ཞང་ཞུང་སྙན་རྒྱུད་ཀྱི་དགོངས་བརྒྱུད་དགུའི་སྐབས་ཀྱི་འཁྲུལ་བ་སེལ་བའི་གཏམ་ལུང་རིགས་ཚད་མའི་ང་རོ།
[ཟླ་ཚེས། 2021-10-31 18:37:58][རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཞང་ཞུང་སྙན་རྒྱུད་ཀྱི་དགོངས་བརྒྱུད་དགུའི་སྐབས་ཀྱི་འཁྲུལ་བ་སེལ་བའི་གཏམ་ལུང་རིགས་ཚད་མའི་ང་རོ་རང་རིག་མཆོད་པའི་མེ་ཏོག་ཅེས་བྱ་བ།
གླེང་སློང་།
སྤྱིར་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་རང་རེ་གངས་ལྗོངས་ཀྱི་ཡུལ་དུ་དར་བ་ནས་བཟུང་། ད་ལྟའི་བར་དུ་འཕེལ་འགྲིབ་ཀྱི་དུས་སྐབས་མང་པོ་བརྒྱུད་མྱོང་བས། གསུང་རབ་མང་དག་ཅིག་བསྟན་པ་དར་གུད་ཀྱི་བར་ནས་འགྲོ་བ་སྤྱི་མཐུན་གྱི་བསོད་ནམས་རྒུད་པའི་རྐྱེན་གྱིས་ཉམས་སོང་བའང་ཉུང་ཉུང་མིན་པས། ད་ལྟ་འུ་ཅག་གི་མཇལ་ཡུལ་དུ་ལུས་ཡོད་པ་དག་ནི་ཆེས་རིན་ཐང་བྲལ་བའི་ནོར་བུ་ཤ་སྟག་ཡིན་པ་སྨོས་མ་དགོས་ལ། དེ་དག་ལས་ཁྱད་པར་དུ་ཞང་ཞུང་སྙན་རྒྱུད་ཀྱི་བོན་སྐོར་ནི་དགོངས་བརྒྱུད་དགུ་དང་འཇའ་ལུས་ཉེར་བཞི་ནས་རིམ་པར་བརྒྱུད་པའི་གྲོལ་ལམ་རྫོགས་པ་ཆེན་པོའི་བོན་མཆོག་ཏུ་གྱུར་བ་ཡིན་པས། སྤྱིར་གྱེར་སྤུངས་ཆེན་པོ་སྣང་བཞེད་ལོད་པོས་ཞང་ཞུང་ཁྲི་སྡེའི་མི་ལ་སྙན་རྒྱུད་ཀྱི་བོན་འདིའི་སྣོད་དུ་རུང་མིན་བརྟགས་པས། བུ་ཆུང་ལོ་གསུམ་པ་ཅན་དང་ཕ་ཝ་རྒྱལ་ཏིས་གསས་ཆུང་ལོ་བདུན་ཅུ་དོན་གསུམ་པ་ལས་མ་རྙེད་ཅེས་བཤད་པས། སྙན་རྒྱུད་ཀྱི་བོན་སེང་གེའི་འོ་མ་འདྲ་བ་འདི་འཛིན་པའི་གསེར་ཟོ་ལྟ་བུའི་སློབ་མ་དེང་གི་སྙིགས་མའི་དུས་འདིར་ག་ཙམ་ཡོད་པ་བཤད་དཀའ་ཡང་། དེང་སྐབས་སུ་གཡུང་དྲུང་བོན་ལ་དད་མོས་བྱེད་པའི་འཛམ་གླིང་ག་སར་བཞུགས་པའི་རིགས་སོ་སོའི་སློབ་མ་མང་དག་ཅིག་གིས་བོན་འདི་ཉིད་ཐུགས་དམ་གྱི་གཙོ་བོ་བྱེད་བཞིན་ཡོད་པས། བོན་འདི་ལ་བློ་ཁ་ཕྱོགས་ནས་གསན་བསམ་མཛད་པ་ཐམས་ཅད་ཀྱིས་དགོངས་བརྒྱུད་དགུ་ཞེས་པའི་ཐ་སྙད་གོ་མྱོང་ཡོད་ངེས་མོད། འོན་ཀྱང་རང་རེའི་མཇལ་ཡུལ་དུ་གྱུར་བའི་གསུང་རབ་དག་ལས་དགོངས་རྒྱུད་དགུ་ལ་བགྲང་ལུགས་མི་མཐུན་པ་རེ་སྣང་བས། ད་ལན་རང་ནུས་ཅི་ཡོད་ཀྱིས་དེ་དག་གི་གསང་བ་དགྲོལ་བར་ཕྱོགས་ནས་གླེང་བ་ལ།
དང་པོ། དགོངས་བརྒྱུད་དགུའི་བགྲང་ལུགས་མི་མཐུན་པ་སྤྱི་ཙམ་གླེང་བ།
དེ་ཡང་ཞང་ཞུང་སྙན་རྒྱུད་ཀྱི་བདེར་གཤེགས་དགོངས་བརྒྱུད་དགུ་ལ་བཞེད་ཚུལ་མི་མཐུན་པ་འགར་སྣང་ལ། གཅིག་ནི་བྲུ་རྒྱལ་བ་གཡུང་དྲུང་གི་བཞེད་ཚུལ་དེ་ཡིན་ལ། དེ་ཡང་ཁོང་གིས་མཛད་པའི་སྔོན་འགྲོའི་ཚིག་བཤད་དུ། སྐུ་གསུམ་མངོན་དུ་གྱུར་པའི་བླ་མ་ནི། །ཀུན་ཏུ་བཟང་པོ་བོན་སྐུ་བདེ་བའི་ངང་། །གཤེན་ལྷ་འོད་དཀར་མཚན་དཔེ་རྫོགས་པའི་སྐུ། །རྒྱལ་བ་གཤེན་རབ་ཐུགས་རྗེ་བཞི་ལྡན་གཤེན། །ཚད་མེད་འོད་ལྡན་འགྲོ་བ་འདྲེན་པའི་གཤེན། །འཕྲུལ་གཤེན་སྣང་ལྡན་རང་རིག་རང་ཤར་གཤེན། །བར་སྣང་ཁུ་བྱུག་ཐབས་ཤེས་རོལ་བའི་གཤེན། །བཟང་ཟ་རིང་བཙུན་འཁོར་འདས་བསྐྱེད་པའི་ཡུམ། །འཆི་མེད་གཙུག་ཕུད་བདུད་འདུལ་བསྟན་པའི་གཙོ། །གསང་བ་འདུས་པ་ཟབ་མོ་སྔགས་ཀྱི་བདག །རྒྱལ་བ་དགོངས་བརྒྱུད་དགུ་ལ་གསོལ་བ་འདེབས། །1ཞེས་དང་པོ་ཀུན་ཏུ་བཟང་པོ་བོན་སྐུ། གཉིས་པ་གཤེན་ལྷ་འོད་དཀར། གསུམ་པ་རྒྱལ་བ་གཤེན་རབ། བཞི་བ་ཚད་མེད་འོད་ལྡན། ལྔ་བ་འཕྲུལ་གཤེན་སྣང་ལྡན། དྲུག་པ་བར་སྣང་ཁུ་བྱུག བདུནཔ་བཟང་ཟ་རིང་བཙུན། བརྒྱད་པ་འཆི་མེད་གཙུག་ཕུད། དགུ་བ་གསང་བ་འདུས་པ། ཞེས་བཞེད་ཡོད་ལ། སྤ་བསྟན་རྒྱལ་བཟང་པོ་ཡང་བྲུ་རྒྱལ་བ་གཡུང་དྲུང་གི་རྗེས་སུ་འབྲེང་ནས་སྙན་རྒྱུད་བླ་མའི་རྣམ་ཐར་དུ་དེ་དང་མཐུར་པར་བཞེད་ཡོད།2 སྤྱིར་དགོངས་བརྒྱུད་དགུའི་བགྲང་ལུགས་ནི་ཞང་ཞུང་སྙན་རྒྱུད་ཀྱི་དགོངས་བརྒྱུད་དགུའི་ཡིག་ཆུང་ངམ་བཤད་བྱང་ཞེས་མིང་མི་འདྲ་བ་གཉིས་སུ་འདུག་ཀྱང་དོན་ལ་གཞུང་གཅིག་ཏུ་ངེས་པ་དེ་ལ་བརྟེན་དགོས་མོད། འོན་ཀྱང་ད་ལྟ་འུ་ཅག་གིས་མཐོང་སྣང་དུ་གྱུར་བའི་དཔེ་རྒྱུད་དག་ཀྱང་ལུགས་གཉིས་སུ་སྣང་སྟེ། སྡེ་དགེ་ཤིང་པར་མ་ཞིག་ཏུ། དགོངས་བརྒྱུད་དགུའི་ཡིག་ཆུང་ཞེས་པར། བོན་ཉིད་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན། །ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ་ཡིས། །རང་འབྱུང་ཀ་དག་སྐྱེ་མེད་ངང་ཉིད་ནས། །ཐུགས་རྗེའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །ཡེ་ནས་བརྗོད་དུ་མེད་པའི་དོན་དུ་དགོངས། །མི་གཡོ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན། །ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཐུགས་ཉིད་གཡོ་བ་མེད་པའི་ངང་ཉིད་ནས། །སྤྲུལ་པའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །ཀུན་ཁྱབ་ནམ་མཁའ་ལྟ་བུའི་དོན་དུ་དགོངས། །ལྷུན་གྲུབ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན། །མ་གཡོས་ངང་ལས་གཡོ་བའི་ཆོ་འཕྲུལ་གྱིས། །བོན་གྱི་སྐུ་ལ་མཚན་དཔེ་ཡོངས་སུ་རྫོགས། །གང་ལ་གང་འདུལ་གང་མོས་སྐུ་རུ་བསྟན། །སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ངང་ཉིད་ནས། །ཅིར་ཡང་སྤྲུལ་སྐུའི་ཐུགས་ཀྱི་དཀྱིལ་དུ་བཤད། །མཐའ་དབུས་མེད་པ་འོད་ཀྱི་སྙིང་པོ་ཅན། །མཁའ་ལ་ཉི་ཤར་ལྟ་བུའི་དོན་དུ་དགོངས། །3ཞེས་སོགས་གསུང་ཡོད་ལ། འོན་ཀྱང་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཁྲོད་དུ་བཞུགས་པའི་ཞང་ཞུང་སྙན་རྒྱུད་ཀྱི་གསུང་པོད་དུ། དགོངས་བརྒྱུད་དགུའི་བཤད་བྱང་ཞེས་ཁ་བྱང་བཀོད་པ་དེ་ལས། དགོངས་བརྒྱུད་དང་པོ་གཉིས་གཅིག་མཚུངས་ཡིན་ལ། འོན་ཀྱང་གསུམ་པ་ལ། ལྷུན་གྲུབ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ནས། །མ་གཡོས་ངང་ལས་གཡོ་བའི་ཆོ་འཕྲུལ་གྱིས། །བོན་གྱི་སྐུ་ལ་མཚན་དཔེ་ཡོངས་སུ་རྫོགས། །གང་ལ་གང་འདུལ་གང་མོས་སྐུ་བསྟན་པ། །སྤྲུལ་པའི་སྟོན་པ་གཤེན་རབ་མི་བོ་ཡིས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ངང་ཉིད་ནས། །ཅིར་ཡང་སྤྲུལ་སྐུའི་ཚད་མེད་འོད་ལྡན་ཐུགས་ཀྱི་དཀྱིལ་དུ་བཤད། །མཐའ་དབུས་མེད་པ་འོད་ཀྱི་སྙིང་པོ་ཅན། །མཁའ་ལ་ཉི་ཤར་ལྟ་བུའི་དོན་དུ་དགོངས། །4ཞེས་དགོངས་བརྒྱུད་སྔ་མ་གཉིས་ནི། ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ་དང་ཐུགས་རྗེ་སྟོན་པ་ཀུན་ཏུ་བཟང་པོ་ཡིན་པ་གཅིག་མཚུངས་དང་། དགོངས་བརྒྱུད་སྟོན་པ་གསུམ་པ་ནི་གོང་གི་ཤིང་པར་ལུགས་ཀྱི་གཤེན་ལྷ་འོད་དཀར་དང་མི་མཐུན་པར་གཤེན་རབ་མི་བོ་ཞེས་གསལ་བ་ལས་ཚིག་རྐང་གཞན་ཐམས་ཅད་གཅིག་མཚུངས་སུ་བཀོད་འདུག དེ་ལྟར་ན་བྲུ་རྒྱལ་བ་གཡུང་དྲུང་དང་སྤ་བསྟན་རྒྱལ་བཟང་པོ་གཉིས་ནས། ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ་དོར་བའམ་ཡང་ན་དེ་དང་ཐུགས་རྗེ་སྟོན་པ་ཀུན་ཏུ་བཟང་པོ་སོ་སོ་ཡིན་པ་མ་དགོངས་ནས་གཅིག་ཏུ་བརྩིས་ནས་དགོངས་བརྒྱུད་དང་པོར་བཞེད་འདུག ཁོང་གཉིས་ཀས་དགོངས་བརྒྱུད་གཉིས་པ་གཤེན་ལྷ་འོད་དཀར་དང་། གསུམ་པ་ལ་རྒྱལ་བ་གཤེན་རབ་བམ་འགྲོ་བ་འདྲེན་པའི་ཆེན་པོ་ཞེས་པ་ཞིག་ཁ་བསྣན་པ་ནི་དགོངས་བརྒྱུད་ཡིག་ཆུང་ངམ་བཤད་བྱང་དང་ཡེ་མི་མཐུན་པར་གསུང་འདུག
གཉིས་པ། དགོངས་བརྒྱུད་དགུ་དོན་ངོ་མ་གང་དག་ཡིན་པར་གསལ་བོར་བཤད་པ།
དེ་ལྟར་དགོངས་བརྒྱུད་དགུའི་བགྲང་ལུགས་ལ་བྲུ་རྒྱལ་བ་གཡུང་དྲུང་དང་སྤ་བསྟན་རྒྱལ་བཟང་པོའི་ལུགས་གཅིག་དང་། དགོངས་བརྒྱུད་དགུའི་བཤད་བྱང་ངམ་ཡིག་ཆུང་གི་ལུགས་མི་མཐུན་པ་གཉིས་བཅས་གསུམ་ཙམ་སྣང་བ་ལས། ཁོ་བོས་ནི་གོང་ནས་གླེང་བའི་སྡེ་དགེ་ཤིང་པར་མའི་ལུགས་ཏེ། དང་པོ་ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ། གཉིས་པ་ཐུགས་རྗེ་སྟོན་པ་ཀུན་ཏུ་བཟང་པོ། གསུམ་པ་སྤྲུལ་བའི་སྟོན་པ་གཤེན་ལྷ་འོད་དཀར་དུ་བཞེད་པ་དེ་ཁོ་ནར་བདེན་པར་མཐོང་སྟེ། དེ་ཡང་ཞང་ཞུང་སྙན་རྒྱུད་ཅེས་ད་ལྟ་འུ་ཅག་གི་མཐོང་ཡུལ་དུ་གྱུར་བའི་པོད་ཆེན་པོ་དེའི་ནང་དུ་དོན་ངོ་མར་བཤད་ན། སྟོན་པ་ཀུན་ཏུ་བཟང་པོས་གསུངས་པའི་བཀའ་ནི་རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང་ཐིག་ལེ་ཉག་གཅིག་ཡིན་ལ། དེ་ལ་སྡེ་དགེ་ཤིང་པར་མའི་ནང་དུ། རྫོགས་པ་ཆེན་པོ་ཞང་ཞུང་སྙན་རྒྱུད་ལས་རྒྱུད་བུ་ཆུང་བཅུ་གཉིས་བཞུགས་སོ་ཞེས་ཁ་བྱང་འདི་བེད་སྤྱོད་བྱས་ན་ཚན་པ་ཅ་པར་བཀོད་ཡོད། གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་ཁྲོད་ཀྱི་ཞང་ཞུང་སྙན་བརྒྱུད་ཀྱི་གསུང་པོད་དུ། གཡུང་དྲུང་ཚིག་རྐང་བཅུ་གཉིས་ཀྱིས་དོན་བསྟན་བཞུགས་པ་ལེགས་སོ། །ཞེས་ཚན་པ་ང་པ་དང་། རྫོགས་ཆེན་སྙན་རྒྱུད་ཀྱི་ལྟ་བ་སྤྱི་གཅོད་ཀྱི་རྒྱུད་བུ་ཆུང་བཅུ་གཉིས་པ་བཞུགས་སོ། །ཞེས་ཚན་པ་ཆ་པ་སྟེ་གསུང་པོད་གཅིག་གི་ནང་དུ་གཞུང་ཚན་གཅིག་ལ་ཁ་བྱང་མི་འདྲ་བ་གཉིས་བཏག་ནས་བཀོད་ཡོད། སྔ་མ་དེ་ནི་གཞུང་འདིའི་རྩ་བ་ལ་ཚིག་རྐང་བཅུ་གཉིས་ཡོད་པས་གཡུང་དྲུང་ཚིག་རྐང་བཅུ་གཉིས་ཀྱིས་དོན་བསྟན་ཞེས་བཏག་པ་ཡིན་ལ། ནང་དུ་སྔར་མཆན་བཏབ་པ་སྐོར་གཅིག་གཞུང་ཚིག་ཏུ་བསྲེས་ནས་བཀོད་འདུག དོན་དུ་གཞུང་ཚན་དེའི་མཚན་ངོ་མ་ནི། གསུང་པོད་སོ་སོར་བཀོད་ཡོད་པའི་གཞུང་དེ་དག་གི་དབུ་རུ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང༌། ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཞེས་གསལ་བའི་མཚན་བསྡུས་པ་འདི་དང་། གཞུང་དེ་དག་གི་མཇུག་ཏུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང་། རྒྱུད་བུ་ཆུང་བཅུ་གཉིས་མན་ངག་གི་རྩ་བར་བསྟན་པ། ཐིག་ལེ་ཉག་གཅིག་རྫོགས་སོ། །ཞེས་པའི་མཚན་རྒྱས་པ་བཀོད་ཡོད་པ་འདི་ཉིད་ཡིན།
གང་ལྟར་ཡང་གཞུང་དེ་ཉིད་ལས། ཞང་ཞུང་སྨར་གྱི་སྐད་དུ་ན། ཨཱི་ཐི་ཀུ་ཡིག་ཁྲི་རྩེ་ཨུ་པ་ཏན་ཏྲ་ཐད་དོ་ཅི། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་སེམས་ཀྱི་གནད་བྱང༌། ཐིག་ལེ་ཉག་གཅིག་ཨེ་མ་ཧོ། ཀུན་ཏུ་བཟང་པོ་རང་འབྱུང་རིག་པའི་ལྷ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། །གནས་འོག་མིན་བོན་ཉིད་ཀྱི་དབྱིངས་ན། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ། །ཅིར་ཡང་མཚོན་དུ་དཀའ་སྟེ། །གདོད་ནས་བརྗོད་མེད་ཆེན་པོར་བཞུགས་སོ། །དེའི་ངང་ལས། ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ། ཐུགས་རྗེ་ཀུན་ལ་སྙོམས་པར་བཞུགས་སོ། །ཐུགས་ཉིད་མ་གཡོས་པའི་ངང་ལས། གཡོ་བ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ། སེམས་ཅན་གཞན་ལ་ཚད་མེད་པའི་སྙིང་རྗེ་ཤར་རོ། །ཚད་མེད་པའི་སྙིང་རྗེ་དེས། སེམས་ཅན་ཐམས་ཅད་ལ་ཕྱོགས་དང་རིས་མེད་པར་གྱུར་ཏོ། །སྙིང་རྗེ་དེ་ཉིད་ཐུགས་རྗེའི་བདག་ཉིད་དུ་སངས་རྒྱས་པའི་རྟགས་སུ། སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར་ཆུ་ཟླའི་དཀྱིལ་འཁོར་ལྟར་གསལ་ལ་འཚེར་བ། སྐུ་སྣང་ལ་རང་བཞིན་མེད་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། འཁོར་དང་ཞིང་ཁམས་དང་བཅས་པར་གྱུར་ཏེ། དེའི་ཐུགས་རྗེའི་འོད་ཟེར་ལས། ཐུགས་རྗེ་མ་འགགས་པའི་རྩལ་དུ། རིག་པ་འོད་ཀྱི་ཁྱེའུ་ཆུང་ཞེས་ཀྱང་བྱ། གཤེན་ཚད་མེད་འོད་ལྡན་ཞེས་བྱ་བ་བྱུང་སྟེ། ཡེ་ཇི་བཞིན་པའི་སངས་རྒྱས་རིག་པ་རང་སྣང་ཅན་དང་ཐབས་ཅིག་ཏུ་བཞུགས་སོ། །5ཞེས་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ། །ཅིར་ཡང་མཚོན་དུ་དཀའ་སྟེ། །གདོད་ནས་བརྗོད་མེད་ཆེན་པོར་བཞུགས་སོ། །ཞེས་པས་ངོ་བོ་སྐྱེ་མེད་སྟོང་བ་ཡེ་ཀ་དག་གི་ཆ་ལ་དགོངས་བརྒྱུད་དང་པོ་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོའི་ཐ་སྙད་བཏག་ནས་བསྟན་ཡོད་ལ།
ཡང་དེ་ཉིད་ཀྱི། དེའི་ངང་ལས། ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ། ཐུགས་རྗེ་ཀུན་ལ་སྙོམས་པར་བཞུགས་སོ། །ཞེས་པས་རང་བཞིན་གསལ་བ་ཐུགས་རྗེ་འགག་མེད་ལྷུན་གྲུབ་རིག་པའི་རྩལ་ལ་དགོངས་བརྒྱུད་གཉིས་པ་ཐུགས་རྗེ་སྟོན་པ་ཀུན་ཏུ་བཟང་པོ་རུ་བཏག་ནས་བསྟན་པ་དང་། ཡང་དེ་ཉིད་ལས། ཐུགས་ཉིད་མ་གཡོས་པའི་ངང་ལས། གཡོ་བ་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ། སེམས་ཅན་གཞན་ལ་ཚད་མེད་པའི་སྙིང་རྗེ་ཤར་རོ། །ཚད་མེད་པའི་སྙིང་རྗེ་དེས། སེམས་ཅན་ཐམས་ཅད་ལ་ཕྱོགས་དང་རིས་མེད་པར་གྱུར་ཏོ། །སྙིང་རྗེ་དེ་ཉིད་ཐུགས་རྗེའི་བདག་ཉིད་དུ་སངས་རྒྱས་པའི་རྟགས་སུ། སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར་ཆུ་ཟླའི་དཀྱིལ་འཁོར་ལྟར་གསལ་ལ་འཚེར་བ། སྐུ་སྣང་ལ་རང་བཞིན་མེད་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། ཞེས་སོགས་ཀྱིས་ཐུགས་གཡོ་མེད་ཀྱི་ངང་ནས་སེམས་ཅན་གཞན་ལ་རིག་པའི་རྩལ་ཚད་མེད་པའི་སྙིང་རྗེ་ཤར་བ་ནི་དགོངས་བརྒྱུད་གསུམ་པ་སྤྲུལ་བའི་སྟོན་པ་གཤེན་ལྷ་འོད་དཀར་སྐུ་མཚན་དཔེ་གསལ་རྫོགས་ཅན་ཡིན་པ་གསལ་བོར་གསུངས་ཡོད་པས་འཁྲུལ་བའི་གནས་ཅུང་ཙམ་ཡང་མེད་ལ། ཡང་དེ་ཉིད་ཀྱི། དེའི་ཐུགས་རྗེའི་འོད་ཟེར་ལས། ཐུགས་རྗེ་མ་འགགས་པའི་རྩལ་དུ། རིག་པ་འོད་ཀྱི་ཁྱེའུ་ཆུང་ཞེས་ཀྱང་བྱ། གཤེན་ཚད་མེད་འོད་ལྡན་ཞེས་བྱ་བ་བྱུང་སྟེ། ཡེ་ཇི་བཞིན་པའི་སངས་རྒྱས་རིག་པ་རང་སྣང་ཅན་དང་ཐབས་ཅིག་ཏུ་བཞུགས་སོ། །ཞེས་པས་སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར་གྱི་ཐུགས་རྗེའི་རྩལ་ལས་དགོངས་བརྒྱུད་བཞི་བ་རིག་པའི་སྟོན་པ་ཚད་མེད་འོད་ལྡན་བྱུང་བ་བསྟན་ཡོད། མདོར་ན་དགོངས་བརྒྱུད་སྟོན་པ་སྔ་མ་བཞི་ནི་གཞུང་འདིའི་དབུ་རུ་གསལ་བོར་གསུངས་ཡོད་པས་འཁྲུལ་བའི་གནས་ཡེ་མེད་མོད། འོན་ཀྱང་སྔ་རབས་པ་དག་གིས་འདིའི་དོན་མ་རྟོགས་ནས་དགོངས་བརྒྱུད་དགུའི་མཚན་བགྲང་ལུགས་ཡེ་མི་མཐུན་པར་བཞེད་པ་ནི་ངོ་མ་ཡིད་སྐྱོ་བའི་གནས་ཞིག་ཏུ་མཐོང་། །
གསུམ་པ། སྙན་རྒྱུད་བརྒྱུད་པའི་བླ་མའི་རྣམ་ཐར་གྱི་དགོངས་བརྒྱུད་དགུའི་སྐབས་ཀྱི་ནོར་འཁྲུལ་གླེང་བ།
སྤྱིར་གོང་ནས་གླེང་བའི་བྱང་ཆུབ་སེམས་ཀྱི་གནད་བྱང་ཐིག་ལེ་ཉག་གཅིག་དང་མཐུན་པའི་དགོངས་བརྒྱུད་དགུའི་ཡིག་ཆུང་ལྟར་ན། དགོངས་བརྒྱུད་སྟོན་པ་དགུའི་སྔ་མ་བཞི་ནི། དང་པོ། བོན་ཉིད་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན་བཞུགས་པའི་ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ་དང་། །གཉིས་པ། མི་གཡོ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན་བཞུགས་པའི་ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ། །གསུངས་པ། ལྷུན་གྲུབ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན་བཞུགས་པའི་སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར། །བཞི་བ། བར་ལྷ་འོད་གསལ་ལྷའི་འོག་མིན་ན་བཞུགས་པའི་རིག་པའི་སྟོན་པ་ཚད་མེད་འོད་ལྡན་ཡིན་མོད། འོན་ཀྱང་བྲུ་མཁས་བཙུན་རྒྱལ་བ་གཡུང་དྲུང་གིས་སྔོན་འགྲོའི་ཚིག་བཤད་དུ་དགོངས་བརྒྱུད་དགུ་དེ་ལྟར་གཞུང་དངོས་དང་མི་མཐུན་པར་དགོངས་བརྒྱུད་དང་པོ་ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ་དོར་ནས། གསུམ་པ་སྤྲུལ་བའི་སྟོན་པ་ནི་འགྲོ་བ་འདྲེན་པའི་གཤེན་རབ་ཆེན་པོ་ཞེས་པ་ཞིག་བསྣན་པར་བརྟེན། སྤ་བསྟན་རྒྱལ་བཟང་པོས་སྙན་རྒྱུད་ཀྱི་བརྒྱུད་པའི་བླ་མའི་རྣམ་ཐར་དུའང་དགོངས་བརྒྱུད་དང་པོ་ལ་ཡེ་ཉིད་ཀྱི་སྟོན་པ་བརྗོད་མེད་བོན་སྐུ་དང་མི་མཐུན་པར་གོང་ནས་བདག་མེད་ཀྱི་ཀུན་ཏུ་བཟང་པོ་ཞེས་དང་འོག་ནས་གཉིས་པ་སྟོན་པ་གཤེན་ལྷ་འོད་དཀར་ལ་བརྒྱུད་ཚུལ་གྱི་སྐབས་སུ། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བཞེད་ཡོད་དེ། རྣམ་ཐར་དེ་ཉིད་ལས། དེ་དུས་ཐུགས་རྗེའི་སྟོན་པ་གཤེན་ལྷ་འོད་དཀར་ཉིད་ཀྱིས། ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོ་ལ། ཏིང་ངེ་འཛིན་གྱིས་མཆོད་པ་བསམ་དུ་མེད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ་བས། ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ་ཡིས། །བཀའ་བརྒྱུད་རིན་ཆེན་རྣམ་པ་བཞི་བོ་ནི། །རང་འབྱུང་སྐྱེ་བ་མེད་པའི་ངང་ཉིད་ལས། །ཐུགས་རྗེའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །6ཅེས་དགོངས་བརྒྱུད་དགུའི་ཡིག་ཆུང་གི་ལུང་དྲངས་ནས་སྒྲུབ་བྱེད་དུ་བཀོད་ཡོད་མོད། འོན་ཀྱང་དགོངས་བརྒྱུད་དགུ་ཡི་ཡིག་ཆུང་གི་ལུང་དེ་ནི་ཡེ་ཉིད་ཀྱི་སྟོན་པ་བརྗོད་མེད་བོན་སྐུས་ཐུགས་རྗེ་སྟོན་པ་ཀུན་ཏུ་བཟང་པོ་ལ་བཤད་པའི་ལུང་ཡིན་ལ། གོང་ནས་གསལ་བ་ལྟར་དགོངས་བརྒྱུད་དགུའི་ཡིག་ཆུང་དུ་ཐུགས་རྗེ་སྟོན་པ་ནི་ཀུན་ཏུ་བཟང་པོ་ཡིན་པ་ལས་གཤེན་ལྷ་འོད་དཀར་མིན་ཏེ། དགོངས་བརྒྱུད་དགུའི་ཡིག་ཆུང་ལས། མི་གཡོ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན། །ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཐུགས་ཉིད་གཡོ་བ་མེད་པའི་ངང་ཉིད་ནས། །སྤྲུལ་པའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །ཀུན་ཁྱབ་ནམ་འཁའ་ལྟ་བུའི་དོན་དུ་དགོངས། །ཞེས་གསལ་བས་ཤེས་སླ་ལ། དགོད་བྲོ་བ་ཞིག་ལ། སྤ་སྟོན་གྱིས་གོང་ནས་དགོངས་བརྒྱུད་གཉིས་པ་ཐུགས་རྗེ་སྟོན་པ་ནི་གཤེན་ལྷ་འོད་དཀར་ཡིན་ཚུལ་གསུངས་མ་ཐག་ཏུ། འོག་ནས་ཁོ་རང་གིས་དགོངས་བརྒྱུད་གསུམ་པར་འདོད་པའི་གཤེན་རབ་ཆེན་པོ་ལ་བརྒྱུད་ཚུལ་གྱི་སྐབས་སུ། གསུམ་པ་དགོངས་པའི་རྒྱུད་ཚུལ་ནི། དེ་ནས་སྟོན་པ་དེས་བླ་ན་མེད་པའི་མཆོད་པ་ཕུལ་ནས་ཞུས་པས། ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཐུགས་ཉིད་གཡོ་བ་མེད་པའི་ངང་ཉིད་ནས། །སྤྲུལ་པའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །ཅེས་ལུང་འདི་རང་དྲངས་ནས་རྒྱབ་བརྟེན་ཏུ་བཀོད་ཀྱང་། འདི་ནི་ཐུགས་རྗེ་སྟོན་པ་ནི་ཀུན་ཏུ་བཟང་པོ་ཡིན་པ་དང་གཤེན་ལྷ་འོད་དཀར་མིན་པའི་སྒྲུབ་བྱེད་དུ་འགྲོ་བས། ལུང་དྲངས་ཀྱང་རང་གི་འདོད་ཚུལ་གྱི་སྒྲུབ་བྱེད་དུ་མི་འགྲོ་བ་མ་ཟད་གནོད་བྱེད་དུ་སོང་བ་དང་རང་ཚིག་གོང་འོག་ནང་འགལ་དུ་སོང་བས། དོན་ལ་ཐུགས་རྗེ་སྟོན་པ་དང་སྤྲུལ་བའི་སྟོན་པ་དོན་ངོ་མར་གང་ཡིན་མ་རྟོགས་པའི་རྟགས་ལས་གཞན་གང་ཡང་མ་ཡིན།
དེ་ཡང་དགོངས་བརྒྱུད་དགུའི་ཡིག་ཆུང་ལས། བོན་ཉིད་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན། །ཡེ་ཉིད་སྟོན་པ་བརྗོད་མེད་བོན་སྐུ་ཡིས། །རང་འབྱུང་ཀ་དག་སྐྱེ་མེད་ངང་ཉིད་ནས། །ཐུགས་རྗེའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །ཡེ་ནས་བརྗོད་དུ་མེད་པའི་དོན་དུ་དགོངས། །མི་གཡོ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན། །ཐུགས་རྗེའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས། །ཐུགས་ཉིད་གཡོ་བ་མེད་པའི་ངང་ཉིད་ནས། །སྤྲུལ་པའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །ཀུན་ཁྱབ་ནམ་འཁའ་ལྟ་བུའི་དོན་དུ་དགོངས། །ལྷུན་གྲུབ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ན། །མ་གཡོས་ངང་ལས་གཡོ་བའི་ཆོ་འཕྲུལ་གྱིས། །བོན་གྱི་སྐུ་ལ་མཚན་དཔེ་ཡོངས་སུ་རྫོགས། །གང་ལ་གང་འདུལ་གང་མོས་སྐུ་རུ་བསྟན། །སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ངང་ཉིད་ནས། །ཅིར་ཡང་སྤྲུལ་སྐུའི་ཐུགས་ཀྱི་དཀྱིལ་དུ་བཤད། །མཐའ་དབུས་མེད་པ་འོད་ཀྱི་སྙིང་པོ་ཅན། །མཁའ་ལ་ཉི་ཤར་ལྟ་བུའི་དོན་དུ་དགོངས། །7ཞེས་པའི་སྐབས་ཀྱི་དོན་གསལ་བོར་བཀྲལ་ན། གོང་ནས་གླེང་བ་ལྟར་ངོ་བོ་སྐྱེ་མེད་སྟོང་བ་ཡེ་ཀ་དག་གི་ཆ་ལ་ཡེ་ཉིད་ཀྱི་སྟོན་པ་བརྗོད་མེད་བོན་སྐུའམ་ཡེ་ཉིད་ཀྱི་སྟོན་པ་ཀུན་ཏུ་བཟང་པོའི་ཐ་སྙད་བཏག་པ་དང་། ངོ་བོ་ཀ་དག་ལ་བོན་ཉིད་ཁྱབ་བདལ་དུ་གནས་པས་ན་དེ་ལ་བོན་ཉིད་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ཞེས་གནས་ཀྱི་ཐ་སྙད་བཏག་པ་ཡིན། ཡེ་ཀ་དག་གི་ང་བོ་ལ་ལྷུན་གྲུབ་རིག་པའི་རྩལ་ལམ་ཐུགས་རྗེ་ངང་གནས་ཡིན་པས། དེ་ལ། རང་འབྱུང་ཀ་དག་སྐྱེ་མེད་ངང་ཉིད་ནས། །ཐུགས་རྗེའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད།།ཅེས་བཤད་པའི་ཐ་སྙད་བཏག་པ་ཡིན། དེ་བཞིན་དུ། རང་བཞིན་གསལ་བ་ཐུགས་རྗེ་འགག་མེད་ལྷུན་གྲུབ་རིག་པའི་རྩལ་ལ་ཐུགས་རྗེ་སྟོན་པ་ཀུན་ཏུ་བཟང་པོའི་ཐ་སྙད་བཏག་པ་ཡིན་ལ། ལྷུན་གྲུབ་རིག་པའི་རྩལ་གཡོ་བ་མེད་པ་ཁྱབ་བདལ་དུ་གནས་པ་དེ་ལ་མི་གཡོ་ཁྱབ་བདལ་དབྱིངས་ཀྱི་འོག་མིན་ཞེས་གནས་ཀྱི་ཐ་སྙད་བཏག ལྷུན་གྲུབ་རིག་པའི་རྩལ་གཡོ་བ་མེད་པའི་ངང་ལས་ཐུགས་རྗེ་གཡོས་པ་དེ་ལ། ཐུགས་ཉིད་གཡོ་བ་མེད་པའི་ངང་ཉིད་ནས། །སྤྲུལ་པའི་སྟོན་པའི་ཐུགས་ཀྱི་དཀྱིལ་དུ་བཤད། །ཅེས་བཤད་པའི་ཐ་སྙད་བཏག་པ་སྟེ། དོན་ལ་རིག་པ་རྒྱུན་གཅིག་གི་སྟོང་གསལ་གཉིས་སམ་ཀ་དག་ལྷུན་གྲུབ་ཀྱི་ཆ་ལ་དགོངས་བརྒྱུད་སྔ་མ་གཉིས་དང་དེ་ལས་འཕྲོས་པའི་རིག་པའི་རྒྱུད་སྐད་ཅིག་ཕྱི་མ་ལ་དགོངས་བརྒྱུད་གསུམ་པའི་ཐ་སྙད་བཏག་པ་དང་སྔ་མ་ལས་ཕྱི་མ་འཕྲོས་པའི་དུས་སྐབས་དེ་ལ་བཤད་ཅེས་ཐ་སྙད་བཏག་ནས་བརྗོད་པ་ཡིན་ལ། རྣམ་ཐར་དུ་དགོངས་བརྒྱུད་གཉིས་པ་དང་གསུམ་པའི་སྐབས་སུ་བཞེད་པ་ལྟར་ཏིང་ངེ་འཛིན་གྱི་མཆོད་པ་བསམ་དུ་མེད་པ་ཕུལ་ནས་ཐུགས་དམ་གྱི་རྒྱུད་བསྐུལ་བས། ཞེས་དང་ཡང་། དེ་ནས་སྟོན་པ་དེས་བླ་ན་མེད་པའི་མཆོད་པ་ཕུལ་ནས་ཞུས་པ། ཞེས་ཐུགས་དམ་གྱི་རྒྱུད་བསྐུལ་དང་ཞུས་པ་སོགས་རང་རེ་གང་ཟག་ཕལ་བ་དག་གིས་བླ་མའི་མདུན་ནས་གདམས་ངག་ཞུ་བའི་ཚུལ་ལྟར་བཞེད་པ་ནི་ངེས་དོན་མ་རྟོགས་པའི་གཏམ་དུ་ཟད་དོ།།
ལྷག་པར་དུ་རྣམ་ཐར་དུ་དགོངས་བརྒྱུད་གསུམ་པ་འགྲོ་བ་འདྲེན་པའི་གཤེན་རབ་ཆེན་པོ་ཞེས་པའི་གནས་ལ་འཇིག་རྟེན་གཙང་མ་ལྷ་ཡི་འོག་མིན་ཞེས་པ་གཟུགས་ཁམས་བཅུ་བདུན་གྱི་ཡ་ཐ་གཙང་མ་རིགས་ལྔའི་ཐོག་མ་སྟེ་འོག་མིན་དུ་བཞེད་ཡོད་ལ། སྟོན་པའི་སྐབས་སུ། གོང་ནས་འགྲོ་བ་འདྲེན་པའི་གཤེན་རབ་ཆེན་པོ་དེས་དགའ་ལྡན་ལྷ་ཡི་ཡུལ་ནས་འཇིག་རྟེན་མིའི་ཡུལ་དུ་སྟོན་པ་ལ་གཤེགས་ཏེ། འགྲོ་བ་རབ་འདྲེན་འོད་ཀྱི་མཆོད་རྟེན་ལ་ཡིད་ཀྱིས་བབས། སྟོན་པ་ལྷ་ལས་བབས་པའི་མཆོད་རྟེན་ཞེས་དེ་ལ་བྱའོ། །ཞེས་སྟོན་པ་འཆི་མེད་གཙུག་ཕུད་འཇིག་རྟེན་མིའི་ཡུལ་དུ་སྟོན་པ་གཤེན་རབ་མི་བོའི་སྐུ་རུ་བྱོན་ཚུལ་དང་མཚུངས་པར་འཇིག་རྟེན་མིའི་ཡུལ་དུ་བབས་ཞེས་གསུངས་ཤིང་། འོག་ནས། དེ་ནས་ཡུམ་བཟང་ཟ་རིང་བཙུན་མཆོད་རྟེན་ལ་བསྐོར་བ་མཛད་པ་ལ། ཡི་གེ་ཨཱོྃ་མཐིང་ནག་གཅིག་ཏུ་སྤྲུལ་ནས་ལྷུམས་སུ་ཞུགས། ཟླ་དགུ་ངོ་བཅུ་ནས་གསལ་བ་འོད་ཀྱི་གླིང་། མེ་ཏོག་མཛེས་པའི་ཚལ། ཤིང་སྐྱེ་བ་མོང་ཙམ་གྱི་དྲུང་དུ། དཔྱིད་ཟླ་ར་བའི་ཚེས་བརྒྱད། སྐར་མ་སྨིན་དྲུག གཟའ་ཉི་མ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ་ལ་སྐྱེ་བ་བཞེས་ཏེ། འོད་ཀྱི་ལྷ་རི་སྤོ་མཐོན་གྱི་རྩེ་མོ་རུ། ཁམས་བརྒྱད་གཏན་ལ་ཕབ་པའི་འབུམ་གསུངས་ཤིང་། ཞེས་ཡུམ་ཆེན་བཟང་ཟ་རིང་བཙུན་མ་ལས་སྟོན་པ་འཆི་མེད་གཙུག་ཕུད་ལྷ་ཡུལ་ནས་འཁྲུངས་པ་འདྲ་བཞེད་པས་སྔ་ཕྱི་འགལ་བ་མང་ལ་རྙོག་དྲྭ་བཟོས་པ་མ་གཏོགས་ཡིད་རྟོན་དུ་རུང་བ་ཞིག་མེད་དོ། །འདི་ནི་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་བའི་སྐོར་ལ་འབྲེལ་བ་ཡོད་པས་དེའི་དོན་འོག་ནས་གླེང་རྒྱུ་ཡིན་པས་འདིར་མིན་ནོ། །
ད་དུང་འོག་ནས་དགོངས་བརྒྱུད་བཞི་བ་རིག་པའི་སྟོན་པ་ཚད་མེད་འོད་ལྡན་ལ་བརྒྱུད་ཚུལ་གསུངས་དུས་གོང་གི་འགྲོ་བ་འདྲེན་པའི་གཤེན་རབ་ཆེན་པོ་དེ་སྟོན་པ་གཤེན་རབ་མི་བོ་ཡིན་པར་བཞེད་པའང་ཆེས་དགོད་བྲོ་བ་ཞིག་སྟེ། ཞང་ཞུང་སྙན་བརྒྱུད་ཀྱི་དགོངས་བརྒྱུད་དགུའི་སྐབས་སུ། སྟོན་པ་འཆི་མེད་གཙུག་ཕུད་ཀྱང་དགོངས་བརྒྱུད་བརྒྱད་པ་ཡིན་པ་ཀུན་ནས་གསལ་ན། དེའི་སྐྱེ་བ་ཕྱི་མར་གྱུར་བའི་སྟོན་པ་གཤེན་རབ་མི་བོ་དགོངས་བརྒྱུད་སྟོན་པ་གསུམ་པར་ཅི་ལྟར་འགྱུར་ཏེ་མི་སྲིད་དོ། །
སྤྱིར་འཆི་མེད་གཙུག་ཕུད་ཀྱི་སྔོན་དུ་བྱོན་པའི་གཤེན་རབ་ཆེན་པོ་བརྗོད་དུས་སྟོན་པ་གཤེན་རབ་མི་བོ་ངོས་བཟུང་ན་དུས་གོ་ལོག་པ་སོགས་ཀྱི་སྐྱོན་ཡོད་པར་དགོངས་ནས། མཁས་གྲུབ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང་ལས། འདིའི་གཤེན་རབ་ནི་རྫོགས་པའི་གཤེན་རབ་ཅེས་ཚེ་ལོ་འབུམ་པའི་གོང་དུ་བྱོན་པ་སྟེ། མདོ་འདུས་ལས་ཀྱང་། འབུམ་པའི་གོང་དུ་བྱོན་པའི་གཤེན་རབ་དང་། བརྒྱ་བར་འབྱོན་པའི་གཤེན་རབ་གཉིས་སུ་བཤད་ལ། མཆོད་རྟེན་གྱི་གཞུང་ལས་ཀྱང་། སྟོན་པ་གཤེན་རབ་དང་བརྒྱ་བའི་གཤེན་རབ་སོ་སོར་གསུངས་པར་ངེས་སོ། །8ཞེས་གསལ་བཤད་མཛད་ཡོད་མོད། འོན་ཀྱང་འདི་དུས་སུ་བྱུང་བའི་འགྲོ་བ་འདྲེན་པའི་གཤེན་རབ་ཆེན་མོ་ཞེས་པ་ནི་དེ་གང་ཡང་མ་ཡིན་པར། གོང་ནས་གླེང་བའི་བྲུ་རྒྱལ་དང་སྤ་སྟོན་གཉིས་ཀྱི་དགོངས་པ་ནོར་བ་ལས་བྱུང་བ་སྟེ། ཞང་ཞུང་སྙན་བརྒྱུད་ཀྱི་དགོངས་པ་དང་ཡེ་མི་མཐུན་ནོ། །
དེ་ཡང་དོན་ངོ་མ་ནི་གཞི་ཀ་དག་གི་ཆ་ལ་དགོངས་བརྒྱུད་དང་པོ་ཡེ་ཉིད་ཀྱི་སྟོན་པ་བརྗོད་མེད་བོན་སྐུ་དང་། གཞི་ལྷུན་གྲུབ་ཀྱི་ཆ་ལ་ཐུགས་རྗེ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་དགོངས་བརྒྱུད་སྔ་མ་གཉིས་ནི་སྐུ་གསུམ་ལས་བོན་སྐུ་དང་། དགོངས་བརྒྱུད་གསུམ་པ་སྤྲུལ་པའི་སྟོན་པ་གཤེན་ལྷ་འོད་དཀར་ནི་ལོངས་སྤྱོད་རྫོགས་པའི་སྐུ་དང་། དགོངས་བརྒྱུད་བཞི་བ་རིག་པའི་སྟོན་པ་ནི་ཅིར་ཡང་སྤྲུལ་བའི་སྐུ་ཡིན་ཏེ། བྱང་ཆུབ་སེམས་ཀྱི་གནད་བྱང་ཐིག་ལེ་ཉག་གཅིག་ལས། སྤྲུལ་བའི་སྟོན་པ་གཤེན་ལྷ་འོད་དཀར། ཆུ་ཟླའི་དཀྱིལ་འཁོར་ལྟར་གསལ་བར་འཚེར་བ། སྐུ་སྣང་ལ་རང་བཞིན་མེད་པ། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ། འཁོར་དང་ཞིང་ཁམས་དང་བཅས་པར་གྱུར་ཏོ། །དེ་ཡི་ཐུགས་རྗེའི་འོད་ཟེར་ལས། ཐུགས་རྗེ་མ་འགག་པའི་རྩལ་དུ། རིག་པ་འོད་ཀྱི་ཁྱེའུ་ཆུང་ཞེས་ཀྱང་བྱ། ཅིར་ཡང་སྤྲུལ་བའི་སྟོན་པ་གཤེན་ཚད་མེད་འོད་ལྡན་ཞེས་བྱ་བ་འབྱུང་སྟེ།9 ཞེས་པ་ལས་གསལ་ལ། བྲུ་མཁས་བཙུན་རྒྱལ་བ་གཡུང་དྲུང་གིས་འདིའི་དོན་མ་རྟོགས་ནས། སྔོན་འགྲོའི་གསོལ་འདེབས་སུ། ཀུན་ཏུ་བཟང་པོ་བོན་སྐུ་བདེ་བའི་ངང་། །གཤེན་ལྷ་འོད་དཀར་མཚན་དཔེ་རྫོགས་པའི་སྐུ། །རྒྱལ་བ་གཤེན་རབ་ཐུགས་རྗེ་བཞི་ལྡན་གཤེན། །ཚད་མེད་འོད་ལྡན་འགྲོ་བ་འདྲེན་པའི་གཤེན། །10ཞེས་འདིའི་སྐབས་ཀྱི་ཚད་མེད་འོད་ལྡན་ནི་ཅིར་ཡང་སྤྲུལ་བའི་སྐུ་ཡིན་པ་མ་དགོངས་ནས། གཤེན་ལྷ་འོད་དཀར་དང་ཚད་མེད་འོད་ལྡན་གྱི་བར་དུ་སྙན་རྒྱུད་ཀྱི་དགོངས་དོན་དང་ཡེ་མི་མཐུན་པའི་རྒྱལ་བ་གཤེན་རབ་ཅེས་ཅིར་ཡང་སྤྲུལ་སྐུའི་ཚུལ་དུ་བཀོད་འདུག་པ་ནི་ཆེས་དགོད་བྲོ་བའི་གནས་ཡིན་ལ། དེ་བས་ཚིག་བཤད་དེ་དག་ནི། བརྗོད་མེད་བོན་སྐུ་ངོ་བོ་ཀ་ནས་དག །ཀུན་ཏུ་བཟང་པོ་རིང་བཞིན་ལྷུན་གྱིས་གྲུབ། །གཤེན་ལྷ་འོད་དཀར་མཚན་དཔེ་རྫོགས་པའི་སྐུ། །ཚད་མེད་འོད་ལྡན་འགྲོ་བ་འདྲེན་པའི་གཤེན། །ཞེས་སུ་བསྒྱུར་བཅོས་བྱེད་དགོས་པར་འདུག ཅེས་ཀྱང་རྒྱ་ཆེ་བའི་གཡུང་དྲུང་སྤུན་མཆེད་རྣམས་ལ་གྲོས་འདེབས་སུ་ཕུལ་བ་ཡིན།
བཞི་བ། དགོངས་བརྒྱུད་སྟོན་པ་དྲུག་པ་བར་སྣང་ཁུ་བྱུག་གི་སྐོར་གླེང་བ།
ཞང་ཞུང་སྙན་རྒྱུད་བརྒྱུད་པའི་བླ་མའི་རྣམ་ཐར་ལས་ཁུ་བྱུག་རང་འགྲེལ་གྱི་ལུང་དྲངས་ནས། དགོངས་རྒྱུད་སྟོན་པ་དྲུག་པ་སྟེ་བར་སྣང་ཁུ་བྱུག་ནི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་སྤྲུལ་བའི་ཁུ་བྱུག་དེ་ཡིན་པ་གསུངས་ལ། དེ་ལ་འདི་ཙམ་དུ་མ་གསལ་ད་དུང་དགོངས་པ་དགྲོལ་དགོས་པ་ཞིག་འདུག་སྟེ། སྤྱིར་བོན་གྱི་ཡིག་ཆ་ཁག་ལས། ཁུ་བྱུག་རང་འགྲེལ་ལས་གསུངས་པའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་སྤྲུལ་བའི་གཡུ་བྱ་ཁུ་བྱུག་གཅིག་དང་།11 རྩ་རྒྱུད་ཉི་ཟེར་སྒྲོན་མ་12དང་སྤྱི་སྤུངས་དོན་རྒྱུད་13སོགས་ལས་བཞེད་པའི་འཕྲུལ་གཤེན་སྣང་ལྡན་གྱིས་སྤྲུལ་བའི་གཡུ་བྱ་ཁུ་བྱུག་ཡུམ་བཟང་ཟ་རིང་བཙུན་གྱི་ཕྲག་ཏུ་བབས་པ་དེ་དང་། འཆི་མེད་གཙུག་ཕུད་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས། འོག་མིན་བོན་གྱི་དབྱིངས། ཁྲི་འཕང་དགུ་འདུས་ཀྱི་ཡང་གོང་དུ་གཤེགས་14ཞེས་པ་དང་། མདོ་དྲི་མེད་གཟི་བརྗིད་15དང་དྲི་མེད་རྩ་མདོ་16སོགས་སུ་གསལ་བ། ཡུམ་ཆེན་ཡོ་ཕྱི་རྒྱལ་བཞད་མས་འགྲོ་བ་རབ་འདྲེན་འོད་ཀྱི་མཆོད་རྟེན་ལ་བསྐོར་བ་མཛད་པའི་དུས་སུ། སྟོན་པ་བློ་གསལ་འཆི་མེད་གཙུག་ཕུད་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་འགྲོ་བ་རབ་འདྲེན་འོད་གྱི་མཆོད་རྟེན་གྱི་རྩེ་རུ་བབས་ནས་གསུང་ལྷང་ལྷང་ཐེངས་གསུམ་བསྒྲགས་པ་དེ་དང་། རྫུ་འཕྲུལ་རིག་པ་ཁུ་བྱུག་གི་མདོ་ལས་17གསུངས་པའི་ཙན་དན་ལྗོན་པའི་རྩེ་མོ་རུ་སྟོན་པ་གཤེན་རབ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་བ་སོགས་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་བའི་སྟོན་པ་ཉུང་མཐའ་འང་བཞི་ཙམ་ཡོད་པར་སྣང་ལ།
དེ་ཡང་རིག་པ་ཁུ་བྱུག་གི་གཞུང་ལས། སྟོན་པ་ཐུགས་རྗེ་ཆེར་ལྡན་པས། །གསུང་ལས་སྤྲུལ་བའི་ཁུ་བྱུག་ནི། །ཡུམ་ལ་ཆགས་ནས་དངོས་པོར་བྱུང་། དངོས་པོ་ཉིད་ལ་དངོས་པོ་མེད། །ཅེས་པ་ལ་ཁུ་བྱུག་རང་འགྲེལ་ལས། སྟོན་པ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་གྱི་ཐུགས་རྗེ་ཆེན་པོས་བྱིན་གྱི་བརླབས་པ་ལས། རང་བཞིན་མེད་པའི་གསུང་བྱུང་། གསུང་དེ་ལས་སྤྲུལ་པ་སྟེ། འདབ་ཆགས་ཀྱི་རྒྱལ་པོ་གཡུ་བྱ་ཁུ་བྱུག་གཡུ་ག་ལྗང་གི་མདོག་འདྲ་བ་གཅིག བོན་ཉིད་ཀྱི་དབྱིངས་ནས་འཇིག་རྟེན་གྱི་གནས་སུ་གཤེགས། ཞེས་པ་ནས། ས་གནས་དང་ཡབ་ཡུམ། བསྟན་པའི་རྒྱལ་ཐེབས། ཐུགས་རྗེ་ཞིང་ས་བཅས་གཟིགས་ཚད་རྣམ་པ་བཞིའི་སྒོ་ནས་དངོས་པོར་བྱུང་པ་ནི། ཡུམ་བཟང་ཟ་རིང་བཙུན་ལས་འཁྲུངས་ནས། ཞེས་དང་། དང་པོ་སྟོན་པ་གཤེན་ལྷ་འོད་དཀར་གྱི་ཐུགས་རིག་པའི་ཡེ་ཤེས་ལས། བདེན་པ་དོན་གྱི་གསུང་བྱུང་། བདེན་པ་དོན་གྱི་གསུངས་ལས། གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ཏེ་བཏང་། དེ་ལས་གཤེན་འཆི་མེད་གཙུག་ཕུད་དུ་སྐུ་བསྟན་ནས།18 ཞེས་སོགས་ནས་རྒྱ་ཆེར་གསུངས་པ་ནི་སྟོན་པ་གཤེན་ལྷ་འོད་དཀར་ལས་འཆི་མེད་གཙུག་ཕུད་སྤྲུལ་ཚུལ་བཤད་པ་ཡིན་ལ། དོན་ལ་འཆི་མེད་གཙུག་ཕུད་ཀྱི་ཤེས་རྒྱུད་བྱུང་ཚུལ་བསྟན་པ་དང་། ཡང་གསས་མཁར་ཞི་བ་གཡུང་དྲུང་ཡོངས་རྫོགས་ཀྱི་གཞུང་ལས། གཤེན་ཁྲི་བཞི་ནམ་ཏིང་བྱ་བ་ཞིག་འཁྲུངས། དེ་ལ་ཡང་ཤེལ་གྱི་མི་ལ་གཡུའི་གཙུག་ཕུད་ཅན་དེ་གཟིགས། གཤེན་དེས་སྤྲུལ་པ་གསུམ་བཏང་བ་ལ། སྐུ་གཡུའི་བྱ་ཁུ་བྱུག་ཏུ་སྤྲུལ། གསུང་ཡི་གེ་ཨ་དཀར་དུ་སྤྲུལ། ཐུགས་ཤེལ་མི་དུ་མར་སྤྲུལ། ལྷ་མོ་དེ་རྒྱ་མཚོའི་གླིང་ལ་རྣལ་བའི་རྨི་ལམ་ལ། སྤྱི་བོར་ཡི་གེ་ཨ་དཀར་པོ་འོད་དང་ལྡན་པ་ཅིག་ཐིམ་ནས་ཁོང་དུ་གསོལ་ལོ། །ཤེལ་གྱི་བུམ་པ་ལ་གཡུ་ཡི་ཁ་རྒྱན་ཅན། བདུད་རྩི་ཞལ་ཟས་རོ་མཆོག་བརྒྱད་དང་ལྡན་པ། ནངས་རེ་ནུབ་རེ་གཅིག་འཚལ་བ་རྨིས་སོ། །ཞེས་སོགས་སྟོན་པ་ཁྲི་བཞི་ནམ་ཏིང་སྐུ་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ནས་ཡུམ་བཟང་ཟ་རིང་བཙུན་གྱི་འཕྲག་པ་གཡས་སུ་ཆགས་ནས། གསུང་ལྷང་ལྷང་སྒྲོག་ཅིང་དྲོད་བརླན་ཙམ་ཞིག་མཛད་ནས་ནམ་མཁའ་ལ་འཕུར་19ཞེས་པ་དང་། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་ཐུགས་ཀྱི་བརྣག་པ་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལས། དེའི་དུས་དེའི་ཚེ་ན། བོན་སྐུ་ཀུན་ཏུ་བཟང་པོ། ནམ་མཁའ་ལྟར་ཡོངས་ལ་ཁྱབ་ཅིང་། རྫོགས་སྐུ་གཤེན་ལྷ་འོད་དཀར་ཉི་ཟླ་ལྟར་ཀུན་ལ་སྙོམས་ཀྱང་། སྤྲུལ་སྐུ་ཉི་ཟེར་ལྟ་བུའི་འགྲོ་བ་སེམས་ཅན་གྱི་དོན་མཛད་པའི་ཕྱིར་དུ། གཤེན་ཁྲི་བཞི་ནམ་ཏིང་སྤྲུལ་པའི་སྐུར་བསྟན་ནས། འཕྲུལ་གཤེན་སྣང་ལྡན་དུ་མཚན་གསོལ་བ་དེ། གཡུ་བྱ་ཁུ་བྱུག་གཅིག་ཏུ་སྤྲུལ་ནས། ཡུམ་བཟང་ཟ་རིང་བཙུན་མཚོའི་འགྲམས་དུ་གཟིམ་པའི་ཕྲག་གཡས་སུ་བབ་ནས། དྲོད་རླན་པས་ཡུམ་གྱི་རྨི་ལམ་དུ། མཁའ་ཀློང་དབྱིངས་ལས་ཡེ་ཤེས་འོད་ཤར་བས། །ཐབས་དང་ཤེས་རབ་བསམ་འདས་སྤྲུལ་པ་འགྱེད། །དགོས་འདོད་འབྱུང་བ་ཡིད་བཞིན་རིན་པོ་ཆེ། །བཀུར་བསྟི་རིམ་གྲོ་བྱི་དོར་ལེགས་པར་གྱིས། །འགྲོ་བའི་དཔལ་འགྱུར་ཨེ་མ་ངོ་མཚར་ཆེ། །20ཞེས་གསུངས་པ་ནི་སྟོན་པ་འཆི་མེད་གཙུག་ཕུད་ཀྱི་ལུས་སྐྱེད་བྱེད་ཀྱི་རྒྱུ་རུ་བསྟན་པ་ལྟར་དུ་སྣང་ཡང་། དོན་ལ་གོང་གི་ཁུ་བྱུག་རང་འགྲེལ་གྱི་སྟོན་པ་ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་གྱི་ཐུགས་རྗེ་ཆེན་པོས་བྱིན་གྱི་བརླབས་པ་ལས། རང་བཞིན་མེད་པའི་གསུང་བྱུང་། གསུང་དེ་ལས་སྤྲུལ་པ་སྟེ། ཞེས་པའི་སྐབས་ཀྱི་རང་བཞིན་མེད་པའི་གསུང་དང་འཕྲུལ་གཤེན་སྣང་ལྡན་གཉིས་ནི་ངོ་བོ་གཅིག་ཏུ་ངེས་པས་ལུང་དོན་གཅིག་ཏུ་བབས་པས་འགལ་བར་མི་སེམས་ཏེ། གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་ཐུགས་ཀྱི་བརྣག་པ་དཔལ་གསང་བ་འདུས་པ་དོན་གྱི་རྒྱུད་ལས། སྤྲུལ་པའི་སྐུ་རང་འབྱུང་དུ་བཞུགས་པ་དེས་གསུངས་པ། ཉོན་ཅིག་ལྷ་ཡི་དབང་པོ་ལ་སོགས་འཁོར། །བདག་ནི་འོག་མིན་འཐུག་པོ་བཀོད་པ་ཡི། །ཀུན་ཏུ་བཟང་པོ་གསུང་གི་རང་བཞིན་ལ། །འགག་མེད་རང་གྲོལ་འགྲོ་བ་འདུལ་ཆེད་དུ། །སྟོན་པའི་སྒྲོན་མ་སྟོང་ཕྲག་དུ་མ་འབྱུང་། །དེ་དག་ཐམས་ཅད་ཐབས་ཤེས་རྟེན་འབྲེལ་མཛད་ནས་སུ། །འགྲོ་བ་རང་མཐུན་ཆ་ལུགས་བསྟན་པའི་ཕྱིར། །བདག་ནི་ཐབས་མཆོག་ཡབ་ཀྱི་མཁའ་རུ་གསལ། །མཁའ་ལྟར་ངང་ཉིད་གཡོ་བ་མེད། །གཡོ་མེད་ཐུགས་ལས་མཁྱེན་པའི་འོད་ཤར་བས། །འགྲོ་བ་སེམས་ཅན་སྨྲག་གི་མུན་པ་སེལ། །གཡུང་དྲུང་བོན་གྱི་བསྟན་པ་དར་རྒྱས་འབྱུང་། །ཞེས་གསུངས་སོ། །དེ་ལ་ལྷ་ཐམས་ཅད་ཀྱང་དགའ་བ་མོང་པོ་བསྐྱེད་ནས། ཤིན་ཏུ་སྙན་པའི་སྒྲ་ཐོས་ཏེ། ལྷ་ཡི་རོལ་མོ་མངོན་པར་སྣང་བ་ཞེས་བྱ་བ། མཆོད་པའི་སྤྲིན་ཆེན་པོ་ཕུལ་ནས། ལྷ་ཡི་དབང་པོ་ཡིས་མཚན་ནས་བསྟོད་པའི་ཚིག བོན་ཉིད་དབྱིངས་ནས་ཐུགས་རྗེ་ཡོངས་ལ་ཁྱབ། །འགྲོ་བ་སེམས་ཅན་བུ་ལྟར་དགོངས་པའི་ཡབ། །ཐབས་ཆེན་མཁའ་ལ་རྫོགས་པའི་སྐུར་བསྟན་ཅིང་། །རྣམ་སྤྲུལ་ཐ་དག་སྤྲུལ་པར་འགྱེད་པའི་འཕྲུལ། །དབྱིངས་ནས་སྐུར་སྤྲུལ་མཁའ་ལ་རྫུ་འཕྲུལ་འགྱེད། །དོག་ལ་སེམས་ཅན་འགྲོ་དོན་དགོངས་པའི་གཤེན། །མཁྱེན་པའི་ཐུགས་ལས་བརྩེ་བའི་འོད་ཤར་ཞིང་། །སྣང་བ་ཆེན་མོ་ཡོངས་ལ་ཁྱབ་པར་སྣང་། །ཚད་མེད་བཞི་ལྡན་བྱམས་པའི་དམག་དཔུང་གིས། །དུག་ལྔ་དགྲ་བཅོམ་ཡེ་ཤེས་ལྡན་པའི་ལྡན། །འཕྲུལ་གཤེན་སྣང་ལྡན་སྐུ་ལ་ཕྱག་འཚལ་ལོ། །21ཞེས་འཕྲུལ་གཤེན་སྣང་ལྡན་ནི་ཀུན་ཏུ་བཟང་པོའི་གསུང་གི་རང་བཞིན་ཡིན་པ་གསལ་བས། ཀུན་ཏུ་བཟང་པོ་གཤེན་ལྷ་འོད་དཀར་གྱི་རང་བཞིན་མེད་པའི་གསུང་ལས་གཡུ་བྱ་ཁུ་བྱུག་སྤྲུལ་ཞེས་པ་དང་འཕྲུལ་གཤེན་སྣང་ལྡན་གཡུ་བྱ་ཁུ་བྱུག་ཏུ་སྤྲུལ་ཞེས་པ་གཉིས་དོན་གཅིག་ཏུ་བབ་པ་ཡིན་པས་མི་གཉིས་ལ། བར་ཀློང་གི་སྟོན་པ་བར་སྣང་ཁུ་བྱུག་ཞེས་པའང་འདི་ཉིད་ཡིན་ནོ།།
ཞེས་གྲོགས་པོ་ཞིག་དང་ཞང་ཞུང་སྙན་རྒྱུད་ཀྱི་དགོངས་བརྒྱུད་དགུའི་སྐོར་གྱི་བགྲོ་གླེང་བྱས་པའི་རྐྱེན་གྱིས་བསྐུལ་བ་ལ་བརྟེན་ནས་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོས་ལུང་རིགས་ཚད་མའི་སྲང་ལ་བཞལ་ནས་སྦྱར་བ་འདིའང་རང་རིག་ཁུངས་ནས་འཆར་བའི་རྐྱེན་དམ་པར་གྱུར་ཅིག་གུ
དཔྱད་མཆན།
1 《གངས་ཏི་སེ་བོན་གཞུང་རིག་མཛོད》 མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། པོད་དང་པོ། ཤོག་ངོས་༩༠ན་གསལ།
2 ཞང་ཞུང་སྙན་རྒྱུད་ཀྱི་གསུང་པོད་སྡེ་དགེའི་ཤིང་པར་མ། ཚན་པ་ཀ་པར་གསལ།
3 ཞང་ཞུང་སྙན་རྒྱུད་ཀྱི་གསུང་པོད་སྡེ་དགེའི་ཤིང་པར་མ། ཚན་པ་ཐ་པར་གསལ།
4 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༧༡ ཤོག་ངོས་༣ན་གསལ།
5 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༧༡ ཤོག་ངོས་༢༦དང་༧༢ན་གསལ།
6 ཞང་ཞུང་སྙན་རྒྱུད་ཀྱི་གསུང་པོད་སྡེ་དགེའི་ཤིང་པར་མ། ཚན་པ་ཀ་པར་གསལ།
7 ཞང་ཞུང་སྙན་རྒྱུད་ཀྱི་གསུང་པོད་སྡེ་དགེའི་ཤིང་པར་མ། ཚན་པ་ཐ་པར་གསལ།
8 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན། 《སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་གསུང་འབུམ་ཕྱོགས་བསྒྲིགས》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༩ལོར། པོད་དང་པོ། ཤོག་ངོས་༢༤ན་གསལ།
9 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༧༡པའི་ཤོག་ངོས་༢༧དང་༧༣ན་གསལ།
10 《གངས་ཏི་སེ་བོན་གཞུང་རིག་མཛོད》 མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོར། པོད་དང་པོ། ཤོག་ངོས་༩༠ན་གསལ།
11 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༧༢པའི་ཤོག་ངོས་༣༧༢ན་གསལ།
12 ཁྲི་བསོད་བསྟན་གྱི་གཙོ་སྒྲིག་མཛད་པའི་《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོར། པོད་བཞི་པ། ཤོག་ངོས་༥༧ན་གསལ།
13 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༤༦པའི་ཤོག་ངོས་༤༧ན་གསལ།
14 ཁྲི་བསོད་བསྟན་གྱི་གཙོ་སྒྲིག་མཛད་པའི་《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོར། པོད་བཞི་པ། ཤོག་ངོས་༥༩ན་གསལ།
15 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༤བའི་ཤོག་ངོས་༥༤༢ན་གསལ།
16 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༢༦པའི་ཤོག་ངོས་༣༢ན་གསལ།
17 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༥༥བའི་ཤོག་ངོས་༥༨ན་གསལ།
18 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༧༢ ཤོག་ངོས་༣༦༨དང་༣༧༢ན་གསལ།
19 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༤༧ཤོག་ངོས་༧་ལས་གསལ།
20 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༤༦པ། ཤོག་ངོས་༥༢་ན་གསལ།
21 ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་གྱིས་གཙོ་སྒྲིག་མཛད་པའི། 《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར།》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༩ལོར། པོད་༡༤༦ཤོག་ངོས་༤༧ན་གསལ།