མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་དཀྱིལ་འཁོར་ས་བོན་སྐོར་གྱི་དོགས་སེལ།

[ཟླ་ཚེས། 2020-02-27 21:35:54][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་དཀྱིལ་འཁོར་ས་བོན་སྐོར་གྱི་དོགས་སེལ།

  ཉེ་ཆར་རང་གི་ཕ་ཡུལ་གྱི་བོན་པོ་ལྷག་བསམ་ཅན་ཞིག་གིས་སྦྱིན་བདག་མཛད་དེ་ཀུན་གྲོལ་འཇའ་ཚོན་སྙིང་པོའི་གཏེར་མ་མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་དཀྱིལ་འཁོར་རས་བྲིས་སྤུས་ལེགས་ཤིག་བཞེངས་འདུག་པ་དེ་ངོས་ལ་ཞུ་དག་བྱེད་རྒྱུ་ལྟ་བུར་བསྟན་བྱུང་བ་ལ། མ་གཞི་རང་ཉིད་དཀྱིལ་འཁོར་སྐོར་དང་ལྷག་དོན་རྦོད་གཏོང་དཀྱིལ་འཁོར་སྐོར་ལ་རྒྱུས་མངའ་མི་ཆེ་སྟབས་ཐད་ཀར་འགྲིག་དང་མི་འགྲིག་གི་ཁ་དམར་བཏགས་མ་ཐུབ་ཀྱང་འབྲེལ་ཡོད་ཡིག་ཆ་འགའ་ལ་དཔྱད་བསྡུར་ཞུས་པས་གཞི་རྩའི་ཐིག་དང་ཚོན་རིས་རྣམས་གཞུང་དང་མཐུན་པར་སྣང་། འོན་ཏེ་ནང་གི་ལྷ་ཡི་ས་བོན་འགའ་ཞིག་ལ་དོགས་གཞི་བྱུང་བར་དེ་དག་གང་ཡིན་ཞིབ་ཏུ་དཔྱད་པ་ལས་མཐར་དོགས་པ་སེལ་ཐུབ་པ་བྱུང་། དེ་ཡང«རྦོད་གཏོང་སྔོན་འགྲོ་བསྙེན་པའི་གཞི་མ་སྒོ་དགུ»ལས། “ས་བོན་དབུས་སུ་བསྭོ་མ་ཁ་སྤྲོད་ལཿ དེ་རྒྱབ་མ་བཞི་ཛ་བཞི་དེའི་རྒྱབ་ཏུཿ གཡས་དུ་གཡོན་ཏྲི་མདུན་ཡ་རྒྱབ་དུ་༼ཏུ༽ཙཿ སྒོ་བཞི་ཛ་ཧཱུྃ་བྃ་ཧོ་རྣམས་༼རྣམ༽བཞི་བཀོདཿ ཕྱི་སྒོ་བཞི་ལ་ཧ་ལ་ཞ་ཧུ་འོཿ” ཞེས་དང་། དེའི་ལུང«ཕྱག་བཞེས»སུ་དྲངས་པ་ལས། “ས་བོན་དབུས་སུ་བསྭོ་མ་(འདི་ལ་སྲིད་རྒྱལ་ས་བོན་མ་གཙོ་བོ་བྱས་ཏེ་ཁ་ཤར་དང་ལྷ་རྒོད་ས་བོན་བསྭོ་ཁ་ནུབ་ཏུ་ཕྱོགས་དགོས་པར་གཞུང་གི་བབ་ལ་དཔྱད་ན་ཤེས་སོ།།)ཁ་སྤྲོད་ལ། དེ་རྒྱབ་མ་བཞི་ཛ་བཞི་དེའི་རྒྱབ་ཏུ་བྲི༼དེའི་རྒྱབ་ཏུ༽། །གཡས་དུ་གཡོན་ཏྲི་མདུན་ཡ་རྒྱབ་༼ཏུ༽ཙ། །སྒོ་བཞི་ཛ་ཧཱུྃ་བྃ་ཧོ་རྣམས་བཞི་བཀོད། །ཕྱི་སྒོ་བཞི་ལ་ཧ་ལ་ཞ་ཧུ་འོ། །”ཞེས་དང་། «ཁྱུང་སྤྲུལ་རིན་པོའི་ཆེའི་དཀྱིལ་འཁོར་ཐིག་རྩ»ལས། “ས་བོན་དབུས་སུ་བསྭོ་དང་མ། །ཁ་སྤྲོད་དེ་རྒྱབ་མ་ཛ་བརྒྱད། །དེ་རྒྱབ་གཡས་སུ༼དུ༽གཡོན་དུ་ཏྲི། །མདུན་ཡ་རྒྱབ་ཙ་སྒོ་བཞི་རིམ། །ཛ་ཧཱུྃ་བྃ་ཧོ་ཕྱི་སྒོ་བཞིར། །ཧ་ལ་ཞ་ཧུ་འགོད་པར་བྱ། །”ཞེས་གསལ། དེ་དག་ལས་དོགས་པ་འབྱུང་བཞི«ཁྱུང་སྤྲུལ་རིན་པོའི་ཆེའི་དཀྱིལ་འཁོར་ཐིག་རྩ»ལས། “ཁ་སྤྲོད་དེ་རྒྱབ་མ་ཛ་བརྒྱད། །”ཅེས་པའི་དོན་དཀྱིལ་འཁོར་དབུས་སུ་འཁོར་ལོ་རྩིབས་བཞི་ཕྱི་ནང་གསུམ་ཡོད་པའི་ནང་གི་རྩིབས་བཞི་ལ་མ་རེ་རེ་དང་། བར་གྱི་རྩིབས་བཞི་ལ་ཛ་རེ་རེ་དགོས་པ་ལས་རྩིབས་རེ་རེར་མ་ཛ་གཉིས་རེ་བཀོད་ན་རྩ་བའི་ལྷ་དང་གྲངས་མི་མཐུན་ཏེ། སྤྱིར་དམ་ཅན་རྒྱ་མཚོའི་ལྷ་འཁོར་བཅུ་གསུམ་ཡོད་པ་ལས་གཙོ་མོ་སྲིད་རྒྱལ་གྱི་ས་བོན་མ་དང་།(བསྭོ་དེ་ལྷ་རྒོད་ཀྱི་ས་བོན་ཡིན་པ་ལས་དམ་ཅན་རྒྱ་མཚོའི་ལྷ་འཁོར་བཅུ་གསུམ་གྱི་གྲལ་དུ་མི་བརྩིའོ།།) དེ་རྒྱབ་འཁོར་ལོ་རྩིབས་བཞིར་ལྷ་མོ་བཞིའི་ས་བོན་མ་བཞི། དེ་རྒྱབ་འཁོར་ལོ་རྩིབས་བཞིར་ཁྲོ་མོ་བཞིའི་(འདིར་རྒྱལ་མོ་རྣམ་གསུམ་དང་རྫུ་འཕྲུལ་སྨན་བཞི་སྡེ་ཚན་གྱི་དབང་དུ་མཛད་དེ་རེ་རེར་བརྩིས་ཡོད།) ས་བོན་ཛ་བཞི། དེ་རྒྱབ་འཁོར་ལོ་རྩིབས་བཞིར་བཀའ་ཉན་སྡེ་བཞིའི་ས་བོན་ཡ་དུ་ཏྲི་ཙ་བཞི་བཅས་བཅུ་གསུམ་ཚང་བའོ། །ཡང«ཁྱུང་སྤྲུལ་རིན་པོའི་ཆེའི་དཀྱིལ་འཁོར་ཐིག་རྩ»ལས། “དེ་རྒྱབ་གཡས་སུ་གཡོན་དུ་ཏྲི། །”ཞེས་པའི“སུ”དེ་ཡིག་ནོར་ཡིན་འདུག་སྟེ། «ཕྱག་བཞེས»ལས། “ཡ་དུ་ཏྲི་ཛ༼ཙ༽ཐུན་བྷྱོ་ཞེས། །བཀའ་ཉན་སྡེ་བཞི་བྲན་དུ་བཀོལ། །”ཞེས་དང་། «རྩ་རྒྱུད་རིན་ཆེན་གཏེར་མཛོད»ལས། “ཨ་དཀར་ཧ་ལ་ཐུན་བྷྱོཿ ཉེ་ལོ་མཎྚ་ཐུན་བྷྱོཿ ཛ་ཛ་རྃ་ནི་ཐུན་བྷྱོཿ ཡ་དུ་ཏྲི་ཙ་ཐུན་བྷྱོཿ ཁ་ཁ་མུ་ཁ་ཐུན་བྷྱོཿ” ཞེས་དང་། «དྲག་གཞུང་ངོ་མཚར་འབུམ་ལྡན»ལས། “ཨ་དཀར་ཧ་ལ་ཐུན་བྷྱོཿ ཉེ་ལོ་མན་ཏྲ་ཐུན་བྷྱོཿ ཛ་ཛ་རྃ་ནི་ཐུན་བྷྱོཿ ཡ་དུ་ཏྲི་ཙ་ཐུན་བྷྱོཿ ཁ་ཁ་མུ་ཁ་ཐུན་བྷྱོཿ” ཞེས“ཡ་དུ་ཏྲི་ཙ”བཞི་པོ་བཀའ་ཉན་སྡེ་བཞིའི་ས་བོན་ཡིན་པའི་ནང་མི་བདུད་ཀྱི་ས་བོན“དུ”ཡིན་པ་ལས“སུ”གཏན་ནས་རེད་མི་འདུག དེས་ན«ཁྱུང་སྤྲུལ་རིན་པོའི་ཆེའི་དཀྱིལ་འཁོར་ཐིག་རྩ»འི“སུ”དེ“དུ”ལ་བཅོས་དགོས་འདུག ཡང་རྦོད་གཏོང་གི་དཔེ་ཁུངས་འགར་ཡ་དུ་ཏྲི་ཙའི་ཙ་ཡིག་ཛ་འམ་ཚ་བྲིས་འདུག་དེ་དག་ཀྱང་ཡིག་ནོར་ཡིན་པ་ལས་དོན་དུ“ཙ”ཁོ་ནར་ངེས་པ་བྲག་བཙན་ཨ་བསེ་རྒྱལ་བའི་ས་བོན“ཙ”ཡིན་པ་ནི་གོང་གི་རྩ་རྒྱུད་དང་དྲག་གཞུང་གཉིས་ཀྱི་གཞུང་ཚིག་གིས་ངེས་འདུག ཡང་སྒོ་མ་སྡེ་བཞིའི་ས་བོན“ཛ་ཧཱུྃ་བྃ་ཧོ”འདི་ལྟར་ངེས་པ་ཡང་རྦོད་གཏོང་གི«ཞི་སྒྲུབ་ཡེ་ཤེས་རང་གསལ»ལས། “ས་བོན་ཧྲི༔ལ་མུྃ༔་བཞི་སྒོ་ཕྱོགས་འོདཿ ཛ་ཧཱུྃ་བྃ་ཧོ་བཞི་ཡིས་རྣམ་པར་བརྒྱནཿ” ཞེས་དང་། «ཚོགས་མཆོད་ཟད་མེད་གཏེར་ལྡན»ལས། “ཛ་ལས་ལྷ་མོ་དཀར་མོ་ལྕགས་ཀྱུ་མཿ ཧཱུྃ་ལས་ལྷ་མོ་སེར་མོ་ཞགས་པ་མཿ བྃ་ལས་ལྷ་མོ་དམར་མོ་ལྕགས་སྒྲོགས་མཿ ཧོ་ལས་ལྷ་མོ་ལྗང་མོ་གླང་རེ་མཿ” ཞེས་དང་། དེ་བཞིན་ཟློག་སྔགས་སྐབས་སུ་ཡང་། ཛ་ཧཱུྃ་བྃ་ཧོ་བྷྱོ་ཟློགཿ ཅེས་པ་སོགས་ཀྱིས་ངེས་པ་དང་། ཡང་བྱམས་མའི་སྐབས་སུ་དེ་དང་མི་འདྲ་བར“ཛ་ཧོ་བྃ་ཧཱུྃ”ཡིན་པ་ནི«བྱམས་མའི་མངོན་རྟོགས་ཐར་ལམ་གསལ་བྱེད»ལས། “ཤར་སྒོའི་ཛ་གསུམ་ལས་ལྷ་མོ་དཀར་མོ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་བསྣམས་པ། བྱང་སྒོའི་ཧོ་གསུམ་ལས་ལྷ་མོ་གཤང་ཐོག་མ་ལྗང་མོ་གཤང་ཆུང་བསྣམས་པ། ནུབ་སྒོའི་བྃ་གསུམ་ལས་ལྷ་མོ་ལི་བར་དམར་མོ་ལྕགས་སྒྲོགས་བསྣམས་པ། ལྷོ་སྒོའི་ཧཱུྃ་གསུམ་ལས་ལྷ་མོ་མཐུ་ཆེན་གཟེ་ཞགས་པ་སྔོན་མོ་ཞགས་པ་བསྣམས་པ།” ཞེས་དང་། «ཡང་གསང་ལྷན་ཅིག་སྐྱེས་སྦྱོར་བསྐྱེད་རིམ»ལས། “ཛ་ཡིས་མདུན་དུ་བཀུག་པ་ལས། །ཧོ་ལས་མཆོད་པ་བསམ་ཡས་འབུལ། །བྃ་ལས་གཉིས་སུ་མེད་པར་བསྟིམ། །ཧཱུྃ་གིས་གདན་ལ་བཞུགས་སུ་གསོལ། །”ཞེས་དང་། གཞུང་གི་རྩ་བསྙེན་ལས། ཨཱོྃ་མ་བ་མ་དེ་མ་ཧི་མོ་ཧ་ཨེ་མ་ཧོ་མ་ཡེ་རུ་པ་ཡེ་ཏ་འདུ་འདུ་ས་ཧཱ་ནི་རི་ཛ་ཧོ་བྃ་ཧཱུྃ། མ་ཡེ་རུ་པ་ཡེ་ཏ་འདུ་འདུ་སྭཧཱ། ཞེས་པས་མཚོན་རྦོད་གཏོང་དང་མི་འདྲ་བ་ནི་གཞུང་སོ་སོའི་དགོངས་བཞེད་མི་འདྲ་བ་ཡིན་པར་སྙམ། ཡང་ནང་སྒོ་བཞིའི“ཛ་ཧཱུྃ་བྃ་ཧོ”དང་ཕྱི་སྒོར་རྒྱལ་ཆེན་སྡེ་བཞིའི་ས་བོན“ཧ་ལ་ཞ་ཧུ”བཞི་ཕྱོགས་གང་དུ་བཀོད་དགོས་པ«ཁྱུང་སྤྲུལ་རིན་པོའི་ཆེའི་དཀྱིལ་འཁོར་ཐིག་རྩ»སོགས་སུ་གསལ་པོ་བསྟན་མི་འདུག་རུང་བརྟགས་ན་ཤར་ནས་བྱང་སྐོར་དུ་བཀོད་དགོས་པར་སྣང་ངོ་། །ཞིང་སྐྱོང་ལྷ་མོ་སྒོ་མ་སྡེ་བཞི་ནིཿ སྐུ་མདོག་དཀར་ལྗང་དམར་སྔོན་འཛུམ་པའི་ཞལཿ

  ད་ལན་རྩོམ་འདིའི་དཔྱད་གཞི་ཡིག་ཆ་ལུང་དངོས་འདྲེན་ས«རྦོད་གཏོང་གི་སྒྲུབ་སྐོར» སོག་སྡེ་སྤྲུལ་སྐུའི་བརྟེན་འགྱུར་པོད༼༤༦༽པ་དང་། «ཁྱུང་སྤྲུལ་རིན་པོའི་ཆེའི་དཀྱིལ་འཁོར་ཐིག་རྩ»ལག་བྲིས་ལྗིབ་གཟུགས་རྒྱ་གར་དཔར་མ་ཞིག་དང་། དཔེ་ཁུངས་ཁྱུང་པོ་སེར་ཚ་ནས་ཡིན་པའི་ལག་བྲིས་ཡིག་ཆུང་ཅན་གཉིས་ལ་བྱས་ཤིང་། «རྦོད་གཏོང་གི་སྒྲུབ་སྐོར»གཞན་འགའ་དང་། ཁྱུང་པོ་སྟེང་ཆེན་དགོན་གྱིས་པར་བའི«ཁྱུང་སྤྲུལ་རིན་པོའི་ཆེའི་དཀྱིལ་འཁོར་ཐིག་རྩ»དེབ་གཟུགས་ཅན་གཉིས་ཟུར་ལྟའི་དཔྱད་གཞིར་བཟུང་བ་ཡིན་ལ། «བྱམས་མའི་སྒྲུབ་སྐོར»ཡང་སོག་སྡེ་སྤྲུལ་སྐུའི་བརྟེན་འགྱུར་པོད༼༢༦༦༽པ་ཡིན། ལུང་སོ་སོར་གུག་རྟགས་ནང་གི་ཡི་གེ་དེ་དག་ལུང་ཚིག་དངོས་སོར་བཞག་ཐོག་དེ་ལ་རང་གི་བསམ་ཚུལ་མཆན་བུ་བཀོད་པ་བཅས་སོ།།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།