྒྱ་རིགས་དང་། པའོ་ཨན་རིགས། ཏུང་ཤང་རིགས། ས་ལ་རིགས། ཧོར་རིགས་སོགས་མི་རིགས་སྣ་ཚོགས་འདྲེས་མར་སྡོད་པའི་རྣམ་པ་ཅན་ལ་གྱུར་ཡོད།
མིག་སྔའི་ཀན་སུའུ་ཞིང་ཆེན་ལིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་ནི་ཞཱ་ཧྲང་ཀྲའུ་“夏商周”རྒྱལ་རབས་སྐབས་སུ་“གཡུང་ཀྲའུ”ཞེས་པའི་གླིང་གི་ནང་ཁོངས་ཡིན་ཅིང་། ལོ་ངོ་༡༦༠༠ལྷག་ཙམ་སྔོན་གྱི་ཏུང་ཅིན་གྱི་དུས་སྐབས་སུ་“ཧི་ཀྲའུ་河州”༼ ཆུ་གླིང་༽ཞེས་པ་ཏེ་བོད་ཡིག་ལ་“ཀ་ཆུ་”ཞེས་པ་དེར་མིང་བསྒྱུར་བྱས་ཡོད། ཧི་ཀྲའུ་ཁུལ་གྱི་ཧུའེ་རིགས་རིག་གནས་ཀྱི་འབྱུང་ཁུངས་ནི་ཁོང་ཚོའི་གནའ་བོའི་ཕ་མེས་ཀྱིས་རྒྱ་ནག་ལ་སྤེལ་ཡོང་བའི་མུ་སེ་ལེན་གྱི་རིག་གཞུང་དག་ཡིན་ཏེ། དེ་ཡང་ཚོང་ལས་སོགས་ཀྱི་འགྲོ་འོང་ལ་བརྟེན་ནས་རིག་གནས་བརྒྱུད་སྤེལ་བྱུང་བ་ཞིག་ཡིན། སྐབས་དེ་དུས་ཀྱི་ལོ་རྒྱུས་ནི་སྤྱི་ལོའི་དུས་རབས་དྲུག་པ་ནས་བཟུང་བའི་ཐང་དང་སུང་རྒྱལ་རབས་ནས་འགོ་ཚུགས་ཏེ་ཡོན་རྒྱལ་རབས་བར་རྒྱུན་མཐུད་ཡོད་ཅིང་། དེས་དར་གོས་བཤུལ་ལམ་གྱི་སྟེང་དུ་གལ་ཆེའི་གནས་བབས་བཟུང་མྱོང་ཡོད། ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་ནས་བཟུང་ས་ཆ་དེ་སྐད་གྲགས་ཤིན་ཏུ་ཆེ་བ་ཞིག་ཏུ་གྱུར་ཡོད་དེ། སྤྱི་ལོ་༡༨༦༢---༡༨༧༣ལོ་བར་རྒྱ་ནག་ནུབ་བྱང་གི་ས་ཁུལ་གཞི་རྒྱ་ཆེན་པོ་ཞིག་ལ་ཧུའེ་རིགས་ཀྱི་ཆིང་རྒྱལ་རབས་ལ་ངོ་རྒོལ་བྱེད་པའི་གྱེན་ལོག་དམག་ལངས་ཤིང་། རྒྱ་རིགས་དང་ཧུའེ་རིགས་གཉིས་དབར་ལ་སྔར་བྱུང་མ་མྱོང་བའི་ཕན་ཚུན་སྡུག་གསོད་གཏོང་བའི་སྐྱོ་གར་ཞིག་ལྷག་ཡོད། ཀྲུང་ཧྭ་མིང་གོའི་དུས་སྐབས་སུ་སླེབས་དུས་ཧི་ཀྲའུ་ཞེས་པའི་མིང་དེ་ནི་རྒྱ་ནག་ནུབ་བྱང་ཡོངས་ལ་ཁྱབ་ཅིང་། རྒྱལ་ཡོངས་ཀྱི་ཧུའེ་རིགས་ཀྱི་སྤྱི་ཚོགས་དང་ཕྱི་རྒྱལ་གྱི་མུ་སེ་ལིན་གྱི་བར་དུའང་ཤུགས་རྐྱེན་ཆགས་ཡོད། དེང་སང་གི་དུས་འདིར་ཧི་ཀྲའུ་ནི་“ཀྲུང་གོའི་ནུབ་བྱང་གི་ཧུའེ་རིགས་ཀྱི་གནས་མཆོག་”ཡིན་ལ་ཀྲུང་གོར་ཆགས་ཡོད་པའི་“རྨད་ཀ་ཆུང་ངུ་”ཡིན་པར་བསྔགས་ཡོད་ཅིང་། ལིན་ཞ་གྲོང་ཁྱེར་ཁོ་ནར་ཁ་ཆེའི་ལྷ་ཁང་བརྒྱད་བཅུ་ལྷག་ཙམ་ཡོད །
དེང་སང་གི་ལིན་ཞ་ཁུལ་གྱི་འབུམ་གླིང་དགོན་པ་ནི་ཁ་ཆེའི་ཆོས་ལུགས་ཀྱིས་མཐའ་སྐོར་བའི་ནང་པ་ཤིན་ཏུ་ཉུང་ལ་གཅིག་པུར་ལྷག་བསྡད་པའི་ནང་པའི་གནས་ཤུལ་ཤིག་ཡིན་ཅིང་། དགོན་པ་དེ་བདག་སྐྱོང་བྱེད་མཁན་ནི་དགེ་ལུགས་པའི་དགེ་འདུན་པ་ཡིན།༼ལོ་རྒྱུས་ཐོག་དགོན་དེར་ཏའོ་ཅའོ་ཆོས་ལུགས་དང་། རྒྱ་ནག་གི་ནང་པ་སངས་རྒྱས་པ། བོད་བརྒྱུད་ནང་བསྟན་ལས་ས་སྐྱ་པ་དང་བཀའ་བརྒྱུད་པ་སོགས་ཆོས་ལུགས་སམ་གྲུབ་མཐའ་སྣ་ཚོགས་དར་མྱོང་ཡོད། འོན་ཀྱང་བོན་གྱིས“ཀ་ཆུ་”ཞེས་འབོད་པའི་ས་དེར་ད་དུང་ཡང་བོན་གྱི་འཕྲིན་ལས་དར་ནས་ཡོད་ལ་“ཀྲུང་”ཞེས་པའི་རུས་བརྒྱུད་ཀྱང་གནས་ཡོད། ང་ཚོས་བོན་གྱི་ལོ་རྒྱུས་ནང་དུ་འཁོད་པའི་མཁས་ཆེན་དགུ་ཡི་ནང་ཚན་རྒྱ་ནག་གི་བོན་གྱི་སློབ་དཔོན་“ཀྲུང་ཐང་ནག་པ”ཞེས་པའི་མཚན་དེར་བསམ་གཞིགས་བྱས་ན།“ཀྲུང་”ནི་ས་མིང་ངམ་རུས་མིང་། ཡང་ན་ཚོ་པའི་མིང་ཡིན་སྲིད་དེ། བོད་ཀྱི་ལུགས་སྲོལ་ལྟར་ན་མི་མིང་གི་སྔོན་དུ་ས་མིང་དང་ཚོ་པའི་མིང་སྦྱར་ནས་སོ་སོའི་གཞི་ཁུངས་མཚོན་པར་བྱེད་ཀྱི་ཡོད། “ཀྲུང་”ནི་ཀན་ལྷོའི་ཡའོ་༼ བོད་སྐད་ཅི་ཡིན་འཚོལ་རྒྱུ་༽ཆུའི་སྟོད་རྒྱུད་དང་འབྲུག་ཆུའི་སྟོད་རྒྱུད་དུ་འཚོ་གནས་བྱེད་མྱོང་བའི་གནའ་བོའི་ཆང་རིགས་ཀྱི་ཚོ་པ་ཞིག་ཡིན་ཅིང་། གནའ་དུས་སུ་ཀྲུང་ཆང་ཞེས་འབོད། ས་ཆ་འདིར་ད་ལྟ་ཡང་མི་མིང་གི་སྔོན་དུ་“ཀ་ཆུ་”འམ་ཡང་ན་“ཀྲུང་”སྦྱར་བའི་ལུགས་སྲོལ་ཡོད་པ་མདོ་སྨད་ཆོས་འབྱུང་གི་ལྡེབ་ངོས་༥༩༨ལ་གསལ།
གོང་འཁོད་རྒྱུ་མཚན་དེ་དག་ལ་བརྟེན་ནས་གཤམ་གསལ་གྱི་བསམ་གཞིགས་འདི་འདྲ་ཞིག་བྱེད་དགོས་པར་བབས་ཡོད་དེ།
གཅིག ཏ་ཟིག་འོལ་མོ་ལུང་རིང་ནི་སྤྱི་ལོའི་དུས་རབས་བཅུ་པའི་གཡས་གཡོན་ལ་བྱུང་བར་བཤད་ཡོད་ཅིང་།
སྤྱི་ལོའི་དུས་རབས་བརྒྱད་པ་ནས་བཅུ་གཅིག་བར་ལ་མུ་སི་ལེན་ནི་དར་གོས་བཤུལ་ལམ་བརྒྱུད་ལིན་ཞ་ཁུལ་དུ་སླེབས་ཚར་ཡོད་ཅིང་། ལིན་ཞ་ནི་གནའ་རབས་ཀྱི་དར་གོས་བཤུལ་ལམ་ཐོག་གི་གནས་གཞི་གལ་ཆེན་ཞིག་ཡིན། སྤྱི་ལོའི་དུས་རབས་བཅུ་གསུམ་པར་ཇིང་གེར་རྒྱལ་པོས་ནུབ་ཀྱི་ཕྱོགས་སུ་དཔུང་བཏེག་ཅིང་། ནུབ་ཁུལ་གྱི་རྒྱལ་ཁབ་མང་པོ་ནས་ཡིན་པའི་མུ་སི་ལེན་གྱི་ཆོས་ལ་དད་པའི་ཧུའེ་ཧུའེ་སོགས་ཧོར་གྱི་དཔུང་དང་སྦྲགས་ནས་ཤར་ནུབ་ཀུན་ཏུ་རྒྱུ་ཡི་ཡོད་ལ། ཧོར་དམག་སླར་ཤར་ཕྱོགས་སུ་ལོག་ནས་དེང་སང་གི་ལིན་ཞ་དང་རྡོ་ཕུང་རི་བོ་ཡོད་སའི་ས་དེ་རྣམས་བཟུང་ཞིང་། དམག་མི་ཁག་ཅིག་ས་དེར་གཞིས་ཆགས་ནས་ས་སྲུང་བར་བཞག་པ་ལ་ཕྱིས་སུ་ཡུལ་མིར་གྱུར་ནས་ས་དེ་གའི་རྒྱ་དང་ཧོར་སོགས་དང་རྒྱུན་རིང་འབྲེལ་འདྲིས་བྱུང་བ་ལས་ཕྱིས་ཀྱི་ཧུའེ་རིགས་བྱུང་བ་ཡིན་ཏེ། དེ་ལྟའི་ལོ་རྒྱུས་ཀྱི་འཕོ་འགྱུར་ལས་གནའ་སྔ་མོའི་དུས་ཀྱི་ཆང་གི་ཡུལ་གཞིས་དེ་དག་ཕྱིས་བྱུང་གི་མུ་སི་ལེན་གྱི་གནས་མཆོག་ཏུ་གྱུར་ལ། མུ་སི་ལེན་གྱི་ཆོས་ལ་དད་པ་བྱེད་མཁན་ཚོར་སྐབས་དེ་དུས་ཏ་ཟིག་ཞེས་སྤྱི་མིང་ལ་འབོད་ཀྱི་ཡོད་ལ། སྐབས་དེ་དུས་ས་དེར་ད་དུང་བོན་གྱི་ཆོས་ཀྱང་དར་བཞིན་ཡོད་སྲིད་ངེས་ཡིན་པས། ཧི་ཀྲའུ་འམ་“ཀ་ཆུ་”ཞེས་པའི་ཡུལ་དེར་ཐག་རིང་ན་གནས་པའི་བོད་དང་མཚོ་སྔོན་སོགས་ཀྱི་ཕྱོགས་ལ་ཡོད་པའི་བོན་པོ་ཚོས་ས་དེ་མུ་སི་ལེན་གྱིས་བཟུང་ཚར་བར་བརྟེན་ཏ་ཟིག་འོལ་མོ་ལུང་རིང་ཞེས་འབོད་པ་ཞིག་ཨེ་ཡིན།
གཉིས། ཏ་ཟིག་གི་བྱུང་བ་ནི་རྒྱ་ནག་ཐང་རྒྱལ་རབས་དང་དུས་མཉམ་ཡིན་ཅིང་། སྐབས་ཤིག་རིང་ལ་ཐང་གི་ས་མཚམས་ཀྱང་ཏ་ཟིག་དང་སྦྲེལ་ནས་ཡོད་པ་རེད། སྤྱི་ལོའི་དུས་རབས་བརྒྱད་པ་ནི་བོན་གྱི་བསྟན་པར་གནོད་འཚེ་ཕོག་པའི་དུས་སྐབས་ཤིག་ཡིན་ཅིང་། བོད་ཀྱི་ཞང་ཞུང་༼རྩོམ་ཡིག་འདི་ཡི་ལྟ་བ་ནི་སྤྱི་ལོའི་སྔོན་དུས་ནས་མཚོ་སྔོན་དང་ཀན་སུའུ་སྦྲེལ་མཚམས་ནས་སྐྱས་སྤོས་བྱས་པར་འདོད་པ་༽དང་དབང་དུ་བསྡུས་ཤིང་བོད་རིགས་སུ་རིམ་གྱིས་འགྱུར་བ་ཞིག་ཡིན། འོན་ཀྱང་ཞང་ཞུང་ནི་ཏ་ཟིག་སོགས་ཨེ་ཤི་ཡ་དཀྱིལ་མའི་རྒྱལ་ཁབ་དང་ས་མཚམས་སྦྲེལ་ཞིང་། ཁོང་ཚོའི་ཐད་ཀའི་ཤུགས་རྐྱེན་ཕོག་པར་བརྟེན། ཕན་ཚུན་འདྲེས་པའི་རིག་གནས་དང་སྐད་ཡིག་སོགས་ཀྱང་ཆོས་ལུགས་ནང་དུ་འདྲེས་པར་གྱུར་ཅིང་། རྒྱུ་མཚན་དེ་འདྲར་བརྟེན་ནས་ཕྱིས་བྱུང་གི་བོན་གྱི་བསྟན་པའི་དར་ཁུངས་ནི་ཏ་ཟིག་གི་འོལ་མོ་ལུང་རིང་ཡིན་པར་ངོས་འཛིན་བྱས་པ་ཞིག་ཡིན་སྲིད །
རྩོམ་ཡིག་འདི་ཡི་གཙོ་གནད་ནི་ཀོང་ཙེ་འཕྲུལ་རྒྱལ་གྱི་ཐོག་མའི་གཞི་གང་ཡིན་དང་དཀར་ནག་བཀྲ་གསལ་ཆགས་སའི་གནས་ཇི་ཡིན་ལ་དཔྱད་བརྗོད་ཞུས་པ་ཙམ་ཞིག་ཡིན་ཏེ། དེའི་ཞོར་ལ་《山海经》༼ རི་མཚོའི་མདོ་ ༽ནི་བོན་ལ་ཞིབ་འཇུག་བྱེད་པར་གནད་ཤིན་ཏུ་ཆེན་པོ་ཞིག་ཡིན་པར་བསྟན་ཡོད། ཏ་ཟིག་འོལ་མོ་ལུང་རིང་སྐོར་གྱི་ལྟ་ཚུལ་ནི་བསམ་གཞིགས་སྣ་ཚོགས་བྱས་པ་ཞིག་ཡིན་པ་ལས་ད་དུང་དེ་བས་གཏིང་ཟབ་པའི་ཞིབ་དཔྱད་ཞུ་རྒྱུ་དང་སློབ་སྦྱོང་ཞུ་རྒྱུ་མང་པོ་ཞིག་ལྷག་ནས་བསྡད་ཡོད། ། ། །
* བསྒྱུར་མཁན་གྱིས་གསལ་བཤད །
རྩོམ་ཡིག་འདིའི་ནང་གུག་རྟགས་དང་དྲངས་རྟགས་མང་པོ་བེད་སྤྱད་ཡོད་པ་ནི་མ་ཡིག་རང་དུ་དེ་ལྟར་འཁོད་པ་སོར་བཞག་ཡིན་ལ། སྐབས་རེ་མི་མིང་དང་ས་མིང་། དེ་བཞིན་དཔེ་ཆའི་མིང་སོགས་ཁག་ཅིག་དུས་ཚོད་ཀྱིས་རྐྱེན་པས་བོད་ཡིག་གི་མ་དཔེར་ཚིག་རིས་ཏག་ཏག་ཇི་འཁོད་འཚོལ་རྒྱུར་ལུས་པས་གུག་རྟགས་ནས་སྒྲ་བསྒྱུར་ཞེས་བྲིས་ནས་འཐུས་པར་ཞུས་ཡོད་པར་དགོངས་ཡངས་ཞུ། དགེ་ལེགས་འཕེལ །
དཔྱད་གཞིའི་ཡིག་རིགས་ཀྱི་དཔེ་ཐོ།
1 《མདོ་དྲི་མེད་གཟི་བརྗོད།》
2 《མདོ་སྨད་ཆོས་འབྱུང་། 》
3 《སྐལ་ལྡན་ཆོས་འབྱུང་།》
4 《མཁར་ནག་ཆོས་འབྱུང་། 》
5 《བོད་བརྒྱུད་ནང་བསྟན་གྱི་གྲགས་ཅན་དགོན་རྙིང་ཧན་སྟག་ལུང་དགོན་ལ་དཔྱད་པ།》འབྲུག་ཐར་གྱིས་བརྩམས།
6 《བྱམས་པ་འབུམ་གླིང་གི་གནས་ཡིག་དཔེ་རིས་ཅན།》
7 《山海经》༼ རི་མཚོའི་མདོ། རྒྱ་ནག་གི་གནའ་དཔེ་རྩ་ཆེན། ༽
8 《སྲིད་པའི་མདོ།》
9 《山海图》༼ རི་མཚོའི་དཔེ་རིས། རྒྱ་ནག་གི་གནའ་དཔེ་རྩ་ཆེན། ༽
10 《尚书》༼ རྒྱ་ནག་གི་གནའ་དཔེ་གྲགས་ཅན། ༽
11 《吕氏春秋》༼ རྒྱ་ནག་གི་གནའ་དཔེ་གྲགས་ཅན། ༽
12 《史记》༼ རྒྱ་ནག་གི་གནའ་དཔེ་གྲགས་ཅན། ༽
13 《文昌帝君阴骘文》༼ ཝུན་ཁྲང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས། རྒྱ་ནག་གི་གནའ་དཔེ། ༽
14 《浮屠经》༼ སངས་རྒྱས་ཀྱི་མདོ། ༽༼ རྒྱ་ནག་གི་སངས་རྒྱས་པའི་མདོ་རྒྱ་ཡིག་ཏུ་བསྒྱུར་བ་ཐོག་མ། ༽
15 《བོད་ལྗོངས་ཞིབ་འཇུག 》༼༢༠༠༤ལོའི་དེབ་དང་པོ། ༽
16 《禹贡》༼ རྒྱ་ནག་གི་གནའ་དཔེ། ༽