དམ་རྫས་བདུད་རྩི་ལྔ་དང་བམ་ཆེན་ཤ་ལྔའི་སྐོར་ལ་དྭོགས་གླེང༌།
[ཟླ་ཚེས། 2015-03-31 11:24:32][རྩོམ་པ་པོ། སྤུ་རྒྱལ་བ་ཉི་མ་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་ལུགས་ལས་བཤད་པའི་དམ་རྫས་བདུད་རྩི་ལྔ་དང་བམ་ཆེན་
ཤ་ལྔའི་སྐོར་ལ་དཔྱད་གླེང་ངམ་དྭོགས་གླེང༌།
༄༅།། ཞང་ཞུང་སྐད་དུ། དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ། བོད་སྐད་དུ། གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ།།
སྤྱིར་བོད་ཀྱི་རིག་གནས་ཆེན་པོ་ལྔ་ཡི་ནང་ཚན་ནང་རིག་པའི་ཁོངས་གཏོགས་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་སྐོར་ལ་རྒྱ་ཆེ་གཏིང་ཟབ་བཤད་རྒྱུ་ཡོད་ཀྱང་ཁོ་བོས་ཁར་སྔོན་ཞུས་བཞིན་གསང་སྔགས་ཀྱི་དམ་རྫས་བདུད་རྩི་ལྔ་དང་བམ་ཆེན་ཤ་ལྔའི་སྐོར་ལ་དཔྱད་གླེང་ངམ་དྭོགས་གླེང་ཁ་ཤས་ཤིག་ཞུ་འདོད་ཡོད་ཞུས་པ་བཞིན་ད་ལན་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གསུམ་པ་འདིའི་ཐོག་ཞུ་རྒྱུའི་གོ་སྐབས་རག་པར་དགའ་སྤྲོ་དང་བཅས་ཏེ་དཔྱད་གླེང་ངམ་དྭོགས་གླེང་ཁ་ཤས་ཤིག་ཞུ་རྒྱུ་ལ།
༡༽གསང་བའི་མཆོད་པ་དམ་རྫས་བདུད་རྩི་ལྔ་“༡དྲི་ཆེན་ནི་སྐྱག་པ། ༢དྲི་ཆུ་ནི་གཅིན་པ། ༣བྱང་སེམས་ནི་ཕོ་ཡི་ཁུ་བ་ཐིག་ལེ། ༤རཀྟ་ནི་མོ་ཡི་ཟླ་མཚན། ༥གསང་ཤ་ནི་མི་ཤ”ནི་ཐ་མལ་བ་ཕལ་ཆེ་བས་བཙོག་པར་འཛིན་པའི་དངོས་པོ་གཙོ་བོ་རྐྱང་རྐྱང་ཡིན་སྟབས་སྔགས་ནང་མའམ་གོང་མ་བས་དམ་རྫས་ཀྱི་གཙོ་བོའམ་རྩ་བར་ཇི་ལྟར་འཇོག་ཅེ་ན་གཅིག་ནས་ཐ་མལ་གྱི་སྣང་ཞེན་ལྡོག་ཆེད་དང༌། གཉིས་ནས་བམ་ཆེན་ཤ་ལྔའམ་ཤ་ཆེན་ལྔ་ཡི་བདག་པོ་“བུད་མེད་ཁྱི་རྟ་བ་གླང་མ་ཧེ”རྣམས་ཀྱི་ལོངས་སྤྱོད་བྱར་གཙོ་བོར་གྱུར་པའི་ཆ་ནས་བཞག་ཡོད་ན་སྙམ། (རྒྱ་བོད་ཚིག་མཛོད་ནས་བརྩི་སྲོལ་གཞན་ཞིག་ལ་ཤ་ལྔ་ནི། ༡གླང་པོ་ཆེའི་ཤ ༢མི་ཤ ༣རྟ་ཤ ༤ཁྱི་ཤ ༥བ་གླང་ངམ་རྨ་བྱའི་ཤ་ལྔ་ལ་བཞག་འདུག)
༢༽གོང་ཞུས་འབྲེལ་ཡོད་བམ་ཆེན་ཤ་ལྔའི་སྐོར་བོན་ཆོས་གཉིས་ལ་འཇོག་ཚུལ་མི་མཐུན་པ་འགའ་ཞིག་ཡོད་པའི་ནང་ནས་ད་ལན་གཙོ་བོ་མ་རྒྱུད་ནས་བྱུང་བའི་བམ་ཆེན་ཤ་ལྔའི་སྐོར་ལས་འཕྲོས་པའི་ཐ་སྙད་དོན་དང་འགྲེལ་དཀའ་བའི་དྭོགས་གཞི་སྟེ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་ལུང་གི་རྩ་འགྲེལ་གཉིས་ཀར་གསལ་བའི་ཚིག་དེ་འགྲེལ་མི་ཤེས་པ་ཅིག་འདུག་པ་དཔེར་ན་“ཤ་ཆེན་ཟ་བ་མ་ཧེའི་གཟུགས”ཟེར་བ་དེ་མ་ཧེས་ཤ་ཆེན་བཟའ་རྒྱུ་ཕར་ཞོག་ཤ་མི་ཟ་མངོན་གསལ་ཡིན་པ་ལ་ཤ་ཟ་ཟེར་བ་ཇི་ལྟར་འགྲེལ།
བམ་ཆེན་ཤ་གཞན་བཞི་པོ་ཡོངས་གྲགས་ཀྱི་ངག་རྒྱུན་དང་དངོས་ཡོད་ཀྱི་གནས་ཚུལ་གཉིས་ཐོག་ནས་གོ་རྒྱུ་ཆེན་པོ་འགྲེལ་རྒྱུ་ཡོད་པར་སེམས། དེ་དག་བཞི་པོའི་སྐོར་བཤད་སྲོལ་དང་གནས་ཚུལ་གཉིས་ཀའི་ཆ་ནས་རགས་ཙམ་ཞིག་འགྲེལ་བཤད་ཞུས་པ་ཡིན་པ་དཔེར་ན། ༡༽ས་བོན་ཟས་སུ་ཟ་བ་བུད་མེད་ཀྱི་གཟུགས་སུ་བཞག་ན་སྐྱེས་པའི་ས་བོན་ཟ་མཁན་ནམ་ལོངས་སུ་སྤྱོད་པར་བྱེད་མཁན་གཙོ་བོ་བུད་མེད་ཡིན་པའི་ཆ་ནས་བཞག་པ་དང༌། ༢༽དྲི་ཆེན་ཟ་བ་ཁྱི་ཡི་གཟུགས་སུ་བཞག་པར་ཁྱི་སྐྱག་གཟན་ཞེས་བཤད་སྲོལ་ཡོད་པ་ལྟར་དོན་ལའང་སྐྱག་པ་ཟ་མཁན་གཙོ་བོ་ཞིག་ཁྱི་ཡིན་པའི་ཆ་ནས་བཞག་པ་དང༌། ༣༽ཟླ་མཚན་ཟ་བ་རྟ་ཡི་གཟུགས་སུ་བཞག་པར་བཤད་སྲོལ་ལ་བུད་མེད་ཟླ་མཚན་ལ་རྟ་དགའ་ཟེར་སྲོལ་ཡོད་པ་བཞིན་དོན་ལ་དངོས་མཐོང་ཅན་མང་པོས་བཤད་པར་ཐོས་སོང༌། ༤༽དྲི་ཆུ་ཟ་བ་བ་གླང་གཟུགས་སུ་བཞག་པར་བཤད་སྲོལ་ལ་བ་གླང་རྫིང་“གཅིན་པ”རོལ་བྱེད་འགྲོ་ཟེར་བ་ལྟར་དོན་ལ་དེ་ལྟར་གཅིན་པ་བཏང་སར་བ་གླང་གིས་ས་སོགས་ལྡག་གི་ཡོད་པ་མཐོང་གསལ་ལྟར་རེད། ༥༽ཤ་ཆེན་ཟ་བ་མ་ཧེའི་གཟུགས་བཞག་པར་གོང་ཞུས་བཞི་བོ་ལྟར་འགྲེལ་བཤད་རྒྱག་དགོས་ན་རྒྱག་རྒྱུ་དཀའ་བས་ཕྲན་གྱི་བསམ་ཚུལ་གཅིག་ལ། ཤ་ཆེན་ཟ་བ་ལ་ཧེའི་གཟུགས་ཟེར་བ་ལ་ཡིག་ནག་“ལ་ཡིག”དང་“མ་ཡིག”གི་གཟུགས་ལ་ནོར་འགྲོ་བ་མང་པོ་ཡོད་པའི་དབང་གིས་ཡིན་ཆོག་ས་རེད། དེ་ལྟར་ཟེར་ན་འགྲེལ་བ་ཚུལ་མཐུན་རྒྱག་ཐུབ་ཀྱི་འདུག གང་ལགས་ཟེར་ན་ཞང་སྐད་དུ་སྟག་གི་མིང་ལ་“ལ་ཧེ”ཟེར་བ་རེད་འདུག་པ་མ་ཟད་ནམ་རྒྱུན་བཤད་སྲོལ་ཁ་སྐད་སྟག་མི་གཟན་ཟེར་གྱི་ཡོད་པ་ལྟར་གོ་རིམ་འགྲིག་པར་སྙམ། བསམ་ཚུལ་གཉིས་པ་ཞིག་ལ་བན་ཕྱོགས་ནས་བཤད་སྲོལ་ཞིག་ལ་མ་ཧེའི་ཚབ་ཏུ་“མ་ཧ་ཆུ་སྲིན་གྱི་ཤ”ཟེར་གྱི་འདུག་པ་ལ་བལྟས་ན་མ་ཧ་ལ་འབྲེལ་སྒྲ་འི་མཉམ་དུ་སྦྱར་བའི་སྒྲ་གདངས་ཟུར་ཆགས་སུ་“མ་ཧའི” “མ་ཧེའི”སྒྲ་གདངས་སུ་འཁྲུལ་ནས་ཡིག་ནོར་ཤོར་ཆོག་པ་ལྟར་རེད་ལ། དེ་ཡང་ཁ་རྒྱུན་ལ་“ཤ་གཟན་ཆུ་སྲིན”ཟེར་སྲོལ་ཡོད་པ་དེ་ཡང་བདེན་པ་འདྲ་པོ་ཞིག་འདུག
གོང་ཞུས་ལྟར་སྤྲུལ་སྐུ་གུ་རུ་རྣོན་རྩེས་(འཁྲུངས་ལོ་༡༡༣༦)གཏེར་ནས་དྲངས་པ་རྒྱལ་བ་ཀུན་ཏུ་བཟང་པོའི་བཀའ་མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང་དེའི་རྒྱུད་འགྲེལ་མཛད་པ་པོ་རྒྱལ་གཤེན་ཆེན་པོ་མི་ལུས་བསམ་ལེགས་རྣམ་གཉིས་ཀྱི་བཀའ་གོ་རིམ་འཁྲུག་འདུག་པ་རྩ་བ་ནས་མི་སྲིད་པ་རེད་དེ། ཕྱིས་སུ་ཚིག་རེ་ཙམ་བྲིས་པས་ཡིག་ནོར་ཤོར་སྲིད་པའི་དྭོགས་པ་ཟ་མཁན་མང་ཙམ་ཡོང་གི་འདུག་པས་དེར་བརྟེན་ད་ལན་ཕྲན་གྱིས་དཔྱད་གཞི་གཙོ་བོ་དེ་བཞག་སྟེ་དེ་དག་གི་གནས་སྟངས་སྐོར་གླེང་ཡོད།
ཡང་གོང་དུ་དཔྱད་གླེང་གི་དྭོགས་གཞི་མང་པོའི་སྐོར་ཕྲན་གྱིས་དག་ཐེར་ཡོང་རྒྱུའི་རེ་བ་གཞན་ཞིག་ལ་“ཤ་ཆེན་ཟ་བ་མ་ཧེའི་གཟུགས་སམ” “ཤ་ཟ་མ་ཧེའི་གཟུགས”ཞེས་པར་ཤ་ཟ་ཟེར་བ་དེ་གནོད་བྱེད་འབྱུང་པོའི་སྡེ་རིགས་ལ་གོ་དགོས་པའི་དན་རྟགས་ཆེན་པོ་འདུག་སྙམ། གང་ལགས་ཤེ་ན་ཡང་མ་རྒྱུད་ཀྱི་རྒྱུད་འགྲེལ་དེ་ཉིད་ལས་“དེའི་གཟུགས་ལྔ་ནི། སྲེད་ལེན་བུད་མེད་ཀྱི་གཟུགས། སྲུལ་པོ་ཁྱི་ཡི་གཟུགས། ཕུང་སྲི་རྟའམ་རྔ་མོང་གཟུགས། ཡི་དྭགས་བ་གླང་གཟུགས། ཤ་ཟ་མ་ཧེའི་གཟུགས། ཞེས་གསུངས་པས། ༡སྲེད་ལེན། ༢སྲུལ་པོ། ༣ཕུང་སྲི། ༤ཡི་དྭགས། ༥ཤ་ཟ་ལྔ་པོ་དེ་མི་སོགས་ཀྱི་ཚེ་ལུས་དབང་ཐང་ལོངས་སྤྱོད་ཅི་རིགས་ལ་གནོད་པ་བྱེད་མཁན་ཀྱི་འབྱུང་པོའི་སྡེ་རིགས་མི་འདྲ་ལྔ་ཡི་ནང་ཚན་རིགས་ཤིག་སྟེ་ལུང་ལས་“ཤ་ཟ་སྲིན་པོ་རོ་ལོང་དང་འབྱུང་པོའི་ཚོགས”ཞེས་གསུངས་པའི་ཤ་ཟ་དེ་མ་ཧེའི་གཟུགས་ཅན་ཞིག་ཡོད་པར་གསུངས་པའི་དོན་ལ་བཞག་ན་མི་འཐད་པར་མེད་པར་སེམས།
འོན་ཀྱང་གོང་ཞུས་བཞིན་དམ་རྫས་རྩ་བ་བཞི་པོ་ལོངས་སུ་སྤྱོད་མཁན་ནི་བམ་ཆེན་ཤ་བདག་གཙོ་བོ་བཞིའི་གཟུགས་སུ་བཀོད་པར་རྟེན་འབྲེལ་གྱི་གནད་འགག་ཡོད་བཟོ་འདུག་ཀྱང་ཤ་ཆེན་ལོངས་སུ་སྤྱོད་མཁན་དེ་ཤ་མི་བཟའ་མཁན་ཞིག་གི་“མ་ཧེ”གཟུགས་སུ་བཀོད་འདུག་པར་བརྟེན་ནས་དྭོགས་གཞི་གཞན་ཞིག་མི་འབྱུང་ཁག་མེད་ཡོད་རྐྱེན་དེ་ལྟར་གྱི་དྭོགས་གཞི་རྣམ་པ་ཚོའི་སྤྱན་སྔར་ཕུལ་བའོ།།
2013ལོའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་བ་ལས་དྲངས།