ཡི་དམ་ཞེས་པའི་ཐ་སྙད་ཀྱི་བྱུང་བ་ལ་དཔྱད་པ།
[ཟླ་ཚེས། 2024-02-06 10:25:58][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འབྲུག་ཆུའི་ཡིག་རྙིང་།
[ནང་དོན་གནད་བསྡུས] དཔྱད་རྩོམ་འདིའི་གླེང་བ་བྱ་བ་ནི་ཡི་དམ་ཞེས་པའི་ཐ་སྙད་དེ་ཡིན། བན་བོན་གྱི་ཆོ་ག་དང་ཡིག་ཚོགས་མང་ཙམ་གྱི་ནང་དུ་ཡི་དམ་ཞེས་པའི་ཐ་སྙད་ལན་མང་པོ་བྱུང་ཡང་། ཡི་དམ་གྱི་ཐ་སྙད་སྐོར་ལ་དཔྱད་རྩོམ་འབྲི་མཁན་ཉུང་ཉུང་རེད། ཚང་མས་ཡི་དམ་ཞེས་པ་ནི་རྒྱུད་སྡེ་ལས་བཤད་པའི་ཐུན་མོང་མིན་པའི་བསྟེན་བྱའི་ལྷ་སངས་རྒྱས་བྱང་སེམས་རྣམས་ལ་ངོས་འཛིན་གནང་འདུག འོན་ཀྱང་། ཡི་དམ་ཡིན་ན་ངེས་ཅན་དུ་ལྷ་དང་སངས་རྒྱས་བྱང་སེམས་ཡིན་མི་དགོས། དཔེ་ཆ་ཡི་དམ་བྱེད་པ་དང་། ཆོ་ག་ཡི་དམ་བྱེད་པ། སྙིང་པོ་དང་འཛབ་ཡི་དམ་བྱེད་པ་སོགས་ཡོད། ཡི་དམ་ཞེས་པ་ནི་རང་གི་ཡིད་ལ་དམ་པོར་འཛིན་པ་བྱ་བ་ལ་ཟེར་ན་མི་ཆོག་པ་མེད་དོ། །
[གནད་ཚིག] ཡི་དམ། ཡི་དམ་ལྷ། ཐུགས་དམ།
ཡི་དམ་ཞེས་པའི་ཐ་སྙད་ལ་དཔྱད་པ།
སྤྱིར་ཡི་དམ་ཞེས་པའི་ཐ་སྙད་དེ། ཡར་རྒྱ་གར་ནས་བྱུང་བ་མ་ཡིན། མར་རྒྱ་ནག་ནས་བྱུང་བ་མ་ཡིན། མི་རིགས་དང་རྒྱལ་ཁབ་གཞན་ནས་བྱུང་བ་མ་ཡིན། ཞང་ཞུང་ངམ་བོད་རང་ས་ནས་བྱུང་བའི་ཐ་སྙད་ཅིག་རེད། དེ་ཡང་ཞང་ཞུང་གི་སྐད་དོད་དུ། སྤུ་ནི་ཞེས་བྱ་ལ། བོད་སྐད་དུ། ཡི་དམ་ཞེས་བྱའོ། །ཡང་མ་རྒྱུད་ལས། ཞང་ཞུང་སྐད་དུ་ས་མ་ཡ། མེ་ཉག་སྐད་དུ་ན་མ་འགུ་ཏི། བྲུ་ཤའི་སྐད་དུ་མོར་མི་ལྗིབས། བོད་སྐད་དུ་ཡི་དམ།1 ཞེས་གསུངས་སོ། །སྤྱིར་ཞང་སྐད་ཀྱི་ས་མ་ཡ་དེ་དམ་ཚིག། གསང་བའི་བརྡ། ཡི་དམ་དང་གསུམ་ལ་མཇུག་གོ །
ཡི་དམ་དེ་ཡང་ཐུགས་དམ་ཞེས་པའི་དོན་ཡིན་ཏེ། ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ་ལས། སྨོན་ལམ་འདི་ཉིད་ཡི་དམ་བྱེད་པ་གལ་ཆེའོ། །སྨོན་ལམ་འདི་ཉིད་ཐུགས་དམ་བྱས་ན་ཕྱི་མའང་ཚེ་དབང་གི་དྲུང་དུ་སྐྱེ་བར་འགྱུར་གསུངས་སོ། །2 ཞེས་སོ། །ཡང་ཡི་དམ་ཞེས་པ་ནི་གོ་རིམ་འབྲེལ་བ་མ་ཆད་པ་སྲུང་བའི་དོན་ཏེ། འདུལ་བ་རྒྱུད་དྲུག་ལས། འདུལ་བ་དཀྱུས་བཞིན་གོ་རིམ་དུ། །འབྲེལ་བ་མ་ཆད་ཐམས་ཅད་ཡི་དམ་ཡིན། །ཞེས་དང་། ཞུས་པ་གནང་ཐོབ་སྲུང་བ་ཡི་དམ་ཡིན། །3 ཞེས་སོ། །མདོར་བསྡུས་ནས་བཤད་ན། རང་ཉིད་གང་ཡིད་ཆེས་པ་ཞིག་ལ། ཡི་དམ་དུ་བཟུང་ནས་ཉམས་སུ་ལེན་པ་ལ་ཡི་དམ་ཟེར་བ་དང་། ཡང་ན། མ་བརྗེད་ཡིད་ལ་དམ་དུ་བཟུང་བས་ན་ཡི་དམ་ཞེས་བྱའོ། །4 ཞེས་སོ། །
ཡི་དམ་ཞེས་པའི་ཐ་སྙད་དེ་བན་བོན་གཞུང་ལུང་དག་ལས་མང་དུ་བྱུང་བ་མ་ཟད། དེ་ལ་འགྲེལ་པ་རྒྱག་སྟངས་ཀྱང་མི་འདྲ་བ་སྣ་ཚོགས་བྱུང་ཡོད། འོན་ཀྱང་། ཡི་དམ་ཞེས་པའི་ཐ་སྙད་དེ་དུས་ནམ་ཙམ་བྱུང་བ་དང་། སུ་ཡིས་སྲོལ་བཏོན་པ་དང་། སྲོལ་བཏོན་པའི་དགོས་པ་སོགས་གསལ་བཤད་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། བོན་པོའི་ལུགས་ལ་ཡི་དམ་ཞེས་པའི་ཐ་སྙད་མ་མཐའ་ཡང་། དུས་རབས་བཅུ་གཅིག་པའི་མཇུག་ཙམ་ནས་ཀྱང་ཡོད་དེ། ཡབ་ལུང་སྟོན་འོད་འབར་དང་། ཡུམ་གཡུང་དྲུང་པད་མ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་གཅིག་པའི་ས་འབྲུག་ལོ་སྟེ་སྤྱི་ལོ༡༠༨༨ལོར་ལ་དེང་བོད་ལྗོངས་གཞིས་རྩེ་ས་ཁུལ་ངམ་རིང་རྫོང་ཁོངས་འདོག་གཞུང་དུ་སྐུ་འཁྲུངས་པའི་ལུང་བོན་ལྷ་གཉན་གྱི་སྙན་རྒྱུད་དྲན་པ་ནམ་མཁའི་བཀའ་རྒྱཿ རྗེ་རི་ཁྲོད་པའི་ཐུགས་ཀྱི་ཐིགས་པ་དྲང་དོན་མུན་སེལ་སྒྲོན་མ་ལས། སྐྱབས་འགྲོའི་དབྱེ་བ་རྣམ་པ་གསུམ་ཡིན་ཏེ། །ཕྱི་ཡི་སྐྱབས་འགྲོ་ཕྱི་ནང་གསང་བ་གསུམ། །ཕྱི་ནི་བདེར་གཤེགས་བོན་དང་གཤེན་རབ་ལ། །ལུས་ངག་ཡིད་གསུམ་མོས་བྱས་སྐྱབས་ཀྱི་རབ། །ནང་གི་བླ་མ་ཡི་དམ་མཁའ་འགྲོ་ལ། །གུས་འཇུག་མཉེས་པར་བྱས་པ་སྐྱབས་ཀྱི་རབ། །གསང་བ་རྩ་དང་རླུང་དང་ཐིག་ལེ་ལ། །རིག་པ་བྱང་ཆུབ་སེམས་ཀྱིས་འགྲོ་ལྡོག་སྒོམ་པ་སྐྱབས་ཀྱི་རབ། །5 ཅེས་པ་ལས་ཡི་དམ་ཡོད་པར་གསལ་བ་བསྟན་ཡོད། དུས་རབས་བཅུ་པའི་ནང་དུ་བྱོན་པའི་དྲང་རྗེ་བཙུན་པ་གསེར་མིག་གི་གཏེར་མ་མདོ་གཟེར་མིག་ལེའུ་བཅོ་བརྒྱད་པའི་ནང་དུ། དེ་ལ་གཤེན་རབ་ཀྱིས་ལན་བཀའ་སྩལ་བ། ཡི་དམ་ལྷ་ཡང་ཐུགས་རེ་འཁྲུལ། གཤེན་རབ་འགྲོ་བའི་དོན་དུ་བསྐོས། །ཞེས་དང་། རྒྱུན་དུ་མ་བརྗེད་ཡི་དམ་བྱས་གྱུར་ན། ཡུན་ཏུ་མི་ཐོགས་འཕྲལ་ལ་སྒྲིབ་པ་འབྱང༌། ཞེས་དང་། ང་ནི་ཁྱོད་ཀྱི་ཡི་དམ་གྱི་ལྷ་གཤེན་ལྷ་འོད་དཀར་ཡིན་ན།6 ཞེས་ཡི་དམ་ཞེས་པའི་ཐ་སྙད་ལན་བཅོ་བརྒྱད་བྱུང་། གཞན་ཡང་། བོན་གཞུང་གཏེར་དང་སྙན་རྒྱུད་གང་གི་དབང་དུ་མ་སོང་བའི་བཀའ་མ་འདུལ་བ་རྒྱུད་དྲུག་ལས། ཡི་དམ་བསྐྱེད་རྫོགས་བརྗིད། ཅེས་དང་། བརྗེད་མེད་ཡི་དམ་སྙིང་བས་གཅེས། །7 ཞེས་ཡི་དམ་གྱི་ཐ་སྙད་ལན་བཅུ་ཙམ་བྱུང་། རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱིས་གསུང་། དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས་པའི། བདུད་རྩི་སྨན་གྱི་མདོ་དགུ་ལས་གསོ་རིག་རྩ་བ་ཐུགས་འབུམ་མཁའ་སྔོན་སོགས་གསོ་རིག་འབུམ་བཞི་ལས། ཚོགས་བསགས་ཀློག་བསྒྲུབས་ཡི་དམ་གསུམ་འགྱུར་བཟློག །ཅེས་དང་། བདག་ཉིད་ཡི་དམ་གང་བྱེད་དེ་རུ་བསྒོམ། །ཞེས་དང་། སྨན་དེ་ཡི་དམ་ལྷ་རུ་བྱིན་རླབས་ནས། །འོད་དུ་ཞུ་སྟེ་བྱང་སེམས་བདུད་རྩི་དམིགས། །ཞེས་དང་། ཐོད་པར་བླུག་ནས་རང་ཉིད་ཡི་དམ་བསྒོམ། །8 ཞེས་ཡི་དམ་གྱི་ཐ་སྙད་ལན་བཞི་ཙམ་བྱུང་། གང་ལྟར་ཡང་ཡི་དམ་ཞེས་པའི་ཐ་སྙད་དེ་སྟོན་པ་གཤེན་རབ་མི་བོའི་སྐབས་ནས་ཡོད་པ་མངོན་སུམ་རེད། སྟོན་པ་གཤེན་རབ་མི་བོ་འཁྲུངས་ལོའི་ཐད་ལ་བཤད་སྟངས་མང་ཙམ་འདུག་ཀྱང་། མ་མཐའ་ཡང་སྤྱི་ལོ་སྔོན༡༣༡༧ལོ་ཡན་མན་སྐབས་ནས་ཡི་དམ་ཞེས་པའི་ཐ་སྙད་དེ་བྱུང་ཡོད།
ཡ་ཐོག་སྲིད་པའི་བོན་སྐོར་ནང་དུ་ཡི་དམ་ཡོད་མེད་དཔྱད་པ།
ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་སྐོར་ནང་དུ་ཡང་ཡི་དམ་ཞེས་པའི་ཐ་སྙད་བྱུང་བ་ནི། ཞིལ་ཀར་པོ་དང་ཐིས་དགུ་མ་༢་ཕྱག་བཞིན་དབུ་ལྷའི་ཞེས་པ་ལས། འབུལ་ནི་ཡི་དམ་ལྷ་ལ་འབུལ།9 ཞེས་དང་། མཚོ་སྨད་དགུ་མདོས་དབུ་ལྷ་ལས། རང་ཉིད་ཡི་དམ་ལྷ་སྒོམས་དད།10 ཅེས་སོགས་མང་པོ་བྱུང་ངོ་། །ཡིག་རྙིང་དག་ལས་ཡི་དམ་ལ་ཡིད་དམ་ཞེས་བྲིས་པ་ཡང་མང་ངོ་། །ཡིད་དམ་ཞེས་པ་དེ་ཡང་བརྡ་རྙིང་ཞིག་ཡིན་པ་ནི་རྟོགས་སླའོ། །
འབྲུག་ཆུའི་ཡིག་རྙིང་།
གཞན་ཡང་། ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་སྐོར་ནང་དུ་བྱུང་བའི་དབུ་ལྷ་ཞེས་པ་དེ་ཡང་བོན་སྒོ་དེ་དག་གི་ཡི་དམ་གྱི་ལྷ་ཡིན་པའང་ཡོད། དེ་ལྟར་ན་ཡི་དམ་ཞེས་པ་དེ་ཐོག་མ་སྲིད་པ་རྒྱུད་ཀྱི་བོན་སྐོར་ལ་བེད་སྤྱད་པའི་སྐབས་ནས་ཡོད་པ་ནི་སྨྲོས་མེད་རེད། ཡང་བོན་གཞུང་རྣམས་སུ། དངོས་གྲུབ་རྩ་བ་ཡི་དམ་ལྷ། ཞེས་དུས་རྟག་ཏུ་བརྗོད་འདུག ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་སྐོར་ནང་དུ་བྱུང་བའི་དབུ་ལྷ་དེ་ཡང་དངོས་གྲུབ་ཀྱི་རྩ་བའི་ལྷ་ཡིན་པ་ནི། སྐོས་ཡེས་དབུ་ལྷ་ལས། ཤར་ལས་དངོས་གྲུབ་གསུམ་ལ་བརྩོལ། ཞེས་དང་། ནོར་གཡང་དངོས་གྲུབ་བདག་ལ་རྩོལ། ཞེས་དང་། ཉོན་མོངས་ནད་རྣམས་གསོལ༼སེལ༽བར་མཛོད། དབང་ཐང་བུའི་དངོས་གྲུབ་མཛོད།11 ཞེས་སོགས་སྲིད་པའི་བོན་སྐོར་ནང་དུ་དབུ་ལྷ་ལ་བསྟེན་ནས་བུ་དང་ནོར་སོགས་ཀྱི་དངོས་གྲུབ་མང་པོ་འབྱུང་བ་བསྟན་ཡོད། དབུ་ལྷ་དེ་དངོས་གྲུབ་ཐམས་ཅད་འབྱུང་བའི་རྩ་བའམ་ལྷ་ཡིན་པར་བསྟན་ཏོ། །སྤྱིར་དབུ་ལྷ་ཞེས་པ་ནི་དཔེ་གཞུང་གི་དབུ་ན་ཡོད་པའི་ལྷ་ལ་དབུ་ལྷ་ཟེར་བ་དང་།
དབུ་ཡི་གཙུག་ལྟར་དུ་བསྐུར་བའི་ལྷ་ལ་དབུ་ལྷ་ཟེར་བ་དང་། ཡིད་ཀྱི་དབུས་སུ་འཆང་བའི་ལྷ་ལ་དབུ་ལྷ་ཟེར་བ་སོགས་ཀྱི་གོ་དོན་སྣ་ཚོགས་པ་ཡོད་དོ། །
ཡོངས་འཛིན་བསྟན་འཛིན་རྣམ་དག་གི་དགོངས་པ་ལྟར་ན། ཡི་དམ་གྱི་ལྷ་ཡིན་ན་ངེས་ཅན་དུ་འཇིག་རྟེན་ལས་འདས་པའི་ལྷ་ཞིག་ཡིན་དགོས་ཏེ། གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད་ལས། བླ་མ་དང་དཀོན་མཆོག་མིན་པའི་སྐྱབས་མི་བཙལ། དགེ་བའི་གྲོགས་མིན་པའི་སྡིག་ཅན་སྐྱེ་བོ་ལ་སྨོན་པ་མི་བྱ། ཡི་དམ་གྱི་ལྷ་མིན་པའི་འཇིག་རྟེན་གྱི་ལྷ་ལ་ཕྱག་མི་འཚལ། མ་སྲིང་མཁའ་འགྲོ་མིན་པའི་ས་བླའི་རྟེན་ལ་རྒྱལ་མཚན་མི་བྱ།12 ཞེས་པ་དེ་ནི་མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན་གྱི་དགོངས་པ་ལྟར་བཀོད་འདུག གཞན་དུ། མུ་ཆོའི་ཐེག་འགྲེལ་ལས། སྔགས་པ་མཐའ་མ་ལ་བཟུང་བ་ལྔ་སྟེ། འཕྲིན་ལས་གྱེར་དུ་བཟུང་བ། སྔགས་དང་སྙིང་པོ་རང་རྒྱུད་དུ་བཟུང་བ། རྫས་ཤ་ཁྲག་ཏུ་བཟུང་བ། ལྷ་རིག་པ་ཐེར་ཟུག་ཏུ་བཟུང་བ། ཡི་དམ་འཇིག་རྟེན་པར་བཟུང་བ་ལྔ་སྟེ། ལྟ་བས་གནད་མ་གྲོལ་བའི་སྐྱོན་ནོ། །13 ཞེས་བསྟན་པ་དེ་དག་ནི་གཡུང་དྲུང་བོན་ལུགས་ལྟར་གྱི་ཡི་དམ་ལ་ངོས་འཛིན་པ་ལས་ཡ་ཐོག་སྲིད་པའི་བོན་ལ་དགོངས་པར་མིན་པ་ངེས་སོ། །འཇིག་རྟེན་པའི་ལྷ་ཡི་དམ་དུ་བྱས་པ་དང་། ཡང་ན། ཡི་དམ་གྱི་ལྷ་དེ་འཇིག་རྟེན་པ་རུ་ལྟ་བ་ཡོད་པར་མངོན།
ཡི་དམ་དང་ཡི་དམ་ལྷ་ཞེས་པ་ལ་དཔྱད་པ།
བཀའ་ལུང་རྒྱ་མཚོའི་མཆན་འགྲེལ། སུ་ལ་སྐལ་བཟང་རྒྱལ་མཚན་གྱི་ཕྱག་བྲིས།
སྤྱིར་ཡི་དམ་ཞེས་པའི་དོན་ནི། སྒོ་གསུམ་ཁྱེར་སོ་གསུམ་དང་མི་འབྲལ་བར་ཡིད་ལ་དམ་བཅས་ནས་བསྒོམ་བྱ་ཡིན་པས་ཡི་དམ་ཟེར།14 དེས་ན། ཡ་ཐོག་སྲིད་པའི་བོན་ལ་སྤྱོད་མཁན་རྣམས་ཀྱི་སྒྲ་བླ་ཤུགས་མགོན་ཝེར་མ་སོགས་འཇིག་རྟེན་པའི་ལྷའི་རིགས་ཐམས་ཅད་ལ་ལུས་ངག་ཡིད་གསུམ་གྱི་ཁྱེར་སོ་གསུམ་སྟེ། ལུས་ཀྱི་ཁྱེར་སོ་ནི་འཇིག་རྟེན་པའི་ལྷ་དེ་དག་ལ་ལུས་ཀྱིས་སྒོ་ནས་ཕྱག་འཚལ་བ་དང་། སྐོར་བ་བྱེད་པ། མཆོད་པ་འབུལ་བ་སོགས་བྱེད་པ་དང་། ངག་གི་ཁྱེར་སོ་ནི་འཇིག་རྟེན་པའི་ལྷ་དེ་དག་ལ་ངག་གིས་སྒོ་ནས་བསྟོད་བསྔགས་བརྗོད་པ་དང་། མཆོད་གཞུང་གི་ཆོ་ག་གྱེར་འདོན་བྱེད་པ། བསང་ཡིག་དང་བསྟོད་བསྐུལ་འབུལ་བ་སོགས་བྱེད་པ་དང་། ཡིད་ཀྱི་ཁྱེར་སོ་ནི་འཇིག་རྟེན་པའི་ལྷ་དེ་དག་ལ་ཡིད་ཀྱི་སྒོ་ནས་དགའ་བ་དང་། མོས་པ། འདུད་པ། མགོན་བཅོལ་གྱི་རེ་ལྟོས་བྱེད་པ་སོགས་ཀྱིས་སྒོ་ནས་བློ་གཏད་པ་གསུམ་དང་མི་འབྲལ་བར་ཡིད་ལ་དམ་བཅས་ནས་སྒོམ་སྒྲུབ་བྱེད་དོ། །དེ་ལྟར་བྱེད་ཚུལ་ནི་ཡ་ཐོག་སྲིད་པའི་བོན་ལ་ཞིབ་འཇུག་བྱེད་པ་ཙམ་གྱིས་རྟོགས་ཐུབ་བོ། །
སྲིད་པ་རྒྱུད་ཀྱི་ཁ་བྱང་ལྟར་ན། ཡ་ཐོག་སྲིད་པའི་བོན་དུ་གཏོགས་པའི་ལྷ་དེ་དག་ལ་ཡི་དམ་ཞེས་པའི་ཐ་སྙད་མི་མཇུག་པ་བསྟན་དེ། དེ་ཉིད་ལས། གཤེན་ལྷ་འོད་དཀར་པོ་ལས་སོགས་ཡི་དམ་གྱི་ལྷ་འཁོར་དང་། གར་གསས་བཙན་པོ་ལས་སོགས་རུ་བཞིའི་ལྷ་འཁོར་དང༌། དྲི་ཡི་ལྷ་མོ་ལ་སོགས་མཆོད་པའི་ལྷ་མོ་བརྒྱད་དང་། ཡང་རྒྱལ་འབྲུག་སླག་ཅན་ལ་སོགས་དབང་གི་ལྷ་ཆེན་བཅོ་བརྒྱད་དང་། སྐུ་ལྷ་དཀར་པོ་ལ་སོགས་ཡུལ་ལྷ་ལྕམ་དྲལ་མཆོད་པའི་ལྷ་མགྲོན་དང་། །15 ཞེས་གསུངས་སོ་ཞེ་ན། དེ་ནི་དམིགས་བསལ་གཤེན་ལྷ་འོད་དཀར་པོ་ལས་སོགས་གསང་སྔགས་བོན་དུ་གྲགས་པའི་ཡི་དམ་གྱི་ལྷ་ལ་དགོངས་པར་ངེས་སོ། །
སྤྱིར་ཡི་དམ་ཡིན་ན་ངེས་ཅན་དུ་ལྷ་ཞིག་ཡིན་པའི་ངེས་པ་མེད་དེ། གཟུངས་སྔགས་དང་། ཆོ་ག དཔེ་གཞུང་། སྙིང་པོ། སྐྱབས་འགྲོ། བླ་མ་བཅས་ཡི་དམ་བྱེད་ནའང་ཆོག་སྟེ།
དང་པོ། གཟུངས་སྔགས་ཡི་དམ་བྱེད་པ་ནི། གཡུང་དྲུང་གཙང་མའི་ཚེ་གཟུངས་ལས། གཟུངས་སྔགས་འདི་ཉིད་མཐིང་ཤོག་ལ་གསེར་གྱིས་བྲིས་ནས། མགུལ་དུ་བཏགས་སམ་རྒྱུན་དུ་ཡི་དམ་བྱས་འགྱུར་ན། ཚེ་ཟད་དག་ལ་སྨོས་ཅི་དགོས། བསྐལ་པ་སྟོང་དུ་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་འབྱངས་ནས་ཀྱང་། ཞེས་དང་། གཟུངས་འདི་ལ་ཡི་དམ་བྱས་པའི་སྐྱེས་བུ་དེ་ནི། ཤི་མ་ཐག་ཏུ་འོག་མིན་བོན་གྱི་ཕོ་བྲང་དུ། ཀུན་བཟང་གཤེན་ལྷའི་ཞལ་མཐོང་ནས། གཡོ་འཁྲུལ་མེད་པ་བོན་ཉིད་དབྱིངས་སུ་སངས་རྒྱས་ནས་སྐྱེ་འཆི་མེད་པ་ཚེའི་བོན་སྐུ་ཐོབ་པར་གྱུར་ཅིག16 ཅེས་གསལ་བར་གསུངས་སོ། །
གཉིས་པ། ཆོ་ག་ཡི་དམ་བྱེད་པ་ནི། ནོར་བུ་འོད་འབར་ལས། རིན་ཆེན་ནོར་བུ་འོད་འབར་འདི། །རྒྱུན་ཏུ་ཡི་དམ་བྱས་གྱུར་ན། །མ་རིག་ཉོན་མོངས་དུག་ལྔ་འཇོམས། །སྐུ་གསུམ་བདེ་ཆེན་ལྷུན་གྱིས་གྲུབ། །17 ཅེས་དང་། མདོ་སྡེ་ཡན་ལག་བརྒྱད་པ་ལས། བཟླས་པ་ཆོག་པའི་བོན་འདི་ནི། མ་བརྗེད་ཡིད་ལ་དམ་དུ་ཟུངས།18 ཤེས་གསུངས་སོ། །
གསུམ་པ། དཔེ་གཞུང་ཡི་དམ་བྱེད་པ་ནི། དཔེར་ན། བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མའི་ཀླུ་འབུམ་དཀར་པོ་ལས། ཡུམ་གྱིས་ཀླུའི་གསུངས་རབ་ཀླུ་འབུམ་ཡི་དམ་དུ་བཅས་ནས། དེ་ནས་ཀླུ་འདུས་པའི་དུས་ནས་ཞང་ཞུང་གི་ཡུལ་ནས་གཤེན་ཡོངས་སུ་མཁྱེན་པས་གསུངས་པས་དེ་ལ་ཡེ་གཤེན་དབང་གྲགས་སུ་བཏགས་སོ། །19 ཞེས་དང་། སུ་ལའི་གསུང་འབུམ་ལས། བླ་མའི་རྣལ་འབྱོར་ལ་རྟག་ཏུ་ཡི་དམ་དུ་བྱས་པས། ཞེས་དང་། ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ་ལས། སྨོན་ལམ་འདི་ཉིད་ཡི་དམ་བྱེད་པ་གལ་ཆེའོ། །སྨོན་ལམ་འདི་ཉིད་ཐུགས་དམ་བྱས་ན་ཕྱི་མའང་ཚེ་དབང་གི་དྲུང་དུ་སྐྱེ་བར་འགྱུར་གསུངས་སོ། །ཞེས་དང་། ཤར་རྫ་པའི་རྣམ་ཐར་ཆེན་མོ་ལས། གཅོད་ཡུལ་ལ་ཡི་དམ་བྱེད་པའི་རྟོགས་ལྡན་ཡང་དུ་མ་བྱུང་བར་གྲགས། ཞེས་སོ། །
བཞི་པ། སྙིང་པོ་ཡི་དམ་བྱེད་པ་ནི། མེ་སྟོན་ཤེས་རབ་འོད་ཟེར་གྱིས་བརྩམས་པའི་འདུལ་བ་ཀུན་ལས་བཏུས་པའི་གཞུང་ལས། ཡི་དམ་སྙིང་པོ་རྣམ་གསུམ་དུ་མ་དབུལ། །20 ཞེས་སོ། །
ལྔ་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག་བཤད་དེ་ཡི་དམ་བྱེད་པའི་སྐོར་ཤེས་སླའོ། །
དྲུག བླ་མ་ཡི་དམ་བྱེད་པ་ནི། མན་ངག་གནད་ཀྱི་རྫོང་འཕྲང་ལས། བླ་མ་ཡི་དམ་དུ་ཤེས་པར་བྱ། ཞེས་སླའོ། །
གསང་སྔགས་ཟབ་མོ་གཡུང་དྲུང་གི་བོན་དར་ནས་བཟུང་མྱང་འདས་ཀྱི་ལྷའམ་འཇིག་རྟེན་ལས་འདས་པའི་ལྷ་དེ་ཡི་དམ་བྱེད་སྲོལ་དར། ཡི་དམ་གྱི་ལྷ་དེ་ཡང་ཚེ་སྔོན་མའི་ལས་དང་འབྲེལ་བའི་ལྷ་ཞིག་ལ་ངོས་འཛིན་སྲོལ་ཡང་ཡོད་དེ། གཡུང་དྲུང་གཙང་མའི་ཚེ་གཟུངས་ལས། སྔོན་ནས་ལས་འབྲེལ་དུས་འདིར་ཡི་དམ་ལྷ། བདེར་གཤེགས་ཞི་ཁྲོའི་ཚོགས་ལ་ཕྱག་འཚལ་ལོ། །21 ཞེས་དང་། སྡེ་སྣོད་མཛོད་ལས། ཚེ་རབས་སྔོན་ནས་སྨོན་ལམ་གྱིས་འབྲེལ་བའི་ཡི་དམ་གྱི་ལྷ་དང་།22 ཞེས་སོ། །འཇིག་རྟེན་ལས་འདས་པའི་ལྷ་ལ་སྒོམ་ཚུལ་གྱི་སྒོ་ནས་དབྱེ་ན། བསྡུས་པའི་འབྲིང་པོ་ཁམས་རྩའམ་བཀའ་འདུས་ལས། ཡི་དམ་གྱི་ལྷ་དང་། དམ་ཚིག་གི་ལྷ་དང་། ལས་ཀྱི་ལྷ་དང་།23 ཞེས་རིགས་གསུམ་དུ་དབྱེ་བ་བསྟན་ཡོད།
ཡི་དམ་ལྷ་ལ་དཔྱད་པ་བསྟན་པ།
སྤྱི་ཡི་དམ་གྱི་ལྷ་ཡིན་ན་ངེས་ཅན་དུ་འཇིག་རྟེན་ལས་འདས་པའི་ལྷ་ཞིག་ཡིན་མི་དགོས། ཡ་ཐོག་སྲིད་པའི་བོན་ལྟར་ན། ཡི་དམ་ནི་སྒྲ་བླ་ཤུགས་མགོན་ཝེར་མ་སོགས་མཆོད་ཅིང་བརྟེན་པ་དང་། སྒྲུབ་ཅིང་བསྒོམ་པ་སྟེ་ཚེ་བསོད་ནམས། དཔལ་འབྱོར་བ། ལས་རླུང་རྟ། ཁ་ཞེན་དབང་ཐང་། བུ་རྒྱུད་རིགས་རྒྱུད་འཕེལ་བ་སོགས་འདོད་མོས་ཇི་བཞིན་འབྱུང་བའི་རྩ་བ་ཡིན་པ་དང་།
གཞན་ལས་བརྒལ་བའི་ནུས་མཐུ་འབྱུང་བ་དང་། རང་ལ་སྨད་ཅིང་གཤེའ་བ། ནད་གདོན་རྐྱེན་བགེགས་ལས་རྣམ་པར་རྒྱལ་བའི་རྩ་བ་ཡིན་པ་འདོད་དོ། །
གཡུང་དྲུང་བོན་ལུགས་ལྟར་ན། ཡི་དམ་ནི་ཡེ་ཤེས་ཀྱི་ལྷ་དང་ལས་ཀྱི་ལྷའི་བསྐྱེད་རིམ་བསྒོམ་པ་སྟེ་བྱིན་རླབས་འབྱུང་བའི་རྩ་བ་ཡིན་པས་དང་། ཕྱག་རྒྱ་བརྡའ་སྟོན་སྔགས་སྐོས་འདེབས་ནི་བཅོས་བསྒྱུར་བཟླས་པ་མི་འཆད་པར་བྱ་བ་སྟེ་ནུས་མཐུ་འབྱུང་བས་དང་། གཡུང་དྲུང་ཁྱད་པར་གྱི་ཐེག་པ་སྟེ་སྔགས་དང་ཐེག་ཆེན་ཏེ་སྨད་ཅིང་གཤེའ་བ་མ་ཡིན་ཏེ་ལམ་ལ་འཇུག་པའི་ཐབས་ཐེག་པ་གཞན་ལས་ཁྱད་པར་འཕགས་པ་ཡིན་པས་ན་སྤྱི་དམ་སྟེ་སྔགས་ཀྱི་རྩ་བ་བླ་མེད་ཀྱི་དོན་སྟོན་པས་ཨུ་ཡ་གསང་དམ་པ་ནི་གསང་ཞིང་བསྒྲུབས་ན་དངོས་གྲུབ་འབྱུང་བའི་རྩ་བ་ཡིན་པ་འདོད་དོ། །
ཚིག་མཛོད་སོགས་ལས་ཡི་དམ་ལ་འགྲེལ་བ་བྱེད་སྟང་མི་འདྲ་བ་འདུག་སྟེ། བོད་རྒྱ་ཚིག་མཛོད་ཆེན་མོ་ལས། ཡི་དམ། ༡ རྒྱུད་སྡེ་ལས་བཤད་པའི་ཐུན་མོང་མིན་པའི་བསྟེན་བྱའི་ལྷ་སངས་རྒྱས་བྱང་སེམས་རྣམས་ཏེ། ཡི་དམ་གྱི་ལྷ། ༢ དམ་བཅའ་དང༌ཁས་ལེན། ཡི་དམ་བཅའ་བ། ཡི་དམ་བརྟན་པ་ཞེས་པ་ལྟ་བུ།24 ཞེས་དང་། དུང་དཀར་ཚིག་མཛོད་ཆེན་མོ་ལས། ཡི་དམ་གྱི་ལྷ། རང་ཉིད་ཀྱིས་དད་གུས་དང་ཡིད་ཆེས་བྱ་ཡུལ་གྱི་ལྷ་སྟེ། སྐྱབས་སུ་བཟུང་འོས་པའི་ལྷ(འགྲོ་བ་རིགས་དྲུག་ནང་གི་ལྷ་རྣམས་འདིར་མི་གཏོགས)ནི་སངས་རྒྱས་ཀྱིས་སྤྲུལ་པའི་ཡི་དམ་ཞི་བ་དང་ཁྲོ་བོ་སྣ་ཚོགས་ཡོད་ཅིང་། བོད་དུ་ཆོས་ལུགས་ཁག་ཚང་མས་ཐུན་མོང་དུ་ཁས་ལེན་པའི་ཡི་དམ་གྱི་ལྷ་ཡོད་ལ། ཆོས་ལུགས་སོ་སོའི་ཐུན་མོང་མ་ཡིན་པའི་ཡི་དམ་གྱི་ལྷ་ཡང་ཡོད།25 ཞེས་སོགས་གསུངས་པ་ཐམས་ཅད་ནི་གསང་སྔགས་གཞུང་ལུགས་ནང་དུ་བསྟན་པའི་ཡི་དམ་གྱི་ལྷ་གཞི་བཞག་ནས་བསྟན་པའོ། །བོད་ཡིག་ཆུ་གཏེར་རྒྱ་མཚོ་ལས། ཡི་དམ། རྒྱུད་སྡེ་ལས་བཤད་པའི་ཐུན་མོང་མིན་པའི་བསྟེན་བྱའི་ཡི་དམ་གྱི་ལྷ། དེ་ཡང་གསང་སྔགས་གསར་མའི་རྒྱུད་སྡེ་རྣམས་གཙོ་བོར། འཁོར་ལོ་བདེ་མཆོག་དང་། རྒྱལ་བ་རྒྱ་མཚོ། རྡོ་རྗེ་ཕག་མོ། གསང་བ་འདུས་པ། དགྱེས་པ་རྡོ་རྗེ། དུས་ཀྱི་འཁོར་ལོ་ལ་སོགས་པ་རྣམས་དང་། སྔགས་རྙིང་མའི་རྒྱུད་སྡེ་རྣམས་ལས། བཀའ་བརྒྱད་དང་། དགོངས་འདུས། ཕུར་པ། ཞི་ཁྲོ་ལ་སོགས་པ་རྣམས་སོ། །26 ཞེས་པ་དེ་ནི་བན་དེ་རྒྱུད་སྡེ་དང་འབྲེལ་བའི་ཡི་དམ་གྱི་དོན་ལས་སྤྱི་ཡི་དམ་གྱི་དོན་མ་ཡིན་ནོ། །
ཡི་དམ་གྱི་དོན་ལ་དཔྱད་པ།
སྒོ་གསུམ་ཁྱེར་སོ་གསུམ་དང་མི་འབྲལ་བའི་སྒོ་ནས་བསྒོམ་བྱ་དེ་ཡི་དམ་གྱི་མཚན་ཉིད། སྒོ་གསུམ་ཁྱེར་སོ་གསུམ་དང་མི་འབྲལ་བའི་སྒོ་ནས་བསྒོམ་བྱའི་ལྷ་དེ་ཡི་དམ་ལྷའི་མཚན་ཉིད། སྒོ་གསུམ་ཁྱེར་སོ་གསུམ་དང་མི་འབྲལ་བའི་སྒོ་ནས་བསྐྱེད་རིམ་དང་རྫོགས་རིམ་ཅི་རིགས་འབྲེལ་བའི་བསྒོམ་བྱ་དེ་གསང་སྔགས་ལུགས་ཀྱི་ཡི་དམ་གྱི་མཚན་ཉིད། མཚན་གཞི་ནི། ཡི་དམ་དབལ་གསས་རྔམ་པ་ལྟ་བུའོ། །སྒྲ་བཤད་ནི། སྒོ་གསུམ་ཁྱེར་སོ་གསུམ་དང་མི་འབྲལ་བར་ཡིད་ལ་དམ་བཅས་ནས་བསྒོམ་བྱ་ཡིན་པས་ཡི་དམ་ཟེར།
རིགས་ཀྱི་སྒོ་ནས་དབྱེ་ན། གཟུངས། སྙིང་པོ། ཆོ་ག དཔེ་གཞུང་། ལྷ་དང་ལྔ། གཟུངས་སྔགས་ཡི་དམ་བྱེད་པ་དང་། སྙིང་པོ་ཡི་དམ་བྱེད་པ། ཆོ་ག་ཡི་དམ་བྱེད་པ། དཔེ་གཞུང་ཡི་དམ་བྱེད་པ། ལྷ་ཡི་དམ་བྱེད་པ་སོགས་ཅི་རིགས་ཡོད། ཡི་དམ་ལྷ་ལ་དབྱེ་ན། འཇིག་རྟེན་པའི་ཡི་དམ་ལྷ་དང་། འཇིག་རྟེན་ལས་འདས་པའི་ཡི་དམ་ལྷ་གཉིས། འཇིན་རྟེན་པའི་ཡི་དམ་ལྷ་ལ་རིགས་མི་འདྲ་བསམ་ལས་འདས། འཇིག་རྟེན་ལས་འདས་པའི་ཡི་དམ་ལྷ་ལ་ཕྱི་ནང་གསང་བ་ཡང་གསང་དང་བཞི་ཡོད་དེ། ལམ་མངོན་སངས་རྒྱས་པའི་རྒྱུད་ལས། ཕྱིའི་སྣང་བ་བསྒྱུར་ལམ་ཡི་དམ་ཡིན། །གསང་མཆོག་ཐུགས་རྗེ་རོལ་པའི་བཀོད་པ་ལས། །ཁྲོ་མོ་དཔལ་མགོན་ཕོ་ཉ་རྒྱལ་ཆེན་བཅས། །ནང་གི་འཇིགས་སྐྱོབ་གོ་ཆའི་ཡི་དམ་ཡིན། །གསང་བ་ཐུགས་རྗེ་སྨོན་ལམ་དབང་གི་ནི། །གསང་བ་དགུ་འཕར་གཡུང་དྲུང་ལྷ་མཆོག་འདི། །གསང་བ་རྩ་བ་དོན་གྱི་ཡི་དམ་ཡིན། །རང་རིག་ཀློང་ནས་རང་བཞིན་དག་པའི་ལྷ། །སེམས་ཉིད་རང་འབྱུང་གསང་མཆོག་རང་ལ་བཞེངས། །ཡང་གསང་ལྷན་ཅིག་སྐྱེས་པའི་ཡི་དམ་ཡིན། །དག་པའི་གཞལ་ཡས་མདུན་དུ་གནས་པ་ལ། །ལྷ་ཚོགས་སུམ་བརྒྱ་དྲུག་ཅུ་གསལ་གདབ་ལ། །ཕྱི་ནང་གསང་བའི་མཆོད་པ་སྔགས་ཀྱིས་འབུལ། །མཉེས་ནས་གནས་གསུམ་ཡི་གེ་འབྲུ་གསུམ་ལ། །བདུད་རྩི་ཆུ་རྒྱུན་སྔགས་ཀྱི་མེ་ལྕེ་དང་། །ཐུགས་རྗེའི་འོད་ཟེར་བྱུང་བས་དུག་གསུམ་སྦྱངས། །སྟོབས་ཀྱི་ཐིག་ལེ་འོད་ཟེར་དབང་མཆོག་ཞུ། །27 ཞེས་སོ། །ཡང་ན་ཞི་རྒྱས་དབང་དྲག་གི་ཡི་དམ་ལྷ་སོགས་རིགས་མི་འདྲ་བ་མང་ངོ་། །
ཡི་དམ་ལྷ་དང་འཇིག་རྟེན་པའི་ལྷ་ལ་དཔྱད་པ།
སྤྱི་ཡི་དམ་ཡིན་ན་ལྷ་ཡིན་པའི་ངེས་པ་མེད། ཡི་དམ་ཞེས་པ་ནི་དུས་རྒྱུན་དུ་མ་བརྗེད་པ་བསྒོམ་བྱ་ཞིག་ལ་ངེས་འཛིན་གནང་འདུག དེ་ལྟར་ན། ཡི་དམ་གྱི་ལྷ་ཡིན་ན་ངེས་ཅན་དུ་འཇིག་རྟེན་ལས་འདས་པའི་ལྷ་ཞིག་ཡིན་མི་དགོས། ཡ་ཐོག་སྲིད་པ་རྒྱུད་ཀྱི་བོན་གྱི་ཁོངས་སུ་གཏོགས་པའི་སྒྲ་བླ་ཝེར་མ་ཅང་སེང་ཤུགས་མགོན་ཡུལ་ས་གཞི་བདག་སོགས་འཇིག་རྟེན་པའི་ལྷ་རྣམས་དུས་རྒྱུན་དུ་མཆོད་ཅིང་བསྟོད་པ་དང་། སྒྲུབ་ཅིང་སྒོམ་པར་བྱེད་སྲོལ་ཡོད་པ་དེ་དག་ཡང་སྐབས་དེའི་དུས་སུ་ཡི་དམ་གྱི་ལྷ་ཡིན་ནོ། །གཞུང་ལས། རྒྱུན་དུ་མ་བརྗེད་ཡི་དམ་བྱས་འགྱུར་ན། །འདི་དང་ཕྱི་མ་གཉིས་ཀར་འཁོར་ལོ་བསྒྱུར་རྒྱལ་ཐོབ། །ཅེས་པ་ལ་བརྟགས་ན། ཡི་དམ་ཞེས་པ་ནི་རྒྱུན་དུ་མ་བརྗེད་པ་སྒོམ་སྒྲུབ་བྱེད་དགོས་པ་དང་། འཇིག་རྟེན་པའི་ལྷ་ཡི་དམ་བྱེད་ན་ཚེ་འདིའི་དོན་འགྲུབ་པ་དང་། འཇིག་རྟེན་ལས་འདས་པའི་ལྷ་ཡི་དམ་བྱེད་ན། ཚེ་འདི་དང་ཕྱི་མ་གཉིས་ཀར་འཁོར་ལོ་བསྒྱུར་པའི་རྒྱལ་པོའི་གོ་འཕང་འཐོབ་པར་འགྱུར་བ་བསྟན་ཡོད།
འཇིག་རྟེན་ལས་འདས་པའི་ལྷ་ཡིན་ན་ངེས་ཅན་དུ་ཡི་དམ་ཡིན་པའི་ངེས་པ་མེད་དེ། གཡུང་དྲུང་སྤྱོད་པའི་ཕྲེང་བ་ལས། ཡི་དམ་ལྷ་དང་དཀྱིལ་འཁོར་ལྷ། ཞེས་དང་། བཀའ་འདུས་ལས། ཡི་དམ་གྱི་ལྷ་དང་། དམ་ཚིག་གི་ལྷ་དང་། ལས་ཀྱི་ལྷ་དང་། ཞེས་རིགས་གསུམ་དུ་དབྱེ་བ་ལ་བརྟག་ན་ཤེས་སླའོ། །
ཡི་དམ་གྱི་ལྷ་ཞེས་པ་དེ་ངོས་འཛིན་སྟངས་ལ། ཐབས་ཀྱི་ཞགས་པ་ལས། རང་གི་ཡིད་ཀྱིས་ཡི་དམ་ལྷའི། སྐུ་ཉིད་བཟུང་ཞིང་རང་ལུས་ཀྱི། མདུད་པ་གྲོལ་ནས་ལྷ་སྐུ་ཉིད། རང་གི་རིག་པ་མངོན་སུམ་དུ། གསལ་བར་གྱུར་པ་ལྷ་ཡི་སྐུ།28 ཞེས་རང་གི་ཡིད་ཀྱིས་དམ་དུ་བཟུང་བྱའམ་ཐུགས་དམ་སྒོམ་པའི་ལྷ་དེ་ལ་ཡི་དམ་ཞེས་བྱ་བ་བསྟན་ཡོད། སྡེ་སྣོད་མཛོད་ལས། ཡི་དམ་ལྷ་ནི་དངོས་གྲུབ་ཀྱི་རྩ་བ་སྟེ། མཆོག་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཐབས་སུ་གྱུར་པའི་རིམ་པ་གཉིས་ཀྱི་རྒྱུད་ལུང་མན་ངག་དང་བཅས་པས་བོན་དང་མཚུངས།29 ཞེས་དང་། ཆུ་གཏེར་རྒྱ་མཚོ་ལས། ཡི་དམ་གྱི་ལྷ། རང་ཉིད་ཀྱིས་དད་གུས་དང་ཡིད་ཆེས་བྱ་ཡུལ་གྱི་ལྷ་སྟེ། སྐྱབས་སུ་བཟུང་འོས་པའི་ལྷ་འགྲོ་བ་རིགས་དྲུག་ནང་གི་ལྷ་རྣམས་འདིར་མི་གཏོགས་ནི་སངས་རྒྱས་ཀྱིས་སྤྲུལ་པའི་ཡི་དམ་ཞི་བ་དང་ཁྲོ་བོ་སྣ་ཚོགས་ཡོད་ཅིང་། བོད་དུ་ཆོས་ལུགས་ཁག་ཚང་མས་ཐུན་མོང་དུ་ཁས་ལེན་པའི་ ཡི་དམ་གྱི་ལྷ་ཡོད་ལ། ཆོས་ལུགས་སོ་སོའི་ཐུན་མོང་མ་ཡིན་པའི་ཡི་དམ་གྱི་ལྷ་ཡང་ཡོད། ཅེས་པ་དེ་དག་ནི་གསང་སྔགས་རྒྱུད་སྡེ་དང་འབྲེལ་བའི་ཡི་དམ་གྱི་ལྷ་ཞེས་པའི་དོན་ཡིན་ནོ། །ཡ་ཐོག་སྲིད་པའི་བོན་དུ་གཏོགས་པའི་ཡི་དམ་གྱི་ལྷ་ནི་སྒྲ་བླ་ཝེར་མ་ཤུགས་མགོན་སོགས་ཡ་ཐོག་གི་སྐབས་དེ་ཡི་དམ་གྱི་ལྷ་ཡིན་ཏེ། སྐབས་དེ་རང་ཉིད་ཀྱིས་དད་གུས་དང་ཡིད་ཆེས་བྱ་ཡུལ་གྱི་ལྷ་ཡིན་ནོ། །
ཡི་དམ་ལྷ་དང་བོན་སྐྱོང་ལ་དཔྱད་པ།
སྤྱི་ཡི་དམ་བསྟེན་པ་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་གང་རུང་བ་ཞིག་རང་རྒྱུད་ལ་འབྱུང་བའི་ཕྱིར་དུ་ཡིན། དེའི་ཕྱིར་ཡི་དམ་ཞེས་བརྗོད། བོན་སྐྱོང་བསྟེན་པ་ནི། རང་ཉིད་ཀྱིས་བོན་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཏེ། འདོད་པའི་དོན་མྱུར་བར་འགྲུབ་པའི་ཆེད་དུ་ཡིན། དེའི་ཕྱིར་བོན་སྐྱོང་ཞེས་བརྗོད་དོ། །
དེང་སྐབས་མཁས་པ་རློམ་པའི་བན་བོན་གྱི་བླ་སྤྲུལ་མཁན་པོ་དགེ་བཤེས་དང་སྤྱི་ཚོགས་ནང་དུ་དགེ་རྒན་དང་ཞིབ་འཇུག་པ་མང་པོ་ཞིག་གིས་ཡི་དམ་དང་བོན་སྐྱོང་ཞེས་པ་ཅི་ཞིག་ཡིན་པ་ཧ་གོ་ཡི་མི་འདུག །དཔེར་ན་ཡི་དམ་ནི་རྒྱལ་པོའམ་གོང་མ་ལྟ་བུ་དང་། བོན་སྐྱོང་ནི་དམག་དཔོན་དང་སྐུ་སྲུང་ལྟ་བུའོ། །དེའི་ཕྱིར་དེ་གཉིས་མི་འདྲའོ། །ཞེས་གསུང་འདུག སྤྱི་ཡི་དམ་དང་བོན་སྐྱོང་གཉིས་རྒྱལ་པོ་དང་དམག་དཔོན་ནམ་སྐུ་སྲུང་ལྟ་བུ་དཔེ་འཇོག་པ་དེ་གཞི་ནས་ནོར་བ་འདུག རྒྱུ་མཚན་ནི། སྤྱི་ཡི་དམ་དང་བོན་སྐྱོང་གཉིས་མི་འགལ་ཞིང་གཞི་མཐུན་ཡོད་དེ། དཔེར་ན། ཞིང་ཆེན་གྱི་ཧྲུའུ་ཅི་དེ་ཞིང་ཆེན་དཔོན་ཡང་ཡིན་ལ། ཀྲུང་དབྱངས་འོག་གི་འཁོར་ཡང་ཡིན་པ་བཞིན། མ་མཆོག་སྲིད་པ་རྒྱལ་མོ་དེ་སྤྱི་ཡི་དམ་ཡང་ཡིན་ལ་བོན་སྐྱོང་ཡང་ཡིན། མཁའ་འགྲོ་ཡང་ཡིན། གཏེར་སྐྱོང་ཡང་ཡིན། ཡི་དམ་ཡིན་ཏེ། སྲིད་པ་རྒྱལ་མོའི་ཐུགས་སྒྲུབ་ཡེ་ཤེས་རང་གསལ་ལས། རང་ལུས་ལྷར་གསལ་ཡུམ་ཆེན་སྲིད་རྒྱལ་སྐུ།30 ཞེས་བསྐྱེད་རིམ་སྐབས་སུ་བསྟན་པའི་གཙོ་ལྷའམ་ཡི་དམ་སྲིད་པ་རྒྱལ་མོ་ཡིན་པ་དང་། འཁོར་ལྷ་ནི་རྫུ་འཕྲུལ་སྨན་བཞི། དབལ་མོ་ཉེར་བརྒྱད། དམག་དཔོན་མ་དགུ། བརྟན་མ་བཅུ་གཉིས་བཅས་ཡིན་པ་གཞུང་དེའི་སྐུ་སྟོད་སྐབས་སུ་བསྟན་ཡོད།31 གསང་སྔགས་གླིང་པའི་གཏེར་གཞུང་མ་མོ་གསང་བའི་ཐུགས་སྒྲུབ་ནང་དུ་སྲིད་པ་རྒྱལ་མོ་དེ་ཡི་དམ་སྒྲུབ་ཐབས་བསྟན་ཡོད། བོན་སྐྱོང་ཡིན་ཏེ་། གསང་སྔགས་གླིང་པས་བརྩམས་པའི་བོན་སྐྱོང་སྤྱི་ཡི་མཆོད་གསོལ་བསྡུས་པ་ལས། གཡུང་དྲུང་བོན་གྱི་བསྟན་པ་སྲུང་བའི་མ་མཆོག་སྲིད་པ་རྒྱལ་མོ་དམ་ཅན་རྒྱ་མཚོའི་ལྷ་ཚོགས་ཞི་རྒྱས་དབང་དྲག་གི་མ་མོ།32 ཞེས་སོ། །སྲིད་པ་རྒྱལ་མོ་དེ་ཡང་མཁའ་འགྲོ་ཡིན་ཏེ། མདོས་གཞུང་སྣང་སྲིད་རོལ་སྐོང་ལས། དཔོན་གསས་རྩ་རྒྱུད་བླ་མ་དང་། ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། མཁའ་འགྲོ་སྲིད་པ་རྒྱལ་མོ་དང་། བཀའ་སྐྱོང་དམ་ཅན་སྲུང་མ་རྣམས།33 ཞེས་གསུངས་སོ། །སྲིད་པ་རྒྱལ་མོ་དེ་ཡང་གཏེར་སྲུང་ཡིན་ཏེ། གསང་སྔགས་གླིང་པའི་གཏེར་མ་དྲག་སྔགས་གསང་བའི་སྤུ་གྲི་ལས། གཏེར་སྲུང་སྲིད་རྒྱལ་བསྐུལ་པ་ཞེས་པ་ལས་གསལ་ལོ། །
ཡི་དམ་དང་བོན་སྐྱོང་གཉིས་བསྒྲགས་ཀྱི་དབང་དུ་བཏང་ན། ཡི་དམ་དང་བོན་སྐྱོང་གཉིས་ལ་ཁྱད་པར་ཡོད་དེ། ཞིང་ཆེན་གཅིག་ལ་ཧྲུའུ་ཅི་གཅིག་མ་གཏོགས་ཧྲུའུ་ཅི་གཉིས་མི་དགོས། རྒྱལ་ཁབ་གཅིག་ལ་རྒྱལ་པོ་གཉིས་མེད་པ་བཞིན་ནོ། །དེ་ལྟར་ན། ཡི་དམ་ནི་གཙོ་བོ་སྟེ། དཔེར་ན་རྒྱལ་པོའམ་གོང་མ་ལྟ་བུ་དང་། བོན་སྐྱོང་ནི་འཁོར་ཏེ། དམག་དཔོན་དང་སྐུ་སྲུང་ལྟ་བུའོ། །དེའི་ཕྱིར་དེ་གཉིས་མི་འདྲའོ། །དབལ་འབར་སྟག་སླག་ཅན་གྱི་མ་མོའི་སྲོག་སྒྲུབ་ལྟར་ན། དབལ་གསས་རྔམ་པ་ཡི་དམ་ཡིན་པ་དང་། སྲིད་པ་རྒྱལ་མོ་བོན་སྐྱོང་སྲུང་མ་ཡིན་པའི་ཚུལ་བསྟན་ཡོད།
ཡི་དམ་གྱི་ལྷ་དང་བོན་སྐྱོང་གཉིས་སུ་ཕྱེས་པའི་ཡི་དམ་གྱི་ལྷ་ནི་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་འབྱུང་གནས་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་ཞིག་ལ་ངོས་འཛིན་གནང་འདུག བོན་སྐྱོང་ཞེས་པ་ནི་སངས་རྒྱས་ཀྱི་བསྟན་པའི་བོན་ཚུལ་བཞིན་སྐྱོང་བར་མཛད་པའི་དམ་ཚིག་ལ་གནས་པའི་སྲུང་མ་ཞིག་ལ་ངོས་འཛིན་གནང་འདུག
སྤྱི་བོན་བསྟན་ལྟར་ན། བོན་སྐྱོང་ཧ་ཅང་མང་པོ་ཡོད་པ་ཡིན། རིགས་ཀྱི་སྒོ་ནས་དབྱེ་ན། འཇིག་རྟེན་པའི་བོན་སྐྱོང་སྲུང་མ་དང་། འཇིག་རྟེན་ལས་འདས་པའི་བོན་སྐྱོང་སྲུང་མ་གཉིས་ཡོད། དང་པོ་འཇིག་རྟེན་པའི་བོན་སྐྱོང་སྲུང་མ་ཞེས་པ་ནི། སངས་མ་རྒྱས་པའི་རིགས་ཏེ། འཇིག་རྟེན་པ་ཟེར་དོན་ཡང་མཐོང་ལམ་ཙམ་ཡང་མ་ཐོབ་པའི་ལྷ། དཔེར་ན་ལྷ་འམ་གཞི་བདག་ལྟ་བུའོ། ཡ་ཐོག་སྲིད་པ་རྒྱུད་ཀྱི་དབང་དུ་བཏང་ན། འཇིག་རྟེན་པའི་ལྷ་ལ། ཐུགས་དཀར་བུ་དགུ་ཡབ་དང་བཅུ། དགུང་སྨན་མཆེད་བདུན་ཡུམ་དང་བརྒྱད། འཁོར་ལྷ་དགུ་ཁྲི་དགུ་འབུམ། དགྲ་བླ་དྲ་མ་མཆེད་དགུ། ཝེར་མའི་དཔའ་ཁྲོམ་བཞི། ཅང་སེང་མགྲོན་ཡག་བཅུ་གསུམ། ལམ་ལྷ་མཆེད་བརྒྱད། ཤུགས་མགོན་བརྒྱ་དང་རྩ་བརྒྱད། ཡེ་སྲིད་ལྷ་གཞུང་ལྷ་འཁོར་སུམ་བརྒྱ་དྲུག་ཅུ་དང་། གཉན་གཞུང་ལྷ་འཁོར་ཉིས་བརྒྱ་ལྔ་བཅུ། དམག་གཞུང་ལྷ་འཁོར་བརྒྱ་དང་རྩ་བརྒྱད་སོགས་གྲངས་མང་ངོ་། །གཉིས་པ་འཇིག་རྟེན་ལས་འདས་པའི་བོན་སྐྱོང་སྲུང་མ་ཞེས་པ་ནི། སངས་རྒྱས་དང་བྱང་སེམས་འཕགས་པ་རིགས་ཀྱི་རྣམ་པར་སྤྲུལ་ཞིང་འགྲོ་བའི་དོན་མཛད་པའི་ལྷ་སྟེ། འཇིག་རྟེན་ལས་འདས་པ་ཟེར་དོན་ཡང་མཐོང་ལམ་ཐོབ་པ་ཡན་གྱི་ལྷ་ལ་ཟེར། དཔེར་ན་ཡེ་ཤེས་ཀྱི་ལྷ་ཡེ་ཤེས་དབལ་མོ་ལྟ་བུའོ། །གཡུང་དྲུང་བོན་ལྟར་ན། སྲིད་རྒྱལ་དུས་དྲུག རྫུ་འཕྲུལ་སྨན་བཞི། དབལ་མོ་ཉེར་བརྒྱད། སྟག་ལ་དྲེགས་པ་བཅོ་བརྒྱད། ཡུམ་སྲས་སྡེ་ལྔ། མ་བདུད་བཙན་གསུམ་ལ་སོགས་གྲངས་མང་ངོ་། །འཇིག་རྟེན་ལས་འདས་པའི་བོན་སྐྱོང་རྣམས་ནི་ཡི་དམ་དང་སངས་རྒྱས་བྱང་སེམས་དག་གི་སྤྲུལ་པ་ཡིན་ལ། དེ་ལ་འཇིག་རྟེན་ལས་འདས་པའི་བོན་སྐྱོང་ཟེར། དེ་དག་ཡི་དམ་གང་ཞིག་གིས་བོན་སྐྱོང་གི་ཚུལ་བཟུང་བ་ཡིན་ན། དེ་ལ་བོན་སྐྱོང་ལྟར་གསོལ་མཆོད་བྱ་དགོས། འཇིག་རྟེན་ལས་འདས་པའི་བོན་སྐྱོང་མ་མཆོག་སྲིད་པ་རྒྱལ་མོ་ལྟ་བུ་དེ་ཡི་དམ་གྱི་ཚུལ་དུ་སྒྲུབ་པ་ཡིན་ན། དེ་ལ་ཡི་དམ་ལྟར་གསོལ་མཆོད་བྱ་དགོས། གང་ལྟར་ཡང་། མ་མཆོག་སྲིད་པ་རྒྱལ་མོ་སོགས་འཇིག་རྟེན་ལས་འདས་པའི་བོན་སྐྱོང་ཕལ་ཆེར་སངས་རྒྱས་དང་བྱང་སེམས་འཕགས་པ་དངོས་ཡིན། རྩ་བའི་ཆ་ནས་སྲིད་པ་རྒྱལ་མོ་དེ་ལ་ཡུམ་ཆེན་ས་ཏྲིག་ཨེར་སངས་ཀྱིས་སྤྲུལ་པ་ཡིན། ས་ཏྲིག་ཨེར་སངས་ནི་སངས་རྒྱས་དངོས་སོ། །མ་མཆོག་སྲིད་པ་རྒྱལ་མོ་སོགས་འཇིག་རྟེན་ལས་འདས་པའི་བོན་སྐྱོང་ཐམས་ཅད་དོན་དུ་ཡི་དམ་མམ་སངས་རྒྱས་དངོས་ཡིན་ཡང་། དོན་དུ་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་རུང་བས་ཏེ། རྒྱལ་ཁབ་གཅིག་ལ་རྒྱལ་པོ་གཉིས་མེད་པ་བཞིན། འཇིག་རྟེན་ལས་འདས་པའི་བོན་སྐྱོང་ཐམས་ཅད་སྔར་ནས་སངས་རྒྱས་སུ་ཟིན་ཀྱང་། སྟོན་པ་གཤེན་རབ་མི་བོའི་བསྟན་པའི་ཞབས་འདེགས་དང་སྟོན་པའི་བསྟན་པ་སྤེལ་བའི་ཆེད་དུ་བོན་སྐྱོང་ངམ་ཡི་དམ་སངས་རྒྱས་འཁོར་གྱི་རྣམ་པ་བསྟན་པ་རེད། བོན་སྐྱོང་གི་ཚུལ་བཟུང་བ་དང་། བོན་སྐྱོང་གི་ཚུལ་གྱིས་འགྲོ་བའི་དོན་མཛད་ཅིང་། སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུའམ་འགྲོ་བ་སེམས་ཅན་ཐམས་ཅད་བུ་བཞིན་སྐྱོང་བའོ། །འཇིག་རྟེན་ལས་འདས་པའི་བོན་སྐྱོང་ནི་མཆོག་གསུམ་ལས་དགེ་འདུན་དཀོན་མཆོག་ཏུ་གཏོགས་པ་ཡིན་ཞེས་ཟེར་བའང་ཡོད་དོ། །
གསང་སྔགས་ཀྱི་ཡི་དམ་ལ་དཔྱད་པ།
གསང་སྔགས་ཀྱི་བླ་མ་ཡི་དམ་མཁའ་འགྲོ་གསུམ་པོ་བསྟེན་ཚུལ་དང་སྒྲུབ་ཚུལ་ནི། ལམ་མངོན་སངས་རྒྱས་པའི་རྒྱུད་ལས། བླ་མ་སངས་རྒྱས་འདུ་ཤེས་མ་བསྐྱེད་ན། །ཡི་དམ་དམིགས་པ་གསལ་ཡང་འདོད་བློ་ཡིན། །ཡི་དམ་ཡེ་ཤེས་ཚོགས་ཀྱིས་མ་མཆོད་ན། །མཁའ་འགྲོ་མཉེས་པར་བྱས་ཀྱང་ཞེན་འཛིན་ཡིན། །མཁའ་འགྲོས་ཐུགས་དམ་གཅིག་གིས་མ་བསྐང་ན། །རྩོལ་བ་སྣ་ཚོགས་བྱས་ཀྱང་ཁྱི་རྐྱལ་ཡིན། །ཕྱོགས་བཅུ་མགྲོན་གྱི་རེ་བ་མ་བསྐང་ན། །རང་ལུས་ལྷ་རུ་ཤེས་ཀྱང་ཆགས་འཛིན་ཡིན། དཔའ་བོ་སེང་གེའི་ཉལ་སྟབས་མ་ཤེས་ན། །ཐ་མལ་དུག་གསུམ་ཉལ་སྟངས་བདུད་ལས་ཡིན། །སྐྱབས་མཆོག་གཏིང་ནས་བློ་ལ་མ་ངེས་ན། །ཚིག་གི་འཕྲེང་བས་བར་ཆོད་ཁ་འདྲེན་ཡིན། །མཐའ་ཡས་མ་རྣམས་སངས་རྒྱས་མི་འདོད་ན། །རང་ཉིད་སྒེར་བུ་ཕག་ལ་མདའ་བསྐུར་ཡིན། །གསོལ་བ་རྨི་ལམ་ཟིན་པར་མ་བཏབ་ན། །ཕྱོགས་འབྱམས་ལས་བྱས་དོན་ལ་སྐུར་འདེབས་ཡིན། །རང་ལུས་སྒྱུ་མ་ཡི་དམ་དཀྱིལ་འཁོར་ལ། །རང་བཞིན་སངས་རྒྱས་སྤྱི་བོར་བླ་མ་བཞུགས། །རང་གྲོལ་ལམ་གྱི་གོ་ཆ་མཁའ་འགྲོས་བསྐོར། །རང་ཉིད་དེ་ཡི་ངང་ལ་གཉིད་དུ་གཏང་། །ཉིན་པར་དུས་སུ་སྣང་བ་སྒྱུ་མ་ཀུན། །རྨི་ལམ་ཡིན་པ་སྒོམ་ལ་བག་ཆགས་བསྒྱུར། །སྤྱོད་ལམ་དུས་སུ་བྱ་བྱེད་རྩོལ་བ་ཀུན། །རྨི་ལམ་སྣང་བར་བསམ་ལ་ཞེན་པ་བཟློག །34ཅེས་གསུངས་སོ། །གསང་སྔགས་ལུགས་ཀྱི་བསྐྱེད་རྫོགས་ཟུང་འབྲེལ་གྱི་སྒོ་ནས་ཡི་དམ་བསྒྲུབ་ཚུལ་མདོར་ཙམ་བསྟན་པ་ནི། མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན་ལས། དང་པོ་ལུས་ཡི་དམ་ལྷའི་རྫོང་ལ། བསྐྱེད་རྫོགས་གཉིས་ཏེ། བསྐྱེད་པ་ལ། དེ་བཞིན། ཀུན་ཏུ་སྣང་། གཞི་བཟུང་། རྒྱུ་ལ་ཞི་བ་ཆོ་ག་གསུམ་ལྡན་དུ་སྐྱེད་པས། ཉོན་མོངས་སྒྲིབ་པ་དག །ཁྲོ་བོ་རིན་ཆེན་སྒོ་བདུན་གྱི་བསྐྱེད་པས། ཤེས་བྱའི་སྒྲིབ་པ་གདར་ཐག་གཅོད། སྐད་ཅིག་དྲན་རྫོགས་བསྐྱེད་པས། རང་ཆས་ལྷུན་གྱི་གྲུབ། ཐོག་བབ་མྱུར་མགྱོགས་ནི། འཕྲིན་ལས་སྣ་ཚོགས་ཏེ། གསལ་ལ་རག་པ་སྟེ།
རྫོགས་རིམ་ལ། བྱ་བའི་ལས་ཆོག་རིམ་གྱིས་རྫོགས། སྙིང་པོ་འཛབ་གྲངས་རྫོགས་པ། ཏིང་འཛིན་སྒོམ་པའི་ཐུན་རྫོགས་པ། རྫོགས་པ་ཆེན་པོ་གནས་ལུགས་སྒོམ་སྟེ། རང་གཞན་མེད་པའོ། །དེ་ཡང་བསྐྱེད་རིམ་གསལ་ལ་མ་འདྲེས་པ། ཆད་པའི་མཐའ་བསལ།
རྫོགས་རིམ་ནི། བསྐྱེད་རིམ་གྱི་ལྷ་དང་གཞལ་ཡས་གསལ་བ་དེ། གདོས་བཅས་ཀྱི་དངོས་པོ་དང་བྲལ་ཏེ། དངོས་སུ་སྣང་ཡང་རྣམ་པར་མི་རྟོག་པ། མེ་ལོང་གི་གཟུགས་བརྙན། སྣང་དུ་ཡོད་ཀྱང་བཟུང་དུ་མེད་པ་བར་སྣང་གི་གཞའ་ཚོན། དཔྱད་དུ་ཡོད་ཀྱང་ཆགས་སུ་མེད་པ་ཆུ་ཟླའི་དཀྱིལ་འཁོར། ཕན་མེད་གནོད་མེད་མ་ཡིན་མཁྱེན་བརྩེའི་སྟོབས་དང་ལྡན་པ། སྒྱུ་ལུས་གདོས་བཅས་མ་ཡིན་ཆོ་འཕྲུལ་འོད་ཀྱི་གཟུགས། སྤྲོས་མེད་གྲངས་ལས་འདས་ཀྱང་། མ་བསྡུས་གཅིག་གི་ངང་། འདི་ཞེས་བརྟག་མེད་མཚན་མ་ཡོང་དང་བྲལ། སྣ་ཚོགས་དུ་མ་གསལ་ཡང་། བྲི་གང་འཛིན་ཞེན་མེད་པས། རྟག་པའི་མཐའ་བསལ་ལོ། །ལྷ་སྐུ་མཚན་མ་གསལ་ལ་མ་ཆགས་པ། སྟོང་ཉིད་དམིགས་སུ་མེད་པ་མ་ཞེན་པ། དེ་གཉིས་ཐུན་ཚོད་ཆ་མཉམ་ལ་སྒོམ་པ་ལ་མི་འཛིན་པའོ། །ཞེས་གསལ་བར་བསྟན་ཏོ། །
ཡི་དམ་གྱི་ཕན་ཡོན་ནི། གཡུང་དྲུང་གཙང་མའི་ཚེ་གཟུངས་ལས། འདི་ལ་མ་བརྗེད་ཡི་དམ་བྱས་གྱུར་ན། ཚེ་འདིར་བསམ་དོན་ཡིད་བཞིན་འགྲུབ། ཕྱི་མར་བླ་མེད་འབྲས་བུ་འཐོབ། འཕྲལ་གྱི་རྐྱེན་ཞི་ཡུན་གྱི་སྒྲིབ་པ་སྦྱངས་ནས། དུས་གསུམ་བདེར་གཤེགས་རྣམས་ཀྱི་ཞལ་མཐོང་སྟེ། བདེ་བའི་བོན་སྐུ་འཐོབ་པར་འགྱུར་རོ། །ཞེས་པ་ལྟར་གཞུང་རེ་རེ་ནང་དུ་ཡི་དམ་གྱི་ཕན་ཡོན་མི་འདྲ་བ་བསྟན་ཡོད་དོ། །ཞེས་པ་འདི་ནི་ཉག་རོང་ཡེ་ཤེས་དགོན་པའི་གཡའ་དྲུག་ཚང་སེང་སྤྲུལ་རིག་འཛིན་ཉི་མས་སྤྱི་ལོ༢༠༢༣ལོའི་ཟླ་བ་བཅུ་གཉིས་པའི་ཚེས༡༥ཉིན་རྒྱ་ནག་པེ་ཅིན་གཡུང་དྲུང་འོད་གསལ་གླིང་དུ་སྦྱར་བའོ། །
དཔྱད་གཞིའི་ཡིག་ཆ།
《ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ》རྫིའུ་རིག་པ་རང་ཤར་གྱི་སྙན་རྒྱུད། ལག་བྲིས་མ། ཡེ་ཤེས་དགོན་དུ་བཞུགས།
ཀྲུང་ཧྭའི་བཀའ་འགྱུར་ཆེན་མོ་ལས་《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར།
《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་གླེགས་བམ༡༧༥པ། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས།
སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༡༨ན་གསལ།
《གཟེར་མིག་གི་མདོ》དྲང་རྗེ་བཙུན་པ་གསེར་མིག་ཅན་གྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། 2018ལོའི་ཟླ་9པར་པར་གཞི་དང་པོ་བསྒྲིགས།
བློ་གསལ་སོགས་ཀྱིས་བསྒྲིགས་པའི། 《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས།
དཔྱད་མཆན།
1.ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་གོ་ལྔ་པ། 《ཐུགས་ཀྱི་ཡང་གབ་མ་རྒྱུད་ཐུགས་རྗེ་ཉི་མའི་རྒྱུད》ཡུམ་བཟང་བཟའ་རིང་བཙུན་སོགས་ཀྱིས་གསུང་། འགུ་རུ་རྣོ་རྩེའི་གཏེར་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༦༨༢ན་གསལ།
2.《ཚེ་དབང་སྨོན་ལམ་དོན་འདུས་རིན་ཆེན་ཕྲེང་བ》རྫིའུ་རིག་པ་རང་ཤར་གྱི་སྙན་རྒྱུད། ལག་བྲིས་མ། ཡེ་ཤེས་དགོན་དུ་བཞུགས། ཤོག་ངོས་༦་པའི་རྒྱབ།
3. ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་གཉིས་པ། 《འདུལ་བ་རྒྱུད་དྲུག》སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར།
4. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༧༥པ། 《རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ་ཡན་ལག་བརྒྱད་པ》བློ་ལྡན་སྙིང་པོའམ་ནམ་མཁའ་རིན་ཆེན་གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༡༧ན་གསལ།
5. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བདུན་པ། 《དྲང་དོན་མུན་སེལ་སྒྲོན་མ 》 བླ་ཆེན་དྲན་པ་ནམ་མཁས་མཛད་པ། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༡༨ན་གསལ།
6.《དུས་གསུམ་གཤེན་རབ་ཀྱི་འབྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ》དྲང་རྗེ་བཙུན་པ་གསེར་མིག་ཅན་གྱི་གཏེར་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015ལོའི་ཟླ་9པར་པར་གཞི་དང་པོ་བསྒྲིགས།
7.《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་གཉིས་པ། 《འདུལ་བ་རྒྱུད་དྲུག》སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར།
8. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་ལྔ། 《གསོ་རིག་འབུམ་བཞི》 རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཀའ། དཔྱད་བུ་ཁྲི་ཤེས་ཀྱིས་བསྡུས། །མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།
9. བློ་གསལ་སོགས་ཀྱིས་བསྒྲིགས་པའི། 《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ༡༧ 《ཞིལ་ཀར་པོ་དང་ཐིས་དགུ་མ་༢་ཕྱག་བཞིན་དབུ་ལྷ》 རྩོམ་པ་པོ་མི་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༤༠༥༨ན་གསལ།
10. བློ་གསལ་སོགས་ཀྱིས་བསྒྲིགས་པའི《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ༡༧ 《མཚོ་སྨད་དགུ་མདོས་དབུ་ལྷ》 རྩོམ་པ་པོ་མི་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༤༡༡༡ན་གསལ།
11. བློ་གསལ་སོགས་ཀྱིས་བསྒྲིགས་པའི《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ༡༤ 《སྐོས་ཡེས་དབུ་ལྷ》 རྩོམ་པ་པོ་མི་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༣༡༧༧-༣༡༨༣ན་གསལ།
12. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བཅུ་བདུན་པ། 《གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད》 དཔོན་སློབ་བསྟན་འཛིན་རྣམ་དག་གིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༣༣༠ན་གསལ།
13. དྲང་སྲོང་རྣམ་རྒྱལ་སོགས་ཀྱིས་བསྒྲིགས་པའི《བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས》ལས《བོན་འདི་ནི་མུ་ཆོའི་ཐེག་པ་རིམ་དགུ》རྩོམ་པ་པོ་མི་གསལ། སྒེར་དེབ། ཤོག་ངོས༢༠༦ན་གསལ།
14. 《བཀའ་ལུང་རྒྱ་མཚོའི་མཆན་འགྲེལ》སེང་སྤྲུལ་རིག་འཛིན་ཉི་མའམ་སྤྲུལ་སྐུ་བསྟན་འཛིན་རྣམ་དག་གིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བཀའ་ལུང་རྒྱ་མཚོའི་ཟུར་རྒྱན་ཚུལ་དུ་སྤྱི་ལོ་༢༠༠༠ལོའི་ཟླ་བ༡༡པར་པར་གཞི་དང་པོར་པར་ཐེངས་དང་པོ་བཏབ།
15. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤༢པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་》དབྲ་རིགས་གྱེར་ཐོགས་མེད་ཀྱིས་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༤༥༡ན་གསལ།
16. ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་སོ་བདུན་པ། 《གཡུང་དྲུང་གཙང་མའི་སྒྲིབ་སེལ་གྱི་ཚེ་མདོ་གཟུངས》གླིང་གཤེན་ནམ་མཁའ་མཐོང་གསལ་གྱི་སྙན་བརྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༣༤༨-༣༥༠ན་གསལ།
17. ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་སོ་བརྒྱད་པ། 《གསེར་འོད་ནོར་བུ་འོད་འབར་གྱི་གཞུང》གླིང་གཤེན་མུ་ལ་ཐོགས་མེད་ཀྱི་སྙན་བརྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར།
18. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༧༥པ། 《རིན་ཆེན་སྒྲོན་མ་འཁོར་བ་དོང་སྤྲུག་གི་མདོ་སྡེ་ཡན་ལག་བརྒྱད་པ》བློ་ལྡན་སྙིང་པོའམ་ནམ་མཁའ་རིན་ཆེན་གྱིས་བརྩམས། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༡༧ན་གསལ།
19. ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་བཞི་བཅུ་པ། 《གཙང་མའི་ཀླུ་འབུམ་དཀར་པོ》ཨ་ཙ་ར་མི་གསུམ་གྱི་གཏེར་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར།
20. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བཅུ་གཅིག་པ། 《འདུལ་བ་ཀུན་ལས་བཏུས་པའི་གཞུང》མེ་སྟོན་ཤེས་རབ་འོད་ཟེར་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༡༨༩ན་གསལ།
21. ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་སོ་བདུན་པ། 《གཡུང་དྲུང་གཙང་མའི་སྒྲིབ་སེལ་གྱི་ཚེ་མདོ་གཟུངས》གླིང་གཤེན་ནམ་མཁའ་མཐོང་གསལ་གྱི་སྙན་བརྒྱུད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༣༣༨-༣༥༠ན་གསལ།
22. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བཅུ་བཞི་པ། 《སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་གཤེན་བསྟན་གསལ་བའི་སྒྲོན་མ་ཉི་ཟླ་སྤྲིན་གྱི་གུར་ཁང》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༣༦ན་གསལ།
23.ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》པོད་དོན་གཅིག་པ། 《བསྡུས་པའི་འབྲིང་པོ་ཁམས་རྩའམ་བཀའ་འདུས》ཁྱེའུ་གཉེན་འཐིང་གི་གཏེར་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར།
24.《བོད་རྒྱ་ཚིག་མཛོད་ཆེན་མོ》སྨད་ཆ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམས་སྤེལ་བྱས། ༡༩༩༣ལོའི་ཟླ་༥་པར་པར་གཞི་༡་པོ་བསྒྲིགས། ཤོག་ངོས༢༥༦༥ན་གསལ།
25.《དུང་དཀར་ཚིག་མཛོད་ཆེན་མོ》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ། ཤོག་ངོས༡༨༧༦ན་གསལ།
26. 《བོད་ཡིག་ཚིག་གཏེར་རྒྱ་མཚོ》ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༩ལོའི་ཟླ༥པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༩༠༡ན་གསལ།
27.སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བཅོ་བརྒྱད་པ། 《མ་རྒྱུད་སངས་རྒྱས་རྒྱུད་གསུམ》རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཀའ། གུ་རུ་རྣོན་རྩེའི་གཏེར་མ། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༥༡ན་གསལ།
28.སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བཅུ་དྲུག་པ། 《གསང་སྔགས་སྤྱི་སྤུངས་ཁྲོ་བོའི་རྒྱུད་དྲུག》སྟོན་པ་འཆི་མེད་གཙུག་ཕུད། མགར་ནག་ཇོ་སྲས་ཀྱི་གཏེར་མ། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༣༣༠ན་གསལ།
29. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བཅུ་བཞི་པ། 《སྡེ་སྣོད་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་གཤེན་བསྟན་གསལ་བའི་སྒྲོན་མ་ཉི་ཟླ་སྤྲིན་གྱི་གུར་ཁང》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༣༦ན་གསལ།
30. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༩པ། 《མ་ཅིག་སྲིད་པ་རྒྱལ་མོའི་ཐུགས་སྒྲུབ་གཞུང་ཟབ་མོ་ཡེ་ཤེས་རང་གསལ》རྒྱལ་བ་དབང་ལྡན་གྱི་སྙན་རྒྱུད། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༢༡ན་གསལ།
31. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༩པ། 《མ་ཅིག་སྲིད་པ་རྒྱལ་མོའི་ཐུགས་སྒྲུབ་གཞུང་ཟབ་མོ་ཡེ་ཤེས་རང་གསལ》ལས། རྒྱལ་བ་དབང་ལྡན་གྱི་སྙན་རྒྱུད། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༥༡ན་གསལ།
32.《བོན་སྐྱོང་སྤྱི་ཡི་མཆོད་གསོལ་བསྡུས་པ》གསང་སྔགས་གླིང་པས་བརྩམས། བྲིས་མ། ཤོག་ལྡེབ༡ན་གསལ།
33. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི་《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༩པ། 《མ་ཅིག་སྲིད་པ་རྒྱལ་མོ་ནག་མོའི་མཐུ་བསྒྲུབ་༼སྒྲུབ་༽ཀྱི་གསང་བའི་མདོས་གཞུང་སྣང་སྲིད་རོལ་སྐོང》རྒྱལ་བ་དབང་ལྡན་གྱི་སྙན་རྒྱུད། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༣༡༥ན་གསལ།
34. སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》དེབ་བཅོ་བརྒྱད་པ། 《མ་རྒྱུད་སངས་རྒྱས་རྒྱུད་གསུམ》རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཀའ། གུ་རུ་རྣོན་རྩེའི་གཏེར་མ། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༦༧ན་གསལ།