ར་སེ་དཀོན་མཆོག་རྒྱ་མཚོ་ལ་དཔྱད་གླེང་དུ་ཕུལ་བ་ཚད་གསུམ་རིགས་པའི་བདེན་ཁ།
[ཟླ་ཚེས། 2016-06-23 21:45:12][རྩོམ་པ་པོ། ཞུ་ཚང་སྐལ་བཟང་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
[ནང་དོན་གནད་བསྡུས།] རྩོམ་ཡིག་འདིས་འབྲི་གུང་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི《གངས་ཅན་བོད་ཀྱི་མཛངས་མི》ཞེས་པའི་ལོ་རྒྱུས་དེབ་ཐེར་ལས། མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས་སྐོར། ཞེས་པའི་རྩོམ་ཡིག་ནང་དུ་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་ལོ་ཚིགས་བཀོད་ཡོད་པ་རྣམས་ལ་དཔྱད་གླེང་གི་ཚུལ་དུ་བོན་གྱི་དཔེ་རྙིང་ཁག་ལ་གཞི་བཅོལ་བའི་ཐོག་ནས་དེ་དག་ལ་དགག་སྒྲུབ་ཅུང་བྱས་ཡོད།
བརྡ་ཆད་གཙོ་བོ། སྟོན་པ་གཤེན་རབ། གཤེན་རབ་མི་བོ་ཆེ། འོལ་མོ་ལུང་རིང་། སྟག་གཟིག དམུ་རིགས་གཤེན།
ཐོག་མའི་གཏམ་གླེང་།
སྤྱིར་ཞང་བོད་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་སློག་ཚེ་ལོ་རབས་སྟོང་ཕྲག་མང་པོའི་རིང་ལ་ཡུལ་དུས་དངོས་པོའི་འཕོ་འགྱུར་དང་གྲུབ་མཐའི་འཐབ་རྩོད་དྲག་པོའི་ཁྲོད་དུ་རང་ཕྱོགས་ཙམ་ལས་གཞན་ཕྱོགས་ལ་སྡང་སེམས་ཀྱི་ཀུན་ནས་སློང་བའི་ཕྱོགས་ལྷུང་གི་མི་སྣ་འགའ་ཞིག་གིས་ལོ་རྒྱུས་རིམ་བྱུང་ཁག་ལ་འཁྱོག་བཤད་དང་རྫུན་བཟོ་མང་དག་ཅིག་བྱས་དང་བྱེད་མུས་བརྟེན། དེང་གི་ཆར་གཞོན་སྐྱེས་དག་གིས་ཞང་བོད་ཤེས་རིག་ལོ་རྒྱུས་ཀྱི་ཐད་ནས་གཟུར་གནས་ཀྱི་དཔྱད་པ་དང་ཞིབ་འཇུག་ནན་པོ་ཞིག་བྱ་དགོས་ཚེ་དངོས་ཤུགས་རྒྱུད་གསུམ་གྱི་དཀའ་ཁག་མི་ཉུང་བ་ཞིག་འཕྲད་དང་འཕྲད་བཞིན་པ་རེད་འདོད།
དེ་ལྟར་ན་ཡང་དངོས་བྱུང་ལོ་རྒྱུས་སྟེང་གི་སྤྱི་ཚོགས་དང་ཤེས་རིག་ལ་མཛད་རྗེས་ཆེ་བའི་མི་སྣ་གང་ཞིག་གི་ལོ་ཚིགས་གནས་བབ་སོགས་ཀྱི་ངོས་ཐད་ནས་གལ་ཆེའི་དཔྱད་པ་ཞིག་གཏོང་དགོས་ཚེ། དེ་འབྲེལ་གྱི་ཁོར་ཡུག་དང་མི་སྣ་དེས་སྲོལ་བཏོད་པའི་རིག་གཞུང་གང་གི་གཞི་རྩའི་གནས་སྟངས་དངོས་ལ་གཞི་བཅོལ་དགོས་རྒྱུ་དེ་ཆེས་ཡང་དག་པའི་ལམ་ལུགས་ཤིག་ཡིན་པས་ན། ཞང་བོད་ཤེས་རིག་ཁྲོད་དུ་གལ་ཆེའི་གོ་གནས་བཟུང་བའི་དངོས་བྱུང་ལོ་རྒྱུས་མི་སྣ་སྟོན་པ་གཤེན་རབ་ཀྱི་བྱ་གཞག་དང་གནས་བབ་ལ་ཞིབ་འཇུག་མ་ནོར་བ་ཞིག་དགོས་ཚེ་ངེས་པར་དུ་ཁོང་གིས་སྲོལ་ཕྱེས་པའི་བོན་གྱི་རིག་གཞུང་དང་ལོ་རྒྱུས་ཁག་གི་བསྟན་དོན་གྱི་གཞི་རྐང་མ་བོར་བར་བྱེད་དགོས་པ་དེ་གལ་ཆེན་ཞིག་ཏུ་འདོད། དེ་མིན་སྤྱི་ཚོགས་སྟེང་དུ་ཕྱོགས་ཞེན་དང་གཡམ་རྒྱུག་གི་བཤད་སྲོལ་ཇི་སྙེད་གསེང་ནས་བདེན་དོན་གྱི་ངེས་ཤེས་ཤིག་རྙེད་པར་རེ་ལྟོས་བཅོལ་བ་ནི། རྩ་བ་བོར་ནས་ཡལ་གར་འཇུས་པ་དང་ཁྱད་པར་མེད་པར་འགྱུར་རོ། །དེར་བརྟེན་འབྲི་གུང་བ་ར་སེ་དཀོན་མཆོག་རྒྱ་མཚོས་བརྩམས་པའི《གངས་ཅན་བོད་ཀྱི་མཛངས་མི》ཞེས་པའི་ལོ་རྒྱུས་དེབ་ཐེར་ལས། མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས་སྐོར་ཞེས་པའི་རྩོམ་ཡིག་ནང་གི་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་ལོ་ཚིགས་བཀོད་པ་དག་གི་ཐོག་མཐའ་བར་གསུམ་གང་ལ་བསམ་ཡང་བོན་ཕྱོགས་ཀྱི་རིག་གཞུང་ལོ་རྒྱུས་ཁག་ལ་ཡིན་མིན་གྱི་དཔྱད་པ་ཅུང་ཟད་རེ་མ་བཏང་བར་སྣང་མེད་དུ་དོར་ཏེ་རང་ཕྱོགས་ཀྱི་ཆོས་འབྱུང་འགའི་བཤད་སྟངས་ཡ་མཚན་རྣམས་དྲངས་ཏེ་ཐག་གཅོད་འགའ་ཞིག་བྱས་འདུག་པ་ནི་གཟུར་གནས་ཀྱི་དཔྱོད་པ་ཕྲན་བུ་ཡོད་པའི་མི་བུ་སུ་ཞིག་གིས་མཐོང་ཡང་ཡིད་ཕམ་པའི་གནས་སུ་གྱུར། སྤྱིར་རྩོམ་ཡིག་དེའི་ཁ་བྱང་ལ། མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས་སྐོར། ཞེགས་བཏགས་ཏེ་གཤེན་རབ་མི་བོ་ཆེའམ། སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་ལོ་ཚིགས་མཛད་པ་དག་ལ་དཔྱད་ཞིབ་བྱས་པ་ཞིག་ཡིན་འདུག་ཀྱང་། སྟོན་པ་གཤེན་རབ་དང་། གཤེན་རབ་མི་བོ་ཆེ་གཉིས་ཀ་མི་སྣ་གཅིག་ལས་ཐ་དད་དུ་མ་སོང་བའི་ཆ་ནས་ད་ལན་ཁོ་བོས“སྟོན་པ་གཤེན་རབ”ཅེས་པའི་ཐ་སྙད་འདི་བཀོལ་ནས་སྐབས་སུ་བབ་པའི་བཤད་བྱ་ནི། གཤེན་རབ་མི་བོ་ཆེའམ། སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དང་ལོ་ཚིགས་ཀྱི་ཐད་ནས་དེ་དག་ལ་འཁྱོག་བརྗོད་བྱས་པ་གང་དག་ལ་དངོས་རྟོགས་བདེན་འཚོལ་གྱི་ལམ་ནས་གསལ་བཤད་འགའ་ཞིག་བྱེད་འདོད་བྱུང་།
སྟོན་པ་གཤེན་རབ་དང་གཤེན་རབ་མི་བོ་ཆེ་གཉིས་གང་ཟག་ཐ་དད་མིན་པའི་སྐོར།
དང་ཐོག་ཁོང་གིས《མཛངས་མི་གཤེན་རབ་མི་བོ་ཆེའི་མཛད་རྗེས་སྐོར》ཞེས་པའི་རྩོམ་ཡིག་གི་བརྗོད་གཞིའི་མི་སྣ་དེའི་མཚན་དོན་ངོས་འཛིན་སྐབས། འདི་ལྟར་བཤད་འདུག་སྟེ། “ཁོང་གི་མཚན་ལ་ལོ་རྒྱུས་རྙིང་པ་རྣམས་སུ་བརྟགས་ན། གཤེན་རབ། གཤེན་རབ་མི་བོ་ཆེ། གནམ་བོན་གཤེན་པོ་ཆེ། སྟོན་པ་གཤེན་རབ་ཅེས་པ་ཡང་ཡང་ཐོན་གྱི་ཡོད་པར་གཞིགས་ན་གང་ཟག་མི་འདྲ་བ་གསུམ་བཞི་ཙམ་གྱི་མིང་ཡིན་པ་མངོན་པ་ལས། འདིར་གླེང་བྱ་ནི་གཤེན་རབ་མྱི་བོ་ཆེ་ཞེས་པའི་གང་ཟག་དེ་ཡིན”། 1 ཞེས་ཐ་སྙད་རྣམ་གྲངས་བཞི་ཙམ་བཀོད་དེ་དེ་དག་རེ་རེ་ནས་གང་ཟག་སོ་སོ་བ་བཞི་ཡི་མིང་ཡིན་པར་བཤད། སྤྱིར“གཤེན་རབ”ཅེས་པ་དེ་ནི་གང་ཟག་བྱེ་བྲག་པ་ཞིག་གི་མིང་མ་ཡིན་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་སྒྲ་བཤད་དུ་ཡོད་མེད་ཅི་རིགས་ཀྱི་སྒོ་ནས་འཇུག་པ་སྟེ། 《མདོ་གཟེར་མིག》ལས “བོན་ཉིད་དབྱིངས་ནས་སེམས་ཉིད་བདལ་པས་གཤེན། །འགྲོ་བའི་དོན་ལ་སྤྲུལ་ནས་བྱོན་པས་རབ”། །2 ཅེས་དང་། 《མཛོད་ལྷ་འགྲེལ》ལས། “གཤེན་རབ་ནི་མ་གཡོས་པའི་ངང་ལས་མ་བཅོས་པའི་ཡེ་ཤེས་ཤར་ནས་འགྲོ་བ་འདྲེན་པའི་དབང་དུ་གྱུར་པས་གཤེན་རབ་བོ”། ། 3 ཞེས་པའི་ལུང་དོན་ཁག་ལ་བརྟགས་པས་ཀྱང་ཤེས་ཐུབ། འདིར་རྫོགས་པའི་སངས་རྒྱས་ཞེས་སྟོན་པ་གཤེན་རབ་གཅིག་པུར་གོ་རྒྱུ་མིན་པར་བསྐལ་སྟོང་སངས་རྒྱས་སྟོང་རྩ་གཉིས་སོགས་སངས་རྒྱས་མང་པོར་གཤེན་རབ་ཀྱི་སྒྲ་སྦྱར་བ་བོན་དཔེ་ཁག་མང་པོར་མཐོང་རྒྱུ་ཡོད། “གནམ་བོན་གཤེན་པོ་ཆེ”ཞེས་པའི་ཐ་སྙད་འདི་བོན་གྱི་ལོ་རྒྱུས་ཁག་ལས་གསལ་བར་མི་སྣང་ཡང་། ཕྱིས་བྱུང་ཆོས་འབྱུང་ཁག་རྣམས་སུ་གསལ་བ་ལྟར་ན། བོད་རྒྱལ་སྤུ་ལྡེ་གུང་རྒྱལ་གྱི་དུས་སུ་བྱུང་བའི་མི་སྣ་ཞིག་ཡིན་པ་ནི། 《ཡར་ལུང་ཇོ་བོའི་ཆོས་འབྱུང》ལས། “ཡབ་གྲི་གུམ་བཙན་པོའི་རིང་ལ་ཞང་ཞུང་དང་། བྲུ་ཤའི་བོན་པོས་གཤིན་གྱི་དུར་བོན་བྱུང་། སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ་སྐུ་མཁར་འཆིང་བ་རྟག་རྩེ་བརྩིགས། སྒྲུང་དང་ལྡེའུ་བྱུང་། གནམ་བོན་གཤེན་པོ་ཆེ་བྱུང”། 4 ཞེས་དང་། 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》ལས། “སྤུ་དེ་གུང་རྒྱལ་ཡབ་ཀྱི་རིང་ལ་ཞང་ཞུང་དང་། བྲུ་ཤའི་གཤེན་གྱི་དུར་བོན་བྱུང་ཞིང་། སྲས་ཀྱི་རིང་ལ་སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང”། 5 ཞེས་པ་ལ་གཞིགས་ན་སྐབས་འདིར་བཤད་པའི་སྟོན་པ་གཤེན་རབ་དང་གང་ཟག་ཐ་དད་དུ་སོང་བ་ཞིག་ཡིན་རུང་། གཤེན་རབ་མི་བོ་ཆེ་དང་། སྟོན་པ་གཤེན་རབ་གཉིས་གང་ཟག་མི་འདྲ་བ་གཉིས་ཡིན་པར་བཤད་པ་དེ་ནི་རང་གཞན་གྱི་ལོ་རྒྱུས་ཁུངས་མ་སུ་ཞིག་ལ་མ་བརྟགས་གྱ་ཚོམ་དུ་སྨྲས་པའམ། གཞན་གྱི་ཟེར་སྒྲོས་ཙམ་ལ་གཡམ་རྒྱུག་བྱས་པའི་གཏམ་འབའ་ཞིག་ཏུ་ངེས་ཏེ། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་ལོ་རྒྱུས་བོན་གྱི་དཔེ་ཆ་སྔ་གྲས《མདོ་འདུས》ནང་དུ་སྟོན་པས་འཁོར་རྣམས་ལ་ཞུ་ལེན་བྱས་པའི་སྡེ་ཚན་ཁག་ནས་ཐ་སྙད་དེ་གཉིས་རེས་མོས་ཀྱིས་ཡང་ནས་ཡང་དུ་གསལ་བ་ལྟར་ཡིན་ཏེ། མདོ་འདུས་ཀྱི་ལེའུ་དང་པོ་སོགས་ནས“སྟོན་པ་གཤེན་རབ་མི་བོ”དང་། 6 ལེའུ་གཉིས་པ་སོགས་ནས“གཤེན་རབ་མི་བོ”ཞེས 7 གསལ་ཡོད་ལ། ལེའུ་བཞི་པ་སོགས་ནས“སྟོན་པ་གཤེན་རབ”ཅེས 8 ཐ་སྙད་དེ་གཉིས་སྐབས་བསྟུན་གྱིས་རེས་མོས་སུ་བཀོད་པ་བཞིན་དེ་གཉིས་གང་ཟག་གཅིག་གི་མིང་གི་རྣམ་གྲངས་སུ་བཀོད་ཡོད་པ་དང་། ལྷག་པར《མདོ་གཟེར་མིག》ལས། “སྣང་སྲིད་ཡེ་སྲིད་ས་ལེར་སྟོན་པས་སྟོན། །སྐྱེ་འགྲོ་སེམས་ཅན་བུ་ལྟར་གསོ་བས་པ། །བོན་ཉིད་དབྱིངས་ནས་སེམས་ཉིད་བདལ་པས་གཤེན། །འགྲོ་བའི་དོན་ལ་སྤྲུལ་ནས་བྱོན་པས་རབ། །སྐུ་མདོག་ཕྱག་མཚན་མི་རུ་བསྟན་པས་མི། །གཏོ་རྒྱུད་དཔྱད་རྒྱུད་བདུད་རྩི་བོ་བས་བོ། །དེའི་ཕྱིར་ན་སྟོན་པ་གཤེན་རབ་མི་བོའོ”། ། 9 ཞེས་སོགས་སྟོན་པ་གཤེན་རབ་མི་བོ་ཞེས་པའི་མཚན་གྱི་དོན་རྒྱས་པར་བཀྲལ་བ་སོགས་ཀྱིས་སྤྱིར་ཐ་སྙད་དེ་གཉིས་སྟོན་པ་གཤེན་རབ་གཅིག་པུའི་མཚན་ཡིན་པར་ར་འཕྲོད་ནུས།
སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིང་གི་སྐོར།
ཡང་ཁོང་གིས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་ངོས་འཛིན་བྱེད་པའི་སྐབས་སུ། “དམུ་ཡི་རིགས་ལས་བྱོན་པར་ལོ་རྒྱུས་རྣམས་སུ་གསལ་བས། དམུ་ཡུལ་ཞེས་པ་དེ་གང་དུ་ཡིན་ལེགས་པར་གཞིགས་ན། དམུ་ཡུལ་ནི་བོད་ཡུལ་ཧྲིལ་པོའི་ས་མིང་ཞིག་ཡིན་པ་ལས། གཙང་རོང་དུ་དམུ་ཡུལ་ཞེས་པ་ཞིག་དང་། ཀོང་པོ་བྲག་གསུམ་དུ་དམུ་པ་ཞེས་པའི་སྡེ། ཀོང་པོ་བོན་རིར་དམུ་རི་སྨུག་པོ་ཞེས་དང་། ཁམས་ཤར་ཕྱོགས་སུ་དམུ་གླིང་ཞེས་པའི་ཡུལ་གྲུ་དང་། རྒྱལ་མོ་དམུ་རྡོ་ཞེས་གསལ་བར་གཟིགས་ན། དབུས་སམ་ཤར་ཕྱོགས་སུ་གནས་པའི་དམུ་ཞེས་པའི་རིགས་སུ་བྱོན་པར་གསལ”། 10 ཞེས་བཤད་པ་ནི། གནས་ལུགས་ཡོད་པའི་གཏམ་ཞིག་ལར་ནས་མིན། གང་ཡིན་ཞེ་ན། བོད་ཡུལ་གྱི་ལུང་ཚན་ཁ་ཅིག་ལ་དམུ་ཡི་མིང་ཐོགས་པ་བདེན་ཡང་དེ་ཙམ་གྱིས་དམུ་ཞེས་པ་དེ་བོད་ཡུལ་ཧྲིལ་པོའི་ས་མིང་ཡིན་པའི་བདེན་དཔང་དུ་འགྲོ་བར་དཀའ། བོད་ཡུལ་ཧྲིལ་པོ་ཞེས་བརྗོད་དུས་བོད་ཆེན་པོའམ་མདོ་དབུས་ཁམས་གསུམ་ལས་གྲུབ་པ་ཞིག་ཡིན་སྟབས་བྱེ་བྲག་ལུང་ཚན་རེ་གཉིས་ཀྱི་ས་མིང་རྡོ་མིང་ཙམ་གྱིས་སྤྱི་ལ་ཁྱབ་དགོས་པར་བཤད་པ་ནི། མི་ཞེས་པའི་ཐ་སྙད་དེ་ཕོ་ཡི་མིང་རེད་ཟེར་བ་དང་མཚུངས་སོ། །
སྟོན་པ་གཤེན་རབ་དམུ་ཡི་རིགས་སུ་འཁྲུངས་པར་བཤད་པའི་ལོ་རྒྱུས་ཡིག་ཚང་ཁག་ནས་མཛད་མདོ་འབྲིང་པོ《མདོ་གཟེར་མིག》ལ་སོགས་ལས་བྱུང་ཡོད་ལ། དམུ་ཡི་རིགས་སུ་འཁྲུངས་པར་བཤད་པའི་ལོ་རྒྱུས་དེ་དག་བདེན་དཔང་དུ་འཇོག་ནས་ཁོང་གི་མེས་པོ་རྣམས་ཀྱི་འཁྲུངས་ཡུལ་དམུ་ཞེས་པའི་ཐ་སྙད་ཆགས་སའི་གོང་གསལ་གྱི་ཡུལ་ཚན་ཞིག་ལ་ཡིན་པར་བཤད་པ་ནི་ར་མགོ་སྒྲུབ་བྱེད་ལུག་མགོ་ཁྱེར་བ་མིན་ན་རིགས་རུས་དང་ས་གནས་ཀྱི་ཁྱད་པར་མ་ཤེས་པའི་རྨོངས་གཏམ་དུ་ངེས། 《མདོ་གཟེར་མིག》ལས་སྟོན་པ་གཤེན་རབ་ཀྱི་ཡབ་ཡུམ་སྐོར་གྱི་ལོ་རྒྱུས་འཆད་སྐབས་འདི་ལྟར་གསལ་འདུག་སྟེ། “ཡུལ་དེའི་མིང་ནི་འོལ་མོ་ལུང་རིང་། མཁར་དེའི་མིང་ནི་བར་པོ་སོ་བརྒྱད། གསས་མཁར་དེའི་མིང་ནི་ཤམ་པོ་ལྷ་རྩེ། གནས་དེའི་མིང་ནི་འཛམ་བུ་གླིང་གི་མིག་བྱ་སྟེ། མི་ལ་རིགས་བཞི་མཆིས་པ་ལས། རྒྱལ་པོའི་རིགས་སུ་གཏོགས་པ་ཆེ་བ་དང་། རྗེའུ་རིགས་སུ་གཏོགས་པ་གཙང་བ་དང་། བྲམ་ཟེའུ་རིགས་སུ་གཏོགས་པ་བཙུན་པ་དང་། རྨངས་ཀྱི་རིགས་གཏོགས་པ་གདོལ་བ་དང་བཞིའོ། ། ཡུལ་དེ་ན་ཀུན་ཚང་པ་ཡང་། མཁར་དེའི་རྩེ་རྗེ་ནི། རུས་པ་ནི་དམུའོ། །རིགས་ནི་རྒྱལ་རིགས་སོ། །མིང་ནི་དམུ་རྒྱལ་ལན་གྱི་ཐེམ་པ་སྐས་སོ”། །11ཞེས་གསུངས་པའི་དམུ་ཞེས་པའི་ཐ་སྙད་དེ་འོལ་མོ་ལུང་རིང་གི་རྒྱལ་པོའི་རྒྱལ་རྒྱུད་འཛིན་པའི་རིགས་སམ་རུས་མིང་ཞིག་ཡིན་པ་སྟེ། སྟོན་པ་གཤེན་རབ་ཀྱི་ཡབ་དང་ཁོང་གི་མེས་པོ་རྣམས་ནི་དམུ་རིགས་ཞེས་པའི་རྒྱལ་པོའི་རིགས་རྒྱུད་ཅིག་ལས་བྱུང་བར་བཤད། གལ་སྲིད་ཐ་སྙད་དེ་ས་གནས་ཀྱི་ཆ་ནས་བཏགས་པ་ཡིན་ན་སྐབས་དེར་རྒྱལ་པོ་རུ་བཀུར་བའི་དགོས་དབང་ཅི་ཞིག་ཡོད།
ཡང་ཁོང་གིས“འཁྲུངས་ཡུལ་འོལ་མོ་ལུང་རིང་ཞེས་པ་དེ་ཉིད་གང་དུ་ངོས་འཛིན་སྙམ་ན། བོད་དུ་འོལ་མོ་ལུང་རིང་ཞེས་པ་དངོས་ནི་ད་ལྟ་ལྷོ་ཁའི་འོལ་ཁ་ཞེས་པའི་ཡུལ་འདི་ཡིན་པར་མངོན”། 12 ཞེས་པ་ནི་སྟོན་པ་གཤེན་རབ་ཀྱི་ལོ་རྒྱུས་དང་འཁྲུངས་ཡུལ་འོལ་མོ་ལུང་རིང་ལ་ཆ་རྒྱུས་སྣ་གཅིག་མེད་པར་ཐ་སྙད་རེ་འགའི་ཟ་ཟུར་གྱི་འདྲ་མཚུངས་ཙམ་ལ་འཁྲུལ་བའམ། ཕྱོགས་ཞེན་ཆགས་སྡང་གི་གཏམ་གང་ཡིན་ཆ་མི་འཚལ་མོད། བདེན་དོན་རིགས་ལམ་གྱིས་དབུལ་ཞིང་གང་དྲན་ཅི་འདོད་དུ་བཤད་པ་ཤ་སྟག་ཏུ་འདུག ད་ལྟ་ང་ཚོས་མཇལ་དུ་ཡོད་པའི་བོན་གྱི་དཔེ་རྙིང་ཁུངས་མ་རྣམས་ལ་ལྟ་ཙམ་བྱས་ན་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་འོལ་མོ་ལུང་རིང་བྱ་བ་དེ་ད་ལྟ་ལྷོ་ཁའི་འོལ་ཁ་ཞེས་པའི་ས་གནས་དེ་མིན་པ་ནི། དེ་ཡང་བོན་གྱི་དཔེ་རྙིང་སྔ་ཤོས་སྟོན་པའི་མཛད་རྣམ་བསྡུས་པ《མདོ་འདུས》ལས། “རི་བོ་གངས་ཆེན་ཏི་ཙི་ནི། །གཡུང་དྲུང་དགུ་བརྩེགས་རི་ཞེས་བྱ། །ཆུ་ཞེང་དཔག་ཚད་ལྔ་བརྒྱ་འོ། །རི་ནི་སྤོས་རི་ངད་ལྡན་དང་། །བར་ན་མཚོ་ནི་མ་དྲོས་པ། །ཆུ་ཞེང་དཔག་ཚད་ལྔ་བརྒྱ་འོ། །ཕྱོགས་བཞིར་མཚོ་བཞི་ཡོད་པ་དང་། །སེམས་ཅན་བཞིའི་ཁ་ནས་ཆུ་བཞི་འབབ་པ་ནི། །གང་གཱ་ཤར་ཕྱོགས་གླང་ཆེན་ཁ་ནས་འབབ། །སིནྡྷུ་ལྷོ་ཕྱོགས་ཁྱུ་མཆོག་ཁ་ནས་འབབ། །པཀྵུ་ནུབ་ཕྱོགས་རྟ་ཡི་ཁ་ནས་འབབ། །སི་ཏ་བྱང་ཕྱོགས་རྨ་བྱའི་ཁ་ནས་འབབ། །ཆུ་ཀླུང་རབ་མཆོག་བཞི་པོ་དེ་དག་ནི། །རེ་རེ་ལ་ཡང་ཆུ་གཡོག་ལྔ་བརྒྱ་དང་། །ཆུ་ཡི་རྒྱུན་རྣམས་ཕྱོགས་བཞིར་རྒྱ་མཚོར་འགྲོ། །རྫིང་བུ་དལ་གྱིས་འབབ་པ་དང་། །ཤིང་ནི་ས་ལ་རབ་བརྟན་བྱ་བ་ཡོད། །དེ་ཡི་ནུབ་བྱང་གཤེན་ཡུལ་འོལ་མོ་གླིང་། །དཔག་ཚད་སྟོང་ཕྲག་བཞི་གནས་ཡོད། །ཆུ་བོ་པཀྵུ་སིནྡྷུས་རབ་བཅད་དེ། །རི་ནག་པོ་དགུས་བཅད་པ་འོ”། ། 13 ཞེས་རི་བོ་གངས་དཀར་ཏི་སེ་དང་དེའི་ཁོར་ཡུག་ས་གནས་ཀྱི་ཆགས་ཚུལ་རྣམས་བསྟན་རྗེས་གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ས་གནས་དེའི་ནུབ་བྱང་ན་ཡོད་པར་བསྟན་ཡོད། ལྷོ་ཁའི་འོལ་ཁ་ནི་གངས་ཏི་སེ་ལ་ལྟོས་ན་ཤར་ཕྱོགས་སུ་ཆགས་ཡོད་སྟབས། གོང་དུ་མདོ་འདུས་ལས་སྟོན་པའི་འཁྲུངས་ཡུལ་བསྟན་སྐབས་འོལ་ཁའི་ཕྱོགས་ཙམ་ཞིག་མ་གསལ་བར་ཤར་ནུབ་ཀྱི་ཁྱད་པར་ཆེ་བའི་ས་གནས་གཞན་ཞིག་བསྟན་པ་ལས་ཀྱང་ཤེས་ཐུབ། རྒྱུ་མཚན་གཞན་ཞིག་ནི་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་རྒྱས་འབྲིང་བསྡུས་གསུམ་སོགས་བཀའ་དང་བཀའ་བརྟེན་གང་ལས་འོལ་མོ་ལུང་རིང་ཁྱེད་ཀྱིས་ངོ་འཛིན་གནང་བའི་ས་གནས་དེ་ཚིག་ཟུར་ཙམ་ཡང་མ་གསལ་བ་འདིའི་ཐོག་ནས་ངེས་ཤེས་མིན་ཡང་བསམ་གཞིག་ཅིག་གཏོང་ཐུབ་པར་འདུག་སྙམ། གཞན་ཡང་ལྷོ་བྲག་དགའ་ཐང་འབུམ་པ་ཆེ་ནས་རྙེད་པའི་བོན་དཔེ་ཞིག་ནས་འོལ་མོ་ལུང་རིང་གི་ཐ་སྙད་དང་ཆ་འདྲ་བ་འགའ་ཤས་ཤིག་དྲངས་ཏེ་དེའི་ནང་གི་འོལ་ཕུ་ལུང་རིང་ཞེས་པའི་ཐ་སྙད་དེ་སྒྲ་འཆོལ་ནས་འོལ་མོ་ལུང་རིང་ལ་འགྱུར་ཚུལ་བཤད་པ་དང་། ལྷོ་ཁའི་འོལ་ཁ་ཞེས་པའི་ས་གནས་དེ་སྟོན་པའི་འཁྲུངས་ཡུལ་དུ་ངོས་བཟུང་བ་རྣམས་ནི་ལོ་རྒྱུས་གོང་འོག་ལ་ཉམས་ཞིབ་མ་བྱས་པའི་སྐྱོན་དུ་ཟད་དེ། ཐ་སྙད་རེ་འགའི་ཟ་ཟུར་ཙམ་འདྲ་མཚུངས་ཡོད་པར་རྒྱུ་མཚན་དུ་བྱས་ཏེ་འདི་རེད་དང་། དེ་མ་རེད་ཅེས་ཐག་གཅོད་བྱེད་པ་ནི་ནོར་ཚབས་ཆེ་བའི་རྒྱུ་རུ་འགྱུར་རོ། །དམངས་ཁྲོད་ཀྱི་ངག་རྒྱུན་དུ་འོལ་ཁའི་སླེ་ལུང་ན་ཡོད་པར་བཤད་པའི“གཤེན་རབ་མྱི་བོའི་སྒྲུབ་ཕུག”དང་། “གཤེན་རབ་ཀྱིས་རྩོད་པ་མཛད་ས”ཞེས་14སོགས་ས་མིང་རྡོ་མིང་རེ་ཟུང་ཙམ་གྱིས་སྟོན་པའི་འཁྲུལ་ཡུལ་གཏན་ཁེལ་མི་གཏུབ་སྟེ། དེ་ལྟར་ན། ད་ལྟ་ཀོང་པོ་བོན་རིའི་ཁུལ་ལ“གཤེན་རབ་ཀྱིས་བདུད་བཏུལ་ས་དང་། གཤེན་རབ་ཀྱི་ཆིབ་རྟ་ཡོད་ས”ཞེས་སོགས་ཡིག་ངག་གཉིས་ཀའི་ཐོག་ཏུ་མ་ཉམས་པར་ཡོད་པ་དེ་དག་རྒྱུ་མཚན་དུ་བྱས་ཏེ་སྟོན་པའི་འཁྲུངས་ཡུལ་ཀོང་པོར་རེད་ཅེས་བརྗོད་མི་ཐུབ་པ་བཞིན་ཡིན། འོ་ན་གོང་གི་དམངས་ཁྲོད་ཀྱི་ངག་རྒྱུན་དུ་གྲགས་པའི་ས་མིང་དེ་དག་གང་ཞིག་རེད་ཅེ་ན། དེ་ནི་སྟོན་པ་གཤེན་རབ་དེ་ཉིད་སྔར་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་རྐྱེན་བྱས་ཏེ། ཀོང་པོ་སོགས་བོད་ཀྱི་ས་གནས་ཁག་ལ་དངོས་སུ་ཞབས་བཅག་སྟེ། གཡུང་དྲུང་བོན་གྱི་རྒྱུ་ཡི་ཐེག་པའི་སྲོལ་ཕྱེས་པ་ལྟར་ན། 15 ས་གནས་དེ་དག་ལ་ཕེབས་ཏེ་སྒོམ་སྒྲུབ་དང་འཆད་རྩོད་མཛད་མྱོང་བའམ། ཡང་ན་སྟོན་པའི་མཚན་དང་འདྲ་བའི་གང་ཟག་གཞན་ཞིག་དེ་རུ་བྱོན་ཡོད་མེད་ལ་ཡང་ཧ་ཅང་དཔྱད་པར་འོས་པའི་གནས་སུ་གྱུར་འདུག་སྙམ། ད་དུང་ཞང་བོད་ཀྱི་ལོ་པཎ་མཁས་པ་དག་གིས་སྟོན་པའི་བཀའ་སོགས་བོན་གྱི་དཔེ་རྙིང་མང་དག་ཅིག་སྟག་གཟིག་དང་ཞང་ཞུང་གི་སྐད་ཐོག་ནས་རིམ་བཞིན་བོད་ཀྱི་སྐད་ཐོག་ཏུ་བསྒྱུར་བའི་ལོ་རྒྱུས་དག་གིས་ཀྱང་བདེན་དཔང་ནུས་པ་སྟེ། 《བདལ་འབུམ》ལས། “ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་བོད་ཤ་རི་དབུ་ཆེན་གཉིས་ཀྱིས་ཡུལ་བྱེ་མ་གཡུང་དྲུང་ལ་བོད་སྡེ་ཁྲི་གཅིག་བཤད་ཅིང་བསྒྱུར”ཞེས་དང་། 《རྩ་རྒྱུད་ཉི་ཟེར་སྒྲོན་མ》ལས། “དུས་དེར་ཞང་ཞུང་ཁྱུང་ལུང་དངུལ་མཁར་ན་དྲན་པ་ནམ་མཁའ་སྐྱེ་བ་བཞེས། གཤེན་རབ་ཐུགས་ཀྱི་བསྟན་པའི་ལས་དཔོན་བཞེས། གཞན་དོན་ཕྱིར་དུ་ཞང་ཞུང་སྟག་གཟིགས་ཨུ་རྒྱན། རྒྱ་གར་རྒྱ་ནག་ལ་སོགས་སུ། ལན་གྲངས་བཅུ་གསུམ་གདམ་ངག་བླང་། གཤེན་རབ་ཞལ་ནས་གསུངས་ཚད་ཡི་གེར་བཀོད། བོད་ཁ་བ་ཅན་དུ་སྒྱུར་༼བསྒྱུར༽ཏེ་གཏན་ལ་ཕབ”། 16 ཅེས་དང་། “འབུམ་དང་གསུང་རབ་གསས་ཁང་ལྷ་ཁང་མཆོད་རྟེན་ཞང་ཞུང་ཡུལ་དུ་དར། རྩང་དབུས་སུ་མ་དར”། 17 ཞེས་སྐབས་འདིར་གཙང་དབུས་ཞེས་པ་དེ་དེང་སང་གི་དབུས་གཙང་ཁུལ་ལས་གཞན་མ་ཡིན་ཞིང་དེ་ལྟར་ན། ཞང་ཞུང་ལ་བོན་མ་དར་གོང་ནས་ལྷོ་ཁར་དར་མེད་པ་ནི་རིགས་པས་དཔྱད་པར་ནུས་སོ། །ཡང་དེ་ཉིད་ལས། “དེ་ནས་ཞང་ཞུང་གི་ཡུལ་དུ་བོད་ཀྱི་བོན་པོ་རིག་པ་གསལ་བ། ཁྱུང་པོ་སྟག་སྒྲ་དུན་བཙུག ཉམ་ལི་ཤུ་སྟག་རིང་། བྷེ་ཤོད་ཀྲམ། ཅོ་བོན་ཁྲི་གཙུག་ཁྱུང་གྲགས་བཞི་ལ། གསེར་ཕྱེ་འབྲོང་རུ་གང་བཀུར་ནས། ཞང་ཞུང་གི་ཡུལ་དུ་བོན་འཚོལ་དུ་བཏང་པས། གཤེན་པོ་དེ་བཞིས་ཞང་ཞུང་གི་མཁས་བཞི་ལ་བཏུགས། ཞང་ཞུང་གི་སྟོན་པ་མང་དུ་བསོགས་ནས་ཞུག་ཏོག་དང་གསེར་ཕྱེ་ཕུལ་ནས་ཞུས་པས། བོན་གྱི་གསང་སྡེ་ཆེན་པོ་བཞི། འབུམ་སྡེ་ཆེན་པོ་ལྔ། ཕྱི་ནང་རྒྱས་བསྡུས་ཀྱི་བོན་སྡེ་མང་པོ་གནང་བ་བསྣམས་ནས། ཞང་ཞུང་གི་ཡུལ་ནས་བོད་ཡུལ་ནས་དབུས་སུ་ཕྱིན”། 18 ཞེས་དང་། གཞན་ཡང་དེང་སང་མཇལ་ཡུལ་དུ་གྱུར་བའི་བོན་སྡེ་ཁག་མང་པོའི་དབུ་ཡི་མཚན་དོན་ལ། སྟག་གཟིག་དང་། ཞང་ཞུང་། བོད་སོགས་རིམ་བཞིན་ཤན་སྦྱར་གྱི་ཚུལ་དུ་ཡིག་གཟུགས་ལ་སྨར་ཆུང་སྨར་ཆེན་བོད་སོགས་གང་རིགས་དང་། དེ་བཞིན་བོད་ཡིག་གི་ཐོག་ནས་དང་པོ་སྟག་གཟིག་གི་སྐད་དང་། དེ་ནས་ཞང་ཞུང་གི་སྐད། དེ་ནས་བོད་ཀྱི་སྐད་སོགས་ས་གནས་ཁག་ནས་བོན་སྡེ་དར་ཚུལ་དང་བསྒྱུར་ཚུལ་དང་མཐུན་པར་འཁོད་པ་དག་གིས་ཀྱང་ཤེས་ཐུབ། དེ་ལ་སོགས་པའི་རྒྱུ་མཚན་གོང་འོག་མང་དག་ཅིག་གུང་བསྒྲིགས་ན་ད་གཟོད་སྟོན་པའི་འཁྲུངས་ཡུལ་ལྷོ་ཁའི་ཁུལ་ན་མིན་པར་གསལ་ཆ་ཆེ་རུ་འགྲོ་བཞིན་ཡོད་ལ། སྟོན་པ་གཤེན་རབ་ནི། གཡུང་དྲུང་བོན་གྱི་རིག་གཞུང་གི་རྣམ་པ་སྲོལ་འབྱེད་མཁན་ཐོག་མ་དེ་གྱུར་སྟབས་གལ་སྲིད་སྟོན་པའི་འཁྲུངས་ཡུལ་དེར་ཡིན་ན་སྟོན་པས་ཐོག་མར་རིག་གཞུང་གི་རྣམ་པ་གང་ཞིག་སྲོལ་ཕྱེས་ཀྱང་དེའི་སྐད་ཐོག་ནས་གཏན་ལ་འབེབ་ཅིང་དང་ཐོག་ས་གནས་དེ་རུ་དར་ཁྱབ་ཏུ་འགྲོ་དགོས་པར་བཤད་མ་དགོས་པ་རེད། དེར་བརྟེན་དབུས་གཙང་གི་ལྷོ་ཁའི་ཁུལ་དུ་གོང་གསལ་གྱི་རིག་གཞུང་དེ་དག་ཐོག་མར་དར་ཁྱབ་ཏུ་མ་སོང་བར། སྟག་གཟིག་དང་ཞང་ཞུང་སོགས་ནས་རིམ་བཞིན་བོད་ཡུལ་ལ་དར་ཁྱབ་སོང་བ་ལ་སོགས་རྒྱུ་མཚན་མང་པོ་ཞིག་གིས་གཏན་ཁེལ་ཐུབ་པ་ཞིག་རེད།
སྟོན་པ་གཤེན་རབ་ཀྱི་འཁྲུངས་དུས་ལོ་ཚིགས་སྐོར།
ཡང་སྟོན་པ་གཤེན་རབ་ཀྱི་འཁྲུངས་དུས་ལོ་ཚིགས་སྐོར་བཤད་སྐབས་འདི་ལྟར་ཏེ། “སྤྱི་ལོའི་སྔོན་གྱི་༡༡༧པར་ཤིང་བྱི་ལོ་ལ། བཙན་པོ་གཉའ་ཁྲི་ནས་བརྩིས་པའི་རྒྱལ་རབས་དྲུག་པའི་དུས་ཙམ་ན་བྱོན་པར་ངེས”། 19 ཞེས་དང་། 《རྡོ་རྗེའི་གསུངས་བཞི་བཅུ་པའི་འགྲེལ་བ》ཞེས་པ་དུས་རབས་བཅུ་བཞི་པའི་ནང་དུ་བརྩམས་པའི་དཔེ་ཆ་ཞིག་ལ་གཞི་བཅོལ་ནས་དེའི་ནང་ནས་འགོ་མཇུག་མེད་པའི་ལུང་ཁ་ཤས་ཤིག་དྲངས་པར་མཛད་འདུག་པ་ནི་ལོ་རྒྱུས་ཉམས་ཞིབ་མཁན་གྱི་མཁས་དབང་ཞིག་ལ་མཚོན་ན་ཞེ་ཁྲེལ་བའི་གནས་སུ་འདུག སྤྱིར་འདས་པའི་ལོ་ངོ་མང་པོའི་ལོ་རྒྱུས་ཀྱི་བྱུང་བར་གཞིགས་ན་བན་བོན་གྱི་གྲུབ་མཐའི་འཐད་རྩོད་ཁྲོད་དུ་རང་ཁེ་གཞན་ཕམ་གྱིས་རང་གི་གྲུབ་མཐའ་དེ་ཉིད་ཡག་རབས་ལྷག་རབས་དང་། གཞན་གྱི་གྲུབ་མཐའ་ལ་སྡུག་རབས་དམན་རབས་ཀྱིས་ལོ་རྒྱུས་རང་བཞིན་ལ་འཁྱོག་བཤད་དང་རྫུན་ཚིག་གིས་གྲུབ་པའི་ཡིག་ཆ་མང་པོར་བརྩམས་ཡོད་པ་ནི་དེང་སང་མཐོང་ཡུལ་དུ་གྱུར་པ། དཔེར་ན། བོན་གྱི་ཁུངས་ལྡན་གྱི་ལོ་རྒྱུས་རིག་གཞུང་གང་ལས་མ་གསལ་བཞིན་དུ་བོན་ལ་དབྱེ་ན། རྡོལ་བོན། འཁྱར་བོན། བསྒྱུར་བོན། དེ་བཞིན་བོན་དཀར་བོན་ནག་གི་དབྱེ་བ་མང་པོ་ཞིག་བཀར་ཡོད་པ་དེ་དག་ལྟ་བུ་ཡིན་པས་ཁུངས་ལྡན་ལོ་རྒྱུས་ཀྱི་རྒྱབ་བརྟེན་འདི་ཞེས་མེད་པའི་གང་བྱུང་གི་དཔེ་ཆ་དག་ལ་བདེན་དཔང་འཛིན་པ་དེ་ཕྱོགས་གང་དུ་གཏོགས་མིན་བཤད་མ་དགོས་པ་རེད། འོ་ན་སྟོན་པ་གཤེན་རབ་བྱོན་དུས་ནམ་གྱི་ཚེ་རེད་ཅེ་ན། སྤྱིར་བོན་གྱི་མཁས་པ་དང་ཡིག་ཆ་མང་པོས་འདི་ནས་ཡར་བརྩིས་པའི་མི་ལོ་ཆིག་ཁྲི་བརྒྱད་སྟོང་གི་གོང་དུ་ཡིན་པར་བཞེད་པ་ལ་དེང་སང་ལོ་རྒྱུས་སྨྲ་བ་མང་པོས་ཡིན་མིན་གྱི་རྩོད་པ་མང་པོ་ཞིག་བྱུང་འདུག་ཀྱང་། མ་མཐའ་ཡང་བོད་རྒྱལ་ཐོག་མ་གཉའ་ཁྲིའི་གོང་རོལ་དུ་ཡིན་དགོས་པ་ནི་སྨོས་མ་དགོས་པ་རེད། དེ་ཡང་ཞང་བོད་ལོ་རྒྱུས་རྣམས་སུ་སྟོན་པ་གཤེན་རབ་དེ་ཉིད་ཀྱིས་སྔར་བདུད་ཕྲུག་ཤོར་བ་རྐྱ་བདུན་གྱིས་གཤེན་གྱི་རྟ་བདུན་བརྐུས་ནས་ཀོང་པོར་ཁྱེར་བའི་རྐྱེན་ལ་བརྟེན་ནས་སྟག་གཟིག་འོལ་མོ་ལུང་རིང་ནས་བོད་ཡུལ་དུ་ཞབས་ཐོག་མར་བཅགས་ཏེ་བོད་ཡུལ་དུ་རྒྱུ་ཡི་ཐེག་པའི་སྲོལ་ཕྱེས་པའི་དུས་ནི་བོད་རྒྱལ་ཐོག་མ་གཉའ་ཁྲིའི་གོང་རོལ་ཡིན་དགོས་ཤིང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙད་པོའི་རིང་ལ་རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བ་དག་ནི་སྟོན་པ་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་བོན་སྡེ་དེ་དག་གི་ཆ་ཤས་སུ་གྱུར་པ་ཞིག་ཡིན། རྒྱལ་པོ་དེའི་རིང་ལ་བོན་ཤེས་པ་ཅན་བཅུ་གཉིས་སུ་གྲགས་པའི་བོན་སྡེ་དེ་རྣམས་དར་བའི་ཁུངས་གཙོ་བོ་བོན་གྱི་དཔེ་རྙིང་བྱམས་མ་ལས་བྱུང་ཡོད། 《བྱམས་མ་སྐྱོན་གྱི་འཇིག་སྐྱོབས་ཀྱི་གཟུངས》ལས། “རྒྱལ་པོར་ཕྱུང་བ་གཉའ་ཁྲི་དེ་ཡི་རང༼རིང༽ལ་རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་དར་ཏེ། མགོན་ཤེས་ལྷ་༼ལྷ་དངོས་སུ་མགོན་བྱེད་པ་༽བོན། གཡང་༼གཡང་ཚུར་ལེན་པ་༽ཤེས་ཕྱ་བོན། ༼གླུད་ཕར་གཏོང་བ༽འགྲོ་ཤེས་གླུད་གཏོར་། འདུར་༼ཤི་བ་འདུར་བ་༽ཤེས་སྲིད་གཤེན། གཙང་༼གཙང་སྨེ་འབྱེད་པ་༽ཤེས་སེལ་འདེབས། སྒྲོལ་༼དགྲ་བོ་བསྒྲལ་བ་༽ཤེས་ལྡ་བྱེད། ཕན་ཤེས་༼ནད་པ་གསོ་བ་༽སྨད་དཔྱད། སྐོས་ཤེས་༼སྔ་ཕྱིའི་ལྟས་བཟུང་བ༽རྩིས་མཁན། སྨྲ་ཤེས་༼མི་སྐད་སྨྲས་པ་༽དོར་ཀུ། ལྡིང་ཤེས༼བར་སྣང་འཕུར་བ་༽་ཤ་བ། འཕུར་ཤེས་༼བར་སྣང་འཕུར་བ་༽ཇུ་ཐེག འགྲོ་ཤེས་༼ཤིང་རྩི་རང་འགྲོས་༽འཕྲུལ་བོན། དེ་རྣམས་ལ་ཤེས་པ་ཅན་བཅུ་གཉིས་སུ་བཏགས་པ་དར་རོ”། ། 20 ཞེས་དང་། ད་དུང་བོད་རྒྱལ་མུ་ཁྲིའི་སྐབས་སུ་སྔགས་ཕྱོགས་ཀྱི་བོན་སྡེ་ཁག་མང་པོ་བོད་དུ་དར་བར་མངོན་ཏེ། དེ་ཉིད་ལས། “དེའི་སྲས་མུ་ཁྲི་བཙད་པོས་བསླབ་པའི་དོན་གོ བསྒྲུབ་པའི་དོན་གྲུབ། བསྒོམ་པའི་དོན་རྟོགས་ན་༼ནས༽། སྟག་གཟིག་ལ་སོགས་པ་འཛམ་བུ་གླིང་གི་ལོ་ཙྭས་བསྒྱུར། ཞང་ཞུང་ནས་མཁས་པ་ཆེན་པོ་བརྒྱ་དང་རྩ་བརྒྱད་གདན་དྲངས། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་རྩ་ལྔ་བཙུགས”། 21 ཞེས་དང་། 《མདོ་གཟེར་མིག》ལས། “གཤེན་རབ་ཀྱི༼ཀྱིས༽བོད་ཀྱི་བོན་པོ་ལ། བོན་དུ་ལྷ་གསོལ་བ་དང་། འདྲེ་བཀར་བ་གཉིས་ཀྱི་ལུང་ཕོག ཡས་སྟགས་སུ་ཤིང་རྩི་བན་བུན་དང་། ཞུགས་ཤངས་དང་གསེར་སྐྱེམས་བསྟན”། 22 ཞེས་དང་། “སྟོན་པས་སྤ་དང་སུམ་པའི་བོན་པོ་ལ། བོན་དུ་འདྲེ་བཀར་བ་དང་ཡུག་ཕུད་གཉིས་ཀྱི་ལུང་ཕོག ཡས་སྟགས་སུ་སྨན་བསང་དང་ཐོད་རུས་བསྟན”། 23 ཞེས་སོགས་ཀྱིས་སྐབས་དེར་དར་བའི་བོན་སྡེ་རྣམས་ནི་སྟོན་པ་གཤེན་རབ་ཀྱིས་སྲོལ་ཕྱེས་པའི་གཡུང་དྲུང་བོན་དེ་ཉིད་ལས་ལོག་ཏུ་དགར་རྒྱུ་མེད་པ་མ་ཟད། ལྷག་པར་དུ་གཉའ་ཁྲིའི་སྐབས་ཀྱི་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བ་ནི། རྨང་གཞི་སྟོན་པ་གཤེན་རབ་ཀྱིས་བོད་དུ་སྲོལ་ཕྱེས་པའི་བོན་སྡེ་དེ་དག་ཡར་རྒྱས་དང་དར་ཁྱབ་ཏུ་སོང་བ་ཞིག་ཡིན་དགོས་པ་སྟེ། མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས། “གཤེན་རབ་མི་བོ་ཆེས་བོད་ཀྱི་བོན་པོ་རྣམས་ལ“ལྷ་གསོལ་བ”ཞེས་བོན་ཤེས་པ་ཅན་བཅུ་གཉིས་སུ་གྲགས་པའི་ནང་ཚན“མགོན་ཤེས་ལྷ་བོན”གྱི་བོན་སྒོ་དང་། “འདྲེ་བཀར་བ”ཞེས“འགྲོ་ཤེས་གླུད་བོན”དང་། “སྨྲང་ཤེས་གཏོ་དགུ”རུ་གྲགས་པའི་བོན་སྒོ་དག་དང་། “ཡུག་ཕུད”ཅེས“འདུལ་ཤེས་སྲིད་གཤེན”དུ་གྲགས་པའི་བོན་སྒོ་བསྟན་ཡོད་པའི་དོན་དུ་ངེས་པ་ཡིན”། 24 ཞེས་གསུངས་པ་ལྟར་ཡིན་ལ། གལ་ཏེ་སྟོན་པ་གཤེན་རབ་དེ་ཉིད་གཉའ་ཁྲིའི་རྗེས་སུ་བྱོན་པ་ཞིག་ཡིན་ཚེ་ཁོང་མ་བྱོན་གོང་ནས་དེ་དག་རྒྱས་པར་བོད་ལ་དར་ཁྱབ་ཕྱིན་ཚར་བས། ཁོང་གིས་ལུང་ཕོག་ཅེས་པའི་དོན་མི་འབྱོར་བ་ཡིན་ནོ། །རྒྱུ་མཚན་དེ་དག་གིས་སྟོན་པ་གཤེན་རབ་ཀྱི་འཁྲུངས་དུས་ལོ་ཚིགས་ཁྱེད་ཀྱིས་གསུངས་པ་ལྟར་བཙད་པོ་གཉའ་ཁྲི་ནས་བརྩིས་པའི་རྒྱལ་རབས་དྲུག་པའི་དུས་མ་ཡིན་པར་རྒྱུ་མཚན་དེ་དག་གིས་བདེན་དཔང་བྱེད་ནུས་པར་ངེས་སོ། །
མཇུག་བསྡུའི་གཏམ།
སྤྱིར་ལོ་རྒྱུས་ཐོག་གི་མི་སྣ་གང་ཞིག་གི་གལ་ཆེའི་གནས་བབ་སོགས་ལ་མཐའ་ཆོད་པའི་ཉམས་ཞིབ་རེ་དགོས་ཚེ་དེ་འབྲེལ་གྱི་རིག་གཞུང་དང་ལོ་རྒྱུས་ཡིག་ཚང་ཁག་གི་གཞི་རྩའི་བསྟན་དོན་ལྟར་ཞིབ་འཇུག་གི་ལམ་ཁར་ཕྱོགས་དགོས་པ་དེ་གལ་ཆེན་ཞིག་ཏུ་ངེས་ཤིང་། དེ་ལྟར་མིན་པར་གཞན་གྱིས་ཟེར་སྒྲོས་ཙམ་མམ། མཁས་པ་གང་ཞིག་གི་འདོད་སྟངས་དང་། ཡིག་ཆ་གང་ཞིག་ལས་འདི་ལྟར་གསལ་འདུག་ཅེས་གཞན་གྱི་ཁ་སྒུམ་ཙམ་སྒྲུག་ཅིང་དེ་དང་འདིའོ་ཞེས་ཡ་མཚན་གྱི་སྡོམ་ཚིག་འགོད་པ་ནི་རྩ་བ་བོར་ནས་ཡལ་གར་འཇུས་པ་ཞིག་ཡིན་པ་སྔར་བཤད་པ་ལྟར་རོ། །གོང་གསལ་ཉིད་ཀྱིས་ཐག་གཅོད་དམ་སྡོམ་ཚིག་བཀོད་པ་དེ་དག་སྟོན་པ་གཤེན་རབ་བམ། གཤེན་རབ་མི་བོ་ཆེའི་འཁྲུངས་ཡུལ་དང་ལོ་ཚིགས་གཅིག་པུར་དཔྱད་པ་བཏང་བ་ཙམ་ཞིག་ཡིན་བསམ་པས་མི་ཆོག་ཅིང་། མི་སྣ་དེ་ཉིད་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ཁག་ལ་གཏིང་ཟབ་ཀྱི་འབྲེལ་བ་ཟབ་མོ་ལྡན་པ་ཞིག་ཡིན་སྟབས་མཁས་དབང་ཁྱེད་ཀྱིས་ཤོག་ལྷེ་རེ་ཟུང་ཙམ་གྱིས་ཐག་ཆོད་པོའི་སྡོམ་ཚིག་འགའ་བཀོད་པ་ཙམ་གྱིས་མཇུག་སྒྲིལ་བ་མ་ཡིན་པར། དེ་ཉིད་ཀྱི་འཁྲུངས་ཡུལ་དང་ལོ་ཚིགས་ཐད་མཁས་པ་ཕལ་ཆེར་གྱི་འདོད་སྟངས་ལས་ལྡོག་སྟེ་གསར་བརྗེ་ཞིག་བྱེད་དགོས་ཤིང་། དེ་ལྟར་ན་མཁས་དབང་བརྒྱ་ཕྲག་མང་པོས་ཞང་བོད་གཉིས་ཀའི་ལོ་རྒྱུས་ཀྱི་ཕྱོགས་སྡོམ་མཛད་པ་རྣམས་དང་། དེ་དག་གི་དགོངས་བཞེད་ཁག་མང་པོར་རིགས་འཚོལ་བདེན་ཁའི་ལམ་ནས་དགག་བཞག་སྤོང་གསུམ་གྱིས་སྔར་མེད་ཀྱི་འཕོ་འགྱུར་ཆེན་པོ་ཞིག་དང་། མདོར་ན་ལོ་རྒྱུས་ཀྱི་གསར་བརྗེ་ཆེན་པོ་ཞིག་གནང་དགོས་པ་ནི་སྨྲོས་མེད་ཡིན་པས། སྔར་མའི་ཁ་དཔེ་ལྟར་སྐུ་ཉིད“ར་བཞི་ས་ལ་རྡེབ་པའི་རྟ་ཕོ་ཞིག་ཡིན་ཚེ། ཐང་པོ་ཆེ་ལ་བརྒྱུགས་པ་ལས་རྒྱུགས་རྒྱུ་མང”་བས་ན། ཉིད་ཀྱི་ཐུགས་དཀྱིལ་ན་ཁྲ་ཆེ་ལེར་བཀྲ་བའི་དགོངས་བཞེད་དེ་ཇི་ཙམ་རྒྱུན་འཁྱོངས་ཐུབ་མིན་ག་ལེར་བལྟ་བར་བྱེད། ཆེད་དུ་ཞུ་རྒྱུ་ཞིག་ལ་གུས་པ་ནི་ཕོ་ལོ་ཉི་ཤུ་བརྒལ་ཟིན་ཙམ་གྱི་གསར་བུ་དཀྱུས་མ་ཞིག་ལས་མཁས་པ་དང་། དཔོན་པོ། བླ་ཆེན་དང་། སྤྲུལ་སྐུ་སོགས་མཚན་དང་གྲགས་པ་ཡོད་པའི་མི་ཆེན་ཞིག་མིན་པས་སྐུ་ཉིད་ཀྱིས་གུས་པའི་གླེང་མོལ་འདི་ལ་སྣང་ཆུང་མི་གནང་བར་ཅིས་ཀྱང་ཐུགས་སྒམ་པོའི་ངང་ནས་གཟིགས་ཤིང་། དེ་དང་མཐུན་པའི་གསལ་བཤད་དམ་དགོངས་ཚུལ་ཟབ་མོ་ཞིག་གནང་རྒྱུའི་རེ་བ་ཅི་ནས་ཀྱང་ཆེ་བ་ཡིན།
ཞེས་བོད་རིག་པའི་སློབ་གཉེར་བའི་མིང་ཙམ་འཛིན་པ་ཞུ་ཚང་སྐལ་བཟང་རྒྱལ་མཚན་གྱིས། སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་༥ཚེས་༢༩ཉིན་ཁྱུང་ཡུལ་སྤུ་རྒྱལ་ཁུལ་དུ་མཇུག་གྲུབ་པར་བྱས།
རྩོམ་འདིར་ནང་འདྲེན་བྱས་པའི་དཔྱད་གཞིའི་ཡིག་ཆ་ཁག
1 《གངས་ཅན་བོད་ཀྱི་མཛངས་མི》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༡༡༥ པར་གསལ།
2 《མདོ་གཟེར་མིག》《 གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》 དེབ་ཉེར་དྲུག ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༡༥༡ པར་གསལ།
3 《མཛོད་ལྷ་འགྲེལ》《སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས》དེབ་བཅུ་བདུན། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༣ལོར་པར་དུ་བསྐྲུན། ལྡེབ་ངོས། ༢༢༩ པར་གསལ།
4 《ཡར་ལུང་ཇོ་བོའི་ཆོས་འབྱུང་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༨ལོར་པར་དུ་བསྐྲུན། ལྡེབ་ངོས། ༤༥ པར་གསལ།
5 《དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས》 མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༨ལོར་པར་དུ་བསྐྲུན། ལྡེབ་ངོས། ༡༣ པར་གསལ།
6 《སྟོན་པའི་མཛད་རྣམ་དང་ལོ་རྒྱུས་སྐོར》《གངས་ཏི་སེའི་བོད་གཞུང་རིག་མཛོད་དཔེ་ཚོགས》 དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་པར་དུ་བསྐྲུན། ལྡེབ་ངོས། ༢ པར་གསལ།
7 གོང་མཚུངས་ལྡེབ་ངོས། ༤ པར་གསལ།
8 གོང་མཚུངས་ལྡེབ་ངོས། ༡༢ པར་གསལ།
9 《མདོ་གཟེར་མིག》 《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》དེབ་ཉེར་དྲུག ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༡༥༡ པར་གསལ།
10 《གངས་ཅན་བོད་ཀྱི་མཛངས་མི》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༢༥ པར་གསལ།
11 《མདོ་གཟེར་མིག》 《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》 དེབ་ཉེར་དྲུག ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༡༥༡ པར་གསལ།
12 《གངས་ཅན་བོད་ཀྱི་མཛངས་མི》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༢༥ པར་གསལ།
13 《སྟོན་པའི་མཛད་རྣམ་དང་ལོ་རྒྱུས་སྐོར》《གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས། དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༠ལོར་པར་དུ་བསྐྲུན། ལྡེབ་ངོས། ༧ པར་གསལ།
14 《གངས་ཅན་བོད་ཀྱི་མཛངས་མི》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༢༦ པར་གསལ།
15 《མདོ་གཟེར་མིག》《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༤༠༣ པར་གསལ།
16 《རྩ་རྒྱུད་ཉི་ཟེར་སྒྲོན་མ》《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》 པོད་བཅུ་བདུན། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༨ལོར་དཔེ་གཟུགས་སུ་པར་དུ་བསྐྲུན། ལྡེབ་ངོས། ༣༣༣ པར་གསལ།
17 གོང་མཚུངས་ལྡེབ་ངོས། ༣༣༥ པར་གསལ།
18 གོང་མཚུངས་ལྡེབ་ངོས། ༣༣༦ པར་གསལ།
19 《གངས་ཅན་བོད་ཀྱི་མཛངས་མི》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༢༧ པར་གསལ།
20 《བྱམས་འབུམ》《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༥ལོར་དཔར་དུ་བསྐྲུན། ལྡེབ་ངོས། ༢༤༡ པར་གསལ།
ཉེར་གཅིག་གོང་མཚུངས་ལྡེབ་ངོས། ༢༤༢ པར་གསལ།
22 《མདོ་གཟེར་མིག》《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》དེབ་ཉེར་དྲུག ཀན་སུའི་མི་རིགས་དཔེ་སྐྲུན་ཁང་གིས་༢༠༡༥ལོར་པར་དུ་བསྐྲུན། ལྡེབ་ངོས། ༤༠༨ ལས་གསལ།
23 གོང་མཚུངས་ལྡེབ་ངོས། ༤༡༧ པར་གསལ།
24 《ཞང་བོད་ལོ་རྒྱུས་ཏི་སེའི་འོད》 བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་༡༩༩༦ལོར་པར་དུ་བསྐྲུན། ལྡེབ་ངོས། ༡༩༢ པར་གསལ།