མཚོ་སྨད་ནས་རྙེད་པའི་བོན་གྱི་ཡིག་རྙིང་སྐོར།
[ཟླ་ཚེས། 2024-09-15 11:17:39][རྩོམ་པ་པོ། མཁར་རྨེའུ་བསམ་གཏན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
༄༅། །མཚོ་སྨད་ནས་རྙེད་པའི་བོན་གྱི་ཡིག་རྙིང་སྐོར།
འཆད་ཁྲིད་པ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། སློབ་དཔོན་ཆེན་མོ།
མདོ་འཛིན་པ། ཚེ་རིང་ཐར། སློབ་དཔོན་ཆེན་མོ།
དུས་ཚོད། 2010ལོའི་ཟླ་9པའི་ཚེས་20ཉིན། 19:00—21:00
ས་གནས། ཝུན་ཧྭ་ཐོག་ཁང་ནུབ་མའི་ཉིས་ཐོག་གི་རིག་གཞུང་སྙན་ཞུ་ཁང་།
མདོ་འཛིན་པ། དེ་རིང་དགོང་མོའི་འཆད་ཁྲིད་འགོ་འཛུགས་རྒྱུ་བྱ། ང་ཚོས་ལོ་གཅིག་གི་སྔོན་ནས་བཟུང་འདིའི་སྐོར་ལ་བཀའ་འདྲི་མང་པོ་ཞུས་པ་ཡིན། ད་རེས་ཡིན་ན་དངོས་གནས་སྟབས་ཡག་པོ་འགྲིགས་སོང་། བོད་རིག་པའི་མཁས་པ་ཆེན་པོ་སྐུ་ཞབས་མཁར་རྨེའུ་བསམ་གཏན་ལགས་ས་ཐག་རིང་པོ་ཧྥ་རན་སི་རྒྱལ་ཁབ་ནས་ཆུ་ཚོད་བཅོ་ལྔ་བཅུ་དྲུག་ཙམ་རིང་གནམ་གྲུར་བཞུགས་ནས་འདིར་ཕེབས་ཏེ། ང་ཚོ་བོད་རིག་པ་ཞིབ་འཇུག་གླིང་དུ་གསུང་བཤད་གནང་བར་སྙིང་ཐག་པ་ནས་དགའ་བསུ་ཞུ་རྒྱུ་དང་། ང་རང་གིས་ང་ཚོ་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་སློབ་ཚང་མའི་ཚབ་བྱས་ནས་ཁོང་ལ་ཁ་བཏགས་ཤིག་འབུལ་རྒྱུ་ཡིན། ང་ཚོའི་འཆར་གཞི་ལྟར་ན་ཁོང་གདན་འདྲེན་ཞུས་ནས་གསུང་བཤད་གནང་རྒྱུའི་དུས་ཡུན་དེ་ཟླ་བ་གཅིག་རིང་ཡིན། དེའི་རིང་གཟའ་འཁོར་རེའི་གཟའ་ཟླ་བའི་དགོང་མོ་དང་གཟའ་ཕུར་བུའི་དགོང་མོར་འཆད་ཁྲིད་རེ་རེ་བཀོད་སྒྲིག་བྱས་ཡོད། གཟའ་ཟླ་བ་དང་ཕུར་བུ་གཉིས་ཀའི་གསུང་བཤད་གནང་བའི་དུས་ཚོད་གཅིག་མཚུངས་ཡིན། གསུང་བཤད་གནང་ས་བདུན་ཕྲག་རེ་རེ་ལ་ཁང་པ་ཡར་ཞུ་བྱེད་དགོས་པའི་རྒྱུ་མཚན་ལ་བལྟས་ན། སྐབས་སྐབས་ལ་འདི་གར་ཡིན་གྱི་རེད། སྐབས་སྐབས་ལ་འདི་གར་ཡིན་མིན་ཧ་གོ་གི་མ་རེད། ཡིན་ནའང་ང་ཚོས་གསུང་བཤད་རེ་རེ་ལ་བརྡ་ཡིག་འགྲེམ་ངེས། བརྡ་ཡིག་ཐོག་ལ་བལྟས་ན་ཧ་གོ་གི་རེད། དེ་རིང་གི་བརྡ་ཡིག་ཐོག་ལ་སྦྱར་བ་ནང་བཞིན་དེ་རིང་དགོང་མོའི་གསུང་བཤད་གནང་རྒྱུའི་བརྗོད་བྱ་གཙོ་བོ་དེ་ལྷོ་ཁའི་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་ནས་བོད་ཡིག་གི་ཡིག་རྙིང་རྙེད་པ་དེའི་སྐོར་ཡིན། ང་ཚོས་མཉམ་དུ་དགའ་བསུ་ཞུ་རོགས།
འཆད་ཁྲིད་པ། ད་རེས་ཁྱེད་ཚོ་ཚང་མར་སྐུ་ཁམས་བཟང་བའི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། ང་རང་པེ་ཅིན་ལ་ཡོང་མ་ཐུབ་པར་ལོ་མང་པོ་ཕྱིན་སོང་། ཚང་མའི་སྐུ་ཁམས་བཟང་བའི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། ད་གིན་རྒན་ཚེ་རིང་ཐར་ལགས་ཀྱིས་གསུངས་པ་ནང་བཞིན་དེ་རིང་ངའི་སྐད་ཆ་འཆད་བྱ་འདི་མཆོད་རྟེན་ཞིག་རོ་ཞིག་ནས་རྙེད་པའི་དཔེ་དེབ་རྙིང་པ་དེ་འདྲ་ཡིན། སྤྱིར་བཏང་ངའི་འཆད་བྱ་འདི་བོད་པའི་དཔེ་ཆ་རྙིང་པའི་སྐོར་དེ་གཅིག་བྱས། ཞོར་ལ་དོན་ཚན་གཉིས་པའི་ནང་མཆོད་རྟེན་ཞིག་རོ་དེའི་ནང་ནས་རྙེད་པའི་དཔེ་ཆ་རྙིང་པ་བཅས་དོན་ཚན་ཁག་གཉིས་ཡོད།
དང་པོ་དེ་སྔ་མའི་ཆོས་ལུགས་ཁག་དང་། ལྷག་པར་དུ་རྙིང་མ་དང་བོན་པོ་ལ་སོགས་པར་དར་བའི་གཏེར་མ་དང་གཏེར་སྟོན་སྐོར་བཤད་ན། གཏེར་མ་ཟེར་བ་འདི་བོད་ཀྱི་ཆོས་ལུགས་མ་གཏོགས་གཞན་པའི་ཆོས་ལུགས་ལ་དེ་འདྲའི་ལུགས་སྲོལ་མི་འདུག དེའི་རྐྱེན་གྱིས་དེ་ནི་ང་ཚོ་བོད་ཀྱི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་རེད། གཏེར་མ་ལ་དང་པོ་ཆོས་ལུགས་ཀྱི་གྲུབ་མཐའ་རྙིང་མ་དང་བོན་པོ་གཉིས་ཀྱི་གཏེར་ཁ་བྱུང་ལུགས་མི་འདྲ་བ་གཉིས་ཡོད་པ་རེད། དེ་ལས་རྙིང་མའི་སྐོར་ལ་སྐད་ཆ་བཤད་དུས། དང་པོ་དཔེ་ཆ་རྙིང་པ་དེ་ཚོ་རྙེད་དགོས་པའི་རྒྱུ་མཚན་དང་སྦ་དགོས་པའི་རྒྱུ་མཚན་ག་རེ་ཡིན་པའི་སྐོར་བཤད་དགོས་པ་རེད། རྙིང་མའི་སྐད་ཆ་ལྟར་ན་སྦ་དགོས་པའི་རྒྱུ་མཚན་དེ་གུ་རུ་པདྨ་སཾ་བྷ་ཝ་ཕེབས་པའི་སྐབས་ལ་བོད་པ་མང་ཆེ་བ་ཞིག་གིས་སངས་རྒྱས་ཆོས་ལུགས་ཡག་པོ་ཧ་མ་གོ་བའི་རྒྱུ་མཚན་གྱིས་དཔེ་ཆ་མང་པོ་ཞིག་ཕར་གཏེར་ལ་སྦ་དགོས་བྱུང་བ་རེད་ཟེར།
དུས་རབས་བརྒྱད་པའི་ནང་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་དང་བོན་གཉིས་བར་མ་མཐུན་པ་བྱུང་ནས་རྩོད་པ་བྱས། དེའི་གཞུག་ལ་བོན་གྱི་ཆོས་ལུགས་དེ་བཀའ་བཏང་ནས་མནན་པ་དང་། བོན་གྱི་ཆོས་ལུགས་ལ་དད་པ་བྱེད་མི་ཆོག་པའི་བཀའ་ཕབ་པ་རེད། དེར་བརྟེན་ཆོས་ལུགས་འདི་བྱེད་མི་ཆོག་པ་བཟོས་པས་དཔེ་ཆ་འདི་ཚོ་སྦ་དགོས་བྱུང་བ་རེད། གནས་ཚུལ་འདི་ཚོ་ག་དུས་བྱུང་བ་རེད་ཟེར་ན་ད་གིན་ཞུས་པ་ནང་བཞིན་དུས་རབས་བརྒྱད་པའི་ནང་དུ་བྱུང་བ་རེད་ཅེས་ང་ཚོའི་ལོ་རྒྱུས་ནང་ཡོད་པ་རེད། དེའི་གཞུག་ལ་ནང་པ་སངས་རྒྱས་ཀྱི་བསྟན་པ་ཕྱི་དར་གྱི་སྐབས་ཏེ་དུས་རབས་བཅུ་གཅིག་པ་ནས་བཟུང་སྟེ་གཏེར་ནས་འདོན་མཁན་གྱི་གཏེར་སྟོན་མི་འདྲ་བ་མང་པོ་བྱོན་པ་རེད། གཏེར་སྟོན་དེ་ཚོ་བྱོན་པའི་དུས་ཚོད་ཀྱི་ངོས་ནས་བལྟས་པ་ཡིན་ན། རྙིང་མ་པའི་གྲུབ་མཐར་གཏེར་སྟོན་དང་པོ་བྱུང་བའི་དུས་ཚོད་ནི་དུས་རབས་བཅུ་པའི་ནང་ཡིན་པ་དང་། བོན་པོའི་ཆོས་ལུགས་ལ་གཏེར་སྟོན་བྱུང་བའི་དུས་ཚོད་ནི་ཕལ་ཆེར་དུས་རབས་བཅུ་པའི་མཇུག་ཙམ་ལ་ཡིན་པ་རེད། གཏེར་སྟོན་དེ་ཚོས་ག་རེ་རྙེད་པ་རེད་ཟེར་ན་དཔེ་ཆ་རྙིང་པ་བྲིས་མ་དེ་འདྲ་རྙེད་པ་རེད། དཔེ་ཆ་རྙིང་པ་རྙེད་པ་དེ་ཚོར་གཏེར་མ་ཟེར་གྱི་ཡོད་པ་རེད།
གཏེར་མ་དེ་ཚོ་ས་དང་རྡོ་ཡི་འོག་ནས་རྙེད་པ་དེ་འདྲ་ཡིན་ན་ང་ཚོས་མིག་གིས་མཐོང་ཐུབ་པ་དེ་འདྲ་ཡིན་དགོས་ཀྱི་ཡོད་པ་རེད། ང་ཚོས་མཐོང་ཐུབ་པ་ཡིན་ན་ཤོག་བུ་དེ་ཚོར་དཔྱད་པ་བཏང་ནས་ཤོག་བུ་དེ་ཚོ་རྙིང་པ་ཡིན་མིན་དང་ཡིག་གཟུགས་དེ་ཚོ་རྙིང་པ་ཡིན་མིན། དཔེ་ཆ་གཅིག་གི་ཐོག་གི་བརྗོད་བྱ་དེ་ཚོ་རྙིང་པ་ཡིན་མིན་སོགས་ང་ཚོས་བལྟ་ཐུབ་ཀྱི་རེད། ཡིན་ན་ཡང་། དུས་རབས་བཅུ་པའི་སྔོན་ལ་བྱུང་བའི་དཔེ་ཆ་རྙིང་པ་ད་ལྟ་མཐོང་ཐུབ་པ་ཧ་ཅང་དཀའ་ལས་ཁག་པོ་རེད། དུས་རབས་བཅུ་གཅིག་པའི་སྔོན་ལ་དཔེ་ཆ་རྙིང་པ་མཐོང་ཐུབ་པ་དེ་ཆ་བཞག་ན་ཏུན་ཧོང་གི་ཡིག་རྙིང་ལྟ་བུ་རེད། ཏུན་ཧོང་གི་ཡིག་རྙིང་དེ་ང་ཚོས་བཀླགས་པ་ཡིན་ན་དེ་ཧ་ཅང་རྙིང་པ་ཡིན་པས་ལན་གཅིག་བཀླགས་པ་ཙམ་གྱིས་ཧ་གོ་ཐུབ་པ་དེ་འདྲ་ཡོད་པ་མ་རེད། དེའི་རྒྱུ་མཚན་གྱིས་ཏུན་ཧོང་ཡིག་རྙིང་གི་དུས་ཚོད་ནས་བཟུང་སྟེ་ད་ལྟའི་བར་སྐད་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད། དེ་ག་ནང་བཞིན་ང་ཚོའི་བོད་ཀྱི་ཆོས་རྒྱལ་རིམ་བྱོན་སྐབས་ཀྱི་རྡོ་རིང་ཁག་དང་། ཤ་ཅུ་ནས་ཐོན་པའི་ཤིང་བྱང་དེ་ཚོའི་སྟེང་ན་སྐད་ཆ་རྙིང་པ་དེ་འདྲཡོད་པ་རེད། ད་གིན་ཞུས་པ་ནང་བཞིན་ཏུན་ཧོང་གི་ཡིག་རྙིང་དང་། རྡོ་རིང་། ཤ་ཅུའི་ཤིང་བྱང་ཁག་གི་ཡི་གེ་ལ་སོགས་པ་ད་ལྟ་ང་ཚོས་མིག་གིས་དངོས་སུ་མཐོང་བས་རྙིང་པ་ཡིན་པར་དོགས་པ་ཡོད་པ་མ་རེད། དེ་ག་ནང་བཞིན་ང་ཚོས་གཏེར་མ་སོགས་ཡིན་ཟེར་བ་ཁག་དང་གཏེར་སྟོན་ཚོས་རྙེད་པའི་དཔེ་ཆར་ཆ་བཞག་ན་《མ་ཎི་བཀའ་འབུམ་》ལྟ་བུ་རེད། དེ་འདྲ་ཞིག་གི་ཐོག་ནས་ཁྱད་པར་ཕྱེ་ན་བརྗོད་བྱ་དང་རྗོད་ཚུལ། རྣམ་དབྱེ་སོགས་ག་རེའི་ཐོག་ནས་ཡིན་ན་ཡང་ཁྱད་ཆོས་མི་འདྲ་བ་ཆེན་པོ་ཡོད་པ་རེད། ནམ་རྒྱུན་ང་ཚོའི་སྤྱིར་བཏང་གི་བཤད་སྲོལ་ལ་《མ་ཎི་བཀའ་འབུམ་》ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ལ་བྱུང་བ་རེད་ཟེར། ཁ་ཤས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོས་བྲིས་པ་ཡིན་ཟེར་མཁན་ཡང་ཡོད་པ་རེད། ཡིན་ནའང་ང་ཚོས་ད་ལྟ་ཀློག་པའི་སྐབས་ལ་ཡིག་རྙིང་ནང་བཞིན་གྱི་དེ་འདྲའི་དཀའ་ངལ་ཡོད་པ་མ་རེད། ཆ་ཚང་ཧ་གོ་ཐུབ་པའི་དེ་རིང་སང་ཉིན་གྱི་བོད་སྐད་རང་རེད།
ད་ཡིན་ན་དོན་ཚན་གཉིས་པ་དེའི་སྐོར་ལ་སྐད་ཆ་བཤད་ཀྱི་ཡིན། གཉིས་པ་འདི་ང་ཚོས་ལྷོ་ཁ་ནས་རྙེད་པའི་དཔེ་ཆ་དེ་ཚོ་རེད། ལྷོ་ཁའི་ས་ཆ་དེ་ག་པར་ཡོད་པ་རེད་ ཟེར་ན། ལྷ་ས་ནས་ལྷོ་ཁ་བརྒྱུད་དེ་ཕྱིན་པ་ཡིན་ན་རིམ་བཞིན་ལྷོ་བྲག་ཤར་དང་མཚོ་སྨད་རེད། དེ་ནས་རིམ་བཞིན་གཏམ་ཤུལ་སྟེ་དེ་རིང་ཁ་སང་དེ་ལ་དགའ་ཐང་ཟེར་བ་རེད། དགའ་ཐང་གི་མཆོད་རྟེན་འདིའི་མིང་ལ་འབུམ་པ་ཆེ་ཟེར་གྱི་འདུག མཆོད་རྟེན་འདི་བོན་པོ་རང་གི་མཆོད་རྟེན་རེད་མི་འདུག། མཆོད་རྟེན་འདི་སུས་བཞེངས་པ་ཡིན་མིན་ད་ལྟ་ང་ཚོས་རྩད་གཅོད་ཡག་པོ་ཞིག་བྱ་ཐུབ་མ་སོང་།
བསམ་ཡས་ན་མཆོད་རྟེན་ཆེན་པོ་བཞི་ཡོད་པ་རེད། དེ་དག་ཤར་ངོས་ལ་མཆོད་རྟེན་ལྗང་ཁུ་དང་། བྱང་ངོས་ལ་མཆོད་རྟེན་ནག་པོ། ནུབ་ངོས་ལ་མཆོད་རྟེན་དམར་པོ། ལྷོ་ངོས་ལ་མཆོད་རྟེན་དཀར་པོ་བཅས་ཡོད་པ་རེད། ང་ཚོའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་《རྦ་བཞེད་》ལྟ་བུར་ཆ་བཞག་ན་ཕལ་ཆེར་བོད་ཀྱི་ཆོས་ལུགས་ལོ་རྒྱུས་སྔ་ཤོས་ལྟ་བུར་བརྩི་འཇོག་བྱེད་ཀྱི་ཡོད་པ་རེད། 《རྦ་བཞེད་》ལས་གསུངས་པ་ལྟར་ན། སྔ་མ་བོན་པོའི་དཔེ་ཆ་དེ་ཚོ་བསྣུབས་པའི་སྐབས་ལ་མཆོད་རྟེན་ནག་པོའི་འོག་ཏུ་སྦས་པ་རེད་ཅེས་ཟེར་སྲོལ་ཡོད་པ་དང་དཔེ་ཆ་ཁ་ཤས་ཆུ་ལ་བསྐྱུར་བའི་བཤད་སྲོལ་ཡང་ཡོད་པ་རེད། ཡིན་ན་ཡང་། བོན་གྱི་ལོ་རྒྱུས་ཀློག་པའི་སྐབས་སུ་མང་ཆེ་བས་མཆོད་རྟེན་དམར་པོའི་ནང་དུ་བཅུག་པ་རེད་ཟེར་བ་མ་གཏོགས་མཆོད་རྟེན་ནག་པོའི་ནང་དུ་བཅུག་པ་རེད་ཟེར་བའི་སྐད་ཆ་མི་འདུག ད་གིན་ཞུས་པ་ནང་བཞིན་མཆོད་རྟེན་བཞི་ཀ་“རིག་གནས་གསར་བརྗེའི་”སྐབས་སུ་མེད་པར་ཕྱིན་པ་དང་། དེ་དུས་མཆོད་རྟེན་ནག་པོའི་ནང་ལོགས་ན་དཔེ་ཆ་ཡོད་མདོག་ཁ་པོ་རེད་དེ་ཡིན་ནའང་ང་ཚོས་དེའི་སྐོར་ནས་སྐད་ཆ་གསལ་པོ་བཤད་ཐུབ་ཀྱི་མི་འདུག
གང་ལྟར་མཆོད་རྟེན་དང་། ལྷ་ཁང་ཞིག་རོ། བྲག་ཕུག་སོགས་ནས་གཏེར་མ་དེ་འདྲ་མང་པོ་འཐོན་གྱི་ཡོད་པ་ང་ཚོའི་ཆོས་ཀྱི་ལོ་རྒྱུས་ཐོག་ཡོད་པ་རེད། སྔ་མའི་གཏེར་ལ་དཔེ་ཆ་སྦས་པ་རེད་ཟེར་བ་དེ་མང་ཆེ་བ་ང་ཚོའི་ལྷ་ཁང་དང་མཆོད་རྟེན་དེ་འདྲ་ལ་རེད། བོན་པོ་ཡི་དཔེ་ཆ་སྦས་པ་རེད་ཟེར་བ་དེ་མང་ཆེ་བ་བྲག་ཁུང་དང་མཆོད་རྟེན། དེ་ནས་རིའི་སྒང་སོགས་གནས་དབེན་ས་དེ་འདྲར་སྦས་པ་རེད་ཅེས་པའི་བཤད་སྲོལ་ཡོད་པ་རེད། ངས་ད་ལྟ་བཤད་པ་དེར་ཁྱད་པར་ག་རེ་ཡོད་པ་དང་། གཏེར་མ་ཡིན་ངེས་པའི་དཔེ་ཆ་རྙིང་པ་དེ་དག་དང་དགའ་ཐང་མཆོད་རྟེན་ནས་རྙེད་པའི་དཔེ་ཆ་འདི་གཉིས་ལ་ཁྱད་པར་ག་འདྲ་འབྱེད་ཐུབ་ཀྱི་འདུག་ང་ཚོས་བལྟ་རྒྱུ་ཡིན།
ཡིག་རྙིང་འདི་འདྲ་རྙེད་པ་ང་ཚོ་བོད་གཅིག་པུ་མ་རེད། ལུང་པ་གཞན་དག་ལའང་མང་པོ་འདུག དཔེ་བཞག་ན། ཡེ་ཤུའི་ཆོས་ལུགས་ལ་the Dead Sea Serollsཟེར་བ་ཞིག་ཡོད་པ་རེད། the Dead Sea Serollsཟེར་ན་མཚོ་སྐམ་པོ་ཞིག་གི་འགྲམ་ནས་དཔེ་ཆ་མང་པོ་རྫ་མ་ཆེན་པོ་ཞིག་གི་ནང་ནས་རྙེད་པ་ལ་གོ་བ་རེད། དེ་རུ་ཡེ་ཤུའི་ཆོས་ལུགས་ལ་Bibleཟེར་བ་ང་ཚོའི་བཀའ་འགྱུར་ལྟ་བུ་ཞིག་ཡོད་པ་དེའི་ནང་མེད་པའི་ཡི་གེ་རྙིང་པ་མང་པོ་ཐོན་ཡོད་པ་རེད། ཡིག་རྙིང་དེ་ཚོ་ར་ཡི་པགས་པ་ལ་བྲིས་པ་དེ་འདྲ་རེད། དེ་ག་ནང་བཞིན་ཆོས་ལུགས་གཞན་པ་དང་ལུང་པ་གཞན་པར་ཡང་ཡིག་རྙིང་རྙེད་པ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ང་ཚོ་བོད་ལ་ཆ་བཞག་ན་གཏེར་མའི་སྐོར་བཤད་དུས་ཡེ་ཤུ་བ་ནང་བཞིན་གཅིག་གཉིས་ཙམ་མ་ཡིན་པར་སྟོང་ཕྲག་མང་པོ་ཡོད་པ་རེད། ཡིན་ནའང་གཏེར་སྟོན་ཆེན་པོ་དེ་ཚོས་གཏེར་ནས་བཏོན་ཏེ་རྙེད་པ་རེད་ཟེར་བ་དེ་ཚོ་ངས་ད་ལྟའི་བར་ཤོག་ལྷེ་གཅིག་ཀྱང་མཐོང་མ་སོང་། དེ་ལ་བཞེད་ལུགས་མི་འདྲ་བ་ཁ་ཤས་ཤིག་ཡོད་པ་རེད། གཏེར་མའི་དཔེ་ཆ་དངོས་སུ་ཡོད་དུས་ཀྱི་གཏེར་སྟོན་ཁོང་ཚོ་ནི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སློབ་མའི་སྤྲུལ་པ་ཡིན་པ་རེད། དེ་བས་གཏེར་ནས་ལེན་པའི་སྐབས་ལ་གཏེར་དེ་ཚོ་གང་ནས་ཡོང་གི་ཡོད་པ་ཁོ་ཚོས་ཤེས་ཀྱི་ཡོད་པ་དང་གཏེར་དེ་ཚོ་འདོན་ཐུབ་ཀྱི་ཡོད་པ་རེད། གཏེར་བཏོན་ཚར་ནས་ལམ་སང་ཕྱི་ལོགས་ལ་མ་བསྟན་པར་སྔོན་ལ་ལོ་འགའ་ཤས་ཤིག་སྦ་དགོས་ཀྱི་ཡོད་པ་རེད། རྟག་པར་དེ་འདྲ་རེད། དེའི་རྐྱེན་གྱིས་དེང་སང་གི་བོད་རིག་པའི་ཆེད་མཁས་པ་དང་བཅས་པའི་མི་མང་པོ་ཞིག་གིས་གཏེར་མ་ཟེར་བ་དེ་གང་ཡིན་ཐག་མ་ཆོད་པར་ལུས་ཡོད་པ་རེད། མཁས་པ་ཁ་ཤས་ཀྱིས་དེ་རྙེད་པ་མ་རེད། དངོས་གནས་བྱས་ན་ཁོ་ཚོ་རང་གིས་བྲིས་པ་རེད། ཁོ་ཚོ་སྤྲུལ་སྐུ་ཡིན་པའི་ཐོག་ནས་སྔོན་མ་གང་ཡིན་པ་དེ་དྲན་པ་སོས་ཏེ་བྲིས་པ་ཨེ་ཡིན་ཞེས་དོགས་པ་བྱེད་ཀྱི་ཡོད་པ་རེད།
ད་ལྟ་དགའ་ཐང་ནས་རྙེད་པའི་མཆོད་རྟེན་འདིར་མཚོན་ན། དབྱིན་ཇིའི་མི་མིང་ལ་ཧིའུ་རི་ཅཱ་དྷི་སོན་(Hugh Richardson)ཟེར་བ་ཞིག་གིས་དུས་རབས་གོང་མའི་ལོ་རབས་བཞི་བཅུ་པའི་ནང་ལ་པར་བརྒྱབ་མྱོང་ཡོད་པ་དང་། ཁོང་དེ་དུས་ལྷ་ས་ན་བཞུགས་ཡོད་པ་རེད། ཁོང་དེ་དུས་ལྷ་ས་ནས་ལྷོ་ཁ་ལ་ཕེབས་ཏེ་མཆོད་རྟེན་དེ་རྙེད་ནས་པར་བརྒྱབ་པ་རེད། དང་པོ་ཞིག་གསོ་མ་བྱས་གོང་གི་མཆོད་རྟེན་དེ་ག་འདྲ་འདུག་ཟེར་ན་པར་དེ་ལས་ང་ཚོས་མཐོང་ཐུབ་ཀྱི་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་མཆོད་རྟེན་འདི་བཤིགས་མེད་པ་ཡིན་ནམ་ཡང་ན་བཤིག་ཐུབ་མེད་པ་ཡིན་ནམ་གང་ལྟར་འཇིག་མི་འདུག ཞིག་གསོ་བྱས་པའི་རྗེས་ཀྱི་མཆོད་རྟེན་ག་འདྲ་ཞིག་ཡོད་པ་རེད་ཟེར་ན་ཡང་པར་གསར་པ་དག་ལས་མཐོང་ཐུབ་ཀྱི་འདུག ད་ལྟ་ང་ཚོས་བཤད་པའི་དཔེ་ཆ་རྙིང་པ་དེ་ཚོ་མི་མང་པོ་ཞིག་གིས་མཆོད་རྟེན་འདིའི་བུམ་པའི་ནང་འདུག་ཟེར། དེའི་ནང་ལ་མཆོད་རྟེན་གྱི་གཟུངས་གཞུག་དང་དཔེ་ཆ་གཞན་པ་མང་པོ་བཞག་ཡོད་ཀྱང་། རྗེས་སུ་ཇག་པས་བརྒྱབ། རླུང་གིས་གཏོར། བྱེ་མར་ནུབ་པ་སོགས་ཀྱི་རྐྱེན་དབང་གིས་ཚང་མ་འདྲེས་ནས་འདུག་ཟེར།
ལྷོ་ཁའི་རིག་གནས་ཅུས་ཀྱི་ལས་བྱེད་པ་ནོར་བུ་ཚེ་རིང་གིས་མཆོད་རྟེན་འདི་ཞིག་གསོ་བྱེད་པའི་སྐབས་ལ་དཔེ་ཆ་འདི་ཚོ་རྙེད་པ་རེད་ཟེར། ཁོ་རང་གིས་མཐོང་བའི་སྐབས་ལ་བྱེ་མ་དང་འདམ་བག་ལ་སོགས་པ་མང་པོས་བཀབ་ནས་ཕལ་ཆེར་ཕར་ལྟ་དུས་དཀའ་ལས་ཡོད་པའི་བཟོ་འདྲ་ཞིག་རེད་འདུག་ཟེར། དེའི་ནང་ལ་བརྒྱད་སྟོང་པའི་གསེར་བྲིས་ཁ་ཤས་ཀྱང་འདུག་ཟེར། མཆོད་རྟེན་གྱི་གཟུངས་དང་ཤོག་བུ་ག་ས་གང་ལ་ཐོར་ཏེ་འདུག་པས། ཁོ་རང་གིས་ག་ལེ་ག་ལེར་དཔེ་ཆ་དེ་དག་ཡར་གཙང་མར་སྒྲུག་པའི་སྐབས་ལ་ཤོག་ལྷེ་ཞིག་གི་སྟེང་སྟོན་པ་གཞེན་རབ་མི་བོ་ཆེ་ཞེས་བྲིས་པའི་ཚིག་དེ་མཐོང་སོང་ཟེར། སྐབས་དེར་མཐོང་བའི་ཡིག་གཟུགས་དང་ཤོག་བུ་ཚང་མ་གཞན་དག་དང་མི་འདྲ་བས་ཁོ་རང་རྦད་དེ་ཧ་ལས་སོང་ཟེར། ཁོ་རང་གིས་དེ་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་ག་རེ་ཡིན་ཟེར་ན། ཁོ་རང་གིས་སྔོན་མ་ཁྲིན་ཏུའུ་རུ་སློབ་གཉེར་བྱེད་སྐབས་བོད་ཀྱི་གྲུབ་མཐའ་བཞི་དང་བོན་པོའི་སྐོར་ལ་སྦྱང་བ་ཅུང་ཟད་བྱས་ཡོད་སྟབས་བོན་གྱི་སྐོར་ཅུང་ཟད་ཧ་གོ་གི་ཡོད་པ་འདྲ། དེ་བས་ཁོ་རང་གིས་ཡིག་ཆ་དེ་བོན་གྱི་ཡིག་ཆ་ཡིན་པ་ཧ་གོ་སོང་བ་དང་། ཁོ་རང་གི་བསམ་པ་ལ་གཟུངས་གཞུག་ཏུ་ཡོད་པ་དེ་ཚོ་དང་མདོ་གཞན་པ་དེ་ཚོ་ད་ལྟའི་སྐད་དང་གཅིག་པ་རེད། ཡིན་ནའང་བོན་གྱི་ཡིག་རྙིང་དེ་ཚོ་སྐད་དང་རྒྱུ་ཆ་སོགས་རྦད་དེ་ཁ་ཁ་རེད། དཔེ་ཆ་དེ་ཚོ་བོད་བཙན་པོའི་སྐབས་ཀྱི་དཔེ་ཆ་ཞིག་རེད་བསམས་སོང་ཟེར། དེ་ནས་ཁོང་གིས་སྲིད་གཞུང་ལ་དཔེ་ཆ་རྙིང་པ་དེ་འདྲ་རྙེད་སོང་། ག་རེ་བྱེད་དགོས་རེད་ཅེས་སྙན་ཞུ་ཕུལ་བ་ཡིན་ཟེར། དེ་ནས་སྲིད་གཞུང་གིས་ལྷ་ས་ནས་པ་སངས་དབང་འདུས་ལགས་གདན་འདྲེན་ཞུས་ནས་བརྟག་དཔྱད་གཏོང་དུ་བཅུག་པ་རེད་ཟེར།
ཕྱིས་སུ་པ་སངས་དབང་འདུས་དང་ནོར་བུ་ཚེ་རིང་གཉིས་ཀྱིས་མཉམ་ལས་བྱས་ནས་དཔེ་ཆ་རིགས་མི་འདྲ་བ་བཞི་ཙམ་མཉམ་དུ་པར་སྐྲུན་བྱས་པ་རེད། དཔེ་ཆ་རྙིང་པ་དེ་དག་ད་གིན་ཞུས་པ་ནང་བཞིན་ཡིག་གཟུགས་དང་། བརྗོད་བྱ། ཤོག་བུ་བཅས་ཚང་མའི་ཐོག་ནས་ཏུན་ཧོང་གི་ཡིག་རྙིང་དང་འདྲ་པོ་ཞེ་དྲགས་རེད། ལྷོ་ཁ་ན་དགའ་ཐང་འབུམ་པ་ཆེའི་བཟོ་ལྟ་དང་འདྲ་བའི་མཆོད་རྟེན་འདི་འདྲ་མང་པོ་འདུག དཔེར་ན། ཚེས་བཅུ་བུམ་པ་ཟེར་བ་ཞིག་འདུག སྨྲ་བོ་ཅོག་རི་ཁྲོད་ཟེར་བ་འདི་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གདན་ས་རེད་ཟེར་གྱི་ཡོད་པ་རེད། མཆོད་རྟེན་འདི་ད་ལྟ་རི་ཁྲོད་དེའི་ཤར་ཕྱོགས་ན་འདུག མཆོད་རྟེན་འདི་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་གདུང་རྟེན་རེད་ཟེར། ངས་ད་ལྟ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་སྐོར་ལ་སྐད་ཆ་བཤད་དགོས་པ་གང་ཡིན་ཟེར་ན། ང་ཚོ་དགའ་ཐང་འབུམ་པ་ཆེའི་མཆོད་རྟེན་འདི་དང་པོར་བཞེངས་མཁན་ཁ་ཤས་ཀྱིས་ཁོང་རང་རེད་ཟེར། ཁོང་ཡིན་པར་ཆ་བཞག་ནས་ཁོང་ག་དུས་བྱོན་པ་རེད་ཟེར་ན། དུས་རབས་བཅུ་གཉིས་པའི་མགོ་ལ་ཕེབས་པ་རེད། ཡང་ཁ་ཤས་ཀྱིས་མཆོད་རྟེན་འདི་བཞེངས་མཁན་བཀའ་བརྒྱུད་པའི་བླ་མ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་རེད་ཟེར། གལ་སྲིད་མཆོད་རྟེན་འདི་ཕག་མོ་གྲུ་པས་བཞེངས་པ་ཡིན་ན། ཕག་མོ་གྲུ་པ་དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པ་རེད།
ད་ལྟ་ང་ཚོས་དཔྱད་པ་བཏང་བ་འདིའི་དམིགས་ཡུལ་ནི་དང་པོ་མཆོད་རྟེན་འདི་བཞེངས་མཁན་ཧ་མ་གོ་ཚེ། མཆོད་རྟེན་འདིའི་ཡིག་རྙིང་འདི་དག་དངོས་གནས་ག་དུས་བྱུང་བ་དང་། མཆོད་རྟེན་དེ་བཞེངས་ནས་ད་ལྟའི་བར་དུ་ལོ་ག་ཚོད་ཕྱིན་ཡོད་པ་ཤེས་ཐུབ་ཀྱི་ཡོད་པ་མ་རེད། དེའི་རྐྱེན་གྱིས་མཆོད་རྟེན་གྱི་ལོ་རྒྱུས་ཧ་མ་གོ་བ་ཡིན་ན་ཡིག་རྙིང་འདི་ག་དུས་བྱུང་མིན་བཤད་ཁག་པོ་རེད། ཐབས་ཤེས་གཅིག་ཡོད་པ་དེ་དེང་སང་གི་ཚན་རིག་གིས་ཡིག་རྙིང་གི་ཤོག་བུ་དེ་ག་དུས་ཀྱི་ཡིན་པ་བལྟ་ཐུབ་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོར་དེ་འདྲའི་གོ་སྐབས་རག་གི་མ་རེད།
མཆོད་རྟེན་ཡོད་ས་མཚོ་སྨད་ཟེར་བ་དེ་རེད། མཚོ་སྨད་རྫོང་གི་ལུང་པའི་མདོ་དེ་རུ་མཆོད་རྟེན་འདི་ཡོད་པ་རེད། མཆོད་རྟེན་འདི་ནས་ཐོན་པའི་ཡིག་རྙིང་ག་འདྲ་ཞིག་ཡོད་པ་རེད་ཟེར་ན། དེའི་ནང་ལ་འདི་ལ་གཞེན་རབ་ན་རེ་ཞེས་བྲིས་འདུག དེ་ནི་གཤེན་རབ་ཀྱིས་འདི་འདྲ་ཞིག་གསུང་གི་ཡོད་ཟེར་བའི་དོན་རེད། ནོར་བུ་ཚེ་རིང་གིས་སྟོན་པ་གཞེན་རབ་མི་བོ་ཆེ་ཡི་ཚིག་གཅིག་མཐོང་སོང་ཟེར། ཁོ་རང་གིས་འདི་འདྲ་ཞིག་མཐོང་བ་ཡིན་རྒྱུ་རེད། ཏུན་ཧོང་ཡིག་རྙིང་སོགས་ཀྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་ན་འདི་ཡི་གེ་རྙིང་པ་ཡིན་པ་ལམ་སང་ཧ་གོ་གི་འདུག
བརྙན་ཡོལ་སྟེང་གི་ཤོག་ལྷེ་འདི་ཧྥ་རན་སིར་ཡོད་པའི་ཏུན་ཧོང་ཡིག་རྙིང་ནང་གཅིག་རེད། འདི་ཡང་ཏུན་ཧོང་ཡིག་རྙིང་ནས་རྙེད་པའི་བོན་གྱི་ལོ་རྒྱུས་ཤིག་རེད། འདིའི་ནང་ལ་རྒྱལ་པོ་གཉའ་ཁྲི་བཙན་པོ་གནམ་ནས་ག་འདྲ་བྱས་ཏེ་བབས་པའིསྐོར་ནས་སྐད་ཆ་བཤད་འདུག། ཁྱད་མཚར་བ་ཞིག་ལ་འདི་ལ་སྤུར་རྒྱལ་བོན་གྱི་རྗེ་བོ་ཟེར་གྱི་འདུག བརྙན་ཡོལ་སྟེང་གི་འདི་ནི་ཏུན་ཧོང་ཡིག་རྙིང་ནས་རྙེད་པའི་བོན་གྱི་དཔེ་ཆ་གཞན་པ་ཞིག་རེད། འདིར་བསྟན་པའི་ཤོག་ལྷེ་གཉིས་ནི་བསྡུར་བའི་ཆེད་དུ་ཡིན། ད་ཚན་རིག་གི་ཐོག་ནས་ཡིག་རྙིང་འདི་ཚོ་ལ་དཔྱད་པ་བཏང་བ་ཡིན་ན། ང་ཚོས་ལོ་ཚད་ཀྱི་ཐོག་ནས་ཡིག་རྙིང་དེ་ཚོ་ལ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་པ་རེད། དེ་འདྲ་ཡིན་པས་ངས་ད་གིན་ཞུས་པ་ནང་བཞིན་ཏུང་ཧོང་ཡིག་རྙིང་ཁ་ཤས་ཤིག་གི་ནང་ལོགས་ན་བོན་འདི་སྔ་མ་བོད་ལ་བྱུང་བ་རེད་ཟེར་བའི་སྐད་ཆ་ཡོད་པ་རེད། ཡིན་ན་ཡང་ཕྱི་རྒྱལ་གྱི་མཁས་པ་ཁ་ཤས་ཤིག་གིས་དུས་རབས་བཅུ་གཅིག་པའི་སྔོན་ལ་བོན་ཟེར་བའི་ཆོས་ལུགས་ཤིག་བྱུང་ཡོད་པ་མ་རེད་ཟེར་གྱི་ཡོད་པ་རེད། དཔེ་བཞག་ན་ང་ཚོས་ཡིག་ཆ་རྙིང་པ་འདི་འདྲ་ཞིག་རྙེད་དུས་འདི་ཚོའི་ནང་དོན་ལ་གཞིགས་ནས་བལྟ་དགོས་པ་རེད། དེ་བས་ང་ཚོས་ཞིབ་འཇུག་བྱེད་དུས་མིག་མཐོང་ལག་ཟིན་གྱི་སྒྲུབ་བྱེད་གསལ་པོ་ཞིག་མ་མཐོང་བའི་གོང་ལ་ཐག་གཅོད་རྒྱུ་དཀའ་ལས་ཁག་པོ་རེད། མིག་མཐོང་ལག་ཟིན་མ་བྱུང་བའི་སྔོན་ལ་ཚོད་བགམ་བྱེད་པ་དེ་ཞིབ་འཇུག་པ་མང་ཆེ་བ་ལ་ཡོད་པ་རེད། དེ་འདྲ་ཡིན་སྟབས་ཚན་རིག་གི་ཐོག་ནས་ཁས་ལེན་ཐུབ་རྒྱུ་དེ་དཀའ་ལས་ཁག་པོ་རེད།
ང་ཚོས་ཡིག་རྙིང་འདི་འདྲ་རྙེད་པའི་སྐབས་ལ་བརྟག་དཔྱད་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། ད་གིན་བཤད་པ་ནང་བཞིན་གཏེར་མ་དང་གཏེར་སྟོན་ལ་སོགས་པ་མང་པོ་ཞིག་བརྟག་དཔྱད་ཞིབ་འཇུག་གནང་རྒྱུར་ལུས་བསྡད་ཡོད་པ་རེད། བརྟག་དཔྱད་བཏང་ཡོང་དུས་སྔོན་མ་ཆོས་ལུགས་དང་མི་མཐུན་པ་དེ་འདྲ་ཡོང་གི་རེད། དེ་བོད་པའི་དགོན་པའི་འགྲོ་ལུགས་གཅིག་པུར་ཡོད་པ་དེ་འདྲ་མ་རེད། ལུང་པ་གཞན་དག་ལའང་དཀའ་ངལ་དེ་ཡོད་པ་རེད། དཔེ་བཞག་ན་ཡེ་ཤུའི་ཆོས་ལུགས་ཀྱི་སྟོན་པ་ཡེ་ཤུ་འཁྲུངས་པའི་སྐབས་ལ་ཁོང་རང་ཕ་མེད་པའི་བུ་གཅིག་ཡིན་ཟེར་གྱི་ཡོད་པ་རེད། དེ་ག་ནང་བཞིན་ཆོས་ལུགས་ཚང་མ་གཏམ་རྒྱུད་དང་འབྲེལ་བས་དེང་སྐབས་ཚན་རིག་དང་འབྲེལ་ཏེ་ལོ་རྒྱུས་ཀྱི་སྐད་ཆ་བཤད་སྐབས་ཁས་ལེན་བྱེད་རྒྱུ་དཀའ་ལས་ཁག་པོ་ཆགས་པ་རེད། དེ་བས་གཏེར་མའི་སྐོར་ལ་སྐད་ཆ་བཤད་སྐབས་ཕལ་ཆེར་གཏམ་རྒྱུད་ཀྱི་བཟོ་འདྲ་པོ་ཞིག་ཆགས་ཡོང་བའི་ཉེན་ཁ་ཡོད་པ་རེད།
ང་རང་ལ་ཆ་བཞག་ན་གཏེར་ནས་ཐོན་པའི་དཔེ་ཆ་དེ་འདྲ་ད་ལྟའི་བར་མཐོང་མ་སོང་། ཡིན་ནའང་ངས་མ་མཐོང་བ་གཅིག་པུ་ལ་ཆ་བཞག་ནས་ཡོད་པ་མ་རེད་ཟེར་བའི་སྐད་ཆ་བཤད་ཀྱི་མེད། གཏེར་སྟོན་གྱིས་གཏེར་ནས་འདོན་པའི་སྐབས་ལ་མཁའ་འགྲོའི་བརྡ་ཡིག་ཡིན་ཟེར་བའི་ཡིག་ཕྲེང་གཅིག་ནས་པོ་ཏི་གཉིས་བྲིས་པ་དེ་འདྲ་ཡོད་པ་རེད། འདི་འདྲ་ཡིན་དུས་དང་པོ་བརྡ་ཡིག་ཐོག་ལ་བྲིས་པའམ་ཡང་ན་བསམ་ཚུལ་ཞིག་རྙེད་པ་ཡིན་ན་གཞུག་ལ་དེ་ཇེ་རྒྱས་སུ་བཏང་བ་ཡིན་སྲིད་ཀྱི་རེད། ཡིན་ན་ཡང་ད་གིན་ཞུས་པ་ནང་བཞིན་དཔེ་ཆ་ཡིག་རྙིང་རྙེད་པ་དེ་དང་དཔེ་ཆ་བྲིས་པ་དེ་གཉིས་རྦད་དེ་ཁ་ཁ་རེད། དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་དཔེ་ཆ་འདི་དུས་རབས་བརྒྱད་པའི་ནང་དུ་གཏུག་ཐུབ་ཀྱི་མེད་འགྲོ་བསམ་པ་ཞིག་ཡོད་པ་རེད། དེ་ག་འདྲ་བྱས་ནས་མཐོང་གི་འདུག་ཟེར་ན་དེ་ལས་བོད་པ་རང་གི་བསམ་བློའི་འཆར་སྒོ་མང་པོ་ཞིག་མཐོང་ཡོང་གི་ཡོད་པ་རེད།
ད་བོད་པ་རང་གི་བསམ་འཆར་ག་རེ་ཟེར་གྱི་ཡོད་པ་རེད་ཟེར་ན། སངས་རྒྱས་ཆོས་ལུགས་ལ་ཆ་བཞག་ན་ཚང་མ་སཾསྐྲྀཏའི་སྐད་ནས་བསྒྱུར་པ་རེད། དཔེར་ན་བཀའ་འགྱུར་དང་བསྟན་འགྱུར་ལྟ་བུ་དུས་རབས་བརྒྱད་པ་དང་དགུ་པའི་སྐབས་ནས་བཟུང་ལེགས་སྦྱར་རམ་སཾསྐྲྀཏའི་སྐད་ནས་ཚུར་བསྒྱུར་པ་རེད། དེ་འདྲ་ཡིན་པས་དཔེ་ཆ་དེ་ཚོ་སུས་བརྩམས་པ་རེད་ཟེར་ན། རྒྱ་གར་གྱི་མིས་བརྩམས་པ་རེད། རྒྱ་གར་གྱི་མི་ཡིས་བྲིས་པས་རྒྱ་གར་གྱི་མིའི་བསམ་འཆར་མཚོན་ཡོད་པ་རེད། དེ་བས་ང་ཚོས་བཀའ་འགྱུར་དང་བསྟན་འགྱུར་ཀློག་སྐབས་དེའི་ནང་བྲིས་པའི་ཁང་པའི་བཟོ་སྟངས་དང་། མི་རིགས་ཀྱི་འགྲོ་སྟངས། མི་རིགས་ཀྱི་གཤིས་ཀ་བཅས་ལས་རྒྱ་གར་བ་ཡིན་པ་དང་། རྒྱ་གར་གྱི་མིའི་བསམ་འཆར་ཡིན་པ་ལམ་སང་ཧ་གོ་ཡོང་གི་རེད། འོ་ན་མཆོད་རྟེན་ཞིག་རོ་དེ་ནས་རྙེད་པའི་དཔེ་ཆ་རྙིང་པ་ལས་ང་ཚོས་བསམ་འཆར་ག་རེ་མཐོང་ཡོང་གི་འདུག་ཟེར་ན། རྒྱ་གར་གྱི་བསམ་འཆར་མིན་པར་བོད་མི་རང་གི་བསམ་འཆར་ཡིན་པ་ལམ་སང་ཧ་གོ་ཡོང་གི་འདུག
བོད་མི་རང་གི་བསམ་འཆར་ཡིན་པ་ཧ་གོ་བ་དེ་གལ་ཆེན་པོ་ཞེ་དྲགས་རེད། བོད་ཅེས་པའི་ས་ཆ་ཞིག་ཡོད་པ་དང་དེ་ན་མི་རིགས་ཤིག་ཡོད་པས་ཁོང་ཚོར་བསམ་འཆར་ཞིག་ཡོད་ཐག་ཆོད་རེད། ཡིག་རྙིང་འདིར་ཆ་བཞག་ན་མི་ཤི་ནས་ཆོ་ག་ག་རེ་གཏོང་གི་ཡོད་པ་དང་། མི་ཤི་ན་མི་དེ་ཡི་རྣམ་ཤེས་ག་པར་འགྲོ་གི་ཡོད་པ་དེ་འདྲའི་སྐད་ཆ་མང་པོ་ཡོང་གི་འདུག དེ་འདྲ་ཡིན་པས་ང་ཚོའི་སངས་རྒྱས་ཆོས་ལུགས་སུ་བཤད་པ་དང་འདྲ་པོ་མི་འདུག དེ་ག་ནང་བཞིན་ལྷ་ཡི་མིང་དང་། མི་ཡི་མིང་། མི་ཚང་གི་མིང་བཅས་ཚང་མ་རྦད་དེ་ཁ་ཁ་རེད། དེ་འདྲ་ཡིན་པས་ད་ལྟའི་བོད་རིག་པའི་མཁས་པ་མང་ཆེ་བ་ཞིག་གིས་བསམ་འཆར་ག་རེ་འཚོལ་གྱི་ཡོད་པ་རེད་ཟེར་ན། སྔོན་གྱི་ཡིག་རྙིང་དེ་དག་གི་ནང་བོད་མི་རང་གི་བསམ་འཆར་ག་འདྲ་འདུག་ཟེར་བ་དེ་འཚོལ་གྱི་ཡོད་པ་རེད། དེ་འདྲ་ཟེར་ཡོང་དུས་སཾསྐྲྀཏའི་སྐད་ནས་བསྒྱུར་པའི་བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་ལ་བོད་མི་རང་གི་འདུ་ཤེས་དང་བསམ་འཆར་རྙེད་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། དེས་ན་བོད་མིའི་བསམ་འཆར་གང་ནས་རྙེད་ཡོང་གི་ཡོད་པ་རེད་ཟེར་ན་བོད་པ་རང་གིས་བརྩམས་པའི་དཔེ་ཆ་དང་། ལྷག་པར་དུ་བོན་པོའི་དཔེ་ཆའི་ནང་ནས་འགའ་རེ་རྙེད་ཡོང་གི་རེད།
དེ་ལྟར་བོད་རིག་པར་ཞིབ་འཇུག་བྱེད་པའི་སྐབས་སུ་ཞིབ་འཇུག་བྱ་རྒྱུ་གཙོ་བོ་དེ་དང་པོ་བསམ་འཆར་དང་དེ་ནས་བསམ་འཆར་དེ་ཡར་ལོ་རྒྱུས་ཀྱི་དུས་ཚོད་ག་ཚོད་འགྲོ་ཐུབ་མིན་དེར་བལྟ་དགོས་ཀྱི་ཡོད་པ་རེད། མཆོད་རྟེན་ཞིག་རོ་ནས་རྙེད་པའི་དཔེ་ཆ་དེ་ཚོ་ལ་ལྟ་དུས། ད་ལྟ་ངས་ཞུས་པ་ནང་བཞིན་མཆོད་རྟེན་དེ་ག་དུས་བཞེངས་པ་རེད་ཟེར་བའི་རྙོག་དྲ་དེ་ལ་ཐུག་བསྡད་ཡོད་པ་རེད། མི་ཁ་ཤས་ཀྱིས་རྙིང་པ་རེད། འོན་ཀྱང་དུས་རབས་དང་དུས་རབས་བརྒྱུད་དེ་ལོ་རྒྱུས་ཀྱི་འགྱུར་བ་ཕྱིན་ཡོད་པ་རེད་ཟེར། མཆོད་རྟེན་ཞིག་རོ་དེ་ནས་རྙེད་པ་དེ་མཆོད་རྟེན་ནང་ནས་མ་རྙེད་བར་དུ་མི་སུ་གང་གིས་ཀྱང་ལག་པས་བཅངས་ཡོད་པ་མ་རེད། དེ་བས་དཔེ་ཆ་དེ་ཚོ་མི་གཅིག་གིས་འགྱུར་ལྡོག་གང་ཡང་བཏང་ཡོད་པ་མ་རེད། ཏུན་ཧོང་གི་ཡིག་རྙིང་སྔོན་མ་སྦས་པ་ནས་མ་རྙེད་བར་དུ་མི་གཞན་པའི་ལག་པས་བཅངས་མེད་པ་ནང་བཞིན་རེད།
ངས་ད་ལྟ་ཞུས་པའི་བསམ་འཆར་གཅིག་ནི་ང་ཚོ་བོད་ལ་དཔེ་ཆ་རྙིང་པ་མི་འདུག་ཟེར་རྒྱུ་མེད་ཟེར་བ་དེ་ཡིན། དེ་གཅིག་གིས་གཅིག་ལ་བརྒྱུད་ནས་ཡང་བསྐྱར་མི་མང་པོ་ཞིག་གིས་བསྡུས་ནས་བཤུས་པ་ཡིན་པས་དེ་ལ་ཡང་འགྱུར་བ་མང་པོ་ཕྱིན་ཡོད་སྲིད་ཀྱི་རེད། དེ་ནས་འགྱུར་བ་ཕྱིན་ཡོད་པ་དེ་སྐད་ཡིག་ཁོ་རང་ཙམ་མ་ཟད་དཔེ་ཆ་རང་ལ་འགྱུར་བ་ཕྱིན་པ་དེ་འདྲའང་འདུག དེ་འདྲ་ཡིན་པས་མཆོད་རྟེན་ཞིག་རོ་ནས་རྙེད་པའི་དཔེ་ཆ་དེ་འདྲ་ལ་བསམ་འཆར་ཚང་མར་འགྱུར་བ་ཕྱིན་ཡོད་པ་མ་རེད། དེ་བས་ང་ཚོས་ལོ་རྒྱུས་ལ་དཔྱད་པ་གཏོང་དུས། གལ་སྲིད་ཡིག་ཆ་འདི་འདྲ་མེད་དུས་དུས་རབས་བཅུ་གཅིག་ཡར་ལ་འགྲོ་རྒྱུ་ཁག་པོ་ཆགས་བསྡད་ཡོད་པ་རེད།
ཆོས་འབྱུང་དང་རྒྱལ་རབས་དེ་འདྲ་ཀློག་པའི་སྐབས་ལ་མི་ཞིག་ལྷ་ཞིག་རེད་ཅེས་རྒྱལ་པོ་ཞིག་བྲིས་བཞག་པ་དེ་འདྲ་མང་པོ་ཡོད་པ་རེད། ཆོས་འབྱུང་དང་རྒྱལ་རབས་དེ་འདྲའི་ནང་ལ། དཔེར་ན་སྲོང་བཙན་སྒམ་པོ་འཕགས་པ་སྤྱན་རས་གཟིགས་ཡིན་ཟེར། ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཁོང་དམག་དཔོན་ཆེན་པོ་ཞིག་དང་། ང་ཚོ་མི་ནང་བཞིན་དཔའ་ངར་དང་བློ་གྲོས་ལྡན་པ་ཞིག་རེད། ཡིན་ནའང་རྗེས་སུ་《མ་ཎི་བཀའ་འབུམ་》ཀློག་དུས་ཁོང་འཕགས་པ་སྤྱན་རས་གཟིགས་དངོས་སུ་ཕེབས་ནས་རྒྱལ་པོ་མཛད་པའི་ལྷ་ནང་བཞིན་བྲིས་ནས་བྱང་ཆུབ་སེམས་དཔའི་སྤྲུལ་པ་རེད་ཟེར་བ་ལ་སོགས་པ་བྱུང་དུས་མི་རེད་ཟེར་རྒྱུ་ཡང་ཁག་པོར་གྱུར་པ་རེད།
མཆོད་རྟེན་ཞིག་རོ་དེ་ནས་རྙེད་པའི་ཡིག་རྙིང་དེ་ལ་མིའི་ལག་པས་བཟུང་སྟེ་འགྱུར་བ་བཏང་བ་དེ་འདྲ་རྩ་བ་ཉིད་ནས་བྱུང་ཡོད་པ་མ་རེད། ཆོས་འབྱུང་བཤད་པའི་སྐབས་ལ་ཆོས་འབྱུང་འབྲི་བ་པོ་མང་ཆེ་བ་ཞིག་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་རེད། ཁོང་ཚོས་དད་པ་དང་དག་སྣང་གཙོ་བོ་བྱས་ཏེ་བྲིས་པ་རེད། དད་པ་གཙོ་བོ་བྱས་པས་ལོ་རྒྱུས་ཀྱི་ཐད་སྐད་ཆ་དྲང་པོ་འཐོབ་རྒྱུ་དཀའ་ལས་ཁག་པོ་ཡོང་གི་ཡོད་པ་རེད། ད་མཆོད་རྟེན་ཞིག་རོ་ནས་རྙེད་པའི་ཡིག་རྙིང་ལྟ་བུར་ཆ་བཞག་ན། སྐབས་དེ་དུས་ཀྱི་རྩོམ་པ་པོས་བྲིས་པ་དེ་ཆོས་བྲིས་པ་ཞིག་ལས་ལོ་རྒྱུས་བྲིས་པ་དེ་འདྲ་མ་རེད། ངས་ད་ལྟ་བཤད་པའི་བསམ་འཆར་གཙོ་བོ་འདི་ཡིན། ཆོས་འབྱུང་རྩོམ་པ་པོ་ཞིག་ལ་ཆ་བཞག་ན་ཁོ་རང་ཉིད་སངས་རྒྱས་ཆོས་ལུགས་པ་ཡིན་པས་དད་པ་དེ་གཙོ་བོར་ཆགས་པ་རེད། དེ་འདྲ་ཡིན་པས་གཏམ་རྒྱུད་དང་ལོ་རྒྱུས་འདྲེས་བསྡད་པ་ཞེ་དྲགས་ཤུགས་ཆེན་པོ་ཡོད་པ་རེད། ཏུན་ཧོང་ཡིག་རྙིང་དང་མཆོད་རྟེན་ཞིག་རོ་ནས་རྙེད་པ་འདི་གཉིས་ལ་ཆ་བཞག་ན་དུས་རབས་ག་དུས་བྲིས་པར་ང་ཚོས་ཡིད་ཆེས་བརྒྱ་ཆའི་བརྒྱ་བྱ་ཆོག་གི་ཡོད་པ་རེད། དེར་བརྟེན་དུས་རབས་དེ་དུས་བྲིས་པའི་བསམ་འཆར་དེ་ཚོ་ང་ཚོའི་ལོ་རྒྱུས་འབྲི་བ་ལ་ཕན་པ་ཡག་པོ་ཡོང་བར་ཡིད་ཆེས་ཡོད་པ་རེད། ད་དེ་འདྲ་ཡིན།
མདོ་འཛིན་པ། འདིར་བཞུགས་དགེ་རྒན་དང་སློབ་གྲོགས་དག་ལ་དྲི་བ་ཡོད་དམ། ད་དུང་དུས་ཚོད་འདུག དྲི་བ་ཡོད་ན་འདྲི་རོགས་གནང་། གོ་སྐབས་ཡག་པོ་རེད།
དྲི་བ་དྲིས་ལན་གྱི་སྐོར།
དྲི་བ། རྒན་ལགས། ང་ལ་དྲི་བ་ཞིག་ཡོད། དགའ་ཐང་འབུམ་པ་ཆེ་ཟེར་བ་དེར་བདག་ཀྱང་ཐེངས་གཉིས་ཙམ་འགྲོ་མྱོང་ཡོད། དེའི་ནང་ལ་བོན་པོའི་དཔེ་ཆ་དང་ནང་པ་སངས་རྒྱས་པའི་དཔེ་ཆ་སོགས་དཔེ་ཆ་ཆེ་ཆུང་འདྲ་མིན་སྣ་ཚོགས་ཤིག་འདུག དེབ་ཀྱི་རྒྱབ་ཤ་ཡིན་ན་འདྲ། ཆེ་ཆུང་ཡིན་ན་འདྲ། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་ཀྱི་འགྱུར་བ་དང་ཤོག་བུའི་སྤུས་ཚད་ལ་བརྟག་དཔྱད་བྱེད་མཁན་ཞིག་ཡིན་ན། བརྟག་དཔྱད་བྱ་རྒྱུ་མང་པོ་ཞིག་ཡོད་པ་འདྲ། ད་ལྟའང་དཔེ་ཆ་མང་པོ་ཞིག་རས་ཀྱིས་བཏུམས་ཏེ་བཞག་ཡོད་པ་རེད། བདག་ལ་འདྲི་རྒྱུ་ཞིག་ཡོད་པ་ནི་དེབ་དེ་འདྲ་མང་པོ་ཞིག་གི་ནང་ནས་བོན་པོའི་དཔེ་ཆ་འདི་བདམས་པའི་རྒྱུ་མཚན་ག་རེ་རེད། གཞན་མང་ཚོགས་མང་པོར་སྐད་ཆ་དྲིས་པ་ཡིན་ན། མངའ་བདག་ཉང་ཉི་མ་འོད་ཟེར་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》རྩོམ་མཁན་ཁོང་གིས་མཆོད་རྟེན་བཞེངས་པ་དང་། སྨྲ་བོ་ལྕོག་ཅེས་དགོན་པ་ཆེན་པོ་དེ་འདྲ་ཞིག་བཞེངས་པ་རེད་ཅེས་བཤད་ཀྱིན་འདུག ཁྱེད་ལ་བསམ་ཚུལ་གང་ཡོད་དམ།
ལན། ལགས་སོ། ། ད་ཁྱེད་རང་གི་དྲི་བ་དེའི་སྐོར་ལ་ལན་མདོར་བསྡུས་ཤིག་ཞུས་པ་ཡིན་ན། ད་ལྟ་ངས་ཧ་གོ་ཚུལ་ལ་མཆོད་རྟེན་ཞིག་རོ་དེ་ན་བོན་པོའི་དཔེ་ཆ་ཡོད་དགོས་པའི་རྒྱུ་མཚན་ཁྱེད་རང་གིས་གསུང་གི་འདུག ངས་བལྟས་ན་དེ་ཧ་ཅང་གལ་ཆེན་པོ་རེད། ད་གིན་ངས་ཞུས་པ་ནང་བཞིན་མཆོད་རྟེན་ཞིག་རོ་བཞེངས་པའི་དུས་ཚོད་དེ་ད་ལྟའི་བར་ཐག་རྦད་དེ་ཆོད་ཀྱི་མི་འདུག མངའ་བདག་ཉང་ཉི་མ་འོད་ཟེར་གྱིས་བཞེངས་པ་རེད་ཟེར་བ་གཅིག་དང་། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོས་བཞེངས་པ་རེད་ཟེར་བ་གཅིག་བཅས་འཆད་སྟངས་མི་འདྲ་བ་ཡོད་པ་རེད། གལ་ཏེ་ཕག་མོ་གྲུ་པ་ཡིན་ན་ཡར་དུས་རབས་བཅུ་གཅིག་པར་འདེད་ཐུབ་ཀྱི་འདུག མངའ་བདག་ཉང་ཉི་མ་འོད་ཟེར་ཡིན་ན་དུས་རབས་བཅུ་གཉིས་པའི་མགོ་དེ་འདྲ་ཞིག་རེད། དངོས་གནས་བྱས་ན་མངའ་བདག་ཉང་ཉི་མ་འོད་ཟེར་རེད་ཟེར་བའི་སྐད་ཆ་དེ་ལྷོ་ཁའི་ཡུལ་མི་དེཚོས་ཟེར་གྱི་འདུག་མ་གཏོགས་ངས་དཔེ་ཆའི་ནང་ནས་རྙེད་མ་སོང་། ད་གིན་ངས་དང་ཐོག་ཞུས་པའི་མཆོད་རྟེན་རྙིང་པ་དབྱིན་ཇིའི་མི་དེས་པར་རྒྱག་དུས་དེ་འདྲའི་རྣ་ཐོས་ཡོད་ཅེས་ཟེར་གྱི་འདུག
མངའ་བདག་ཉང་ཉི་མ་འོད་ཟེར་ཁྱེད་རང་ཚོས་མཁྱེན་གསལ་ནང་བཞིན་དུས་རབས་བཅུ་གཉིས་པའི་ནང་དུ་བྱོན་པ་རེད། ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོའི་རྣམ་ཐར་བཀླགས་མྱོང་ཡང་ཁོང་གིས་མཆོད་རྟེན་བཞེངས་པ་དེ་འདྲ་ཁྱོན་ནས་བཤད་མི་འདུག ཕག་མོ་གྲུ་པས་བཞེངས་པ་རེད་ཟེར་མཁན་དེ་རུས་ཁྲེན་ཟེར་བ་སྔ་མ་རྒྱ་རིགས་ཡིན་པ་བཞུགས་ས་ཁ་ན་ཏ་ལ་བཞུགས་པ་བོད་ཀྱི་སྐོར་ལ་ལམ་ཡིག་ཆེན་པོ་ཞིག་བྲིས་ཡོད་པ་དེའི་ནང་དུ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་རེད་ཟེར་བའི་སྐད་ཆ་ཞིག་འདུག ཡང་བོད་ཀྱི་སྐོར་ལ་ལམ་ཡིག་བྲིས་པ་གཞན་ཞིག་གི་ནང་ལ་ཡང་ཕག་མོ་གྲུ་པ་རེད་ཟེར་བའི་སྐད་ཆ་གཅིག་འདུག ངས་ད་ལྟ་ཞུས་པ་ནང་བཞིན་ཕག་མོ་གྲུ་པའི་རྣམ་ཐར་དེའི་ནང་དུ་མི་འདུག གཅིག་བྱས་ན་རྣམ་ཐར་གཞན་ཞིག་གི་ནང་དུ་ཡོད་མདོག་ཁ་པོ་རེད། ངས་བཀླགས་པའི་རྣམ་ཐར་ནང་དུ་མི་འདུག དེར་བརྟེན་ད་ལྟ་ཐག་ཡག་པོ་གཅོད་ཐུབ་ཀྱི་མི་འདུག
ད་ལྟ་སྐུ་ཞབས་ཀྱིས་གསུངས་པ་ནང་བཞིན་མཆོད་རྟེན་གྱི་གཟུངས་གཞུག་འདུག་གསུང་གི་འདུག། དེའི་ནང་གི་མང་ཆེ་བ་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་རེད། དེའི་ནང་ལ་བོན་པོའི་དཔེ་ཆ་འཐོན་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན། རྒྱུ་མཚན་འདི་རེད་ཟེར་རྒྱུ་ཞིག་མི་འདུག ང་རང་ཚོ་བོད་ཀྱི་ལུགས་སྲོལ་ལ་མཆོད་རྟེན་བཞེངས་སྐབས་གཟུངས་གཞུག་དང་། སྐུ་འདྲ། སཱ་ཙྪ། རྫས་རིགས་མི་འདྲ་བ་སོགས་ནང་རྟེན་དུ་འཇོག་པའི་ལུགས་སྲོལ་ཡོད་པ་རེད། དེ་འདྲ་ཡིན་དུས་འབྲུག་ཡུལ་གྱི་མཆོད་རྟེན་ལ་རྐུ་མ་རྒྱག་མཁན་མང་པོ་བྱུང་བ་རེད། མཆོད་རྟེན་ནང་ལ་ཅ་ལག་རྩ་ཆེན་པོ་འཇོག་གི་ཡོད་པས་མི་ཁ་ཤས་ཀྱིས་མཚན་ལ་མཆོད་རྟེན་བཤིགས་ནས་རྐུ་མ་རྒྱག་གི་འདུག འོ། དེ་འདྲ་ཡིན་དུས་འདྲ་མི་འདྲ་མང་པོ་གཅིག་ཐོན་ཡོང་གི་རེད། དེ་རྒྱུ་མཚན་གཅིག་ཡིན། རྒྱུ་མཚན་གཞན་པ་དེ་ངས་བསམ་པ་ལ་གལ་སྲིད་སངས་རྒྱས་ཆོས་ལུགས་བྱེད་མཁན་གྱི་མི་སྣ་ཞིག་གིས་མཆོད་རྟེན་བཞེངས་པ་རེད་ཟེར་བའི་སྐབས་ལ། དེ་ནི་ཁ་གནོན་གྱི་མཆོད་རྟེན་ཞིག་ཡིན་ཟེར་གྱི་ཡོད་པ་རེད། ཁ་གནོན་ཟེར་དུས་སྲིན་པོའི་ཁ་གནོན་དང་བདུད་ཀྱི་ཁ་གནོན་ལ་སོགས་པ་ཧ་ཅང་མང་པོ་ཡོད་པ་རེད། དེ་འདྲ་ཁ་གནོན་པའི་རྒྱུ་མཚན་ལ་མཆོད་རྟེན་བཞེངས་པ་རེད་ཟེར། དེ་ག་ནང་བཞིན་འདྲེ་དང་བདུད་སྲིན་ལ་སོགས་པ་ཁ་གནོན་པའི་མཆོད་རྟེན་དེ་བོད་ལ་ཆ་བཞག་ན་གྲོང་གསེབ་ཀྱི་མདོ་དང་ལུང་པའི་ཕུ་ལ་ཡོད་པས། དེ་བོན་པོའི་དཔེ་ཆ་ཡོད་པའི་རྒྱུ་མཚན་གཅིག་རེད། རྒྱུ་མཚན་གཞན་དག་དེ། ངས་དང་པོ་མཐོང་བའི་སྐབས་སུ་དཔེ་ཆ་དེ་ཚོ་བོན་པོའི་དཔེ་ཆ་ཡིན་ན། མཆོད་རྟེན་དེའི་བུམ་པའི་འོག་ན་ཡོད་དམ་ཡང་ན་མཆོད་རྟེན་གྱི་གནས་གང་ན་ཡོད་པ་དེ་འདྲར་ཁོང་ཚོས་འགྲེལ་བཤད་གསལ་པོ་གནང་མི་འདུག དེ་ག་ནང་བཞིན་ག་པར་ཡོད་མེད་ཀྱང་བྲིས་མི་འདུག་ལ་རི་མོ་ཡང་བྲིས་མི་འདུག ནམ་རྒྱུན་རུས་རྫས་རྙེད་པའི་སྐབས་ལ་རུས་རྫས་དེ་ག་འདྲ་ཞིག་རྙེད་སོང་། རུས་རྫས་ཡོད་སའི་ས་ཆ་དེ་ག་འདྲ་ཡིན་མིན་པར་བརྒྱབ། རི་མོ་བྲིས། དེ་འདྲ་བྱེད་དགོས་ཀྱི་རེད། མཆོད་རྟེན་དེའི་ཡིག་རྙིང་དེ་ཐོག་ན་ཡོད་དམ་ཡང་ན་གཤམ་ན་ཡོད་གསལ་པོ་ཞིག་མེད་པས། ང་རང་དོགས་པ་ཟ་བ་ལ་མཆོད་རྟེན་བཞེངས་མཁན་གྱི་བླ་མ་དེས་བོན་པོ་ཉམས་པའི་ཆེད་དུ་བཞེངས་པ་རེད་བསམས་བྱུང་། ཡིན་ཡང་དེ་རེད་མི་འདུག། མཆོད་རྟེན་དེའི་ཡིག་ཆ་རྙེད་ས་དེ་བུམ་པའི་ནང་ལ་འདུག་ཟེར། དེ་ཕལ་ཆེར་བདེན་པ་ཡིན་པ་འདྲ། གང་ཡིན་ཟེར་ན། མཆོད་རྟེན་ཚང་མ་བཤིག་མེད་པས། ཞིག་གསོ་བྱེད་པའི་སྐབས་ལ་གདན་གྱི་འོག་ན་ག་རེ་ཡོད་མེད་བལྟས་མི་འདུག དེ་བས་ད་ལྟ་སྐུ་ཞབས་ལགས་ཀྱི་དྲི་བ་དེ་ལ་ངས་ལན་བརྒྱ་ཆའི་བརྒྱ་ཐམ་པ་རྒྱག་ཐུབ་མ་སོང་། ག་རེ་ཡིནཟེར་ན་མཆོད་རྟེན་དེའི་ནང་ལ་བོན་པོའི་དཔེ་ཆ་ཡོད་དགོས་པའི་རྒྱུ་མཚན་གསལ་བོ་ཞིག་མི་འདུག
དྲི་བ། རྒན་ལགས། བདག་ལ་དྲི་བ་གཉིས་ཡོད། དང་པོ་ནི་《མ་ཎི་བཀའ་འབུམ》ནང་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་ཁོང་སྐུ་གཤེགས་ཚར་བའི་རྗེས་སུ་རྒྱལ་པོ་གང་གི་སྐབས་ལ་ཆོས་འདི་ཤུགས་ཆེན་པོར་དར་བ་དང་། རྒྱལ་པོ་གང་གི་སྐབས་ལ་ཆོས་འདི་མར་ནུབ་པ། ཡང་དེའི་རྗེས་ཀྱི་བོད་སིལ་བུའི་སྐབས་སུ་ཆོས་ཡང་བསྐྱར་དར་ཡོང་བའི་སྐོར་བྲིས་ཡོད་པ་འདིར་ཆ་བཞག་ན། རྒྱལ་པོ་སྲོང་བཙན་སྒམ་པོར་དངོས་གནས་དུས་ཚོད་རྒྱུན་རིང་པོ་དེ་འདྲའི་གནས་ཚུལ་མངོན་པར་རྟོགས་ཐུབ་པའི་ནུས་པ་ཡོད་དམ་མེད་ཟེར་བ་དེ་གཅིག་ཡིན། དྲི་བ་གཉིས་པ། ད་ལྟ་རྒན་ལགས་ནས་བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་དུ་རྒྱ་གར་གྱི་བསམ་བློ་མཚོན་པའི་ནང་དོན་མང་པོ་ཡོད་པ་དང་། བོན་ཆོས་ཀྱི་ནང་ལོགས་ན་ང་ཚོ་བོད་པ་རང་གི་བསམ་བློ་མཚོན་པའི་ནང་དོན་མང་པོ་ཡོད་ཅེས་གསུངས་བྱུང་། ཡིན་ནའང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོན་ཆོས་རྦད་དེ་མེད་པར་བཟོས་ནས་བོད་པ་རང་གི་བསམ་བློ་དེ་ཡང་མེད་པར་བཟོས་པ་རེད། དེ་འདྲ་ཡིན་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སོགས་ཀྱིས་ང་ཚོ་རང་གི་བོན་ཆོས་མེད་པར་བཟོས་པ་འདི་ལས་བོད་རང་གི་བསམ་བློ་དེ་ཧ་ཅང་སྡུག་པོ་ཞིག་རེད་དམ་ཟེར་བ་དེ་ཡིན། ཐུགས་རྗེ་ཆེ།
ལན། འོ་ལགས་སོ། །ཐུགས་རྗེ་ཆེ། སྐད་ཆ་དང་པོ་དེ་ལུང་བསྟན་གྱི་སྐོར་རེད། ལུང་བསྟན་གྱི་སྐོར་དེ་ད་ལྟའི་ཚན་རིག་གི་ཐོག་ནས་ཁས་ལེན་ཁག་པོ་རེད། ལུང་བསྟན་གྱི་ནང་ལོགས་ན་བརྒྱ་ཐམ་པ་གསུངས་ན་གཅིག་ཐིག་མདོག་ཁ་པོ་རེད། ལུང་བསྟན་ལ་རང་ཉིད་ནས་དད་པ་དག་སྣང་བྱས་ན་ནི་འགྲིག་གི་རེད། ང་ཚོས་ཚན་རིག་གི་ཐོག་ནས་བཤད་པ་ཡིན་ན་བརྒྱ་ཆའི་བརྒྱ་ཁས་ལེན་རྒྱུ་དཀའ་ལས་ཁག་པོར་ཆགས་ཡོད་པ་རེད། དཔེར་ན་《འཇམ་དཔལ་རྩ་རྒྱུད་》ཀྱི་ནང་དུ་བོད་ཀྱི་རྒྱལ་པོ་ཚང་མ་ཡོང་གི་ཡོད་པ་ལུང་བསྟན་འདྲ་པོ་ཞིག་རེད་ཟེར་གྱི་འདུག དོན་དངོས་ཐོག་རྗེས་སུ་ཞིབ་འཇུག་བྱ་དུས་རྒྱལ་པོ་དེ་ཚོའི་མིང་ཚང་མ་བལ་པོའི་རྒྱལ་པོའི་མིང་ཡིན་པ་རེད་མ་གཏོགས་བོད་ཀྱི་རྒྱལ་པོ་རེད་མི་འདུག དེ་ག་ནང་བཞིན་ཀློག་དེབ་མང་པོ་ལས་ཆོས་འབྱུང་དེ་ཚོ་ག་རེ་ལ་ཕན་གྱི་འདུག་ཟེར་ན། དུས་ཚོད་ཀྱི་ལོ་ཚིགས་ལ་ཕན་གྱི་འདུག སྐབས་དེར་ལུང་བསྟན་ནང་བཞིན་ཡོད་པ་ཐག་ཆོད་རེད། ལུང་བསྟན་དེའི་ནང་དུ་མ་འོངས་པ་ལ་མི་གཅིག་ཡོང་གི་རེད། ཁོང་རང་གི་མིང་ལ་འདི་འདྲ་རེད་ཟེར་བའི་སྐབས་ལ་ང་ཚོས་ག་རེ་ཧ་གོ་གི་འདུག་ཟེར་ན། ལུང་བསྟན་གསུང་བའི་སྐབས་ལ་མི་དེ་བཞུགས་ཡོད་པ་ཐག་ཆོད་རེད། དེ་བས་ལུང་བསྟན་དེ་ཚོར་ཞིབ་འཇུག་བྱས་ན་ཕན་ཐོགས་ཞེ་དྲགས་འདུག། ཡིན་ན་ཡང་ལུང་བསྟན་པ་ནང་བཞིན་མི་ཞིག་གིས་མངོན་ཤེས་ཀྱིས་མ་འོངས་པ་ལ་མི་འདི་འདྲ་ཞིག་ཡོང་གི་རེད་ཟེར་བ་དེ་ཁས་ལེན་ཁག་པོ་རེད།
གཞན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་བོན་བསྣུབས་པ་དེ་གདུག་རྩུབ་ཀྱི་སྤྱོད་པ་རེད་ཟེར་བ་དེར་ངས་སྐད་ཆ་བཤད་ཀྱི་མེད། ལུང་པ་གཅིག་གི་ནང་ལ་ཆོས་གསར་པ་ཞིག་ཡོང་དུས་ཆོས་ལུགས་རྙིང་པ་དེས་ངོ་རྒོལ་བྱེད་ཀྱི་རེད། དེ་ག་ནང་བཞིན་ཡོ་རོབ་ལུང་པ་ལ་ཡེ་ཤུའི་ཆོས་ལུགས་མ་དར་གོང་ལ་ཆོས་ལུགས་རྙིང་པ་ཞིག་ཡོད་པ་རེད། ཡེ་ཤུའི་ཆོས་ལུགས་དར་བའི་སྐབས་ལ་དེས་ངོ་རྒོལ་ཞེ་དྲགས་བྱས་པ་རེད། དེ་ག་ནང་བཞིན་སངས་རྒྱས་ཆོས་ལུགས་ཉི་ཧོང་ལ་སླེབས་པའི་སྐབས་ལ་ཁོ་ཚོའི་ཆོས་ལུགས་གཞན་ཞིག་གིས་ངོ་རྒོལ་ཞེ་དྲགས་བྱས་པ་རེད། བོད་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལ་སངས་རྒྱས་ཆོས་ལུགས་དར་བའི་མགོ་ཚུགས་ནས་རྩོད་པ་མང་པོ་བྱུང་བ་རེད། དེའི་དུས་སྐབས་ལ་ཆོས་ལུགས་ཀྱི་བར་དང་། ཆོས་ལུགས་གྲུབ་མཐའི་ནང་ཁུལ་དུ་རྩོད་པ་བྱུང་ནས་ཆོས་ལུགས་ཕན་ཚུན་བར་འགྲན་ཡ་དགྲ་ཟླ་ལྟ་བུར་ཆགས་པ་རེད། དེ་ག་ནང་བཞིན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་ཆ་བཞག་ན་སངས་རྒྱས་ཆོས་ལུགས་ལ་དད་པ་དང་དག་སྣང་ཡོད་པ་དང་། ཁོང་གི་གམ་གྱི་བློན་པོ་མང་ཆེ་བ་ཕྱི་ལོགས་ནས་ཡོང་བའི་ཆོས་ལུགས་དེ་ལ་དད་པ་མེད་པ་དེ་འདྲ་ཞིག་བྱུང་བ་རེད། དེབས་ཆོས་ལུགས་ཚང་མར་གྲུབ་མཐའི་རྩོད་པ་དང་བསམ་འཆར་ཏག་ཏག་མ་འགྲིགས་པ་དེ་འདྲ་མང་པོ་ཡོད་པ་རེད། དེ་ཚོ་ཚང་མ་ཡག་པོ་དང་སྡུག་པོའི་སྐད་ཆ་མེད། གྲུབ་མཐའི་རྩོད་པ་དེ་ད་ལྟའི་བར་ཆོས་ལུགས་ཤོག་ཁག་ཕན་ཚུན་བར་ཡོད་པ་ཞིག་རེད།
དྲི་བ། རྒན་ལགས་ཀྱིས་ད་གིན་མཆོད་རྟེན་དེའི་ནང་ནས་ཐོན་པའི་དཔེ་ཆ་རྙིང་པ་དེ་བོན་པོའི་ཡིན་པ་“སྟོན་པ་གཤེན་རབ་”ཀྱི་“ཞ”དང་“ཤ”གཉིས་འབྲི་སྟངས་མི་གཅིག་པས་བྱུང་བ་རེད་ཅེས་གསུངས་སོང་། འདིའི་སྐོར་ལ་སྔོན་མ་བོད་ཀྱི་དཔེ་ཆ་ལ་“ན”དང་“ད”བརྗེས་པ་འདུག་པ་ནང་བཞིན་“ཞ”དང་“ཤ”གཉིས་བརྗེས་པ་རེད་ཟེར་བ་དེ་ཚོད་བགམ་བྱས་པ་རེད་དམ། ཡང་ན་སྒྲུབ་བྱེད་གཞན་པ་ག་རེ་ཡོད་པ་རེད།
ལན། ལགས་སོ། །འདི་གནའ་ཡིག་དུམ་བུ་གཅིག་བཏོན་པ་དེའི་ནང་ལ་སྟོན་པ་གཞེན་རབ་ཀྱི་“ཞ”འདི་ནོར་བ་འདྲ། འདི་ནོར་བ་ཡིན་པ་བརྒྱ་ཆའི་བརྒྱ་གསལ་པོ་རེད། ད་དུང་བོན་པོའི་དཔེ་ཆ་ཡིན་པའི་དཔང་རྟགས་མང་པོ་འདུག ད་གིན་ཞུས་པ་ནང་བཞིན་ང་ཚོ་སངས་རྒྱས་ཆོས་ལུགས་ལ་མེད་པའི་བོད་ཀྱི་བསམ་འཆར་མང་པོ་འདུག། མི་ཤི་ནས་ག་པར་འགྲོ་གི་ཡོད་པ་ཟེར་བ་དང་། མི་ཤི་ནས་ཆོ་ག་ག་རེ་གཏང་དགོས་ཀྱི་ཡོད་པ་རེད་ཟེར་བ། ཆོ་ག་གཏོང་ལུགས་དེ་ག་འདྲ་རེད་ཟེར་བ་ལྟ་བུའི་ཡིག་ཆ་གཞན་ན་མེད་པའི་བསམ་འཆར་མང་པོ་ཐོན་ཡོང་གི་འདུག
མདོ་འཛིན་པ། རྒན་མཁར་རྨེའུ་བསམ་གཏན་ནི་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་ཆེན་པོ་རེད། ཁོང་གིས་ང་ཚོར་འཆད་ཁྲིད་གནང་བ་དེ་གོ་སྐབས་ཧ་ཅང་ཡག་པོ་རེད། རྗེས་སུ་ད་དུང་འཆད་ཁྲིད་ཐེངས་འགའ་ཤས་ཡོད། ཚང་མ་དུས་ལྟར་ཕེབས་རོགས། བཀྲ་ཤིས་བདེ་ལེགས།