བྱམས་མ་ཆེན་མོའི་སྐུ་བརྙན་གྱི་བཞེངས་ཚུལ་ལ་དཔྱད་པ།
[ཟླ་ཚེས། 2021-11-09 14:27:32][རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བྱམས་མ་ཆེན་མོའི་སྐུ་བརྙན་གྱི་བཞེངས་ཚུལ་ལ་དཔྱད་པ་བཀའ་ཚད་མའི་དགོངས་དོན་གསལ་བར་བྱེད་པ་ཉི་མ་འབུམ་གྱི་འོད་ཟེར་ཞེས་བྱ་བ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་གཙོ་བོ་ཀུན་གསལ་བྱམས་མ་རྩ་བའི་རྒྱུད་དང་། གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད། མདོ་དྲི་མེད་གཟི་བརྗིད་སོགས་རྒྱལ་བའི་བཀའ་ཚད་མར་གཞི་བཟུང་ནས། བྱམས་མ་ཆེན་མོའི་རྒྱུད་འབུམ་གཟུངས་སོགས་ལ་བརྟེན་ནས་བྱུང་བའི་སྒྲུབ་གཞུང་སོ་སོའི་བཞེད་དོན་ལ་བློ་ཞིབ་མོས་དཔྱད་ནས། བཞེད་དགོངས་ནང་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་གཞུང་དོན་ཇི་ལྟ་བ་བཞིན་བཞེངས་ཚུལ་སོ་སོ་བ་གསལ་བོར་བསྟན་ཏེ། རྒྱ་ཆེ་བའི་ལྷ་རིས་པ་རྣམས་ལ་གསལ་འདེབས་དང་རྗེས་སོར་ལྷ་སྐུ་གང་ཞིག་བཞེངས་ཀྱང་ཐོག་མར་གཞུང་དོན་ལ་ཞིབ་མོར་གཟིགས་དགོས་པ་གལ་ཆེན་ཡིན་ཚུལ་གྱི་བསྐུལ་མ་བྱས་ཡོད།
བརྡ་ཆད་གཙོ་བོ། བྱམས་མ་ཆེན་མོ། རྩ་བའི་རྒྱུད། ཀུན་གསལ་རྒྱས་སྒྲུབ། སྤྱན་གསུམ། སྐྱིལ་ཀྲུང་།
གླེང་སློང་།
དེ་ཡང་བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། ཤེས་རབ་གསལ་བ་ཀུན་གྱི་ཡུམ་ཅིག་མ། །གཙོ་མོ་ཤེས་རབ་རྒྱལ་མོ་དྲི་མ་མེད། །གསལ་བའི་ཡེ་ཤེས་ཇི་ལྟ་ཇི་སྙེད་མཁྱེན། །ཀུན་གྱི་ཡུམ་ཅིག་སྙིང་རྗེའི་བདག་ཉིད་མ། །1 ཞེས་ཞང་ཞུང་སྐད་དུ་ས་ཏྲིག་ཨེར་སངས་དང་། བོད་རང་སྐད་ལ་ཤེས་རབ་བྱམས་མའམ་ཀུན་གསལ་བྱམས་མ་ཆེན་མོ་རུ་འབོད་པའི་རྒྱལ་བ་ཐམས་ཅད་ཀྱི་ཡུམ་དུ་གྱུར་པའི་དབྱིངས་ཀྱི་ཡུམ་ཆེན་མོ་འདིའི་ལྷ་སྐུའི་བཞེངས་ཚུལ་ལ། དེང་སང་སྤྱན་གསུམ་ཅན་གྱི་བཞེངས་ཚུལ་ཞིག་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་ལ། གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ་ལས།2 བྱམས་མ་རྩ་བའི་ཆོ་གའི་ཞལ་ཐང་དང་། རྣམ་དག་པད་མ་ཀློང་ཡངས་ཀྱི་ཞལ་ཐང་གཅིག ཀུན་གསལ་བྱམས་མའི་བསྐྱེད་པ་དང་ཆོག་ཁྲིག་ལྟར་གྱི་ཞལ་ཐང་གཉིས། མོ་སྦྱོང་ལྷ་མིན་དང་བར་དོ་འདྲེན་པའི་ཞལ་ཐང་གཉིས་བཅས་ཞལ་ཐང་དྲུག་ལས་མི་ཉུང་བ་ནི་སྤྱན་གསུམ་ཅན་དུ་བཞེངས་འདུག དེ་དག་ལས་ཀུན་གསལ་བྱམས་མའི་བསྐྱེད་པ་དང་ཆོག་ཁྲིག་ལྟར་བཞེངས་པའི་ཞལ་ཐང་ནི་རྒྱལ་བའི་བཀའ་ཚད་མ་གང་གི་དགོངས་དོན་ལྟར་བྱུང་བ་བཤད་དཀའ་མོད། འོན་ཀྱང་གཞུང་དེ་དག་གི་དགོངས་པ་དང་མཐུན་པ་ལས། གཞན་པ་ནི་རང་རང་གི་གཞུང་ལས་སྤྱན་གསུམ་དུ་མ་བཞེད་པས། གཞུང་དོན་དང་མི་མཐུན་པར་སྣང་ཕྱིར། འདིར་བྱམས་མ་ཆེན་མོའི་སྐུ་བརྙན་གྱི་བཞེངས་ཚུལ་གཞུང་དོན་སོ་སོ་བ་ལྟར་དཔྱད་པ་ལ།
གཅིག བཀའ་དང་བཀའ་བརྟེན་ལས་བྱུང་བའི་བྱམས་མའི་སྐོར་སྤྱིར་གླེང་བ།
སྤྱིར་རྒྱལ་ཡུམ་བྱམས་མ་ཆེན་མོའི་སྐོར་ལ། བདག་ཅག་གི་སྟོན་པ་གཤེན་རབ་མི་བོས་ཞལ་ནས་གསུངས་པའི་མདོ་དང་འབུམ། རྒྱུད་དང་གཟུངས་སོགས་བསམ་གྱིས་མི་ཁྱབ་བགྲང་གིས་མི་ལང་བ་ཞིག་ཡོད་མོད། འདིར་གོང་ནས་གླེང་བའི་ཞལ་ཐང་དེ་དག་དང་འབྲེལ་བའི་བོན་གཞུང་དག་ལས་རང་གིས་གང་མཇལ་བའི་སྐོར་གླེང་བ་ལ། ཐོག་མར་གཏེར་ལས་བཏོན་དུས་དང་སྙན་དུ་བརྒྱུད་དུས་ཀྱི་སྔ་ཕྱིའི་དབང་དུ་བྱས་ན། སྤྱི་ལོ་༩༨༠ལོར་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་གཏེར་ནས་དྲངས་པའི་བྱམས་མ་རྩ་བའི་འབུམ་རྒྱུད་གཟུངས་གསུམ་དང་།3 བྱམས་མ་ཆེན་མོའི་གསང་སྒྲུབ། བྱམས་མ་ཆེན་མོའི་རྩ་བའི་སྒྲུབ་པ་སོགས་དང་། གཤེན་ཆེན་ཀླུ་དགས་སྤྱི་ལོ་༡༠༡༧མེ་སྦྲུལ་ལོར་4གཏེར་ནས་བཏོན་པའི་རྣམ་དག་པད་མ་གཡུང་དྲུང་ཀློང་གི་དཀྱིལ་འཁོར། སྤྱི་ལོ་༡༠༣༨ལོར་གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་5སྤ་གྲོ་ཕུག་གཅལ་ནས་སྔར་ལྷ་སྲས་མུ་ཏིག་བཙད་པོ་དང་ཁྱུང་པོ་གྱེར་ཟླ་མེད་གཉིས་ཀྱིས་སྦས་པའི་ཟབ་གཏེར་བཞེས་པ་ལས་བྱུང་བའི་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཕྱི་མ།6 བླ་ཆེན་དྲན་པ་ཁོད་སྤུངས་ཀྱིས་བསྟན་པ་འཕེལ་འགྲིབ་བྱུང་བའི་དུས་སུ། སྤ་གྲོ་སྟག་ཚང་ཤམ་པོའི་གཏེར་དུ་སྦས་ཤིང་། ཕྱིས་སུ་གཏེར་ནས་བཏོན་པའི་ལྷ་མོ་མུན་སེལ་སྒྲོན་མའི་མཆོད་བསྐོར་བདུན་པ་ཞེས་བྱ་བ་ལྷ་མོ་སུམ་བརྒྱའི་གཞུང་7ངམ་ཡོངས་གྲགས་སུ་མོ་སྦྱོང་དུ་འབོད་པའི་སྐོར།8 སྤྲུལ་བའི་སྐུ་མཆོག་བློ་ལྡན་སྙིང་པོ་དགུང་ལོ་ཉེར་དྲུག་བཞེས་པ་ཤིང་གླང་སྟེ་སྤྱི་ལོ་༡༣༨༥ལོར་སྟེང་ཆེན་དམུ་ཚ་གྱེར་མེད་ཀྱིས་ཁོང་ལ་སྙན་དུ་བརྒྱུད་པའི་སྟོན་པའི་མཛད་མདོ་རྒྱས་པ་དྲི་མེད་གཟི་བརྗིད་ལས།9 རྣམ་དག་ཡུམ་གྱི་དཀྱིལ་འཁོར་དང་། བྱམས་མ་རྩ་བའི་དཀྱིལ་འཁོར་གྱི་མདོ་དང་། བྱམས་མ་ཆེན་མོ་རྩ་བའི་བསྟོད་པ་ཉི་ཤུ་རྩ་གཅིག་གི་དོན་བསྟན་པའི་མདོ་སོགས་ཡོད། དེ་དག་ལས་མོ་སྦྱོང་གི་རིགས་དྲུག་གི་དཀྱིལ་འཁོར་གྱི་གཙོ་མོ་ནི་ཐུགས་རྗེ་བྱམས་མ་སོགས་ཡིན་པ་ལས་གཞན་དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་མོ་ཀུན་གསལ་བྱམས་མའམ་ཤེས་རབ་བྱམས་མ་ཡིན།
དེ་ཡང་ཅི་སྐད་དུ། རྒྱལ་བའི་བཀའ་ལ་སློབ་དཔོན་བཀའ་ཡིས་བརྟེན། །ཞེས་གསུངས་པ་བཞིན། སྟོན་པ་གཤེན་རབ་མི་བོའི་བཀའ་དེ་དག་ལ་བརྟེན་ནས་བྱུང་བའི་སྒྲུབ་ཐབས་སྐོར་ལ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་གཏེར་ནས་དྲངས་པའི་བྱམས་མ་རྩ་བའི་རྒྱུད་དང་རྒྱས་པའི་རྒྱུད་དང་། གཤེན་ཆེན་ཀླུ་དགས་གཏེར་ནས་བཏོན་པའི་རྣམ་དག་པད་མ་གཡུང་དྲུང་ཀློང་གི་དཀྱིལ་འཁོར་དང་། གཏེར་སྟོན་ཁུ་ཚ་ཟླ་འོད་ཀྱིས་སྤ་གྲོ་ནས་གཏེར་བཞེས་པའི་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཕྱི་མ་སོགས་ལ་བརྟེན་ནས་བྱུང་བའི་བྱམས་མ་སྔགས་ལུགས་ཀྱི་སྐོར་ལ། སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་ཀུན་གསལ་རྒྱས་པའི་མངོན་རྟོགས་རྒྱས་བསྡུས་གསུམ་དང་ཀུན་གསལ་བྱམས་མ་རྒྱས་པའི་དཀྱིལ་འཁོར་གྱི་ཆོག་ཁྲིག་མཐོང་བ་དོན་གསལ་དང་དབང་ཆོག བྱམས་མའི་སྙིང་ཐིག་བསྡུས་པ་ནོར་བུའི་འཕྲེང་བ་སོགས་དང་། ཁོང་གི་སློབ་མ་ཞིག་གིས་མཛད་པའི་མ་རྒྱུད་བྱམས་མའི་ཕྱག་བཞེས་རིན་ཆེན་འཕྲེང་བ།10 མཛད་པ་པོ་མི་གསལ་བའི་བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས།11 མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་མཛད་པའི་ཤེས་རབ་བྱམས་མ་ཀུན་གསལ་རྒྱས་པའི་མངོན་རྟོགས་ཐར་ལམ་གསལ་བྱེད། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་ཀུན་གསལ་བྱམས་མའི་ཆོག་ཁྲིག་ཡིད་བཞིན་ནོར་བུའི་གཏེར་ཆེན། བྱམས་མ་སྔགས་ལུགས་ལ་ཉེ་བར་མཁོ་བའི་ཤོག་ཆུང་། བྱམས་མ་སྔགས་སུ་བསྒྲུབས་པའི་དཀྱིལ་ཆོག་ཟབ་ལམ་གསང་བའི་སྙིང་ཐིག མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་མཛད་པའི་རྣམ་དག་པད་མའི་ཟིན་བྲིས་དང་མངོན་རྟོགས་གསལ་བའི་སྒྲོན་མེ་དང་། བྲུ་བོན་རྒྱལ་བ་གཡུང་དྲུང་གིས་མཛད་པའི་རྣམ་དག་པད་མ་ཡུམ་གྱི་འཕྲིལ་ལས་རྒྱས་པའི་གཞུང་གི་ཆོ་ག མཁན་ཉི་མ་བསྟན་འཛིན་གྱིས་མཛད་པའི་དབང་ཁྲིད་གེ་སར་གཞོན་ནུ་ངོ་མཚར་སྣང་བའི་དགའ་སྟོན་སོགས་ཡོད་པས། དེ་དག་ལས་གཞན་བྱམས་མ་ཆེན་མོའི་རྩ་བའི་མདོ་དང་ཡན་ལག་གི་རྒྱུད་དང་རྒྱས་པའི་རྒྱུད། ཐུགས་སྒྲུབ་སོགས་སྔར་ཡོད་པ་གསལ་མོད། དེང་སྐབས་ཡོད་མེད་མི་གསལ་ལ་རང་གི་ལག་ཏུ་མ་སོན་པས་མཇལ་མ་ཐུབ་པ་རྣམས་ཕུད། ད་ལན་རང་གིས་མཇལ་ཚད་དང་འབྲེལ་ནས་ཞུས་ན། བྱམས་མའི་བཞེངས་ཚུལ་ལ་སྤྱན་གསུམ་ཞབས་སྐྱིལ་ཀྲུང་ཅན་དང་། སྤྱན་གཉིས་ཞབས་གཡས་བརྐྱང་གཡོན་སྐྱིལ་ཀྲུང་ངམ་བསྐུམ་པ་ཅན། སྤྱན་གཉིས་ཞབས་སྐྱིལ་ཀྲུང་ཅན་བཅས་རིགས་གསུམ་མཐོང་བ་ལས།
གཉིས། བྱམས་མ་སྤྱན་གསུམ་ཅན་དེ་གཞུང་གང་ལས་བྱུང་བར་དཔྱད་པ།
དེ་ཡང་གོང་ནས་གླེང་བའི་བཀའ་དང་བཀའ་བརྟེན་ཁོ་བོས་མཇལ་བ་དག་ལས། བྱམས་མ་སྤྱན་གསུམ་ཅན་ནི་ཐོག་མར་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་ཀུན་གསལ་རྒྱས་པའི་མངོན་རྟོགས་ལས་གསལ་བ་ཡིན་ལ། དེ་ཉིད་ལས། དབུས་སུ་ཨཱོྃ་ལས་བྱམས་མ་ཆེན་མོ། སྐུ་མདོག་དམར་སེར་གསེར་ཞུན་གྱི་མེ་དཔུང་ལྟ་བུ། གདོས་པོ་ཉེས་པ་སྤངས་པའི་རྒྱས་པར་གྱང་ཤོལ་ཀེང་རུས་ལྟ་བུའི་ཤ་ཤོ་འབར་འབུར་མེད་པ། སྤྱི་གཙུག་ནོར་བུ་རིན་པོ་ཆེ་གཡུའི་ཐོར་གཙུག་ཅན། རལ་པའི་ཅོད་པན་ཕྱེད་ཐོད་རྡིང་དུ་འཁྱིལ་ཞིང་། ཕྱེད་ནི་ཟར་བུས་སྐུ་སྟོད་ཁེབས་པ། རིན་ཆེན་སྣ་ལྔའི་རྩེ་ཕྲན་ཡེ་ཤེས་ཀྱི་འོད་དུ་འབར་བ་ལ། ཐུགས་རྗེ་སྤྲུལ་པའི་དར་གྱི་ཅོད་པན་དང་། ཡེ་ཤེས་འགག་མེད་མུ་ཏིག་གི་ཟར་བུས་མཛེས་པ། ཐེར་ཟུག་བེམ་པོར་མི་འགྱུར་བའི་བརྡར་ཞལ་ཅུང་ཟད་འགྱུར་ཞིང་བརྩེ་བས་འགྲོ་དོན་མཛད་པ། སྐུ་སྟོད་ཅུང་ཟད་འགྱིང་བ། ཐུགས་རྗེའི་སྤྱན་གསུམ་འགྲོ་ལ་གཟིགས་ཤིང་། སྨིན་མ་ཤངས་དང་སྙན་དང་མཚན་བཟང་པོ་སུམ་ཅུས་བརྒྱན་པ། ཞལ་འཛུམ་པས་ཁམས་གསུམ་ལ་བརྩེ་ཞིང་སྙན་རྒྱན་སྒྲ་རྒྱལ་དུང་གིས་ཨུཏྤལ་ལ། གཡུའི་ལུ་གུ་རྒྱུད་དོད་པ། གཡས་ཐུགས་ཀར་གསེར་གྱི་བུམ་པ་བདུད་རྩིའི་བཅུད་ཀྱིས་བལྟམས་པ་འཛིན་ཞིང་། གཡོན་པ་གར་སྟབས་ཀྱིས་ཨུད་དུ་འབར་བའི་མེ་ཏོག་གི་རྩེ་ལ་ཡེ་ཤེས་མཚོན་པའི་མེ་ལོང་འཁྱིལ་བ། དཔུང་རྒྱན་ཤེལ་གྱི་ཟླ་འོད་དང་ཕྱག་གདུབ་ཞབས་གདུབ་རིན་ཆེན་ཆུན་པོ་རིས་དང་། ཡེ་ཤེས་ཆེན་པོའི་ཐུག་ལེ་བཞི་བཅུ་གསལ་པའི་མགུལ་ཆུས་མགྲིན་སྐོར་དང་། ལྷག་པར་གཞན་དོན་ལྷུན་གྱིས་གྲུབ་པའི་ནོར་བུ་རིན་པོ་ཆེའི་དོ་ཤལ་ཉི་གདན་ལ་ཐུག་པ། གཉིས་མེད་ཡེ་ཤེས་བརྒྱད་ཅུའི་སེ་མོ་དོ་སྐེད་པར་སླེབས་པའོ། །མཛེས་སྡུག་བཀྲ་གསལ་ལྷའི་ན་བཟའ་ལྷ་མོའི་ཚུལ་དུ་ཨང་གྷ་ར་དང་། སྣ་ཚོགས་དར་གྱི་ཤམ་ཐབས་ནི་ཤིན་ཏུ་ཆེ་ཞིང་ལྷབ་ལྷུབ་ཏུ་སྤུངས་པ། ལྷའི་ན་བཟའ་རྒྱན་གྱི་ལོངས་སྤྱོད་སྙན་གྱི་ཐད་སོ་ནས་མཉེན་ཞིང་འཁྲིལ་བའི་འཕེན་ཀ་རླུང་གིས་བསྐྱོད་པ། བྱམས་མའི་ཆ་ལུགས་ལྷ་མོའི་ཚུལ་ཅན། མཛེས་དང་སྒེག་དང་བརྗིད་དང་འགྱིང་། འཛུམ་དང་བརྩེ་དང་བཞེད་པའི་ཞལ། ཞི་མར་ཞི་བའི་ཚུལ་ལྡན་ཅིང་། མཉེན་ལྕུགས་དཔལ་ལ་མདངས་དང་ལྡན། ཞབས་ནི་དཀྱིལ་མོ་དཀྲུང་བཅས་པ། སེང་གེའི་ཁྲི་ལ་བརྗིད་པའོ། །12 ཞེས་སྤྱན་གསུམ་དང་ཞབས་དཀྱིལ་ཀྲུང་ཅན་དུ་གསལ། གཞུང་འདིའི་དགོངས་པ་དང་མཐུན་པར་བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས་དང་།13 མཁས་གྲུབ་གཡུང་དྲུང་ཚུལ་ཁྲིམས་སོགས་ཀྱིས་ཀྱང་སྤྱན་གསུམ་དང་ཞབས་དཀྱིལ་ཀྲུང་ཅན་ཇི་བཞིན་པར་དྲངས་ཡོད།14
གཞུང་འདི་གསུམ་གྱི་ལྷ་འཁོར་ནི། བྱམས་མ་ཆེན་མོ་གསང་བའི་སྒྲུབ་པ་ལས། བར་དུ་བྱམས་མ་རིན་པོ་ཆེ། །ཐེག་པ་ཀུན་གྱི་དྭངས་མ་འདི། །བསྲེག་བཅད་བརྟག་པའི་རིན་ཆེན་བཞིན། །ཀུན་གྱི་ཉིང་ཁུ་ཡིན་པས་ན། །ཕྱི་ནང་གསང་བའི་སྒྲུབ་པ་བསྟན། །བྱམས་མ་རྒྱས་པའི་དཀྱིལ་འཁོར་ལས། །སྐུ་གསུང་ཐུགས་ཀྱི་པད་སྐོར་ལྔ། །ཕྱི་ནང་སྒོ་མ་བཅུ་དྲུག་སྟེ། །ནང་ཁྱམས་བྱམས་ཆེན་སུམ་བརྒྱ་དྲུག །བར་ཁྱམས་བྱམས་སྲས་ཡེ་གཤེན་སྟོང་། །ཕྱི་ཁྱམས་བྱམས་ཕྲན་འབུམ་སྡེ་ལྔ། །འདི་ནི་ལྷ་རྒྱས་དོན་སངས་རྒྱས། །རྒྱ་ཆེ་མཆོད་དང་དབང་ལ་ཤིས། །15 ཞེས་གསལ་བ་ལྟར་གཙོ་མོ་ཤེས་རབ་བྱམས་མ་དང་། གསེར་པད་བཞི་ལ་སྐུ་རིགས་བཞིའི་བྱམས་མ། ཟངས་པད་བརྒྱད་ལ་གསུང་འཇིགས་པ་བརྒྱད་སྐྱོབ། གཡུ་པད་བཅུ་དྲུག་ལ་ཐུགས་མདོ་འབུམ་བཅུ་དྲུག ལྕགས་པད་སོ་གཉིས་ལ་ཡོན་ཏན་རྣམ་དག་གི་ཡུམ་སོ་གཉིས། སྣ་ཚོགས་པད་མ་ང་གཉིས་ལ་འཕྲིན་ལས་ལྷ་སྨན་ང་གཉིས། ཕྱི་ནང་སྒོ་བཞི་བཞི་ལ་སྒོ་མ་བཅུ་དྲུག ནང་ཁྱམས་པད་མ་ལ་བྱམས་ཆེན་བརྒྱད་དང་རྩ་བརྒྱད། བར་ཁྱམས་པད་མ་ལ་བྱམས་ཆེན་སུམ་བརྒྱ་དྲུག་ཅུ། ཕྱི་ཁྱམས་སུ་སྲས་ཕྲན་ལྔ་བརྒྱ་བཞི་བཅུ་བཅས་ལས་གྲུབ་པའི་དཀྱིལ་འཁོར་ཆེན་མོ་ཞིག་ཡིན།
ཡང་བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས་ལས། ཀུན་གསལ་བྱམས་མ་རྩ་བའི་རྒྱུད་དང་། ཡན་ལག་གི་རྒྱུད་དང་། རྒྱས་པའི་རྒྱུད་མང་ཡང་། འདི་ནི་རྒྱས་པའི་རྒྱུད་ལས་ཉུང་དུ་བསྡུས་པའི་སྒྲུབ་ཐབས་སོ། །16ཞེས་གོང་ནས་ཀུན་གསལ་རྒྱས་སྒྲུབ་འདི་ཀུན་གསལ་བྱམས་མ་རྒྱས་པའི་རྒྱུད་ལས་བསྡུས་པ་ཡིན་ཞེས་གསུངས་མོད། དེའི་རྗེས་སུ། དང་པོ་མཛད་པའི་དཔོན་གསས་ནི། ཡང་དག་པར་རྫོགས་པའི་གཤེན་རབ་ཉིད་དོ། །བཀའ་རྒྱུད་གང་དུ་བཏུས་པ་ནི། རྒྱས་པ་འབུམ་ལྔ། སྐྱོབ་པ་མ་བརྒྱད། མདོ་རྒྱུད་མང་འབྲེལ། དེ་རྣམས་ཀྱི་ནང་ནས་མ་རྒྱུད་ཕྱི་ནང་གསང་གསུམ་བཤད་པ་ལས། འདི་ནི་བྱམས་མ་ཀུན་གསལ་བྱམས་མ་མདོ་འབུམ་གཟུངས་གསུམ་ཀུན་གྱི་དོན་གསལ་བའོ། །17 ཞེས་རྒྱས་པ་འབུམ་ལྔ་ལས་བཏུས་ཞེས་ཀྱང་གསལ། གང་ལྟར་ཡང་བསྟན་འབྱུང་སོགས་སུ་རྗེ་འབྲུག་གི་གཏེར་མའི་སྐབས་ཀུན་གསལ་བྱམས་མ་རྒྱས་པའི་རྒྱུད་ཅེས་པ་ཞིག་མ་གསལ་ལ། དེ་བཞིན་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་ཀྱང་། དང་པོ་དཔོན་གསས་ནི། རྩ་བའི་རྒྱུད་འབུམ་གཟུངས་གསུམ་ནི། སྟོང་པས་གསུངས་པའི་བཀའ་ཡིན་ལ། དེ་ཡང་བཀའ་ཡི་བབ་ཚང་བ་ནི་རྒྱུད་ཉིད་ཡིན་ནོ། །ལྷག་མ་རྣམས་ནི་མི་ལུས་བསམ་ལེགས་ཀྱི་བཀའ་བརྟེན་ཡིན་ནོ། །18 ཞེས་པའི་སྐབས་སུའང་ཀུན་གསལ་བྱམས་མ་རྩ་བའི་རྒྱུད་ལས་རྒྱས་པའི་རྒྱུད་ཅེས་པ་ཞིག་མ་གསུངས་ཤིང་། ད་ལན་མཇལ་སྐལ་དུའམ་མ་གྱུར་བས། ཡང་སྙིང་ག་འདྲ་ཡིན་པ་བཤད་དཀའ་མོད། འོན་ཀྱང་བྱམས་མ་ཆེན་མོ་རྩ་བའི་སྒྲུབ་པ་ལས། རྣམ་གྲོལ་ལ་ཡང་རྒྱུད་གསུམ་སྟེ། །བྱམས་མ་རྩ་ལག་རྒྱས་པའི་རྒྱུད། །དེ་རྣམས་ཉིང་ནས་ཉིང་ཁུའི་ཚུལ། །བྱམས་མ་རྩ་བའི་རྒྱུད་འདི་ལ། །དོན་ཆེད་རྣམ་པ་གསུམ་ཡིན་ཏེ། །གཞི་དང་ལམ་དང་འབྲས་བུའོ། །19 ཞེས་གསལ་བས། འོག་ནས་འཆད་འགྱུར་གྱི་བྱམས་མ་རྩ་བའི་རྒྱུད་ནི་བྱམས་མ་རྩ་ལག་རྒྱས་པའི་རྒྱུད་ཐམས་ཅད་ཀྱི་ཉིང་ནས་ཉིང་དུ་བསྡུས་པའི་སྙིང་པོ་ཡིན་པ་གསལ་བས། ཀུན་གསལ་རྒྱས་སྒྲུབ་ནི་ཀུན་གསལ་རྒྱས་པའི་རྒྱུད་ལས་བཏུས་པ་ཡིན་དུ་ཆུགས་ཀྱང་རྩ་བའི་རྒྱུད་དང་དགོངས་དོན་མཐུན་དགོས་པ་ལྟར་སྣང་མོད། འོན་ཀྱང་སྤྱན་གསུམ་དང་ཞབས་དཀྱིལ་ཀྲུང་ལྟར་བཞེད་པ་ནི་རྒྱལ་བའི་བཀའ་ཚད་མ་གང་གི་དགོངས་དོན་ཡིན་པ་ད་དུང་དཔྱད་དགོས་པར་འདུག
གསུམ། སྤྱན་གཉིས་ཞབས་གཡས་བརྐྱང་གཡོན་སྐྱིལ་ཀྲུང་ངམ་བསྐུམ་པ་ཅན་གླེང་བ།
ཀུན་གསལ་བྱམས་མ་སྤྱན་གཉིས་ཞབས་གཡས་བརྐྱང་གཡོན་སྐྱིལ་ཀྲུང་ངམ་བསྐུམ་པ་ཅན་ནི་བྱམས་མ་ཆེན་མོ་རྩ་བའི་རྒྱུད་ལས་གསལ་བ་ཡིན་ལ། དེ་ཉིད་ལས། བྱམས་མ་ཆེན་མོའི་སྐུར་གསལ་བ། །དམར་སེར་འགྱིང་བག་བརྗིད་པའི་སྐུ། །དབུ་སྐྲ་ཚངས་སྤྱོད་ན་བཟས་བརྒྱན། །ཆ་ལུགས་དཔལ་འབར་གཞོན་ནུའི་ཚུལ། །བདུད་རྩི་བུམ་པ་མེ་ལོང་འཛིན། །ཞབས་ནི་གཡས་བརྐྱང་གཡོན་སྐྱིལ་ཀྲུང་། །ཤིན་ཏུ་སྒེག་པའི་ཆ་ལུགས་ཅན། །ལྷ་མོའི་མཚན་དང་དཔེ་ལྡན་པ། །གཙོ་མོ་བྱམས་མ་ལ་ཕྱག་འཚལ། །ཁྱོད་ཀྱི་ཐུགས་ལས་འོད་འཕྲོས་པས། །བཅུ་གཉིས་པད་མའི་འདབས་མ་ལ། །མ་དཀར་འཕྲོ་འདུ་འཁྲུངས་པའི་ཡུམ། །སྲིད་པའི་རྒྱལ་མོ་མདངས་ལྡན་དཀར། །20 ཞེས་སྤྱན་གསུམ་མི་གསལ་བས་མིན་ལ། ཞབས་ནི་གཡས་བརྐྱང་གཡོན་སྐྱིལ་ཀྲུང་ངམ་བསྐུམ་པ་ཅན་ཡིན། གོང་ནས་གླེང་བའི་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས། དེ་ཡང་བཀའ་ཡི་བབ་ཚང་བ་ནི་རྒྱུད་ཉིད་ཡིན་ནོ། །ལྷག་མ་རྣམས་ནི་མི་ལུས་བསམ་ལེགས་ཀྱི་བཀའ་བརྟེན་ཡིན་ནོ། །21 ཞེས་གསུངས་པའི་ཀུན་གསལ་བྱམས་མ་རྩ་བའི་རྒྱུད་འདི་ལས། ཕྱི་ལྟོས་དཀྱིལ་འཁོར་ལྷུན་གྲུབ་ཀྱི་བྱམས་མའི་ལེའུ་སྟེ་ཕྱི་གཞལ་ཡས་བུམ་པ་ལ་བརྟེན་ནས་བསྐྱེད་ཚུལ་འདི་ལས་གཞན། ད་དུང་ནང་རང་ཉིད་ལུས་ཀྱི་བྱམས་མ་སྟེ་རྩ་གསུམ་འཁོར་ལོ་ལྔ་རུ་བསྐྱེད་ཚུལ་དང་། གསང་བ་རང་ཉིད་ལུས་ཀྱི་བྱམས་མ་སྟེ་རྩ་དང་བེམ་པོ་དབང་པོ་གཟུགས། ཡན་ལག་རྩ་གནས་སུ་བསྐྱེད་པའི་ཚུལ་དང་། ཡང་གསང་ལྷན་གཅིག་སྐྱེས་པའི་བྱམས་མའི་བསྐྱེད་ཚུལ་བཅས་རྣམ་པ་བཞི་ཡོད་ཀྱང་། ཐམས་ཅད་ནི་གཙོ་མོ་ཤེས་རབ་བྱམས་མ། ནང་འཁོར་བྱམས་མ་བཅུ་གཉིས་ཏེ། སྲིད་པའི་རྒྱལ་མོ། ཐབས་ཀྱི་བྱམས་མ། ཐུགས་རྗེ་བྱམས་མ། བསམ་གཏན་བྱམས་མ། བརྩོན་འགྲུས་བྱམས་མ། དབལ་སོ་ཡ་མ། སྨོན་ལམ་བྱམས་མ། སྟོབས་ཀྱི་བྱམས་མ། བཟོད་པ་བྱམས་མ། ཚུལ་ཁྲིམས་བྱམས་མ། སྲིད་པའི་ལྷ་མོ། རྫུ་འཕྲུལ་སྨན་གྱི་གཙོ་མོ། ཕྱི་བསྐོར་པད་མ་ཉི་ཤུ་སྟེ། ཤར་དུ་ཡེ་ཤེས་ཆུ་ཟླ་འཛིན། གཡུང་དྲུང་རྒྱལ་མོ། རིག་པ་ཀུན་གསལ། སྒྲ་སྙན་བཤོལ་མོ། བྱང་དུ་པད་མའི་ལྷ་མོ། རྒྱལ་མཚན་ཅན། རིན་ཆེན་གཏེར་འཛིན། ཕྱག་རྒྱ་གར་ཐབས། ནུབ་ཏུ་ཐུགས་ཉིད་དཔལ་བྱེད་འཛིན། དབུ་རྒྱན་ལྷ་མོ། རྣམ་པར་དག་བྱེད། རོ་ལེན་བཅུད་བསྡུད། ལྷོ་རུ་སྒྲ་རྒྱལ་དུང་ཅན་སྒྲོག དབང་སྒྱུར་ཆེན་མོ། ཐུགས་རྗེ་ལྷ་མོ། དྲི་ཞིམ་ངད་ལྡན། ལྷོ་ཤར་ཉ་ཅན། བྱང་ཤར་བུམ་པ། བྱང་ནུབ་དབལ་སོ། ལྷོ་ནུབ་སྦྱིན་པ། ཡང་ཤར་དུ་གཡུང་དྲུང་བྱམས་མ། བྱང་དུ་འཁོར་ལོ་བྱམས་མ། ནུབ་ཏུ་པད་མ་བྱམས་མ། ལྷོ་རུ་རིན་ཆེན་བྱམས་མ། སྒོ་བཞི་སྲུང་བའི་ལྷ་མོ། ཐུགས་རྗེ་དཀར་མོ་ལྕགས་ཀྱུ་མ། གླང་རེ་ལྗང་མོ་གཤང་ཐོགས། ལེ་བར་དམར་མོ་ལྕགས་སྒྲོག་འཛིན། མཐུ་ཆེན་ནག་མོ་གཟེ་ཞགས་ཅན་བཅས་གཙོ་འཁོར་ཞེ་གཅིག་ཅན་གྱི་དཀྱིལ་འཁོར་ཡིན་ལ། དེས་ན་བྱམས་མ་རྩ་བའི་རྒྱུད་ཀྱི་བྱམས་མ་ཆེན་མོའི་ཆ་ལུགས་ནི། གཙོ་མོ་ཤེས་རབ་བྱམས་མ་སྐུ་མདོག་དམར་སེར། མཚན་དཔེ་གསལ་རྫོགས་ལོངས་སྤྱོད་རྫོགས་པའི་ཆས་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཤིན་ཏུ་སྒེག་པ་གཞོན་ནུའི་ཚུལ་ཅན། སྤྱན་གཉིས་ཞལ་ཅུང་ཙམ་ཁྲོས་འཛུམ་མཛད་པ། སྐུ་སྟོད་གར་ཐབས་སུ་ཅུང་ཟད་གཡོ་བ། ཕྱག་གཡས་པས་གསེར་གྱི་བུམ་པ་ཐུགས་ཀར་འགྱིང་བག་ཚུལ་གྱིས་འཛིན་པ། གཡོན་པ་འཕྲུལ་གྱི་མེ་ལོང་ཨུཏྤལ་གྱི་སྟེང་ནས་ཀླད་ལ་བསྐོར་བ། རྩལ་ཆེན་སེང་གེ་དང་ཉི་ཟླ་པད་མའི་གདན་ལ་ཞབས་གཡས་བརྐྱང་གཡོན་སྐྱིལ་ཀྲུང་སྟེ་བསྐུམ་པ་ཅན་ཡིན་པས་འདི་བཞིན་བཞེངས་ན་བཀའ་ཚད་མའི་དགོངས་དོན་དང་མཐུན་པར་སྣང་། དེ་བཞིན་དུ་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་བྱམས་མ་སྔགས་ལུགས་ལ་ཉེ་བར་མཁོ་བའི་ཤོག་ཆུང་ནི་ཀུན་གསལ་རྒྱས་སྒྲུབ་ལྟར་པད་ར་ལྔ་བ་ཁྱམས་གསུམ་པ་ཅན་ཡིན་ཡང་། གཙོ་མོ་ནི་སྤྱན་གསུམ་དུ་མ་གསལ་ལ། ཞབས་ཀྱང་གཡས་བརྐྱང་གཡོན་སྐྱིལ་ཀྲུང་ཅན་དུ་བཞེད་ཡོད་པ་ནི། དེ་ཉིད་ལས། བྱམས་མ་ཆེན་མོ་སྐུ་མདོག་དམར་སེར་དཔལ་འབར་གཞོན་ནུའི་ཚུལ་ཅན། རྒྱལ་བ་ལོངས་སྤྱོད་རྫོགས་པའི་ཆ་ལུགས། ཞི་རྒྱན་བཅུ་གསུམ་གྱིས་རབ་ཏུ་མཛེས་པ། ཕྱག་གཡས་ན་གསེར་གྱི་བུམ་པ་དང་། གཡོན་ན་སྣང་གསལ་གྱི་མེ་ལོང་བསྣམས་པ། ཞབས་གཉིས་གཡས་བརྐྱང་གཡོན་སྐྱིལ་ཀྲུང་དུ་བཞུགས་པ། དེའི་འཁོར་དུ་རིགས་བཞིའི་བྱམས་མ། སྐྱོབ་པ་མ་བརྒྱད་མདོ་འབུམ་བཅུ་དྲུག རྣམ་དག་གི་ཡུམ་སོ་གཉིས། ཕྲིན་ལས་ལྷ་མོ་ང་གཉིས།22 ཞེས་གསལ་ལ། མཁན་ཆེན་གྱིས་མཛད་པའི་གཞུང་འདི་ནི་སྐྱབས་སྟོན་གྱིས་བཞེད་པའི་སྤྱིར་བྱམས་མ་ཆེན་མོ་ལ་དཀྱིལ་འཁོར་ཉི་ཤུ་རྩ་གཉིས་ཡོད་པ་ལས་ཀུན་གསལ་རྒྱས་པ་ཁྱམས་གསུམ་ཅན་23ཡིན་པས་ཀུན་གསལ་རྒྱས་སྒྲུབ་ལྟར་མ་བཞེད་ཅིང་རྒྱལ་བའི་བཀའ་ཚད་མ་ཀུན་གསལ་བྱམས་མ་ཆེན་མོ་རྩ་བའི་རྒྱུད་ལྟར་བཞེད་པ་ཡིན་ལ། ཡང་ཁོང་གིས་མཛད་པའི་ཀུན་གསལ་བྱམས་མ་ཆེན་མོའི་དབང་ཁྲིད་ཡིད་བཞིན་ནོར་བུའི་དབྱིག་བཟང་འདོད་འཇོའི་གཏེར་ཆེན་ལས་ཀྱང་། གཙང་ཁང་གི་དབུས་སུ་པདྨ་བཞི་བརྒྱད་བཅུ་དྲུག་སོ་གཉིས་ལྔ་བཅུས་མཛེས་པའི་དབུས་སུ་ཉི་ཟླ་པདྨའི་གདན་ལ། བྱམས་མ་ཆེན་མོ་སྐུ་མདོག་དམར་སེར་དཔལ་འབར་གཞོན་ནུའི་ཚུལ་ཅན། རྒྱལ་བ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས། ཞི་རྒྱན་བཅུ་གསུམ་གྱིས་རབ་ཏུ་མཛེས་པ། ཕྱག་གཡས་ན་གསེར་གྱི་བུམ་པ་དང་། གཡོན་ན་སྣང་གསལ་མེ་ལོང་བསྣམས་པ། ཞབས་གཉིས་གཡས་བརྐྱང་གཡོན་སྐྱིལ་ཀྲུང་དུ་བཞུགས་པ།24 ཞེས་གསལ་བས། འདི་དག་ལ་གཞིག་ན་མཁན་ཆེན་ཉི་མ་བསྟན་འཛིན་ནི་ཀུན་གསལ་རྒྱས་སྒྲུབ་ལས་ཀུན་གསལ་བྱམས་མ་རྩ་བའི་རྒྱུད་ཚད་མར་བཟུང་ནས་ཀུན་གསལ་བྱམས་མ་ཆེན་མོ་ནི་སྤྱན་གཉིས་དང་ཞབས་གཡས་བརྐྱང་གཡོན་དཀྱིལ་ཀྲུང་ངམ་བསྐུམ་པ་ཅན་དུ་གསུངས་ཡོད་པ་ཡིན་ནོ། །
ཡིན་ནའང་རང་རེ་བོན་པོ་རྣམས་ནི་རྒྱལ་བའི་བཀའ་ཚད་མ་ལས་རང་ཉིད་ཀྱི་སློབ་དཔོན་གྱི་གསུངས་ཚད་མར་འཛིན་རྒྱུར་དགའ་བ་ཡིན་ནམ་རྒྱུ་མཚན་གང་ཡིན་མི་ཤེས་མོད། ཁོ་བོས་ད་བར་དུ་མཇལ་བའི་བྱམས་མ་ཆེན་མོའི་སྐུ་བརྙན་བྲིས་འབུར་བླུགས་གསུམ་ལས་ཀུན་གསལ་བྱམས་མ་རྩ་བའི་རྒྱུད་ལྟར་བཞེངས་པ་ཅན་ནི། ཕྱི་རྒྱལ་གྱི་འགྲེམ་སྟོན་ཁང་ཞིག་ན་ཉར་ཡོད་པར་གྲགས་པའི་རྒྱན་དྲུག་གིས་བརྒྱན་པའི་ཀུན་གསལ་བྱམས་མའི་ལུ་མ་ཞིག་དང་། གཞན《The Bon Religion of Tibet》(བོད་ཀྱི་བོན་པོའི་ཆོས་ལུགས)25ཞེས་པའི་དེབ་ཀྱི་སྟེང་དུ་བཀོད་པའི་ཤེས་རབ་བྱམས་མའི་ལུ་མ་གཉིས་ཡིན། སྔ་མ་ནི་རྒྱན་དྲུག་གིས་བརྒྱན་ཚུལ་ལ་གཞིག་ནའང་མདོ་དྲི་མེད་ལྟར་ལོངས་སྐུ་དང་སྤྲུལ་སྐུའི་རྒྱན་སོ་སོ་བ་མ་བྱུང་བའི་སྔོན་གྱི་གཟེར་མིག་དང་རྣམ་རྒྱལ་ལྟར་བདེ་བར་གཤེགས་པའི་སྐུ་ཐམས་ཅད་ལ་རྒྱན་དྲུག་གིས་བརྒྱན་པའི་ལུགས་ལྟར་བཞེངས་པ་ཅན་ཡིན་ལ། དུས་ཀྱི་ཆ་ནས་ཅུང་སྔ་བའི་རྣམ་པ་མངོན། ཕྱི་མ་འདི་ནི་སྔ་མ་ལས་ཀྱང་ཆེས་ཉམས་དང་ལྡན་པ། གཡོན་པ་འཕྲུལ་གྱི་མེ་ལོང་ཨུཏྤལ་གྱི་སྟེང་ནས་ཀླད་ལ་བསྐོར་བ། ཞེས་གསུངས་པའི་དོན་དང་ཤིན་ཏུ་མཚུངས་པ་ཅན་ཞིག་ཡིན།
ཡང་དྲི་མེད་གཟི་བརྗིད་ཀྱི་བྱམས་མ་རྩ་བའི་དཀྱིལ་འཁོར་གྱི་མདོ་ལས་བྱུང་བའི་བྱམས་མ་གཙོ་འཁོར་ཉེར་གཅིག་ཅན་ཡང་ཞབས་གཡས་བརྐྱང་གཡོན་བསྐུམ་པ་ཅན་ཡིན་ལ། གཞུང་དེ་ནི་གཙོ་མོ་ཤེས་རབ་བྱམས་མ། ཤར་ཐབས་ཆེན་བྱམས་མ། བྱང་བསམ་གཏན་བྱམས་མ། ནུབ་སྨོན་ལམ་བྱམས་མ། ལྷོ་ཚུལ་ཁྲིམས་བྱམས་མ། ལྷོ་ཤར་སྟོབས་ཀྱི་བྱམས་མ། བྱང་ཤར་ཐུགས་རྗེ་བྱམས་མ། བྱང་ནུབ་བརྩོན་འགྲུས་བྱམས་མ། ལྷོ་ནུབ་བཟོད་པ་བྱམས་མ། ཤར་ཕྱོགས་ཀུན་བསྐྱེད་བྱམས་མ། བྱང་ཕྱོགས་ཐུགས་རྗེ་དགྱེས་མ། ནུབ་ཕྱོགས་རྫུ་འཕྲུལ་མྱུར་མ། ལྷོ་ཕྱོགས་ཐུགས་རྗེ་ཁྲོས་མ། ལྷོ་ཤར་ཀུན་རིག་གསལ་མ། བྱང་ཤར་བཀྲ་ཤིས་དགེ་མ། བྱང་ནུབ་ཐམས་ཅད་སྒྲོལ་མ། ལྷོ་ནུབ་སྦྱིན་པ་བྱམས་མ། ཤར་ཕྱོགས་སྒོ་མ་དགའ་ལྡན་བྱམས་མ། བྱང་ཕྱོགས་སྒོ་མ་བཏང་སྙོམ་བྱམས་མ། ནུབ་ཕྱོགས་སྒོ་མ་ཚད་མེད་བྱམས་མ། ལྷོ་ཕྱོགས་སྒོ་མ་སྙིང་རྗེ་བྱམས་མ་བཅས་ལས་གྲུབ་ཅིང་། སྒོ་མ་བཞི་ཕུད་པའི་བྱམས་ཆེན་བཅུ་བདུན་པོ་རེ་རེ་ལ་སངས་རྒྱས་སྟོང་དང་རྩ་གཉིས་ཀྱིས་བསྐོར་བའི་འཁོར་སངས་རྒྱས་ཁྲི་དང་བདུན་སྟོང་ཅན་གྱི་ལྷ་ཚོགས་ཤིག་ཡིན། གཞུང་དེ་ཉིད་ལས། བདག་ཉིད་ཐུགས་ལས་བ་སེར་མོ་ཅིག་འཕྲོས་ནས་དབུས་ཀྱི་གདན་ཐོག་ཏུ་འོད་དུ་ཞུ་བ་ལས། ཡུམ་ཆེན་མོ་ཤེས་རབ་བྱམས་མ་སྐུ་མདོག་གསེར་བཙོ་མའི་མདོག་འདྲ་བ། ཞག་གཅིག་ཕྱག་གཉིས་དབུ་སྐྲ་ཐོན་མཐིང་གཡས་སུ་འཁྱིལ་བ། སྐུ་ལ་རིན་པོ་ཆེའི་རྒྱན་ཆ་དང་། གཞའ་ཚོན་གྱི་སྟོད་གཡོག་དང་སྨད་ཤམ་སྤྲས་པ། ཕྱག་གཡས་ན་གསེར་གྱི་བུམ་པ་དང་གཡོན་ན་འཕྲུལ་གྱི་མེ་ལོང་འཛིན་པ།26 ཞེས་དང་། ཡང་། དབུས་ཕྱོགས་འོག་མིན་ཞིང་ཁམས་ཀྱི། །རིན་ཆེན་གསེར་གྱི་པདྨ་ལ། །བེེདཱུར་འོད་ཀྱི་གདན་སྟེང་ན། །ཡུམ་ཆེན་ཤེས་རབ་བྱམས་མ་ནི། །སྐུ་མདོག་གསེར་གྱི་སྙིང་པོ་ལ། །དབུ་ལ་གཡུ་ཡི་ཐོར་ཙུག་ཅན། །དབུ་སྐྲ་ཐོན་མཐིང་གཡས་སུ་འཁྱིལ། །དབུ་རྒྱན་སྙན་ཆ་མགུལ་ཆུ་དང་། །ཕྱག་གདུབ་ཞབས་གདུབ་རིན་ཆེན་། །གཞན་ཚོན་སྟོད་གཡོག་སྨད་ཤམ་བརྒྱན། །གཡས་པས་གསེར་གྱི་བུམ་པ་བསྣམས། །གཡོན་པས་གསལ་བའི་མེ་ལོང་འཛིན། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །དེ་ལ་ཕྱག་འཚལ་མཚན་བསྟོད་དོ། །27ཞེས་བསྐྱེད་པ་དང་སྐུ་སྟོད་ཀྱི་སྐབས་སུ་ཞབས་ཀྱི་བཞུགས་སྟངས་སོགས་མི་གསལ་མོད། འོན་ཀྱང་བྱམས་མ་གཙོ་འཁོར་ཉེར་གཅིག་པ་དེ་རེ་རེ་ལ་ཤོ་ལོ་ཀ་ཉེར་གཅིག་ཅན་གྱི་རྩ་བའི་བསྟོད་པ་ཞིག་ཡོད་པ་ནི། དྲི་མེད་གཟི་བརྗིད་ཀྱི་བྱམས་མ་ཆེན་མོ་རྩ་བའི་བསྟོད་པ་ཉི་ཤུ་རྩ་གཅིག་གི་དོན་བསྟན་པའི་མདོ་ཡིན་ལ། དེ་ཉིད་ཀྱི་ཤེས་རབ་བྱམས་མ་ལ་བསྟོད་པ་ལས། ཕྱག་འཚལ་ཐུགས་རྗེ་ཚད་མེད་སྤྱན་གྱིས། །རྒྱལ་བའི་ཞིང་ལ་མངོན་པར་གཟིགས་ཤིང་། །གང་དག་འགྲོ་བ་མ་ལུས་ཐ་དག །དེ་ཉིད་སྡུག་བསྔལ་སྐྱོབ་པར་མཛད་མ། །28 ཞེས་སྤྱན་གསུམ་མ་གསལ་ལ། ཞབས་ཀྱི་བཞུགས་སྟངས་ལ། དེ་ཉིད་ལས། ཕྱག་འཚལ་རིན་ཆེན་ཁྲི་རྐང་བརྒྱད་ལྡན། །སྣ་ཚོགས་པད་མ་སྤུངས་པའི་གདན་ལ། །གཡས་བརྐྱང་གཡོན་སྐུམ་འགྱིང་བག་ལྡན་པས། །འཁོར་ལོ་རྫོགས་པའི་ས་ཆེན་ནོན་མ། །29ཞེས་གཡས་བརྐྱང་གཡོན་བསྐུམ་པ་ཅན་དུ་གསལ་ལ། དེ་བཞིན་དུ་ཐབས་ཀྱི་བྱམས་མའི་བསྟོད་པ་ལས། ཕྱག་འཚལ་སྨིན་མ་ཀ་ཡི་ན་རོ། །སྨིན་མཚམས་འོད་ཟེར་མཛོད་ཀྱི་ཕུད་པ། །སྤྱན་མིག་བཀྲ་ལ་གཟི་མདངས་ཆེ་བས། །ཐུགས་རྗེ་ཚད་མེད་སྤྱན་དང་ལྡན་མ། །30ཞེས་དང་ཡང་། ཕྱག་འཚལ་སྐེད་བག་གཞུ་མོའི་འཆང་བཟུང་། །སྟ་ཟུར་མདུན་རྒྱབ་སྒེག་དང་ལྡན་ཞིང་། །གཡས་བརྐྱང་གཡོན་བསྐུམ་ཟིལ་གནོན་ཞབས་ཀྱིས། །ཉོན་མོངས་འཁོར་བ་ཟིལ་གྱིས་གནོན་མ། །31ཞེས་སོགས་གཙོ་འཁོར་ཉེར་གཅིག་ཐམས་ཅད་སྤྱན་གཉིས་ཞབས་གཡས་བརྐྱང་གཡོན་བསྐུམ་པ་ཅན་ཤ་སྟག་ཡིན་པ་གསལ། འོན་ཀྱང་གོང་གི་བྱམས་མ་རྩ་བའི་རྒྱུད་དང་མི་འདྲ་ས་ནི། ཕྱག་གཡས་ན་གསེར་གྱི་བུམ་པ་འཛིན་པ་དང་གཡོན་ན་འཕྲུལ་གྱི་མེ་ལོང་འཛིན་པ་གསལ་བ་ཙམ་ལས། བུམ་པ་ཐུགས་ཀར་འཛིན་པ་དང་། ཨུཏྤལ་མེ་ཏོག་གི་སྟེང་ནས་འཕྲུལ་གྱི་མེ་ལོང་ཀླད་ལ་བསྐོར་བ་ཞེས་པའི་ཚིག་གསལ་བོར་མི་འདུག གང་ལྟར་གཞུང་འདི་དག་ནི་སྤྱན་གཉིས་དང་ཞབས་གཡས་བརྐྱང་གཡོན་བསྐུམ་པ་ཅན་ཡིན་པ་ནི་འདྲ་འདྲ་རེད། དེ་བས་བྱམས་མ་རྩ་བའི་དཀྱིལ་འཁོར་གྱི་བྱམས་མ་ཉེར་གཅིག་གི་ལྷ་ཚོགས་ནི་སྤྱན་གསུམ་ཞབས་སྐྱིལ་ཀྲུང་ཅན་དུ་བཞེངས་ན་གཞུང་དོན་དང་ཡེ་མི་མཐུན་པ་སྨྲས་མེད་རེད།
བཞི། སྤྱན་གཉིས་ཞབས་སྐྱིལ་ཀྲུང་ཅན་གྱི་སྐོར་གླེང་བ།
དེ་ཡང་སྤྱན་གཉིས་ཞབས་སྐྱིལ་ཀྲུང་ཅན་གྱི་བྱམས་མ་ནི་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ཕྱི་མའི་དགོངས་པ་ཡིན་ལ། གཞུང་དེ་ཉིད་ལས། འོད་ལས་ཡུམ་ཆེན་ས་ཏྲིག་ཨེར་སངས། །སྐུ་མདོག་རིན་ཆེན་གསེར་གྱི་སྙིང་པོ་འདྲ། །དབུ་ལ་གཡུའི་ཐོད་རྡིང་ཐོར་གཙུག་ཅན། །སྒྲ་རྒྱལ་སྙན་ཆ་གཡུ་ཡི་ལུ་གུ་རྒྱུད། །གསེར་འཕྲེང་རྩ་བརྒྱད་མགུལ་ཆུ་སེ་མོ་དོ། །གར་ཐབས་དཔུང་རྒྱན་ཤེལ་གྱི་ཟླ་རི་འོད། །ཕྱག་གདུབ་ཞབས་གདུབ་རིན་ཆེན་ཆུན་པོ་རིས། །མཛེས་སྡུག་བཀྲ་གསལ་ན་བཟའ་རྒྱན་གྱིས་བརྒྱན། །གཡས་པས་གསེར་གྱི་བུམ་པ་ཐུགས་ཀར་འཛིན། །གཡོན་པས་འཕྲུལ་གྱི་མེ་ལོང་ཀླད་ལ་བསྐོར། །པད་མའི་གདན་ལ་དཀྱིལ་མོ་དཀྲུང་དུ་བཞུགས། །འོད་ཟེར་གཞའ་ཚོན་སྣ་ལྔས་བསྐོར་བར་བསྒོམ། །32ཞེས་གསལ། རྒྱུད་འདི་ལས་བསྟན་པའི་ལྷ་ཚོགས་ནི། དེ་ཉིད་ལས། སྔགས་ཀྱི་དབང་བསྐུར་མནོས་ཤིང་དངོས་གྲུབ་ཐོབ། །ཡུམ་ཆེན་སུམ་ཅུ་རྩ་གསུམ་གནས་པ་དང་། །ཡེ་གཤེན་ཉིས་བརྒྱ་དྲུག་ཅུ་རྩ་བཞི་དང་། །རྫུ་འཕྲུལ་སྒོ་མ་བཞི་དང་བཅས་པ་ལ། །རེ་རེ་དག་ལ་བསྟོད་ཅིང་མཆོད་པ་འབུལ། །33 ཞེས་གསུངས་པས། གཙོ་མོ་ས་ཏྲིག་ཨེར་སངས། འཁོར་ཡུམ་ཆེན་བཅུ་གཉིས་ཏེ། འོད་ཀྱི་ལྷ་མོ། ཐབས་ཀྱི་བྱམས་མ། ཐུགས་རྗེ་བྱམས་མ། བསམ་གཏན་བྱམས་མ། བརྩོན་འགྲུས་བྱམས་མ། དབལ་སོ་ཡ་མ། སྨོན་ལམ་བྱམས་མ། སྟོབས་ཀྱི་བྱམས་མ། བཟོད་པ་བྱམས་མ། ཚུལ་ཁྲིམས་བྱམས་མ། གཡུང་དྲུང་ལྷ་མོ། སྲིད་པའི་ལྷ་མོ། ཕྱི་འཁོར་ཉི་ཤུ་སྟེ། ཡེ་ཤེས་ལྷ་མོ། གཡུང་དྲུང་ལྷ་མོ། རིག་པའི་ལྷ་མོ། སྒྲ་སྙན་ལྷ་མོ། པད་མའི་ལྷ་མོ། རྒྱལ་མཚན་ལྷ་མོ། གཏེར་འཛིན་ལྷ་མོ། གར་གྱི་ལྷ་མོ། ཐུགས་ཀྱི་ལྷ་མོ། དབུ་ཡི་ལྷ་མོ། ཁྲུས་ཀྱི་ལྷ་མོ། བདུད་རྩིའི་ལྷ་མོ། གསུང་གི་ལྷ་མོ། འཁོར་ལོའི་ལྷ་མོ། སྤྲུལ་བའི་ལྷ་མོ། སྤོས་ཀྱི་ལྷ་མོ། ཕྱག་གི་ལྷ་མོ། མགུལ་གྱི་ལྷ་མོ། མཐུ་བྱིན་རྒྱལ་མོ། སྦྱིན་པ་བྱམས་མ་བཅས་ཡུམ་ཆེན་སོ་གསུམ་ཅན་དང་། དེ་རེ་རེར་འཁོར་བརྒྱད་རེས་བསྐོར་བའི་ཡེ་གཤེན་ཉིས་བརྒྱ་དྲུག་ཅུ་རྩ་བཞི། སྒོ་བཞིར་སྒོ་མ་བཞི་ཅན་གྱི་དཀྱིལ་འཁོར་ཡིན།
གཞན་གཤེན་གཏེར་གྱི་རྣམ་དག་པད་མ་གཡུང་དྲུང་ཀློང་གི་དཀྱིལ་འཁོར་ལས། ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་ཆེན་མོ། སྐྱེ་འགགས་མེད་པ་ནམ་མཁའི་རང་བཞིན་ཅན། ཐམས་ཅད་ཀུན་གྱི་བ་ག་ཡུམ་ཅིག་མ་ཞེས་བྱ་བ། བདེ་ལྡན་པད་མའི་རྒྱལ་མོ་དེ་ལ། འཁོར་ལྷ་མོ་སུམ་ཅུ་སོ་གཉིས་དང་། སྲས་ཡེ་གཤེན་སུམ་བརྒྱ་དྲུག་ཅུས་བསྐོར་བ།34 ཞེས་ཡེ་གཤེན་སུམ་བརྒྱ་དྲུག་ཅུ་རུ་གསུངས་ཀྱང་། དོན་ལ་ཡུམ་ཆེན་སོ་གསུམ་ལ་འཁོར་བརྒྱད་རེས་བསྐོར་བའི་ཡེ་གཤེན་ཉིས་བརྒྱ་དྲུག་ཅུ་རེ་བཞི་ལས་མེད་པས་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་ལས་གསུངས་པ་དང་དཀྱིལ་འཁོར་གཅིག་པ་ཡིན། །དེ་ཡང་ཕྱག་གཡས་པས་གསེར་གྱི་བུམ་པ་ཐུགས་ཀར་འཛིན་ཞིང་གཡོན་པས་འཕྲུལ་གྱི་མེ་ལོང་ཀླད་ལ་བསྐོར་བ་སོགས་འདྲ་ལ། སྤྱན་དང་བཞུགས་སྟངས་སོགས་དམིགས་བསལ་བ་མ་གསུང་བས་སྤྱན་གཉིས་དང་ཞབས་སྐྱིལ་ཀྲུང་ཅན་ཡིན་པ་ཤུགས་ཀྱིས་རྟོགས་ལ་དོན་ལ་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་དང་ཁྱད་པར་མེད། དེའི་ཕྱིར་རྣམ་དག་པད་མ་ཀློང་ཡངས་ཀྱི་གཙོ་མོ་སྤྱན་གསུམ་ཅན་དུ་བཞེངས་ན་གཞུང་དོན་དང་ཡེ་ནས་འགལ་བར་སྣང་ངོ་། །
གཞན་གཞུང་དེ་གཉིས་དང་མཐུན་པ་ཅན་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་བརྒྱུད་མདོ་དྲི་མེད་གཟི་བརྗིད་ཀྱི་ཐེག་པ་ཆེན་པོ་ཡུམ་གྱི་དཀྱིལ་འཁོར་ཡིན་ལ། དེ་ཉིད་ལས། བདག་ཉིད་དམ་ཚིག་གི་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས། སྐུ་མདོག་སེར་མོ་གསེར་བཙོ་མའི་མདོག་འདྲ་བ། ཞལ་གཅིག་ཕྱག་གཉིས་ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན། སྟོད་གཡོག་དང་སྨད་ཤམ་རྣམ་པར་བཀྲ་བ། གཡས་པ་གསེར་གྱི་བུམ་པ་དང་། གཡོན་པས་འཕྲུལ་གྱི་མེ་ལོང་འཛིན་པ། རྩལ་ཆེན་སེང་གེ་དང་ཉི་ཟླ་པད་མའི་གདན་ལ་བཞུགས་པ།35 ཞེས་དཀྱིལ་འཁོར་འདི་ནི་གཙོ་མོ་ཤེས་རབ་ཕར་ཕྱིན་མ་ལ་འཁོར་བཅུ་དྲུག་དང་སངས་རྒྱས་ཆིག་ཁྲི་བདུན་སྟོང་གིས་བསྐོར་བ་ཅན་ཡིན། གཞུང་འདི་ལས་ཅུང་ཁྱད་མཚར་བ་ཞིག་ནི། བསྐྱེད་པའི་སྐབས་སུ་གཡས་བུམ་པ་དང་གཡོན་མེ་ལོང་དུ་གསལ་ལ། འོན་ཀྱང་སྐུ་བསྟོད་ཀྱི་སྐབས་སུ་གཡས་མེ་ལོང་དང་གཡོན་བུམ་པ་རུ་བཞེད་ཡོད་པ་དེ་ཡིན། དེ་ཉིད་ལས། དབུས་ཕྱོགས་འོག་མིན་ཞིང་ཁམས་ཀྱི། །རིན་ཆེན་པད་མའི་གདན་སྟེང་ནས། །ཡུམ་ཆེན་ཤེས་རབ་ཕར་ཕྱིན་ནི། །སྐུ་མདོག་གསེར་གྱི་སྙིང་པོ་ལ། །དབུ་ལ་གཡུ་ཡི་ཐོད་ལྡིང་ཅན། །རིན་ཆེན་སྣ་ལྔའི་རྒྱན་གྱི་མཛེས། །སྟོད་གཡོག་སྨད་ཤམ་རྒྱན་དང་ཆས། །གཡས་པས་འཕྲུལ་གྱི་མེ་ལོང་བསྣམས། །གཡོན་པས་གསེར་གྱི་བུམ་པ་འཛིན། །སེང་ཆེན་བསྣོལ་བའི་ཁྲི་ལ་བཞུགས། །ཤེས་རབ་ཕ་རོལ་ཕྱིན་པའི་ཡུམ། །དེ་ལ་ཕྱག་འཚལ་མཚན་བསྟོད་དོ། །36 ཞེས་གསལ་བ་ནི་སྐུ་བསྟོད་ཀྱི་སྐབས་སུ་ནོར་བ་ཡིན་པར་འདོད་ལ། སྤྱིར་སྔར་སོར་བདག་མདུན་བསྐྱེད་པའི་སྐབས་སུ་བསྐྱེད་ཟིན་པའི་ལྷ་ཚོགས་ལ་རྗེས་ནས་བསྟོད་པའི་སྐབས། སྔར་གྱི་བསྐྱེད་པ་ནང་བཞིན་སྐུ་བསྟོད་དགོས་པ་ལས་དེ་དང་འགལ་བར་འབྱུང་མི་སྲིད་པས། གལ་ཏེ་དེ་འདྲ་བྱུང་ན་བྲིས་ནོར་སོགས་ནོར་བ་ཁོ་ནར་འཛིན་དགོས་པ་ལས་བསྐྱེད་པའི་སྐབས་སུ་གཡས་བུམ་པ་དང་གཡོན་མེ་ལོང་ཅན་བསྐྱེད། སྐུ་བསྟོད་ཀྱི་སྐབས་སུ་གཡས་མེ་ལོང་དང་གཡོན་བུམ་པ་བཞིན་སྐུ་བསྟོད་ན་དེ་ནི་གནས་ལུགས་དང་མཐུན་ཞེས་སུ་ཞིག་གིས་སྨྲ་བར་ནུས་ཏེ་མི་ནུས་སོ། །དེ་བས་གཞུང་འདིར་གསལ་བའི་ཤེས་རབ་ཕར་ཕྱིན་མ་ཡང་ཕྱག་གཡས་བུམ་པ་དང་གཡོན་མེ་ལོང་འཛིན་པ་བསྐྱེད་པ་ལྟར་བཞེངས་དགོས་ལ་སྐུ་བསྟོད་ལྟར་བཞེངས་མི་རིགས་པར་སེམས། འོན་ཀྱང་གཞུང་འདི་རུ་དམིགས་བསལ་གྱིས་གཡས་ཐུགས་ཀར་དང་གཡོན་ཀླད་ལ་བསྐོར་བ་ཞེས་མི་གསལ་བས་ཕྱག་གི་འདུག་སྟངས་ནི་དེ་འདྲ་མིན་པར་འདོད། དེའི་ཕྱིར་འདིའི་སྐུ་བསྟོད་སྐབས་ཀྱི་ཚིག་བཤད་འདི་ཡང་བསྐྱེད་པ་ལྟར་ཡོངས་སུ་བཅའ་དགོས་ལ་མུ་མཐུད་དུ་འདིར་ལྟར་བཏོན་ན་ཅུང་ངོ་གནོང་དགོས་པ་ཞིག་ཏུ་སྣང་བས་བོན་གཤེན་ཡོངས་ལ་གྲོས་འདེབས་སུའང་ཕུལ་བ་ཡིན།
གཞུང་དེ་དག་ལས་གཞན་ལྷ་མོ་མུན་སེལ་སྒྲོན་མ་མཆོད་བསྐོར་བདུན་པ་ཞེས་བྱ་བ་ལྷ་མོ་སུམ་བརྒྱའི་གཞུང་གི་བར་དོ་འདྲེན་པའི་གཙོ་མོ་ཡང་ཡུམ་ཆེན་ས་ཏྲིག་ཨེར་སངས་ཡིན་ལ། དེ་ཡང་གཡས་བུམ་པ་དང་གཡོན་མེ་ལོང་ཅན་ཡིན་ཏེ། དེ་ཉིད་ལས། དབུས་ཀྱི་ལྟེ་བ་དཀར་པོ་ལ། །ཡུམ་ཆེན་ས་ཏྲིག་ཨེར་སངས་ནི། །སྐུ་མདོག་གསེར་ལ་འོད་ཟེར་འབར། །དབུ་ལ་གཡུ་ཡི་ཐོར་གཙུག་ཅན། །གཡས་པས་རིན་ཆེན་གསེར་གྱི་བུམ་པ་བསྣམས། །ཚེ་འདས་བག་ཆགས་དག་པར་བྱེད། །གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས། །ཚེ་འདས་བར་དོའི་འཁྲུལ་སྣང་བཅད། །རྩལ་ཆེན་སེང་གེའི་ཁྲི་ལ་བཞུགས། །ཚེ་འདས་བར་དོའི་འཇིགས་སྒོ་གཅོད། །དེ་ལ་ཕྱག་འཚལ་མཆོད་པ་འབུལ། །37ཞེས་དང་། དམྱལ་བ་ལ་སོགས་འདྲེན་པའི་གཙོ་མོ་ནི་ཡུམ་ཆེན་ཐུགས་རྗེ་བྱམས་མ་སོགས་ཡིན་པ་ནི། དེ་ཉིད་ལས། ཡུམ་ཆེན་ཐུགས་རྗེ་བྱམས་མས་གཙོར་བྱས་པའི་འདས་པ་ཡེ་ཤེས་ཀྱི་ལྷ་མོ་ལྔ་བཅུས་དམྱལ་བའི་སྒྲིབ་པ་སྦྱངས། ཡུམ་ཆེན་སྦྱིན་པ་བྱམས་མས་གཙོར་བྱས་པའི་འདས་པ་བྱིན་བརླབས་ཀྱི་ལྷ་མོ་ལྔ་བཅུས་ཡི་དྭགས་ཀྱི་སྒྲིབ་པ་སྦྱངས། ཡུམ་ཆེན་བསམ་གཏན་བྱམས་མས་གཙོར་བྱས་པའི་ད་ལྟ་བཞུགས་པའི་གསལ་བ་ཡེ་ཤེས་ཀྱི་ལྷ་མོ་ལྔ་བཅུས་བྱོལ་སོང་གི་སྒྲིབ་པ་སྦྱངས། ཡུམ་ཆེན་བཟང་ཟ་རིང་བཙུན་གྱིས་གཙོར་བྱས་པའི་ད་ལྟ་བཞུགས་པའི་ལྷ་མོ་ལྔ་བཅུས་མི་ཡི་སྒྲིབ་པ་སྦྱངས། ཡུམ་ཆེན་བཟོད་པ་བྱམས་མས་གཙོར་བྱས་པའི་མ་འོངས་ཞི་བའི་ལྷ་མོ་ལྔ་བཅུས་ལྷ་མིན་གྱི་སྒྲིབ་པ་སྦྱངས། ཡུམ་ཆེན་བརྩོན་འགྲུས་བྱམས་མས་གཙོར་བྱས་པའི་མ་འོངས་བརྩོན་འགྲུས་ཀྱི་ལྷ་མོ་ལྔ་བཅུས་ལྟུང་བ་ལྷ་ཡི་སྒྲིབ་པ་སྦྱངས། པད་མ་མུན་སེལ་སྒྲོམ་མེའི་དཀྱིལ་འཁོར་བཞེངས་ནས། ཡུམ་ཆེན་ས་ཏྲིག་ཨེར་སངས་ཀྱིས་གཙོ་མོ་མཛད་ནས། ཡུམ་ཆེན་སུམ་ཅུ་རྩ་གསུམ་གྱིས། ཚེ་འདས་སློབ་མར་ཤེས་པར་བྱ་བའི་དབང་བསྐུར། ཚེ་འདས་ཚེ་འདས་སུ་ཤེས་པར་བྱ་ལ་བར་དོ་ནས་དྲངས།38 ཞེས་སོགས་ནས་གསལ་ལ། གཞུང་འདིའི་ཐོག་མཐའ་བར་གསུམ་གང་དུའང་གཙོ་མོ་དེ་དག་སྤྱན་གསུམ་ལྡན་པ་ཡེ་མ་གསལ་བས་མོ་སྦྱོང་ལྷ་མིན་འདྲེན་པའི་བཟོད་པ་བྱམས་མ་དང་བར་དོ་འདྲེན་པའི་ས་ཏྲིག་ཨེར་སངས་གཉིས་སྤྱན་གསུམ་ཅན་དུ་བཞེངས་ན་གཞུང་དོན་དང་འགལ་བ་ཁོ་ནའོ། །
གཞན་བཀའ་དྲང་ང་མའི་སྟོན་པའི་མཛད་མདོ་འབྲིང་བ་གཟེར་མིག་ལས་གསལ་བའི་དབྱིངས་ཀྱི་ཡུམ་མོ་ས་ཏྲིག་ཨེར་སངས་ཀྱང་སྤྱན་གཉིས་ཞབས་སྐྱིལ་ཀྲུང་། ཕྱག་གཡས་པས་དཔལ་བོ་འབྲུ་ལྔ་དང་གཡོན་པས་མེ་ལོང་བསྣམས་པ་ཅན་ཡིན་པ་ཀུན་གྱིས་ཤེས་གསལ་ལྟར་ཡིན་པས་འདིར་མི་གླེང་ངོ་། །
ལྔ། ཤེས་རབ་བྱམས་མ་དང་ཐུགས་རྗེ་བྱམས་མ་གཅིག་མིན་ཚུལ་བཤད་པ།
དེ་ཡང་བྱམས་མ་ཆེན་མོ་རྩ་བའི་འབུམ་ལས། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་ནི། དུས་གསུམ་སངས་རྒྱས་སྐྱེད་བྱེད་ཡུམ་དེ་ཡང་། སྐུ་གསུམ་གྱི་ཚུལ་དུ་ཤེས་རབ་བྱམས་མ་དང་། ནམ་མཁའི་ལྷ་མོ་དང་། ཐུགས་རྗེ་བྱམས་མ་དང་གསུམ་དུ་བཞུགས་སོ། །སྐུ་ལྔའི་ཚུལ་དུ་རིགས་ཀྱི་བྱམས་མ་ལྟར་ཡང་བཞུགས་སོ། །འཕྲིན་ལས་རྣམ་བཞིའི་ཚུལ་དུ་ཚད་མེད་བཞིའི་ཡུམ་ཐུགས་རྗེ་དབྱིངས་གྲུབ་དང་། ས་ཏྲིག་ཨེར་སངས་དང་། མཁའ་ལ་གདུག་མོ་དང་། སྲིད་པ་རྒྱལ་མོ་དང་བཞི་ཡང་བཞུགས་སོ། །སྐུ་ལྔའི་ཚུལ་དུ་འབུམ་ཏིག་ཡུམ། ཐབས་ཀྱི་བྱམས་མ། སྨོན་ལམ་བྱམས་མ། ཐུགས་རྗེ་བྱམས་མ། སྟོབས་ཀྱི་བྱམས་མ་དང་ལྔར་ཡང་བཞུགས་སོ། །དེ་དག་གང་ལྟར་སྣང་ཡང་། སྐུ་དང་ཡེ་ཤེས་གདུལ་བྱའི་དོན་ལ་དགོངས་པ་ལ། མཚན་མའི་བག་ཆགས་ཅི་ཡང་མེད་དེ། འབྲས་བུའི་རྟགས་བཅུ་གཅིག་ལ་གནས་སོ། །39ཞེས་གསལ་བས། དོན་ལ་ཤེས་རབ་བྱམས་མ་དང་ས་ཏྲིག་ཨེར་སངས། འབུམ་ཏིག་ཡུམ་མམ་ཤེས་རབ་ཕར་ཕྱིན་མ་ཞེས་པ་ནི་ངོ་བོ་གཅིག་ཏུ་འབབ་པ་ཡིན་ལ། ཡོངས་གྲགས་སུ་བྱམས་མ་ཆེན་མོ་ཞེས་བརྗོད་དུས་ཀྱང་ཤེས་རབ་བྱམས་མ་ལ་ཟེར་བ་ཡིན། དེ་དང་ཐུགས་རྗེ་བྱམས་མ་ལ་ཁྱད་པར་ཡོད་དེ། བྱམས་མ་རྩ་བའི་འབུམ་ལས། རྒྱུ་ལྔའི་བླ་མེད་ལྔ་རྫོགས་འབྲས་བུ་ལྔ། །མ་རྩལ་ལྷུན་གྲུབ་རྩལ་ཆེན་སྟོབས་དང་ལྡན། །སྔར་སྦྱངས་ལྔས་འཕངས་རང་ལ་རྩོལ་མེད་ཡོད། །ལྷུན་གྲུབ་སྐུ་དང་ཞིང་ཁམས་བསམ་ཡས་འགྱེད། །རྩལ་ཆེན་སྟོབས་ལྡན་འགྲོ་བ་མ་ལུས་འདུལ། །དགེ་རྒྱས་ཡུམ་ཆེན་སྲིད་པ་རྒྱལ་མོ་ཡིན། །དོགས་མེད་སྨོན་ལམ་མི་འགྱུར་རེ་དོགས་མེད། །ཉོན་མོངས་གཞི་བཅོམ་དགོངས་པའི་མཐའ་དང་བྲལ། །སྨོན་ལམ་རྣམ་དག་ཡེ་ཤེས་ལྔ་དང་ལྡན། །མི་འགྱུར་བརྟན་ཐོབ་ཡང་དག་ས་ལ་གནས། །རྣམ་དག་ཡུམ་ཆེན་གནམ་ཕྱི་གོང་རྒྱལ་ཡིན། །ཐུགས་རྗེའི་གཙོ་མོ་ཐུགས་རྗེའི་བདག་ཉིད་ཅན། །ཐུགས་རྗེ་ཚད་མེད་བཞི་ལྡན་འགྲོ་བར་བསྣུན། །གཙོ་མོ་ཡུམ་ཆེན་སེམས་ཅན་དོན་ལ་དགོངས། །ཐུགས་རྗེའི་བདག་ཉིད་སེམས་ཅན་གཞན་ཕྱིར་གནས། །ཡེ་གཤེན་ཡུམ་ཆེན་ཐུགས་རྗེ་བྱམས་མ་ཡིན། །མ་ཆགས་པད་མ་གཉིས་མེད་ཐབས་དང་ལྡན། །མ་ཆགས་ཚོགས་བསགས་དོན་བཞིན་སྦྱོར་ལམ་གསལ། །གཉིས་མེད་མཐོང་ལམ་དོན་སྟོན་ཐབས་ལྡན་སྒོམ། །ལམ་ལྔའི་བྱམས་མ་ཐབས་ཀྱི་བྱམས་མ་ཡིན། །ཤེས་རབ་གསལ་བ་ཀུན་གྱི་ཡུམ་ཅིག་མ། །གཙོ་མོ་ཤེས་རབ་རྒྱལ་མོ་དྲི་མ་མེད། །གསལ་བའི་ཡེ་ཤེས་ཇི་ལྟར་ཇི་སྙེད་མཁྱེན། །ཀུན་གྱི་ཡུམ་ཅིག་སྙིང་རྗེའི་བདག་ཉིད་མ། །40ཞེས་དང་། བྱམས་མ་ཆེན་མོ་རྩ་བའི་གཟུངས་ལས། བོན་ཉིད་མི་འགྱུར་བའི་དབྱིངས་ནས། དུས་གསུམ་རྒྱལ་བའི་ཡུམ་ཆེན་མོ། ཤེས་རབ་བྱམས་མ་ལ་ཕྱག་འཚལ་ལོ། །འོག་མིན་འདའ་བ་མེད་པའི་ཞིང་ནས། ཡེ་གཤེན་བཀོད་པ་དོན་གྱི་ཡུམ་ཆེན་མོ། ཐུགས་རྗེ་བྱམས་མ་ལ་ཕྱག་འཚལ་ལོ། །41ཞེས་སྐུ་ལྔའི་སྐབས་སུ་སོ་སོ་ཡིན་པ་དང་ཕྱིན་བཅུ་སྐབས་སུའང་ཁ་ཁ་ཡིན་མོད། འོན་ཀྱང་དེང་སྐབས་མང་ཆེ་བས་བྱམས་མ་ཞེས་ཟེར་དུས་ཐུགས་རྗེ་བྱམས་མར་གོ་བ་མང་ལ། སྔོན་ཆད་རང་ཉིད་ཀྱིས་ཀྱང་འདིའི་དོན་མ་ཤེས་ནས་གཞན་ལྟར་རྒྱ་ཡིག་ཏུ་བསྒྱུར་སྐབས་(大悲佛母)འདྲར་སྒྱུར་མྱོང་ཡོད་པས། འདི་རིགས་ནི་དེ་གཉིས་ཀྱི་ཁྱད་པར་མ་ཤེས་པའི་སྐྱོན་དུ་འདུག་པས། སྔར་ནོར་བ་ལ་བཤགས་པ་དང་རྗེས་སོར་ཡང་དག་པར་བསྒྱུར་རྒྱུའང་རང་ལ་གསལ་བཏབ་པ་ཡིན།
དྲུག སྤྱི་བསྡོམས་དང་བཅས་ཏེ་མཇུག་བསྡུ་བ།
དེ་ལྟར་གོང་ནས་གླེང་བ་བཞིན་བྱམས་མ་སྤྱན་གསུམ་ཞབས་སྐྱིལ་ཀྲུང་ཅན་ནི་ཀུན་གསལ་རྒྱས་སྒྲུབ་ཀྱི་ལུགས་སུ་སྣང་ལ་བཀའ་བརྟེན་གྱི་དགོངས་པ་ཡིན་པས་དེ་ལྟར་བཞེངས་ན་མི་འགལ་བ་ཙམ་ལ། འོན་ཀྱང་དཀྱིལ་འཁོར་གཞན་དག་ནི་ཀུན་གསལ་བྱམས་མ་རྩ་བའི་རྒྱུད་ཀྱི་དགོངས་པ་བཞིན། ཞབས་གཡས་བརྐྱང་གཡོན་བསྐུམ་པ་སྤྱན་གཉིས་ཅན་དུ་བཞེངས་དགོས་པ་ཡིན། དེ་བཞིན་དུ་མདོ་དྲི་མེད་གཟི་བརྗིད་ཀྱི་བྱམས་མ་རྩ་བའི་དཀྱིལ་འཁོར་གྱི་བྱམས་མ་ཉེར་གཅིག་ཀྱང་ཞབས་གཡས་བརྐྱང་གཡོན་བསྐུམ་པ་སྤྱན་གཉིས་ཅན་ཤ་སྟག་ཡིན་པ་ཤིན་ཏུ་ནས་ཤེས་དགོས་ལ། གཞན་རྣམ་དག་པད་མ་ཀློང་ཡངས་དང་ལྷ་མོ་མུན་སེལ་སྒྲོན་མའི་མཆོད་སྐོར་གྱི་བྱམས་མ་བདུན་པོ་ནི་ཞབས་སྐྱིལ་ཀྲུང་སྤྱན་གཉིས་ཅན་དུ་བཞེངས་ན་ད་གཟོད་གཞུང་གི་དགོངས་པ་དང་མཐུན་པར་འདུག ཡང་དྲི་མེད་གཟི་བརྗིད་ཀྱི་ཐེག་པ་ཆེན་པོ་ཡུམ་གྱི་དཀྱིལ་འཁོར་གྱི་གཙོ་མོ་ཤེས་རབ་ཕར་ཕྱིན་མའང་བསྐྱེད་པ་བཞིན་གཡས་བུམ་པ་དང་གཡོན་མེ་ལོང་བཞིན་བཞེངས་ན་འགྲིག་པར་འདོད། གང་ལྟར་ཡང་དེ་དག་ཐམས་ཅད་སྐུ་མཚན་དཔེ་གསལ་རྫོགས་ཅན། ཞི་བའི་རྒྱན་བཅུ་གསུམ་གྱིས་བརྒྱན་པ། གཟེར་མིག་དང་རྣམ་རྒྱལ་ལྟར་རྒྱན་དྲུག་དང་དྲི་མེད་གཟི་བརྗིད་ལྟར་ན་དྲུག་གིས་བརྒྱན་ཚུལ་ནི་ཁོ་བོས་བྲིས་པའི་བོན་གྱི་སྐུ་བརྙན་གྱི་རྒྱན་དྲུག་གི་སྐོར་གླེང་བ་ལས་གསལ་བ་བཞིན་བཞེངས་ན་རྒྱལ་བའི་བཀའ་དྲི་མ་མེད་པའི་དགོངས་དོན་དང་མི་འགལ་ལ། ཇི་སྐད་དུ་མདོ་ལས། སྐུ་གཟུགས་ཆག་ཚད་མེད་པ་དང་། །གསུང་རབ་བརྡ་དག་མེད་པ་དང་། །མཆོད་རྟེན་ཐིག་རྩ་མེད་པ་རྣམས། །རྒྱུ་སོང་འབྲས་བུ་ཙམ་མ་གཏོགས། །དོན་གྱི་ཡོན་ཏན་མི་མཐོང་སྟེ། །བསྟན་པ་དྲི་མས་སྦག་པ་ཡིན། །ཞེས་གསུངས་པ་ལྟར་ཆག་ཚད་མ་ལྡན་ནའང་སྐྱོན་དེ་འདྲ་འབྱུང་ན། བཞེངས་ཚུལ་གཞུང་དོན་དང་ཡེ་མི་མཐུན་པར་གྱུར་ན་ནི་ཉེས་སྐྱོན་འབྱུང་ངེས་པ་ནི་བཤད་མ་དགོས་པ་ཡིན་པས། སྔར་དེ་འདྲར་བཞེངས་ཟིན་པ་ནི་བཅོས་སུ་མེད་མོད། འོན་ཀྱང་རྗེས་སོར་བྱམས་མ་ཆེན་མོའི་ཞལ་ཐང་སོགས་བྲིས་འབུར་བླུགས་གསུམ་གང་ལྟར་བཞེངས་ཀྱང་རྒྱལ་བའི་བཀའ་དྲི་མ་མེད་པ་ལྟར་ཅི་ནས་ཀྱང་བཞེངས་པར་འཚལ་ལོ། ། ཞེས་ཀྱང་རྒྱ་ཆེ་བའི་ལྷ་རིས་པ་རྣམས་ལ་གདམས་སོ། །
ཞེས་བྱམས་མ་ཆེན་མོའི་ཞལ་ཐང་འདྲ་མིན་དུ་མ་མཐོང་བས། དེ་དག་གི་ཁྱད་པར་གང་འདྲ་ཡིན་པ་ཤེས་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ། རང་གཞན་ཀུན་ལ་ཕན་པར་འདོད་པའི་སེམས་བསྐྱེད་ཡང་དག་པས་གཞི་བཟུང་། བཀའ་དང་བཀའ་བརྟེན་ལག་ཏུ་སོན་ཚད་ལ་བརྟེན་ནས་ཆོ་ག་སོ་སོའི་དགོངས་དོན་ལ་ཞིབ་མོ་བློ་ཡིས་དཔྱད་ནས་བཞེངས་ཚུལ་སོ་སོ་བ་གླེང་བ་འདིའང་སྒ་རིགས་སུ་དལ་རྟེན་རྙེད་པའི་སྙིགས་དུས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོས། ཡུལ་མདོ་སྨད་ས་ཡི་ཐིག་ལེ། གཡང་ལུང་ཁྲི་ཀའི་ཡུལ་དུ་སྦྱར་བ་འདིས་ཀྱང་རྒྱལ་བ་གཤེན་གྱི་བསྟན་པ་རིན་པོ་ཆེའི་ཞབས་ནས་འདེགས་པའི་རྒྱུར་གྱུར་ཅིག་གུ།
དཔྱད་མཆན།
1 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༨པའི་ཤོག་ངོས་༩༥ན་གསལ།
2 འོད་ཟེར་སྦྱིན་པས་གཙོ་སྒྲིག་མཛད་པའི་《གཡུང་དྲུང་བོན་གྱི་ཞལ་ཐང་ཀུན་འདུས་ཆེན་མོ།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོར།
3 དེ་ནས་ལོ་གཉིས་ཏེ་ལྕགས་འབྲུག་ལ་རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་ཟར་གྱི་སྟག་སྣ་ནས་ཤེས་རབ་བྱམས་མ་མདོ་འབུམ་གཟུངས་གསུམ་རྒྱུད་དང་བཅས་པ་ཀུན་གསལ་བྱམས་མའི་སྒྲུབ་སྐོར་སོགས་དང་། སྦྱིན་པ་བྱམས་མའི་ནོར་སྒྲུབ་སོགས་གཏེར་མ་མང་པོ་བཏོན། སྤྱི་ལོ་༩༨༠ཡིན། 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བསྒྲིགས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། པོད་དང་པོ། ཤོག་ངོས་༥༨ན་གསལ།
4 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བསྒྲིགས།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། པོད་དང་པོ། ཤོག་ངོས་༦༠ན་གསལ།
5 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བསྒྲིགས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོར། པོད་དང་པོ། ཤོག་ངོས་༦༦ན་གསལ།
6 གཡུང་དྲུང་བོན་ལུགས་ཀྱི་བཀའ་རིན་པོ་ཆེ་ལས་གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད་གཉིས་ཡོད་ལ། འདི་ནི་རྒྱུད་ཕྱི་མ་ཡིན།
7 སེམས་ཅན་མོ་རིགས་རྣམས་ཀྱི་དོན་དུ་བླ་ཆེན་དྲན་པ་ཁོད་སྤུངས་ཀྱིས། བསྟན་པ་འཕེལ་འགྲིབ་བྱུང་བའི་དུས་སུ། སྤ་གྲོ་སྟག་ཚང་ཤམ་པོའི་གཏེར་དུ་སྦས། ལས་ཅན་གཅིག་གིས་རྙེད་པར་ཤོག མཐའ་ཡས་སེམས་ཅན་ཐར་པར་ཤོག སྤ་གྲོའི་གཏེར་དཔེ་ལས་ཞལ་བཤུས་སོ། ། ཞེས་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༤༤བ་《ལྷ་མོ་མུན་སེལ་སྒྲོམ་མ་མཆོད་བསྐོར་བདུན་པ་ཞེས་བྱ་བ་ལྷ་མོ་སུམ་བརྒྱའི་གཞུང་》 ཤོག་ངོས་༤༤༧ན་གསལ།
8 འདི་ནི་ཁ་གཅིག་གིས་སྤ་གྲོའི་གཏེར་ཡིན་པའི་ཆ་ནས་ཁུ་ཚ་ཟླ་འོད་ཀྱི་གཏེར་ཡིན་པར་བཞེད་ཀྱང་། དར་རྒྱས་གསལ་སྒྲོན་དང་ལེགས་བཤད་མཛོད་སོགས་སུ་སྤ་གྲོའི་གཏེར་གྱི་ཐེམ་བྱང་ལས་གསལ་མི་འདུག
9 མདོ་དྲི་མེད་གཟི་བརྗིད་ནི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་ཡིན་ལ། ཁོང་ནི་རབ་བྱུང་དྲུག་པའི་ལྕགས་བྱི་སྟེ་སྤྱི་ལོ་༡༣༦༠ལོར་སྐུ་འཁྲུངས་ཤིང་། དགུང་ལོ་ཉེར་དྲུག་བཞེས་པ་ཤིང་གླང་སྤྱི་ལོ་༡༣༨༥ལོར་སྙན་དུ་བརྒྱུད་པ་ཡིན་ཏེ། སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་གསུང་འབུམ་གྱི་ཐ་མ་བཀའ་རྒྱ་བཀྲོལ་ཚུལ་གྱི་ལེའུ་ལས། དེ་ནས་ཕག་ལོ་དབྱར་ཟླ་ལ། །གཡུང་དྲུང་མཁའ་འགྲོའི་བརྡ་སྤྲོད་ཅིང་། །སྤྱན་དྲང་ཨོ་རྒྱན་ཡུལ་དུ་ཕྱིན། །མེ་ཏོག་སྤུང་མཛེས་དགོན་པ་རུ། །དཔོན་གསས་རིག་འཛིན་མཁ་འགྲོ་ཡི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །རྩོད་ཟློག་ཞི་ཁྲོའི་དབང་མཆོག་བསྐུར། །དབང་ལུང་མན་ངག་གདམ་པ་བསྟན། །བོན་སྡེ་བཅུ་གསུམ་དབང་སྐལ་བྱིན། །དེ་ནས་ལོ་རྒྱལ་བྱི་བ་ལ། །བཀའ་རྒྱུད་སྙན་དུ་རྒྱུད་སྙམས་ནས། །པད་མ་མཁའ་འགྲོས་བརྡ་སྤྲོད་ཅིང་། །བོད་ཡུལ་གཡས་རུ་རྩང་སྟོད་ཀྱི། །གསང་བྲག་གནས་སུ་སྤྱན་དྲང་ནས། །དཔོན་གསས་རིག་འཛིན་མཁའ་འགྲོ་ཡི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །གཏིང་རྫོགས་གསང་བའི་དབང་མཆོག་བསྐུར། །བོན་སྡེ་བཅུ་གསུམ་བཀའ་གཏེར་བཀྲོལ། །ལོ་གྲངས་དུས་ཀྱི་གསང་རྒྱས་གདབ། །དེ་ནས་སྙན་རྒྱུད་དབུ་བཙུགས་ནས། །གླང་སྟག་ཡོས་ལ་སྙན་རྒྱུད་རྫོགས། །ད་ལྟ་སྒྲ་རྒྱལ་འབྲུག་གི་ལོ། །རིག་འཛིན་མཁའ་འགྲོས་བརྡ་སྤྲད་ནས། །གནས་མཆོག་འདི་ནི་གྲུབ་པའི་གནས། །བོད་ཡུལ་རུ་བཞིའི་ས་གནས་ཀྱི། །བཀྲ་ཤིས་ཕྱུག་མོའི་གནས་འདིར་ཕེབས། །དཔོན་གསས་རིག་འཛིན་མཁའ་འགྲོ་ཡི། །ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བསྐོར། །ཕྱིན་ལས་ཕུར་པའི་དབང་མཆོག་བསྐུར། །བོན་སྒོ་གསང་བའི་བཀའ་རྒྱ་བཀྲོལ། །སྐལ་ལྡན་ཐུགས་ཀྱི་དཀྱིལ་དུ་ཞོག །ཞེས་གསུངས་པས། སྙན་རྒྱུད་ཀྱི་བོན་རྣམས་སྙན་དུ་བརྒྱུད་པའི་གླང་སྟག་ཡོས་ཀྱི་ལོ་ནི་ཁོང་དགུང་ལོ་ཉེར་དྲུག་དང་ཉེར་བདུན། ཉེར་བརྒྱད་བཞེས་པའི་དུས་ཡིན་ལ། ཁོང་དགུང་ལོ་ཉེར་བཞི་བཞེས་དུས་དང་པོ་དབང་ལུང་ཐོབ་ནས་སྙན་རྒྱུད་ཀྱི་བོན་རྣམས་གཉེར་ཏུ་གཏད་པ་དང་། དགུང་ལོ་ཉེར་ལྔ་བཞེས་དུས་མཁའ་འགྲོས་སྤྱན་དྲངས་པ་ལྟར་གཡས་རུ་རྩང་སྟོད་ཀྱི་གསང་བྲག་རྒྱ་བོར་བྱོན་པ་སོགས་ཁོང་གི་གསུང་འབུམ་གྱི་དང་པོ་དབང་ལུང་ཐོབ་ཚུལ་དང་བར་དུ་སྙན་དུ་བརྒྱུད་ཚུལ། ཐ་མ་བཀའ་རྒྱ་བཀྲོལ་ཚུལ་གྱི་ལེའུ་སོགས་གོང་འོག་སྦྲག་ན་ཤིན་ཏུ་གསལ་བས་སོ། །
10 གཞུང་འདི་དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས་སུ་སྐྱབས་སྟོན་གྱི་གསུང་གི་གྲས་སུ་བཞག་ཡོད་ཀྱང་། གཞུང་ཁོ་རང་གི་མཇུག་ཏུ་ཞང་སྟོན་དང་མཁན་ཆེན་གཉིས་ཀ་ལ། སློབ་དཔོན་བསོད་ནམས་སེང་གེས་ཞུས། དེ་ལ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་ཞུས། དེ་ལ་བདག་གིས་ཞུས་སོ། །ཞེས་ཁོང་གི་སློབ་མ་ཞིག་གིས་མཛད་པར་མངོན།《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོར། པོད་བཅུ་གཅིག་པ། ཤོག་ངོས་༡༩༨ན་གསལ།
11 བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས་ཀྱི་མཛད་པ་པོ་གང་ཡིན་མི་གསལ་ཡང་། དེ་ནི་སྐྱབས་སྟོན་རིན་ཆེན་འོད་ཟེར་རྗེས་ཀྱི་དམ་པ་ཞིག་གིས་མཛད་པར་མངོན་ཏེ། དེ་ཉིད་ལས། དང་པོ་ཐོག་མར་སྐྱབས་མཆོག་རིན་པོ་ཆེའི་གསུང་གི་དགེ་རྒྱས་དོན་བསྒྲུབས། དེ་ནས་གསོ་སྦྱངས་རྣམ་པར་དག་པའི་ཚུལ་ཁྲིམས་ཀྱི་འདུལ་འབུམ་གྱི་གཞི་བཟུང་། ལུས་ཀྱི་འཁྲུལ་འཁོར་སེམས་ཀྱི་མངོན་རྟོགས་གི་ལམ་འབུམ་གནད་དུ་བསྣུན། དེ་ནས་ཞེ་ཐག་པ་ནས། ཞེས་སྐྱབས་སྟོན་རིན་པོ་ཆེའི་མཛད་པའི་ཀུན་གསལ་བྱམས་མ་རྒྱས་པའི་མངོན་རྟོགས་ཀྱི་དགེ་རྒྱས་ཆེན་པོ་སོགས་གསལ་བས་སོ། །《བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས།》 ལག་བྲིས་མ། ཤོག་ངོས་༣༠པ་ན་་གསལ།
12 《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོར། པོད་བཅུ་གཅིག་པ། ཤོག་ངོས་༢༠༥ན་གསལ།
13《བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས།》 ལག་བྲིས་མ། ཤོག་ངོས་༢༢ན་གསལ།
14《བཀའ་བརྟེན་བྱམས་མ་སྔགས་ལུགས་ཀྱི་གསུང་པོད།》 ཤོག་ངོས་༡༧༩ནས་༡༨༢བར་དུ་གསལ།
15《བྱམས་མ་ཆེན་མོ་གསང་བའི་སྒྲུབ་པ།》 ལག་བྲིས་མ། ཤོག་ངོས་༩༣༣ན་གསལ།
16《བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས།》 ལག་བྲིས་མ། ཤོག་ངོས་༢ན་གསལ།
17《བྱམས་མ་ཆེན་མོ་ཀུན་གསལ་བྱམས་མ་རྒྱས་པའི་སྒྲུབ་ཐབས།》 ལག་བྲིས་མ། ཤོག་ངོས་༣ན་གསལ།
18《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོར། པོད་བཞི་བ། ཤོག་ངོས་༢༣༣ན་གསལ།
19 《བྱམས་མ་ཆེན་མོ་རྩ་བའི་སྒྲུབ་པ།》 ལག་བྲིས་མ། ཤོག་ངོས་༩༣༩ན་གསལ།
20 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༨པའི་ཤོག་ངོས་༢༧༨ན་གསལ།
21 《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོར། པོད་བཞི་བ། ཤོག་ངོས་༢༣༣ན་གསལ།
22 བཀའ་བརྟེན་བྱམས་མ་སྔགས་ལུགས་ཀྱི་གསུང་པོད། ཤོག་ངོས་༤༠༨ན་གསལ།
23 དང་པོ་སྤྱིར་དཀྱིལ་འཁོར་ཉི་ཤུ་རྩ་གཉིས་ཡོད་དེ། རྩ་བའི་སྡེ་ལ་བཞི། རྩ་རྒྱུད་ནས་བཤད་པའི་པད་ར་བཞི་མ་དང་། རྩ་སྒྲུབ་ནས་བཤད་པའི་པད་ར་ལྔ་མ་དང་། སྔགས་མདོ་ནས་བཤད་པའི་པད་ར་གཉིས་མ་དང་། དབང་སྒྲོན་ནས་བཤད་པའི་ཁྱམས་གསུམ་དང་བཅས་པའོ། །ཡན་ལག་སྐྱོབ་པའི་སྡེ་ལ་བཅུ་སྟེ། སྐྱོབ་བརྒྱད་བསྡུས་པ་ལ་པད་ར་གཉིས་མ་དང་། དགྲ་བྱད་གཉིས་ནི་པད་ར་གསུམ་མ་དང་། རིགས་དང་ཀླུ་གཟའ་གསུམ་ནི་པད་ར་གཉིས་པ་དང་། བློ་དང་ཁྲུས་དང་ཚེ་དང་ནོར་ནི་པད་ར་གཅིག་པའོ། །རྒྱས་པའི་སྡེ་ལ་བརྒྱད་དེ། འབུམ་བསྡུས་ནི་པད་ར་གཉིས་པ་དང་། འབུམ་ལྔ་སོ་སོ་ནི་པད་ར་གཅིག་པ་དང་། ཀུན་གསལ་བསྡུས་པ་ནི་པད་ར་ལྔ་བ་དང་། རྒྱས་པ་ནི་ཁྱམས་གསུམ་དང་བཅས་པའོ། །ཞེས་ 《དབང་ལྡན་ཞུ་ཚང་གི་གསུང་འབུམ་ཕྱོགས་བསྒྲིགས།》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོར། པོད་བཞི་བ། ཤོག་ངོས་༢༣༤ན་གསལ།
24 བཀའ་རྟེན་བྱམས་མ་གསང་སྒྲུབ་ཀྱི་གསུང་པོད། ཤོག་ངོས་༨༨༡ན་གསལ།
25 By Per Kvaerne 《The Bon Religion of Tibet》 Shambhala Boston 1996. P.53
26 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༣པའི་ཤོག་ངོས་༥༡༨ན་གསལ།
27 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༣པའི་ཤོག་ངོས་༥༥༠ན་གསལ།
28 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༤པའི་ཤོག་ངོས་༡༤ན་གསལ།
29 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༤པའི་ཤོག་ངོས་༡༥ན་གསལ།
30 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༤པའི་ཤོག་ངོས་༢༢ན་གསལ།
31 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༤པའི་ཤོག་ངོས་༢༣ན་གསལ།
32 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༦པའི་ཤོག་ངོས་༤༡ན་གསལ།
33 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༦པའི་ཤོག་ངོས་༡༡༧ན་གསལ།
34 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༧པའི་ཤོག་ངོས་༤༡ན་གསལ།
35 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༣པའི་ཤོག་ངོས་༤༣ན་གསལ།
36 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༣པའི་ཤོག་ངོས་༡༡༥ན་གསལ།
37 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༤༤བའི་ཤོག་ངོས་༤༣༣ན་གསལ།
38 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༤༤བའི་ཤོག་ངོས་༢༥༤ན་གསལ།
39 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༨པའི་ཤོག་ངོས་༧༨ན་གསལ།
40 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༨པའི་ཤོག་ངོས་༩༥ན་གསལ།
41 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༨པའི་ཤོག་ངོས་༡༣༡ན་གསལ།