ཛམ་ཐང་ངམ་འཛམ་ཐང་ཞེས་པའི་ས་མིང་ལ་དཔྱད་པ།
[ཟླ་ཚེས། 2024-04-05 10:32:39][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
[ནང་དོན་གནད་བསྡུས] ཛམ་ཐང་ངམ་འཛམ་ཐང་ཞེས་པ་ནི་སྔོན་ཆད་ས་མིང་ཞིག་དང་། དེང་སང་རྫོང་ཞིག་གི་མིང་ཡིན། ས་ཆ་དེ་ནི་སི་ཁྲོན་ཞིང་ཆེན་ཁོངས་སུ་གཏོགས་པའི་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ངོས་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་རྐ་མདའ་རུ་ཡོད། ཛམ་ཐང་ཞེས་པའི་ས་མིང་དེ་ལ་འཛམ་ཐང་དང་། ཛམ་ཐང་། ཛཾ་ཐང་། འཛོམ་ཐང་སོགས་ཅི་རིགས་འབྲི་བ་ཡོད་པ་དག་ལ་དཔྱད་པ་བསྟན་པའོ། །
[གནད་ཚིག] འཛི་ཀ འཛམ་ཐང་། ཛམ་ཐང་། ཛཾ་ཐང་། འཛོམ་ཐང་།
ཛམ་ཐང་ངམ་འཛམ་ཐང་ས་མིང་བྱུང་བ་ལ་དཔྱད་པ།
དེང་སང་བོད་ཡུལ་གྱི་ས་མིང་ལ་འགྱུར་བ་ཆེན་པོ་བྱུང་བ་དང་འབྱུང་བཞིན་འདུག། སྔོན་ཆད་དཔེ་གཞུང་དང་ངག་རྒྱུན་ལས་གཞན་པའི་དེང་རབས་མཁས་བླུན་མང་པོ་ཞིག་གིས་གཟུ་ལུམ་ཅན་དང་། ར་ཆོད། དམ་འཆོལ། ཚོད་ཡོད། མ་དག་པ། ལྷག་ཆད། སྙིང་པོ་འཆོལ་བ་སོགས་ཀྱི་སྒོ་ནས་ས་མིང་མང་པོ་གསར་བཟོ་བྱེད་དང་བྱ་བཞིན་པ་ནི་ངོ་མ་འཇིགས་སུ་རུང་བའམ་ཡིད་ཕམ་པའི་གནས་ཞིག་རེད། དཔེར་ན། དར་རྩེ་མདོའི་ཕག་མོ་རི་ལ། རྒྱ་སྐད་དུ(跑马山) ཞེས་སྒྲ་བསྒྱུར་བྱས་ཡོད། དེང་སང(跑马山) དེ་བོད་སྐད་ལ་བསྒྱུར་ཚེ་རྟ་རྒྱུག་སའི་ཐང་ཟེར་བ་འདྲ་བའི་གནད་དོན་མང་པོ་ཞིག་ཐོན་འདུག བོད་ཡུལ་གྱི་ས་མིང་དང་ཆུ་མིང་རི་མིང་སོགས་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་ཅི་རིགས་སུ་གྲུབ་ནའང་། ས་མིང་སོགས་ཐ་སྙད་དང་མིང་མང་པོ་ཞིག་ནི་སྔོན་ཆད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་དང་། ས་གནས་ཀྱི་རིག་གནས་དང་འབྲེལ་བ་ཡོད་པ། ས་གནས་ཀྱི་ཡུལ་སྐད་དང་འབྲེལ་བ་ཡོད་པ། ས་གནས་ཀྱི་ཆོས་ལུགས་དང་འབྲེལ་བ་ཡོད་པ། མིང་དེ་བྱུང་ཁུངས་དང་འབྲེལ་བ་ཡོད་པ་སོགས་ཁྱད་ཆོས་ཅི་རིགས་དང་ལྡན་པའོ། །དེ་བཞིན་དུ་ཛམ་ཐང་ཞེས་པའི་ས་མིང་དེ་བྱུང་ཚུལ་ལ། སྤྱིར་ཛཾ་ཐང་ངམ་ཛམ་ཐང་ཞེས་པའི་མིང་འདི་ནི་གནས་རི་ཛམ་བྷ་ལའི་མདུན་ཐང་ན་ཡོད་པའི་ཆ་ནས་དེ་ལྟར་དུ་ཐོགས་པ་ཡིན་པར་བཤད། ཇོ་ནང་པ་ལ་བཀའ་དྲིན་གྱི་ཁུར་རབ་ཏུ་ལྕི་བའི་དྲུང་རཏྣ་ཤྲཱི་མཆོག་གནས་འདིར་ཞབས་ཀྱིས་མ་བཅག་པའི་སྔོན་དུ་གནས་འདི་ལ་འཛི་ཀ་ཟེར་བ་ལས་ཛམ་ཐང་ཟེར་མིན་ནི་དོགས་པའི་གནས་ཤིག་ཡིན་ཞེས་གསུང་པ་ལ་རྒྱུ་མཚན་ཆེན་པོ་ཞིག་ཡོད་སྙམ།
འཛི་ཀ་དེ་ནི་ཛ་ཀི་ཞེས་པའི་སྒྲ་འགྱུར་བ་ཨེ་ཡིན་སྙམ། ཞང་ཞུང་སྐད་དུ། ཛ་ཀི་ཞེས་པ་དེ་ནི། བོད་སྐད་དུ་ནོར་ལྷ་ཞེས་པའི་དོན་ཡིན། ཞང་ཞུང་སྐད་དུ་ཛ་ཀི་ར་ཧ་ཡ་མུ་ཞེས་པ་དེ་བོད་སྐད་དུ་ནོར་ལྷ་ཨ་རྱ་འཛམ་བྷ་ལྷ་ཞེས་པའི་དོན་ཡིན། དེ་ལྟར་ན། འཛི་ཀ་དང་ཛ་ཀི་གཉིས་ཀྱི་བར་ན་འབྲེལ་བ་ཅི་ཞིག་ཡོད་པ་དཔྱད་དགོས། གང་ལྟར་ཡང་ཛམ་ཐང་ཞེས་པའི་ས་མིང་དེ་ནི་ནོར་ལྷ་ཛམ་བྷ་ལ་དང་འབྲེལ་བ་ཡོད་དོ། །
ངག་དབང་རྒྱ་མཚོས་བརྩམས་པའི་ཛམ་ཐང་ཞེས་པའི་ས་མིང་འབྲི་ཚུལ་གླེང་བའི་ནང་དུ། གནས་འདིར་ཐོག་མར་བོན་དགོན་དར་བ་ཡིན་ཞིང་། བོན་པོ་ལ་ཡང་ཛམ་བྷ་ལའི་སྒྲུབ་ཐབས་སོགས་བཞུགས་པས་དྲུང་རཏྣ་ཤྲཱི་གནས་འདིར་མ་བྱོན་པའི་སྔོན་ནས་གནས་རི་ཛམ་བྷ་ལའི་མིང་གིས་བཏགས་ན་ཡང་རུང་སྙམ། ཞེས་པའི་ཚིག་དེ་དང་། འཛི་ཀ། ཛ་ཀི། བོན་དགོན་དར་བ་སོགས་ལ་ཞིབ་མོར་དཔྱད་དེ་བསྒྲིགས་རིམ་སྔ་ཕྱི་གཏན་འབེབས་མཛད་ན། འཛི་ཀ་ཞེས་པའི་མིང་དེ་ཛ་ཀི་དང་འབྲེལ་བ་ཡོད་པ། ཛ་ཀི་དེ་ཞང་སྐད་ཡིན་པ་དང་ནོར་ལྷའི་དོན་ཡིན་པ། ས་གནས་དེ་ཐོག་མར་བོན་དགོན་དར་བ་སོགས་ལ་དཔྱད་ན་ཛམ་ཐང་ཞེས་པའི་ས་མིང་དེ་བོན་པོ་དང་འབྲེལ་བ་ཡོད་པ་མ་ཟད། འཛི་ཀ་དེ་ཡང་ཕལ་ཆེན་ཞང་སྐད་ཀྱི་སྒྲ་ལས་བྱུང་ཞེས་བརྗོད་ན་མི་ཆོག་པ་མེད་དོ། །ངག་རྒྱུན་ལ། དུས་རབས་བཅུ་དགུའི་ལོ་རབས་བརྒྱད་ཅུ་ཡས་མས་སུ་ཛམ་ཐང་ས་ཆའི་སྒྲུབ་ཕུག་ཅིག་གི་ནང་དུ་བོན་པོའི་བླ་མ་གསུམ་འཇའ་ལུས་སུ་ཕེབས་པར་གྲགས། དེ་ལྟར་ན་དུས་རབས་བཅུ་དགུ་པའི་ནང་དུ་ཛམ་ཐང་ས་ཆར་བོན་དར་ཡོད་པ་གསལ་ལོ། །གང་ལྟར་ཡང་། ཛམ་ཐང་ངམ་འཛམ་ཐང་ས་ཆ་དེ་ཡང་ཐོག་མ་བོན་བསྟན་དར་སའི་ས་གནས་གལ་ཆེན་ཞིག་ཡིན་པར་གསལ་ལོ། །
ཛམ་ཐང་དང་འཛམ་ཐང་གི་ཐ་སྙད་ལ་དཔྱད་པ།
གནའ་དེང་གི་ཚིག་མཛོད་འགའ་ལས་ཛམ་ཐང་ལ་འཛམ་ཐང་ཞེས་བྲིས་ཡོད་དེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་དུང་དཀར་ཚིག་མཛོད་ལས། མདོ་སྨད་འཛམ་ཐང་གི་མཁས་དབང་དགེ་བའི་བཤེས་གཉེན་ངག་དབང་བློ་གྲོས་གྲགས་པས་མཛད་པའི《ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེ》1ཞེས་འཛམ་ཐང་བྲིས་འདུག། དེ་བཞིན་དུ་མཁས་དབང་ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་ཡིག་ཚིག་གཏེར་རྒྱ་མཚོ་ལས། འཛམ་ཐང་། རྫོང་ཞིག སི་ཁྲོན་ཞིང་ཆེན་ཁོངས་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་ངོས་དང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་སྟོད་རྒྱུད་དུ་ཡོད། རྫོང་མི་དམངས་སྲིད་གཞུང་དེ་རྐ་མདའ་རུ་ཡོད།2 ཞེས་གསལ་བར་བསྟན་ཡོད། གང་ལྟར་ཡང་ཛམ་ཐང་ལ་འཛམ་ཐང་འབྲི་བ་ཡང་ཡོད། སྐབས་འདིར། ངག་དབང་རྒྱ་མཚོས་བརྩམས་པའི་ཛམ་ཐང་ཞེས་པའི་ས་མིང་འབྲི་ཚུལ་གླེང་བའི་ནང་དུ། གནས་འདིར་ཐོག་མར་བོན་དགོན་དར་བ་ཡིན་ཞིང་། བོན་པོ་ལ་ཡང་ཛམ་བྷ་ལའི་སྒྲུབ་ཐབས་སོགས་བཞུགས་པས་དྲུང་རཏྣ་ཤྲཱི་གནས་འདིར་མ་བྱོན་པའི་སྔོན་ནས་གནས་རི་ཛམ་བྷ་ལའི་མིང་གིས་བཏགས་ན་ཡང་རུང་སྙམ། འོན་ཀྱང་། ཤེས་དགོས་པ་ཞིག་ལ་བོན་གྱི་དབང་དུ་བྱས་ན༼འཛམ་བྷ་ལ༽ཞེས་མིང་འདི་ལྟར་འབྲི་དགོས་པ་ལས་བན་དེའི་བྲིས་པ་ལྟར་གྱི་ཛམ་བྷ་ལ་ཞེས་འདི་ལྟར་མི་འབྲི།ཞེས་པ་ལ་དཔྱད་ན། ངག་དབང་རྒྱ་མཚོ་ཁོང་བོན་གཞུང་ལ་ལྟ་མྱོང་ཡོད་ཀྱང་། བོན་གཞུང་མང་ཙམ་མཐོང་མ་མྱོང་བ་འདྲ། བོན་ལུགས་ལ། ཛམ་པ་ལ་ཞེས་པ་ལ་འཛམས་བྷ་ལྷ། འཛམ་པ་ལ། འཛམ་བྷ་ལ་དང་། འཛམ་བྷ་ལྷ། ཛམ་བྷ་ལ། ཛཾ་བྷ་ལྷ། ཛཾ་པ་ལ། འཛྷམ་བྷ་ལ་སོགས་ཅི་རིགས་བྲིས་འདུག་སྟེ།
སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་བོན་གྱི་བཀའ་བརྟེན།
སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་ཡར་སྔོན་དུ་སྐུ་བྱོན་པའི་སྡོང་དམུ་ཙ་གྱེར་མེད་ཀྱིས་དྲན་པ་ནམ་མཁའ་ལ་བརྒྱུད་པའི་གཡང་བདག་གར་གསས་འཛམས་བྷ་ལྷའི་གཡང་སྒྲུབ་ཀྱི་ནང་དུ་འཛམས་བྷ་ལྷ་དང་། འཛམ་པ་ལ། ཛམ་བྷ་ལ། ཛམ་བྷ་ལྷ་སོགས་ཅི་རིགས་བྲིས་འདུག
དུས་རབས་བཅུ་གཅིག་པའི་ནང་དུ་ཉང་སྟོད་གཉན་ལུང་ངམ་ཉང་སྟོད་བྲག་ར་ནང་དུ་སྐུ་བྱོན་པའི་བླ་མ་གཉན་མཐིང་གི་གཏེར་མ། ཚངས་པ་གཙུག་ཕུད་ཀྱིས་མཛད་པའི་ཆུ་སྦྱིན་ནང་དུ་ཛམ་བྷ་ལ་ཞེས་བྲིས་འདུག
ཛམ་བྷ་ལ་ལ་ཛཾ་བྷ་ལྷ་དང་ཛཾ་པ་ལ་སོགས་འབྲི་བའི་རིགས་ནི། སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་ཡར་སྔོན་དུ་སྐུ་བྱོན་པའི་སྡོང་དམུ་ཙ་གྱེར་མེད་ཀྱིས་དྲན་པ་ནམ་མཁའ་ལ་བརྒྱུད་པའི་གཡང་བདག་ནོར་གྱི་སྒྲུབ་པ་ནང་དུ་ཛམ་བྷ་ལ་དེ་ལ་ཛཾ་བྷ་ལྷ། ཛཾ་བྷ་ལ། ཛཾ་པ་ལ་སོགས་ཅི་རིགས་བྲིས་འདུག
ཛམ་བྷ་ལ་ལ་འཛྷམ་བྷ་ལ་འབྲི་བའི་རིགས་ནི། ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་བོན་གྱི་བཀའ་འགྱུར་ལག་བྲིས་མ་པོ་ཏི་བརྒྱ་དང་དོན་བརྒྱད་ཀྱི་ནང་ཚན་སྟོན་པ་གཤེན་རབ་མི་བོ་གསུང་བའི་ཀུན་འབུམ་གོ་འབྱེད་རྒྱ་ཆེའི་མཆོད་པ་ནང་དུ་ཛམ་བྷ་ལ་ལ་འཛྷམ་བྷ་ལ་བྲིས་འདུག།
གང་ལྟར་ཡང་བོན་ལུགས་ནི་བསམ་བློ་དང་། འདུ་ཤེས། ཆོས་ལུགས། རིག་གནས་སོགས་མ་ལག་ཆ་ཚང་དང་ལྡན་པ། བོན་ལ་ཐ་སྙད་གསར་རྙིང་དང་ཞང་བོད་སྐད་གཉིས་སོགས་མང་པོ་ཡོད་པ། ཆོ་ག་སྣ་ཚོགས་ཡོད་པ། ཚད་ལྡན་གྱི་ཡིག་ཚང་མང་བ། རིག་གནས་རྒྱ་ཆེ་བ། ལོ་རྒྱུས་སོགས་ཚད་ལྡན་ཡོད་པས་མཐའ་གཅིག་ཏུ་འདི་མེད་ཅེས་བརྗོད་པ་དཀའོ། །
བན་བོན་གྱི་ཛམ་ཐང་ས་མིང་འབོད་པ་ལ་དཔྱད་པ།
ངག་དབང་རྒྱ་མཚོས་བརྩམས་པའི་ཛམ་ཐང་ཞེས་པའི་ས་མིང་འབྲི་ཚུལ་གླེང་བའི་ནང་དུ། ཞེས་ལུང་བསྟན་པ་ལྟར་ན་གནོད་སྦྱིན་གཏེར་བདག་སྟེ་ཛམ་བྷ་ལའི་གནས་རིའི་མིང་གིས་བཏགས་པ་ནི་བསྙོན་དུ་མེད། རེད་དེ། ཁ་ཤས་ཀྱིས་གནས་རིའི་མིང་གིས་བཏགས་ན་ཡང་། ཛམ་བྷ་ལའི་མིང་གི་ཛམ་ཞེས་པ་འ་འཛམ་ལ་བྱས་ཏེ་འཛམ་ཐང་ཞེས་འདི་ལྟར་འབྲི་དགོས་པར་བཤད་མཁན་འདུག་མོད། ཤིན་ཏུ་མ་བརྟགས་པ་སྟེ། བོན་གྱི་དབང་དུ་བྱས་ན་ཛམ་བྷ་ལའི་མིང་གི་ཛམ་ཞེས་པ་འ་འཛམ་ལ་བྱེད་དགོས་པ་ལས་བན་དེའི་དབང་དུ་བྱས་ན་ཛམ་བྷ་ལའི་མིང་གི་ཛམ་ཞེས་པ་འ་སྔོན་འཇུག་མེད་པ་འདི་ཁོ་ན་འབྲི་དགོས་པ་སྔོན་གྱི་བཀའ་བསྟན་འགྱུར་དང་ཆོས་འབྱུང་གཏེར་ཆོས་ཁག་ན་ཤིན་ཏུ་གསལ། དེས་ན་ཛམ་བྷ་ལ་ཞེས་པའི་ཛམ་ནི་ཛམ་སྔོན་འཇུག་མེད་པ་ལ་བྱས་ཏེ་དེའི་ཐང་ན་གནས་ཡོད་པའི་ཆ་ནས་ཛམ་ཐང་ཞེས་འདི་ལྟར་འབྲི་དགོས། ཞེས་པ་ལ་བརྟག་ན། བོན་ལུགས་སུ་འཛམ་ཐང་དང་། བན་དེའི་ལུགས་ལ་ཛམ་ཐང་ཞེས་འབྲི་དགོས་གསུང་པ་ལྟར་སྣང་ཡང་། དོན་དུ་འཛམ་ཐང་དང་ཛམ་ཐང་གཉིས་ལ་བན་བོན་གྱི་ཁྱད་པར་ཡོད་པ་མ་མཐོང་། བོན་ལུགས་ལ་ཛམ་ལྷ་བ་དང་འཛམ་བྷ་ལ་གཉིས་ཀ་འབྲི་སྲོལ་ཡོད་པ་གོང་དུ་བསྟན་ཡོད་པ་མ་ཟད། བན་དེ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་དང་ཐུབ་བསྟན་ཕུན་ཚོགས་སོགས་ཀྱི་འཛམ་ཐང་ཞེས་བྲིས་འདུག། དེ་བཞིན་དུ་མཁས་པ་མང་པོས་འཛམ་ཐང་ཞེས་འབྲི་བཞིན་འདུག། སྤྱི་ཚོགས་རྙིང་པའི་བན་དེའི་མཁས་པ་མང་ཕྱོགས་ཀྱིས་ཛམ་ཐང་ཞེས་བྲིས་པ་ལས་འཛམ་ཐང་ཞེས་འབྲི་མཁན་གཏན་ནས་མེད་ཅེས་ཁ་ཚོད་ཆོད་དཀའ་འདུག་སྙམ། བན་དེ་མཁས་པ་ལ་ལས་ཛམ་ཐང་ལ་ཛཾ་ཐང་བྲིས་པ་ཡང་ཡོད་པ་མཐོང་ཐུབ། གང་ལྟར་ཡང་ཛམ་ཐང་ས་མིང་དེ་བོན་པོ་དང་ཛམ་བྷ་ལ་གཉིས་ལ་འབྲེལ་བ་ཡོད་པར་ཤེས་ཐུབ། བོན་ལུགས་ལ་འཛམ་བྷ་ལ་དང་ཛམ་བྷ་ལ། འཛམ་ཐང་དང་ཛམ་ཐང་གང་བྲིས་ཀྱང་འགལ་བ་མེད་དོ། །
དཔྱད་གཞིའི་ཡིག་ཆ།
<<དུང་དཀར་ཚིག་མཛོད་ཆེན་མོ>> དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ།
ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་མཛད་པའི<<བོད་ཡིག་ཚིག་གཏེར་རྒྱ་མཚོ>>སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༩ལོའི་ཟླ༥པར་པར་གཞི་དང་པོ་བསྒྲིགས།
ངག་དབང་རྒྱ་མཚོས་བརྩམས་པའི<<ཛམ་ཐང་ཞེས་པའི་ས་མིང་འབྲི་ཚུལ་གླེང་བ>>ཞེས་དྲྭ་ཐོག་གི་རྩོམ་ཡིག།
སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་<<གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ>>༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད།
དཔྱད་མཆན།
1. <<དུང་དཀར་ཚིག་མཛོད་ཆེན་མོ>> དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ། ཤོག་ངོས༦༢
2. ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་མཛད་པའི<<བོད་ཡིག་ཚིག་གཏེར་རྒྱ་མཚོ>>སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༩ལོའི་ཟླ༥པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༦༨༧