ནང་པའི་སྐོར་གྱི་དྲིས་ལན་དོན་བསྡུས་ཕྱོགས་སྟོན་འཁོར་ལོ་ཞེས་བྱ་བ་བཞུགས་སོ།།

[ཟླ་ཚེས། 2014-03-10 00:34:50][རྩོམ་པ་པོ། དགེ་བཤེས་དྲང་སྲོང་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

France_1330513893.jpg

      དུས་རབས་ཉེར་གཅིག་པ་སྟེ་མི་རྣམས་ཀྱིས་བརྡ་འཕྲིན་གྱི་དུས་རབས་ཞེས་བརྗོད། ས་གནས་གང་ཞིག་ཏུ་གནས་ཚུལ་བྱུང་བ་ན་སྐར་མ་གཅིག་གི་ནང་ཚུད་སའི་གོ་ལ་ཡོངས་རྫོགས་ལ་ཁྱབ་ཐུབ་པ་ནི་གནའ་སྔ་མོའི་བསམ་ཚུལ་ལྟར་ན་གནམ་གྱི་བདག་པོས་ཐད་ཀར་བཀོད་སྒྲིག་བྱས་པ་ཞིག་ཡིན་པར་གདོན་མི་ཟ། ཐབས་ལམ་འདིའི་བརྒྱུད་མི་རྣམས་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་སྨོས་མེད་རེད། གཞན་ལ་རེ་བའི་མིག་ཟུང་ཅེར་ཞིང་བདེན་དོན་སྨྲ་བའི་སྙིང་སྟོབས་མེད་ཀྱང༌། ཡིད་མ་ཞི་བའི་མཚན་མས་བརྡ་འཕྲིན་གྱི་ནགས་ཚལ་དུ་གནས་འཆའ་ཞིང༌། མི་བསྲུན་པའི་ཡན་ལག་བརྐྱངས་ནས་རྣམ་དཀར་གྱི་ལྗོན་བཟང་ལ་ཅི་མི་སྙམ་པར་འགོམས་པའི་སྤྲེའུའི་ཁྱུ་ཚོགས་ཤིག
      དཀྲོག་གཏམ་སྣ་ཚོགས་ཤིག་གིས་མི་དང་མིའི་དབར་དུ་འགལ་ཟླ་དང་དཀའ་རྙོག་མང་དུ་བཟོས་ནས་ཚབས་ཆེའི་རྒྱུ་རྐྱེན་དུ་མི་འགྱུར་བའི་ངེས་པ་མེད་པའི་ཚུལ་འདི་དག་ལ་རང་གི་གྲོགས་པོ་ཁ་ཤས་དང་ལྷན་དུ་བགྲོ་གླེང་བྱུང༌། གཤམ་དུ་འཁོད་པའི་དོན་གནད་ཁག་ཅིག་ལ་དྲི་བ་བྱུང་བར་འདིར་ཡིག་ཐོག་ནས་གཏམ་བཤད་ཀྱི་ཚུལ་དུ་དྲིས་ལན་ཉུང་ངུ་ཞིག་འབུལ་བར་སྤྲོ།
      དེ་ཡང་ཆོས་རྗེ་ས་པཎ་གྱིས། ཐིག་སྐུད་དྲང་པོར་བཞག་པ་ན། །ཡ་ཡོ་ཅན་གྱི་སེམས་ལ་གཟན། །ཞེས་པ་ལྟར། སྤྱིར་ནས་རེ་བས་མ་བཅིངས་པའི་ཀུན་སློང་གིས་བློ་གཟུ་བོར་གནས་ནས་བརྗོད་པའི་གཏམ་བཟོ་བོ་མཁས་པས་ཐིག་སྐུད་དྲང་པོར་བཞག་པ་ལྟ་བུ་ཞིག་ཡིན་དུ་སྲིད་ཀྱང༌། ཕྱོགས་སུ་ལྷུང་བའི་ཆོས་ལྔས་དབང་བྱས་པའི་གང་ཟག་གི་སེམས་ལ་མཚོན་ན་ཚེར་མ་ལྟར་ཤིན་ཏུ་གཟན་པ་ནི་བྱ་ཐབས་མེད་པ་མ་ཟད་དེ་དག་ལ་འཇིགས་ཞུམ་བྱ་བའང་གནས་མ་ཡིན་ནོ་སྙམ།
      གྲོགས་མཆེད་དག་གི་དྲི་བའི་ནང་དོན་ནི། ནང་པ་ཞེས་པའི་སྐོར་དང༌། བོན་ཆོས་དང་འབྲེལ་བའི་གནད་དོན་ཐོག་རེད། གནའ་བོའི་དུས་རབས་བརྒྱད་པའི་སྐབས་སུ་བོད་དུ་ནང་པ་ཞེས་པའི་ཚིག་ཡོད་པར་སྣང་ཡང་དེ་ཡོངས་ཁྱབ་ཏུ་བེད་སྤྱོད་བཏང་ཡོད་མེད་དཔྱད་བྱར་སྙམ་ཞིང༌། བོད་ཀྱི་མཁས་པའི་ཤོད་སྲོལ་བྱས་ན་སྔར་རྒྱ་གར་དུ་ཕྱི་ནང་གི་ཁྱད་པར་དེ་དཔེར་ན། སངས་རྒྱས་གོས་མེད་བྲམ་ཟེ་དང༌། །གསུམ་པོ་རྣམས་ཀྱི་ཆོས་ཡིད་དང༌། །མིག་དང་རྣ་བས་འཛིན་བྱེད་པས། །དེ་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ། །ཞེས་པ་ལྟར། ལུས་ངག་གི་སྤྱོད་ལམ་གཙོ་བོར་ཆོས་འདོད་པ་གཅེར་བུ་པ་དང་བྲམ་ཟེའི་ཆོས་ལུགས་སོགས་ལ་ཕྱི་པ་དང༌། ནང་སེམས་ཀྱི་ཉམས་ལེན་གཙོ་བོར་ཆོས་འདོད་པ་ལ་ནང་པར་འཇོག་པ་དང༌། ཐར་པ་དང་ཐམས་ཅད་མཁྱེན་པ་འདོད་མཁན་ལ་ནང་པ་དང་དེ་མི་འདོད་པ་ལ་ཕྱི་པ་ཟེར་ནས་འཇོག་པ་དང༌། ཡང་ཕྱག་རྒྱ་བཞི་ཁས་ལེན་མི་ལེན་ཐོག་ནས་འཇོག་པ་དང༌། ཡུལ་དུས་ལ་ལྟོས་ཏེ་རྒྱ་གར་དབུས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོ་སོགས་ཀྱི་ནང་སར་དར་བ་ལ་ནང་པ་དང༌། དེའི་ཕྱི་རོལ་དུ་དར་བར་ཕྱི་རོལ་པ་ཞེས་ཟེར་བར་ཤོད་ཚུལ་བྱུང༌། བསྟན་པ་ཕྱི་དར་གྱི་སྐབས་སུ་ཇོ་བོ་རྗེ་དང་ཤན་ཏི་པས་སྐྱབས་འགྲོའི་སྒོ་ནས་ཕྱི་ནང་ཁྱད་པར་འབྱེད་པ་དེ་གཙོ་བོར་གསུངས་པས་བོད་དུ་དེ་ལྟར་ཁས་ལེན་ཁྱབ་ཆེ་བར་བྱུང༌། སྟག་ཚང་ལོ་ཙཱ་བའི་སྐུ་དུས་སུའང་ནང་པའི་འཇོག་བྱེད་ལ་རྩོད་པ་ཡོད་ཚུལ་གསལ་ཡོད་ལ། ས་པཎ་གྱིས། དེ་ལས་གཞན་པ་བླུན་པོ་ཡིས། །གློ་བུར་བཏགས་པའི་གྲུབ་མཐའ་ཡིན། །ཞེས་སོགས་གསུངས་པ་ལ་བརྟེན་ཏེ་སྟག་ལོ་ཤེས་རབ་རིན་ཆེན་གྱིས་བོན་པོ་སྐྱབས་གཞན་དུ་སྨྲ་བ་གཞིར་བཞག་བྱས་ནས་བློས་བཏགས་གཉིས་མིན་དུ་བཞག་ཀྱང༌། དཀོན་མཆོག་གསུམ་གྱི་ངོ་བོ་འཇོག་ཚུལ་དང་དེ་གསུམ་ལ་སྐྱབས་སུ་འགྲོ་ཚུལ་བོན་པོས་ཁས་ལེན་པས་ཁོང་གི་ཞལ་བཞེས་དེ་ལྗིད་ཚད་ཆུང་ངུར་གྱུར། ཀུན་མཁྱེན་འཇམ་བཞད་ཀྱིས་སྟག་ལོ་ལ་རྩལ་དུ་བཏོན་ནས་དགག་པ་གནང་བའི་ཚེ་ན་རྟ་རྒྱུགས་ཞོར་མེ་ཏོག་གི་ཚུལ་དུ་སྟག་ལོའི་གསུང་དེ་ལ་དགག་པ་གནང་བ་སོགས་ཅི་རིགས་སྣང་ཡང་དོན་དུ་བོན་པོ་ནང་པ་ཡིན་མིན་དེ་ཆོས་ཕྱོགས་གཅིག་པུའི་ཐོག་ནས་ཤོད་མི་བདེ་ལ། དེ་བཞིན་བོན་ཕྱོགས་གཅིག་པུའི་ཐོག་ནས་དཔྱིས་ཕྱིན་པའི་གསལ་བཤད་བྱ་མི་ཐུབ་པ་ཡིན། ནང་པ་ཞེས་པའི་ཚིག་དེ་རྩོད་པ་ཅན་ཡིན་པ་བཞིན་མུ་སྟེགས་ཞེས་པའི་ཚིག་དེའང་རྙོགས་དྲ་ཅན་ཞིག་ཡིན་པས་འགྲེལ་ཚུལ་སྣ་ཚོགས་བྱུང་ཡོད། ཆོས་ཕྱོགས་ཀྱི་ལོ་རྒྱུས་ལྟར་ན། སློབ་དཔོན་ཆེན་པོ་པདྨས་བོད་དུ་ལྷ་སྲིན་གདུག་པ་ཅན་ཐམས་ཅད་བཏུལ། བརྟན་མ་བཅུ་གཉིས་ལ་བཀའ་བསྒོས་ནས་བོད་དུ་མུ་སྟེགས་པ་མི་འབྱུང་བར་མཛད་པ་ནི་ཡོངས་གྲགས་ཀྱི་ལོ་རྒྱུས་ཤིག་རེད།
      སྤྱིར་བོན་ཞེས་པའི་མིང་ཚིག་ནི་བོད་ཀྱི་བརྡ་རྙིང་པ་ཞིག་ཡིན་ཞིང་དེའི་འཇུག་གཞི་ནི་འཆད་པ་དང་བཟློ་བ་གྱེར་བ་སོགས་ཡིན་པས་གནའ་སྔ་མོར་ཧ་ཅང་མངོན་གྱུར་མིན་པའི་གཞི་བདག་ལྷ་ཀླུ་དང༌། མངོན་དུ་གྱུར་བའི་ནུས་པ་ཅན་འབྱུང་བཞི་སོགས་ཅི་རིགས་ལ་མཐར་ཐུག་གི་བློ་གཏད་འཆའ་ནས་དེ་དག་ལ་གསོལ་བ་འདེབས་པའི་སྨོན་ཚིག་དང་སྔགས་ཚིག་ཅི་རིགས་ངག་ནས་གྱེར་ཞིང་འདོན་པའི་རིང་ལུགས་གང་ཞིག་བྱུང་བ་ཐམས་ཅད་ལ་བོན་དང༌། དེ་དག་ངག་ནས་གྱེར་མཁན་ལ་བོན་པོ་ཟེར་བ་ཡིན་པས་དོན་གྱི་དབང་དུ་བྱས་ན་བོན་ལ་སྨ་ཕབ་པ་ཙམ་གྱིས་གཤེན་རབ་ཀྱི་རྗེས་འབྲངས་པ་རྣམས་ཚིག་པ་ཟ་དགོས་དོན་མེད་མོད། གཤེན་རབ་རྗེས་འབྲངས་ཀྱི་བོན་གྱི་སྡེ་ཚན་དུ་ཡོད་ཅིང་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་རྒྱུ་ཡི་ཐེག་པ་ཕྱ་སྣང་འཕྲུལ་སྲིད་བཞི་ནི་འཇིག་རྟེན་བདེ་ཐབས་གཙོ་བོར་སྟོན་པ་ལས་ཐར་པ་སྟོན་པའི་གཞུང་མ་ཡིན་པ་མ་ཟད། དེ་དག་གི་ནང་དུ་ཕྱི་མ་བདེ་བའི་ཐབས་སྐྱེས་བུ་ཆུང་ངུའི་ཉམས་ལེན་གྱི་རིམ་པ་ལས་ཚད་དམའ་བ་མང་དུ་སྣང༌། རྒྱ་ཁྱབ་ཏུ་དར་བའི་བོན་གཞུང་དེ་དག་ཐར་པ་ཆ་མཐུན་གྱི་ཉམས་ལེན་ཚད་དམའ་བའི་དབང་གིས་ཆོས་ཀྱི་སྐྱེས་ཆེན་ཇོ་ནང་ཏཱ་ར་ནཱ་ཐས་ཕྱྭ་གཤེན་ཐེག་པ་ལྟ་བུ་ཚངས་པའི་ལུགས་དང་ཆ་མཐུན་དུ་གསུངས་པ་སོགས་ལ་བརྟེན་ནས་འབྲི་གུང་དགོངས་གཅིག་གི་འགྲེལ་བར་བརྡོལ་འཁྱར་བསྒྱུར་གསུམ་གྱི་སྐོར་འགྲེལ་བཤད་རྒྱས་པོར་བྱུང་བ་ལ་ཐུའུ་བཀྭན་གྲུབ་མཐའ་སོགས་སུ་དྲངས་ནས་ད་ལྟའི་བར་བཤད་སྲོལ་དེ་མཁས་པའི་གསུང་རྩོམ་ཁག་ནང་དུ་དྲངས་ཡོད་པ་རེད།
      བོད་དུ་ད་ལྟ་སྤྱོད་བཞིན་པའི་རྩ་བའི་བོན་ལུགས་ནི་སྟོན་པ་གཤེན་རབ་ཀྱི་ལུགས་ཡིན་པར་གྲགས་ཤིང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུགས་ཀྱང་ཡིན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀར་ཕྱག་རྒྱ་བཞི་ཡི་ཆིངས་ཡོད་པའི་སྒྲོམ་གཞི་གལ་ཆེན་དེའི་ནང་དུ་ཚུད་ཡོད་པས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་རྭ་བའི་ནང་དུ་མཆིས། དེ་བཞིན་བདེན་པ་མཐོང་བ་ནི་ཕྱོགས་བཅུའི་རྒྱལ་བསྟན་ཐམས་ཅད་ཀྱི་ཁྱད་ཆོས་སུ་ཁས་བླངས་ན་ལེགས་ཆ་མང་བ་ཡོད་པར་སྙམ་ཞིང་འདས་པའི་སངས་རྒྱས་འོད་སྲུང་དང༌། མ་འོངས་པའི་སངས་རྒྱས་མི་ཕམ་པ་ལ་སོགས་པ་རྣམས་ཀྱང་ནང་པའི་སྟོན་པ་དང་དེ་དག་གི་བསྟན་པ་རྣམས་ཀྱང་ནང་བསྟན་ཡིན་པར་འདོད་ཀྱང་གནོད་བྱེད་མ་དམིགས།
      དེའི་དབང་གིས་སྔ་རབས་བོན་པོའི་མཁས་པས་རང་ལུགས་དེ་ནང་པའི་ལུགས་ཡིན་པ་རྩོད་མེད་དུ་ཁས་བླངས་ཡོད་པ་མ་ཟད། བོན་པོ་རྣམས་ཀྱིས་སངས་རྒྱས་ཆོས་ལུགས་ཐམས་ཅད་གཡུང་དྲུང་གི་བོན་ཡིན་ཞེས་སྨྲས་པ་མ་ཟད་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་ཐམས་ཅད་སྟོན་པ་གཤེན་རབ་ཀྱི་བཀའ་ཡིན་ཞེས་ལུང་རིགས་ཀྱིས་བསྒྲུབས་ཏེ་ཁས་བླངས་པ་རེད། ཡང་བོན་པོ་ཁག་ཅིག་གིས་རང་ལུགས་དེ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ལས་མཆོག་ཏུ་བཟང་བ་ཞིག་ཡིན་པར་སྙམ་པ་ནི་སྨྲ་ཚུལ་མ་ཤེས་པ་རེད། ་བོད་ཀྱི་བོན་པོ་དང་ཆོས་པ་གཉིས་ཀ་ཕན་ཚུན་འདྲེས་ཚུལ་ཧ་ཅང་མང་བས་དབྱེ་བ་ཕྱེད་དཀའ་བར་གྱུར་པའི་ཚུལ་འདི་ལ་བསམ་ན།

ད་ལྟའི་བོད་ཀྱི་བོན་པོ་ཆོས་པ་གཉིས།། ཕན་ཚུན་རྣམ་དབྱེ་མེད་པར་འདྲེས་ཆེ་ཡང༌།།
གཅིག་གིས་གཅིག་ལ་མི་སྙན་སྒྲོག་པ་ནི།། ཁ་ནས་བཟའ་ཞིང་སྣ་ནས་ཁྲེལ་པའི་དཔེ།། ཞེས་སོ།།

      དུས་རབས་བརྒྱད་པའི་སྐབས་སུ་ལོ་ཙཱ་བ་བཻ་རོ་ཙཱ་ན་དང༌། བསྟན་པ་ཕྱི་དར་སྐབས་སུ་བླ་ཆེན་དགོངས་པ་རབ་གསལ་སོགས་བོན་ཆོས་རིས་མེད་སྤྱོད་མཁན་ད་ལྟའི་བར་དུ་མང༌། དེ་བཞིན་དུས་སྐབས་མི་འདྲ་བར་བྱོན་པའི་གཏེར་སྟོན་མང་པོ་ཞིག་ནི་བོན་ཆོས་གཉིས་ཀའི་གཏེར་སྟོན་ཡིན་པ་དཔེར་ན། རྡོ་རྗེ་གླིང་པ། དཔོན་གསས་ཁྱུང་རྒོད་རྩལ། གཞོད་སྟོན་དངོས་གྲུབ་གྲགས། ཁུ་ཚ་ཟླ་འོད། གུ་རུ་རྣོན་རྩེ། ར་ཤག་གཡུང་འབར། བསྟན་གཉིས་གླིང་པ། བན་རྡེ་མི་གསུམ། གཉལ་པ་གཏེར་སྟོན་ཉི་མ་ཤེས་རབ། གཏེར་སྟོན་བདེ་ཆེན་གླིང་པ། རིག་འཛིན་ཀློང་གསལ་སྙིང་པོ་སོགས་བོན་ཆོས་ཐུན་མོང་གི་གཏེར་སྟོན་ཡིན་པར་བཤད་ཡོད།
       དེར་མ་ཟད་བོན་ལ་བསྔགས་པ་བརྗོད་མཁན་སྔ་དར་གྱི་སྐབས་སུ་ཆོས་ཕྱོགས་ཀྱི་མཁས་གྲུབ་གུ་རུ་པདྨ་འབྱུང་གནས་ཀྱིས་བཀའ་ཐང་དུ་བོན་གྱི་ཐེག་དགུ་རྒྱས་པར་གསུངས་ནས་བསྔགས་བརྗོད་གནང་འདུག ཕྱིས་སུ་བོད་ཀྱི་གྲགས་ཅན་མཁས་གྲུབ་རོང་སྟོན་ཤཱཀྱ་རྒྱལ་མཚན། འབྲུག་པ་ཀུན་དགའ་ལེགས་པ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། བྲག་དཀར་སྤྲུལ་སྐུ་བློ་བཟང་སྙན་གྲགས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ། གོང་ས་སྐུ་ཕྲེང་བཅུ་བཞི་པ་སོགས་གྲངས་མང་བྱུང་ཡོད། བསྟན་པ་ཕྱི་དར་གྱི་སྐབས་ནས་བོན་གྱི་རླབས་ཆེན་མཁས་པ་ཕལ་མོ་ཆེ་ཆོས་ཕྱོགས་ནས་སློབ་སྦྱོང་གནང་བ་མ་ཟད་ནཱ་ལན་ཌའི་གཞུང་ལུགས་དང་འབྲེལ་བའི་དབུ་ཕར་དང་ཚད་མ་རིག་པ་སོགས་ལ་སློབ་སྦྱོང་གནང་ནས་མཁས་པར་གྱུར་པ་ཤ་སྟག་ཡིན།

ལོ་ཆེན་བཻ་རོ་དགོངས་པ་རབ་གསལ་ནས།། ད་ལྟའི་བར་དུ་བོན་ཆོས་རིས་མེད་མང༌།།
ཆོས་ཀྱི་མཁས་གྲུབ་དུ་མས་བསྟོད་པའི་ཡུལ།། ཅུང་ཟད་ལྐོག་གྱུར་བོན་གྱི་གྲུབ་མཐའ་ཉིད།།

སྔ་རབས་རིག་འཛིན་དྲན་པ་ནམ་མཁའ་ནས།། དེང་དུས་བར་གྱི་བོན་གྱི་མཁས་པ་ཕལ།།
ཐུབ་པའི་གཞུང་དང་ལྷག་པར་ནཱ་ལན་ཌའི།། གཞུང་ལ་བརྟེན་ནས་མཁས་པར་གྱུར་པ་དངོས།། ཞེས་སོ།།

      བོན་པོ་རྣམས་ལ་སྔགས་སེམས་ཀྱི་ཉམས་ལེན་ཡོད་པར་མངོན་ཡང༌། མདོ་ཕྱོགས་ཀྱི་གཞུང་ལུགས་རྒྱ་ཆེན་པོ་ལ་སློབ་སྦྱོང་བྱེད་དེ་ཆོས་ལུགས་གཞན་དང་དཔུང་པ་མཉམ་གཤིབས་ཀྱིས་འགྲོ་མ་ཐུབ་པར་ཕལ་མོ་ཆེ་རྒྱུ་བོན་ཉམས་ལེན་བྱེད་དེ་མི་སྐྱའི་ཁོར་ཡུག་ཏུ་བསྡད་ཡོད་པ་རེད། ཁོང་ཚོས་རྩ་ཆེན་པོར་བརྩིས་པའི་སྐྱེས་ཆེན་དམ་པ་རྣམས་ནི་ཆོ་ག་ཕྱག་ལེན་ལ་མཁས་པའི་གྲོང་ཆོག་པ་དེ་དག་ཡིན་ལ། དེ་དག་གིས་རང་གི་བུ་རྒྱུད་ལ་ཆོ་ག་གྱེར་སྟངས་བྱང་ཆ་ཡོད་པ་བསླབས་ནས་མར་བརྒྱུད་དེ་མི་རྣམས་ཀྱིས་དེ་དག་ལ་གདུང་བརྒྱུད་རྩ་ཆེན་དུ་བཀུར་བའི་དུས་རབས་རིམ་པར་བྱུང་ཡོད་པ་རེད། དེ་དག་རང་གི་ཁྱིམ་སྐྱོང་དགོས་པའི་མི་སྐྱའི་སྤྱི་ཚོགས་ལ་གནས་པ་ཡིན་པས་ནང་དོན་རིག་པ་སྦྱངས་པའི་གོ་སྐབས་ཐོབ་པ་དཀའ་བ་མ་ཟད། རང་གི་དགེ་རྒན་གྱིས་ནང་དོན་རིག་པ་སྦྱོང་དགོས་པའང་ཤེས་མཁན་དཀོན། དུས་མཚུངས་ཕྱོགས་གཞན་གྱི་གྲུབ་མཐའ་རྣམས་ཀྱིས་ནང་དོན་རིག་པ་ལ་བྱང་ཆུབ་པའི་མཁས་པ་གཅིག་ཐོན་གཉིས་ཐོན་གྱིས་སྟོད་སྨད་གང་སར་ཁྱབ། བོན་པོ་རྣམས་ནང་དོན་རིག་པའི་ཤེས་ཚད་དེ་ཙམ་མེད་པར་བརྟེན་རྒྱུ་བོན་ལ་ཉམས་ལེན་བྱེད་ཅིང་དུས་རབས་མང་པོར་གནས་ཡོད་པ་རེད། བོན་ཕྱོགས་སུ་ནང་དོན་རིག་པ་སློབ་སྦྱོང་བྱས་པའི་མཁས་པ་ཁག་ཅིག་ཡོད་ནའང་དེ་དག་གིས་རྒྱ་ཁྱོན་ཆེན་པོ་ཁྱབ་ཐུབ་མེད་པས། ཆོས་བརྒྱུད་གཞན་དག་གི་མཁས་པས་བོན་པོ་ཞེས་པ་དེ་གསོན་པོའི་རིམ་གྲོ་བྱེད་མཁན་ཞིག་ཡིན་པ་ལས། ནང་དོན་རིག་པ་ཡོད་པའི་གྲུབ་མཐའ་ཞིག་ཡིན་པར་ངོས་འཛིན་གནང་ཡོད་པ་མ་རེད། ཕྱོགས་གཞན་ཞིག་ནས་བོན་པོའི་བསྐོར་བ་མི་འདྲ་བ་ལ་སོགས་པའི་དབང་གིས་ལྟ་གྲུབ་ཕྱིན་ཅི་ལོག་ཅིག་ཡིན་པར་དྭོགས་ནས་མཐོང་ཆུང་གནང་ཡོད། ཕྱོགས་གཞན་ནས་དུས་སྐབས་དེ་ཤེད་དུ་བོན་པོ་རྣམས་ལ་སྤྱི་ཚོགས་སུ་སྟོབས་ཤུགས་ཡོད་པའི་མི་སྣ་མ་བྱུང་ཞིང་སྲིད་ཕྱོགས་ནས་ཆེས་ནུས་མེད་དུ་གྱུར་པའི་དབང་གིས་རང་ཤུགས་ཀྱིས་ཐུབ་ཚོད་དང་འཕྱ་སྨོད་བྱ་ཡུལ་ཞིག་ཏུ་ཆགས་ཡོད་པ་རེད།
      གཞུང་ལུགས་ཀྱི་དབང་དུ་བྱས་ན་བསྟན་པ་ཕྱི་དར་གྱི་སྐབས་སུ་ཐུབ་བསྟན་རིང་ལུགས་ཀྱི་གཞུང་ལུགས་མང་པོ་རྒྱ་གར་ནས་ཚུར་བོད་དུ་བསྒྱུར་ཏེ་བཤད་ཁྲིད་ཀྱི་རྒྱུན་དར་བ་ལྟ་བུ་བོན་པོའི་གཞུང་ལུགས་ལ་དཔེར་ན། ཤེར་ཕྱིན་ལྟ་བུ་བཤད་ཁྲིད་བར་མ་ཆད་པའི་རྒྱུན་དེ་འདྲ་མེད་པ་ཡིན། དེའི་བརྒྱུད་རིམ་ཙམ་ཡོད་པ་དེ་ནི་གཏེར་སྟོན་མཁན་གྱི་གང་ཟག་དེ་དག་ཡིན། འོན་ཀྱང་གཏེར་སྟོན་གྱི་གྲས་སུ་ཡི་གེ་མི་ཤེས་མཁན་མང་དུ་ཡོད་པར་བཤད་པས་དེས་ཐད་ཀར་བཤད་པའི་རྒྱུན་སྤེལ་མི་ཐུབ་པ་མངོན་གསལ་རེད། བོན་པོའི་ཤེར་ཕྱིན་གྱི་རྩ་བ་ཁམས་ཆེན་སྟོང་ཕྲག་བརྒྱ་པ་དེ་དུས་རབས་༡༡པར་བྱོན་པའི་བོན་གྱི་མཁས་པ་ཚུལ་ཁྲིམས་དཔལ་ཆེན་གྱིས་རྗེ་བཙུན་བྱམས་པ་དང༌། སློབ་དཔོན་སེང་གེ་བཟང་པོ་སོགས་ཀྱི་གཞུང་ལ་བརྟེན་ནས་ཁམས་ཆེན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཀྲལ་ཡོད་པ་ལྟ་བུ་རེད།
      ཡུལ་ལུང་མི་འདྲ་བའི་རིག་གཞུང་དང་སྐྱེས་ཆེན་དབར་གྱི་ལྟ་བ་ལ་འགལ་ཟླ་ཡིན་དགོས་པའི་ངེས་པ་ཁས་ལེན་པའི་དངོས་གཙོ་སྨྲ་བ་ཁག་ཅིག་གིས། བོད་ཀྱི་ནང་དོན་རིག་པ་ཡོད་པའི་བོན་ལུགས་དེ་རྒྱ་གར་དུ་བྱུང་བའི་ཤཱཀྱ་ཐུབ་པའི་ལུགས་དེ་རྒྱ་གར་ནས་ཞང་ཞུང་དུ་དར་ནས་བོད་དུ་དར་བ་སྔ་ཞིང༌། ཕྱིས་སུ་དུས་རབས་བརྒྱད་པའི་སྐབས་སུ་བོད་དུ་བསྒྱུར་བའི་ནང་ཆོས་དེ་དུས་དབང་གིས་རྣམ་པ་ཙམ་ཐ་དད་དུ་གྱུར་མིན་གང་ལྟར་ཡང༌། སྐབས་དེའི་ཆབ་སྲིད་ཀྱི་དགོས་མཁོ་དང༌། མིའི་བསམ་བློའི་འདུ་ཤེས་ཀྱིས་དངོས་འགལ་དུ་བཟུང་སྟེ་ལྡོག་ཟླར་ལངས་ཡོད་པ་ཙམ་ལས་དོན་དུ་ཞང་ཞུང་ནས་བྱུང་བའི་བོན་དེ་ཐུབ་པའི་ཆོས་ཡིན་པར་ཤོད་མཁན་བྱུང༌།

བསམ་མི་ཁྱབ་པའི་གནས་ལ་ལྷག་པར་དུ།། མོས་པར་ཞལ་གྱིས་བཞེས་པའི་ཤེས་ལྡན་ནས།།
གོམ་པ་འཁྱར་འཁྱོར་བྱེད་པའི་བྱིས་པ་ཚུན།། དངོས་གཙོའི་ལྟ་བས་བློ་སྣ་མ་བསྒྱུར་རམ།། ཞེས་སོ།།

      བློ་ངོར་འཆར་བདེ་མིན་གང་ལྟར་ཡང་ཐམས་ཅད་ངོ་བོ་གཅིག་པར་བཞེད་པའི་སྲོལ་མེད་པ་མ་ཡིན་ཏེ། རྡོ་རྗེ་གླིང་པའི་གཏེར་ཡིག་ཏུ། འཕགས་པ་རབ་འབྱོར་ཡིད་ཀྱི་ཁྱེའུ་ཆུང་ཡིནཿ རྨ་ལོ་གཡུ་ལོ་མཽངྒལ་ཤྭ་རིའི་བུཿ གཏོ་བུ་འབུམ་སངས་ཉེ་གནས་ཀུན་དགའ་བོཿ ཞེས་གསལ། ཕྱོགས་གཉིས་ཀའི་ཆོས་རྒྱུས་ཆུང་ཞིང་བསྟོད་སྨད་ལ་དགའ་བ་དག་རྡུལ་ཕྲན་ལ་རི་རབ་ཏུ་འཁྲུལ་ཏེ་ཅལ་ཅོལ་མང་དུ་སྨྲ་བཞིན་འདུག་ཀྱང༌། དོན་དུ་སྟོན་པ་གཉིས་ཁྱིམ་བརྒྱུད་གཅིག་གི་མི་ཡིན་པར་བོན་གྱི་གཞུང་ཁག་ཅིག་ནས་གསལ་བ་དེ་དག་ལ་བོན་པོ་རྣམས་ཀྱིས་འགྲེལ་བཤད་ཡང་དག་པ་ཞིག་བྱ་ཐུབ་མེད་པས་བོན་ལུགས་འཛིན་པ་རྣམས་ཀྱང་རེམ་དགོས་པར་འདུག་སྙམ།
      གནའ་བོའི་ཡུལ་གྲུ་མང་པོར་དམར་མཆོད་དར་ཡོད་པ་མ་ཟད་ད་ལྟའང་མངོན་སུམ་འཛེམས་མེད་དུ་འཛམ་གླིང་གི་དམར་མཆོད་ཆེན་མོར་བརྗོད་ཆོག་པ་དེ་འདྲ་ཧིན་རྡུ་སོགས་ཆོས་པ་ལ་ལས་བྱེད་ཀྱིན་འདུག བོད་ཀྱི་དམར་མཆོད་ཀྱི་ཁུངས་བོན་པོ་ཡིན་དུ་ཆུག་ཀྱང༌། དེ་འདྲའི་བོན་པོ་དེ་སུ་ཞིག་ཡིན་པ་བོན་པོས་གནའ་སྔ་མོ་ནས་རྩོད་སྤོང་རྒྱས་པར་བྱས་འདུག་པས་དབྲ་སྟོན་པཎ་ཊི་ཏའི་གསུང་«བོན་ཆོས་རྣམ་འབྱེད»སོགས་སུ་གཟིགས་འཚལ། གསུང་རྩོམ་དེ་དག་གི་ནང་དུ་གཞུང་ཆེན་མོའི་སྤམ་བཤད་མཛད་པ་རེ་ཡོད་ཀྱང༌། སྤམ་བཤད་ཀྱི་ཁུངས་ནི་མཚོ་རྒྱལ་རྣམ་ཐར་དང༌རྫོགས་ཆེན་གསེར་ཐུར་གྱི་དབུ་འཆད་ལོ་རྒྱུས་སོགས་ཡིན། སྤྱིར་གནས་ཚོད་ལྟར་ན་རྣམ་ཐར་དང་ལོ་རྒྱུས་ནང་འཁོད་ཁག་ཅིག་ནི་བཅོས་མ་ཡིན་སྲིད་ལ། ཁག་ཅིག་ནི་རྣལ་མ་ཡིན་པས་འདི་ལ་སངས་རྒྱས་ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟགས་ཞེས་པ་དེ་དྲན་དགོས་པ་མ་ཟད། ཡི་གེ་གང་ཞིག་བཀླགས་པ་ལྟར་དུ་ཁས་ལེན་ཆོག་ཆོག་ཅིག་ཡོད་ན་རིགས་ལམ་ལ་དཀའ་བ་བརྒྱ་ཕྲག་སྤྱོད་དོན་ཅི་ལ་ཡོད། དེའི་ཕྱིར་བོན་ཆོས་གཉིས་ཀའི་ཡིག་ཆ་ལ་དགོངས་པ་ཞུ་དགོས་པའང་མང་དུ་ཡོད་པ་ཤེས་དགོས། དེ་མིན་ཡིག་ཆ་གཅིག་ཁོ་ནར་ཚད་མར་འཛིན་པ་ནི་ཨ་ཕའི་ཁ་ཕོར་གཙང་མ་ལ་ཐུག་ཉེན་ཡོད་ཅིང༌། ཡིག་ཆ་ཚང་མའི་སྒྲས་ཟིན་མཉམ་དུ་དམ་འཆའ་ན་མི་རིང་བར་བློ་རྣལ་དུ་མི་གནས་པར་འགྱུར་ངེས་ཡིན་པས་བློ་མིག་འབྱེད་པའི་ཤེས་རབ་སྔོན་དུ་བསྒྲུབས་པ་གལ་ཆེ།
      མང་པོ་ཞིག་གི་དགོངས་པར་སངས་རྒྱས་རྒྱ་གར་དུ་བྱུང་བས་ཡུལ་གྲུ་གཞན་བོད་སོགས་ལ་སངས་རྒྱས་གཞན་མི་འབྱུང་བ་དགོངས་མོད། འདི་ལ་བསམ་པར་བྱ་དགོས་པ་ཞིག་ཡོད་དེ། ཐེག་པ་ཆེན་པོའི་གཞུང་ནས་རྡུལ་གཅིག་གི་སྟེང་དུ་འཇིག་རྟེན་ཁམས་ཀྱི་རྡུལ་ཇི་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་བཞུགས་པ་མ་ཟད་སངས་རྒྱས་དེ་དག་གིས་རང་གི་འཁོར་བྱང་སེམས་ལ་ཆོས་སྟོན་བཞིན་པར་བཞུགས་ཡོད་པ་ཞལ་གྱིས་བཞེས་དགོས་པ་ནི་བྱམས་འཇམ་དབྱངས་སོགས་ཀྱི་དགོངས་པ་ཡིན་པས། ཆེས་ཐག་རིང་བའི་ལྷོ་བྱང་གི་ས་ན་སངས་རྒྱས་ཁ་ཤས་ཤིག་བཞུགས་པ་ན་སངས་རྒྱས་ལ་མང་དུ་སོང་བའི་སྐྱོན་ཨེ་ཡོད། དངོས་དོན་བྱས་ན་ད་ལྟའི་ཆར་ཡང་སངས་རྒྱས་མང་པོ་ཞིག་བྱོན་ན་ལེགས་ཆ་ལས་ཉེས་ཆ་གང་ཡང་མེད། སངས་རྒྱས་ཀྱི་སྤྲུལ་པ་ལ་རིགས་བཞིར་གསུངས་ཀྱང་ཚད་འདི་ཁོ་ན་ཞེས་བརྗོད་པར་དཀའ་བས་སངས་རྒྱས་ཤཱཀྱ་ཐུབ་པའི་ལྟ་དགོངས་ཇི་བཞིན་སྟོན་པའི་བཀའ་ཡོད་པའི་གཤེན་རབ་ཅིག་ཞང་ཞུང་སོགས་སུ་བྱུང་ན་སངས་རྒྱས་ཀྱི་སྡོང་གྲོགས་སུ་འགྱུར་དགོས་ཏེ། དཔེར་ན། འཇིག་རྟེན་ན་མང་གཙོའི་ཡུལ་གྲུ་ཞིག་ཡོད་ན་དེ་མང་གཙོའི་སྲིད་ལུགས་ཀྱི་སྡོངས་གྲོགས་ཡིན་པས་སོ། །དེའི་དབང་གིས་རྩིས་གཞུང་བཱཻཌཱུརྱ་སེར་པོ་ལ་སོགས་པར། སྟོན་པ་གཤེན་རབ་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་བཤད་ཡོད་ལ། འཇམ་དབྱངས་ནི་བྱང་སེམས་ཀྱི་ཚུལ་སྟོན་པའི་སངས་རྒྱས་ཡིན།

རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་ཞེས།། སྲས་བཅས་རྒྱལ་བའི་དགོངས་པ་སྨ་མེད་ཕྱིར།།
ད་ལྟ་ཤར་ནུབ་ཡུལ་གྲུ་ཆེ་བ་རེར།། སངས་རྒྱས་རེ་རེ་བྱོན་ཡང་མང་སྐྱོན་ཅི།། ཞེས་སོ།།

      སྤྱིར་དངོས་པོའི་གནས་ཚུལ་གང་ཡིན་པ་ལ་བཅོས་ཀ་བྱ་རྒྱུ་མེད་པ་ནི། མི་རྟག་པ་དང༌། བདག་མེད་དང༌། སྟོང་པ་ཉིད་དམ། གནས་ལུགས་ཟབ་མོ་དེ་དག་ཕྱིན་ཅི་མ་ལོག་པར་འཆད་ཤེས་པའི་དབང་དུ་བྱས་ན་འབབ་ས་གཅིག་ལས་གཉིས་པ་མེད། དེའི་དབང་གིས་ཚད་མ་རིག་པ་བཀོལ་ནས་ཕྱི་ནང་གི་མཁས་པས་ལྟ་གྲུབ་ཀྱི་བརྗོད་གཞིའི་ཐོག་ཏུ་ལྷན་ཅིག་ཏུ་རྩོད་གྲྭ་ཚོགས་ནས་རྒྱལ་ཕམ་འབྱེད་རྒྱུ་ཡོད་པ་དེ་ཡིན། དེ་བཞིན་དུ་ཆོས་ལུགས་གྲུབ་མཐའ་རེ་རེའི་ལྷ་ཡུལ་རེ་དང་དམྱལ་བ་རེ། དེ་བཞིན་དག་ཞིང་རེ་ལ་སོགས་ལ་བཅད་ལུང་པ་རེ་བཞག་ན་སྟབས་བདེ་ཞིག་ཨེ་ཡོད་སྙམ།
      ཆོས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་གནས་ཚུལ་ལ་སྦྱར་ན་ཀླུ་སྒྲུབ་ཀྱིས་ཡུམ་འབུམ་པ་ཀླུ་ཡུལ་ནས་དྲངས་པ་དང༌། གཤེན་ཀླུ་དགས་ཁམས་ཆེན་སྟོང་ཕྲག་བརྒྱ་པ་ས་འོག་ནས་རྙེད་པ་དེ་ལ་མཚར་རྒྱུ་མེད་པ་མ་ཟད། གཞི་བདེན་པ་གཉིས་ལ་བཅོས་ཀ་བྱ་རྒྱུ་མེད་པས་དེ་གཏན་ལ་འབེབས་པའི་རིགས་པའི་འབབ་སའང་གཅིག་ཏུ་ངེས། སངས་རྒྱས་ཀྱིས་ཆོས་གསུངས་པའི་ཚེ་ནའང་གདུལ་བྱའི་དབང་པོ་ལ་སྦྱར་ནས་གསུངས་པ་ལས་སངས་རྒྱས་རང་དབང་དུ་གསུངས་པ་གང་ཡང་མེད་མོད། སངས་རྒྱས་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ནི་དབྱེ་བ་ཕྱེད་དུ་མེད་པ་དཔེར་ན་ཟླ་གཟུགས་ཆུ་སྣོད་དུ་མའི་ནང་དུ་ཤར་བ་ལྟར་ཡིན་པར་གསུངས་པས། ལེགས་པར་བསམ་ན་ཡུམ་འབུམ་པ་དང་ཁམས་ཆེན་གཉིས་ཀྱི་བར་ཁྱད་ལྟ་བུར་བརྗོད་བྱ་སྟོན་ཚུལ་ལ་འགལ་བ་ཡོད་པ་ལས་མེད་པ་དེ་བོན་ཆོས་གཉིས་ཀའི་ལུགས་ལ་ལེགས་པ་དང་སྒྲུབ་བྱེད་མང་བ་ཡོད།

ཆུ་སྣོད་དུ་མར་ཤར་བའི་ཟླ་བའི་གཟུགས།། དངས་པའི་མཁའ་ཡི་བསིལ་སྦྱིན་དབང་པོ་ཉིད།།
སྤྲུལ་པའི་སྐུ་ཡི་རྣམ་དབྱེ་དུ་མ་ཡང༌།། གཉིས་མེད་ཡེ་ཤེས་ངང་དུ་ཐ་མི་དད།།

སངས་རྒྱས་མཛད་པ་ལྷ་ཀླུ་མི་ཡི་གནས།། ཀུན་ལ་ཉི་མའི་འོད་ལྟར་ཁྱབ་པ་དང༌།།
དེ་ཡི་སྤྲུལ་པ་བསམ་མི་ཁྱབ་པའི་ཕྱིར།། ཀླུ་སྒྲུབ་ཀླུ་དགའི་ལོ་རྒྱུས་གླེང་ཡང་ཆོག། ཅེས་སོ།།

       སྤྱིར་ན་དུས་རབས་བརྒྱད་པའི་སྐབས་སུ་ཆོས་ལུགས་ལ་བརྟེན་ནས་བོན་ལུགས་ཉམ་ཆག་ཕྱིན་པ་དང༌། བསྟན་པ་ཕྱི་དར་ནས་ཆོས་ཀྱི་གཞུང་ལུགས་འཕེལ་རྒྱས་ཀྱིས་བོན་ལ་ཕན་བཏགས་པ་དེ་དོན་དངོས་ཡིན་སྙམ། གཞུང་གཅིག་ལ་མཐར་ཐུག་གི་བློ་རྩེ་གཏོད་ནས་སྤང་བླང་ཚུལ་བཞིན་བྱེད་པའི་རང་རྒྱུད་ལ་ནུས་པ་ཐོན་པའི་དམ་པའི་སྐྱེས་བུ་ཀུན་ལ་ཡི་རང་བྱ་འོས་ཤིང༌། ཨ་ཕའི་ཁ་ཕོར་གཙང་མའི་སྒོ་ནས་རང་གཞུང་ཙམ་མཐོང་བ་དང༌། བླུན་སྒོམ་ལ་ཉི་མ་འཕུལ་བའམ། ཡིག་ཆ་ཞིག་གི་སྤམ་བཤད་ཙམ་ལ་འཇུས་ན་གར་ཡང་མི་ཕྱིན་པ་ནི་ཐེག་པ་ཆེ་ཆུང་གི་རྩོད་སྤོང་དང༌། ཐེག་ཆེན་བཀའ་བསྒྲུབ། གསང་སྔགས་བཀའ་བསྒྲུབ། རྙིང་མ་བཀའ་བསྒྲུབ། ཆོས་བོན་དར་ནུབ། དེ་བཞིན་ཕྱག་རྫོགས་དབུ་གསུམ་གསང་སྔགས་དང་བཅས་པ་རེ་རེའི་རྩོད་པ་དང་རྩོད་སྤོང་སོགས་ལ་བལྟས་ན་ད་དུང་རྟོགས་དགོས་པ་མང་དུ་ཡོད་པ་ཤེས་དགོས།

རིགས་གཅིག་རྐང་འཛིན་སངས་རྒྱས་སར་གཤེགས་པའི།། དམ་པ་དག་ནི་ངོ་མཚར་ཆེ་མོད་ཀྱི།།
མཁྱེན་རྒྱ་ཆེ་བར་བཞེད་པའི་ད་ལྟའི་ཕལ།། ད་དུང་མ་བགྲོད་གཞུང་ལམ་དེ་ལས་མང༌།། ཞེས་སོ།།

      ལྟ་གྲུབ་ཀྱི་གནད་མི་འདྲ་བ་དེ་དག་ཕྱོགས་ཙམ་བལྟས་ན་ཁྱད་མེད་ལ། ཞིབ་ཏུ་བསླབས་ན་ཐུན་མིན་ཁྱད་ཆོས་ཤེས་ཤིང༌། ལག་ཏུ་ལེན་ན་མཐར་ཐུག་དགོངས་པ་གཅིག་ཏུ་འབབས་ཚུལ་ཞིག་འབྱུང་བར་ངེས་ཏེ། དེ་ཡང་མྱ་ངན་འདའ་ཕྱིར་ཏེ། །ཞི་འགྱུར་མིན་མཛད་ཁྱོད་ལ་མེད། །ཅེས་གསུངས་པ་ལྟར་ཡིན་པ་ལས། དེ་དག་ཆུ་དང་འོ་མ་འདྲེས་པ་ལྟ་བུ་ཞིག་ནི་ག་ལ་ཡིན། དེའི་དབང་གིས་སྔོན་གྱི་ཀ་གདམས་པའི་དགེ་བཤེས་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་ཡི་གེ་ཀ་ཙམ་ཡན་ཆད་ལ་སུན་འབྱིན་མི་མཛད་པ་མ་ཟད། རང་གི་ཉམས་ལེན་དུ་འཁྱེར་བའི་ཕྱག་སྲོལ་རྨད་དུ་བྱུང་བ་མཛད་པས་བཀའ་གདམས་རྣམ་ཐར་གཙང་བའི་རྒྱུ་མཚན་དེ་བྱུང་བ་ཡིན།

གང་ཡང་མ་མཐོང་ཁྱད་པར་ཅི་ཞིག་རྙེད།། ལེགས་པར་མཐོང་བས་ཐུན་མིན་ཁྱད་ཆོས་ཤེས།།
ལེགས་ཆ་དེ་དག་རྒྱུད་ལ་སྦྱོར་བ་ནི།། གསུང་རབ་གདམས་པར་ཤར་བའི་ཉམས་ལེན་ཡིན།། ཞེས་སོ།།

      རྗེ་བླ་མ་ཙོང་ཁ་པས། མང་དུ་ཐོས་པར་བྱེད་ཅིང་མཁས་རློམ་དོར་ཏེ་གཞན་གྱི་ལེགས་བཤད་ལྟ་བ་ལའང༌། །ཕྲག་དོག་ཟུག་རྔུས་བློ་གྲོས་མིག་ནི་ནམ་ཡང་ཟུམས་པར་མ་གྱུར་ཅིག །ཅེས་ཐུགས་སྨོན་གནང་བ་ལྟར། སྔར་བྱོན་པའི་མཁྱེན་སྤྱན་ཡངས་པའི་རིས་མེད་ཀྱི་སྐྱེས་ཆེན་རྣམས་ལ་བཟང་དཔེ་བལྟས་ནས་ཕྱོགས་མང་པོ་མཐོང་བར་བྱས་ཏེ། ཞིབ་ཕྲའི་གནས་ལ་མི་མཐུན་པ་རྣམས་ང་དང་ཁོ་ཞེས་ཆགས་སྡང་གི་རྒྱུར་བེད་སྤྱོད་མི་བྱེད་པར་རང་སར་འཇོག་ཅིང༌། མཐུན་པ་རྣམས་ཐུན་མོང་མ་ཡིན་པ་ཡིན་ཁུལ་ཧམ་སེམས་མི་བྱེད་པར་ལེགས་ཆ་སྤེལ་རེས་ཀྱིས་མཐུན་པར་འགྲོགས་ནས་ཡར་རྒྱས་གཏོང༌། རང་གིས་ཆོས་བྱ་དགོས་པའི་གཞི་རྩའི་རྒྱུ་མཚན་ཡིད་ལ་ངེས་པ་བྱ་རྒྱུ་དེ་གལ་ཆེ་སྙམ། དེ་ལྟར་མིན་པར། དབྲ་སྟོན་པཎ་ཊི་ཏས། གང་ན་རྨོངས་པའི་འཁྲི་ཤིང་ཚང་ཚིང་དུ། །ཅི་དགར་ཉལ་བའི་བློ་ཆུང་རི་བོང་ཚོགས། །བོན་ཆོས་འོལ་ཅིའི་ཅལ་སྒྲ་ཐོས་ཙམ་གྱིས། །ཕྱོགས་བཞིར་རྒྱུགས་པ་དམ་པའི་ཚུལ་མ་ཡིན། །ཞེས་གསུངས་པ་ལྟར། རང་གི་གྲོང་གསེབ་ཙམ་ལས་འགྲོ་མ་མྱོང་བའི་མིས་གྲོང་ཁྱེར་གྱི་གནས་ཚུལ་ལ་ཚད་གཞལ་མི་ནུས་པ་ལྟར། གནའ་དེང་གི་དཔྱད་ཐབས་དུ་མའི་སྒོ་ནས་བགྲང་བྱ་བཅུ་ཕྲག་མང་པོར་དཀའ་སྤྱད་འབད་བརྩོན་བགྱིས་ཏེ་ཕྱོགས་མང་པོར་དཔྱད་ཞིབ་ཕྲ་མོ་བྱས་ཏེ་དོགས་སློང་བྱས་པའི་ཡིག་ཆ་དག་ལ་ནི། ཕྱོགས་རེ་ཙམ་གྱི་བསམ་བློ་རང་ག་བས་དྭོགས་འདྲོགས་བྱེད་པ་མང་པོ་མཐོང་ཡང༌། རང་གི་སེམས་ཀྱི་ཟས་སུ་གྱུར་པའི་ཆོས་ལུགས་ཀྱི་དད་པ་དག་སྣང་ལ་སྔར་ལྟར་རྒྱུན་འཛིན་བྱས་ན་ལེགས་པ་ཡིན་ཏེ། ཆོས་ཉིད་ཇི་བཞིན་གཟིགས་པ་ཡི། །མཁས་པ་རྣམས་ལ་དངོས་གྲུབ་ཉེ། །ཡང་ན་བླུན་པོ་དད་པ་བརྟན། །ཞེས་པ་ལྟར་ཅུང་ཟད་མཐོང་བ་ཙམ་གྱིས་རི་བོང་ཅལ་འདྲོགས་བྱ་མི་འོས།
       སངས་རྒྱས་ཀྱི་གསུང་ལ་དྲང་ངེས་གཉིས་ཡོད་པས་སྔོན་གྱི་སྐྱེས་ཆེན་རྣམས་ཀྱི་གསུང་ལའང་དེ་བཞིན་ཡུལ་དུས་ཀྱི་དགོས་པ་སྐབས་སུ་བབས་མིན་དབང་གིས་གསུངས་པའི་ཡིག་ཆ་ལའང་དྲང་ངེས་ཡོང་ཆོག་པ་ཞིག་ཡིན་པས་མཁས་པས་གསུངས་པ་ཐམས་ཅད་སྒྲ་དྲང་ཐད་དུ་འགྲེལ་ག་ལ་དགོས། སྔོན་གྱི་མཁས་པས་རྩོད་པ་བྱུང་བ་ལ་བསམ་ན་བོད་དུ་དེ་སྔ་བྱུང་བའི་གྲུབ་མཐའ་ཀུན་རྣམ་པར་མ་དག་པ་ཤ་སྟག་ལས་སྐྱོན་མེད་ཅིག་མི་རྙེད་པའི་ཚོད་དུ་ཡོད། རང་ཅག་ལ་ཆ་བཞག་ན་རང་ལས་ཐ་དད་པའི་གང་ཟག་གི་རྒྱུད་ཚོད་མི་ཐེག་པ་ནི། གང་ཟག་གིས་གང་ཟག་ཚོད་མི་བཟུང་ཞེས་སངས་རྒྱས་རང་གིས་ངེས་དོན་དུ་གསུངས་པ་མ་ཟད། ཚུལ་འདི་ལ་ཐལ་བས་གཡོགས་པའི་མེ་དོང་ལྟར་གཟབ་དགོས་པ་ནི་རིགས་པ་སྨྲ་བ་རྣམས་ཀྱིས་མི་སྣང་བ་མ་དམིགས་པའི་རྟགས་ཀྱི་སྐབས་སུ་མཁྱེན་གསལ་ལྟར་རེད། བོན་ཆོས་སུའི་ནང་དུ་ཡོད་ཀྱང་དེ་བཞིན་གཤེགས་པ་ལ་ཇི་མི་སྙམ་པར་རྒོལ་བའི་གང་ཟག་ནི་ལེགས་པ་མ་ཡིན་པ་མ་ཟད། གཉིས་ཀའི་ལུགས་ལ། རང་གཞན་གྲུབ་པའི་མཐའ་ལ་སྨོད་པ་བཏང༌། ཞེས་དང༌། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་སོགས་སྔགས་ཀྱི་ལྟུང་བར་བཞག་པ་སོགས་ལ་བསམ་དགོས་པ་མང་དུ་ཡོད་དོ།།
       ད་ལྟའི་གོ་ལ་གཅིག་གྱུར་གྱི་དུས་རབས་འདིར་མ་བགྲོས་བསམ་པ་གཅིག་མཐུན་ཐོག་ཆོས་ལུགས་དང་ལྟ་གྲུབ་སྡེ་ཁག་དབར་གུས་བཀུར་དང་འཆམ་མཐུན་བྱེད་དགོས་པའི་བསམ་ཚུལ་མི་རིགས་ཕལ་ཆེར་ལ་འབྱུང་བཞིན་པ་ནི་སྔར་གྱི་ཉམས་མྱོང་གི་བསླབ་བྱ་བླང་བ་ཡིན་ལ། ལྟ་གྲུབ་ཕན་ཚུན་ཤེས་རྟོགས་ཡོད་ན་གུས་བཀུར་ཡོང་བ་ཡིན་ཡང༌། ཤེས་རྟོགས་དང་སློབ་སྦྱོང་མ་བྱས་ན་ཚིག་ཙམ་གྱིས་འཆམ་མཐུན་དང་གུས་བཀུར་ཞེས་པ་ནི། ཁ་བཤད་ཆུ་ཡི་སྦུ་བ་ཙམ་དུ་མི་འགྱུར་རམ།
      སྔ་རབས་ཤིང་རྟའི་སྲོལ་འབྱེད་མཁས་གྲུབ་རྣམས་ཀྱིས་གང་ཟག་གི་བློ་སྐྱོན་དབང་གིས་བསྟན་པ་ལ་སྐྱོན་བྱུང་བ་རྣམས་ཕར་བསལ་བའི་ལེགས་བཤད་མང་དུ་མཛད་པ་ནི། འཇུག་པ་ལས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ནའང་ཉེས་པ་མེད། །ཅེས་དང༌། ཚད་མ་ལས། དགག་སྒྲུབ་ཚུལ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་བསྟོད་འོས་ཏེ། །ཞེས་སོགས་གསུངས་པ་ལྟར་ཡིན་ཡང༌། ད་ལྟའི་དུས་སུ་ཉེན་ཆེ་བ་ཞིག་ལ། བུ་སྟོན་རིན་པོ་ཆེས། རང་ཉིད་གྲགས་འདོད་ཕ་རོལ་དམའ་དབབ་འདོད། །གཡོ་སྒྱུའི་སྤྱོད་པ་ཚིག་རྩུབ་ངན་སེམས་ཅན། །ངག་འཁྱལ་སྣ་ཚོགས་སྨྲ་ཞིང་གཞན་རྒྱུད་སྲེག །ད་ལྟའི་རྩོད་པ་འདི་ཡང་དམྱལ་བའི་རྒྱུ། །ཞེས་གསུངས་པ་ལྟར་འགྱུར་ཉེན་ཆེ་བར་འདུག་གོ །
      དེ་སྔོན་བྱུང་མྱོང་བའི་ལོ་རྒྱུས་ལ་མཚོན་ན། ལུང་རིགས་སྨྲ་བའི་མཁས་པ་ནས་ཉིན་གཅིག་ལ་ལུང་རིགས་སྦྱངས་མ་མྱོང་བའི་སྐྱེ་བོ་གནག་རྫི་མོ་ཡན་ཆད་ཀྱིས། གསར་རྙིང་དང་བན་བོན་གྱི་ཆགས་སྡང་ཁ་ལ་ཁྱེར་ནས་ཆོས་ལུགས་སྡེ་ཁག་ཕན་ཚུན་བར་དུ་ཟུར་ཟ་དང་ཕྱོགས་རིས་བྱེད་དེ་ཆོས་སྤོང་གི་ལས་བསགས། སྡེ་དཔོན་གཞན་གྱི་སྟོབས་ཤུགས་ལ་བརྟེན་ནས་གྲུབ་མཐའ་གཞན་གཏོར་བཤིགས་དང་བཅོས་བསྒྱུར། དེ་བཞིན་མཐུ་གཏད་ལ་སོགས་པ་ཅི་རིགས་ཀྱིས་མི་གསོད་ཁྲག་སྦྱོར་དང༌། དེ་བཞིན་ཡུལ་ཕུད་སོགས་དང༌། རང་གི་གོ་གནས་ཀྱི་ཆེད་དུ་གཞན་ལ་ཇི་མི་སྙམ་པར་རྡོག་རོལ་བཏང་ནས་ཆོས་དང་མི་མཐུན་པའི་བྱ་བ་མང་པོ་བགྱིས་པའི་ཚུལ་བོད་ཀྱི་སྔ་རབས་ལོ་རྒྱུས་རྣམས་ནས་ཤེས་སླ། དེའི་དབང་གིས་གྲུབ་མཐའ་ལ་ནང་སེལ་ཞུགས་ནས་རང་གི་སྲུང་མ་རྣམས་ཀྱང་བདུད་དུ་བབས་ནས་མཐའི་མཚོན་ཁ་བརྡོལ་བ་དེ་འདྲ་བྱུང་བར་ཨོ་རྒྱན་ཆེན་པོ་པདྨ་སོགས་ཀྱིས་ལུང་བསྟན་ཡོད་མོད། སྔར་བྱུང་བའི་ཉེས་ཆ་དེ་དག་ལ་བསམས་ནས་ཞིབ་ཏུ་དཔྱད་ན་ཆོས་བརྒྱུད་རིས་མེད་ཉམས་བཞེས་གནང་བའི་སྐྱེས་ཆེན་མི་ཉུང་བ་ཞིག་བྱུང་ཟིན་པ་རྣམས་ཀྱི་རླབས་ཆེན་གྱི་མཛད་བཟང་ལ་དུས་སྐབས་འདིར་ངེས་པར་དྲན་གསོ་ཞུ་དགོས་པར་གྱུར་ཡོད་པ་མ་ཟད། དེ་དག་གི་ཉམས་བཞེས་གནང་ཚུལ་དེ་བོད་ཀྱི་ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་འོས་ཤིང་འཚམས་པ་དང་ཕན་ནུས་ལྡན་པ་ཞིག་ཏུ་ཆགས་ཡོད་པ་མངོན་གསལ་ཡིན། ད་ལྟའི་ཆར་ཡང་སྐྱེས་ཆེན་དེ་དག་ལ་བཟང་དཔེ་བལྟས་ནས་གྲུབ་མཐའ་ཕན་ཚུན་དབར་སློབ་སྦྱོང་དང་མཐུན་སྒྲིལ་མཉམ་ལས་རོགས་རམ་སོགས་བགྱི་སྒོ་མང་པོ་ཞིག་ཕྲག་ཏུ་བབས་པའི་ལས་འགན་དུ་གྱུར་ཡོད།
      སྤྱིར་ཆོས་བྱེད་མི་སྣ་ཞིག་གི་དབང་དུ་བྱས་ན། རྗེ་བཙུན་མི་ལས། བདུད་དུ་ང་རྒྱལ་ཆེའོ་གསུངས། །དགྲ་རུ་སྐུར་པ་ཆེའོ་གསུངས། །ཞེས་དང༌། དགེ་བཤེས་འབྲོམ་སྟོན་པས། དུས་ངན་སྙིགས་མ་ལྔ་བདོའི་དུས་འདི་རུ། །ཆོས་པ་ཡོངས་ཀྱི་སྒབ་འདྲེར་ཆགས་སྡང་གནོད། །གང་དུ་འགྲོ་ཡང་ཆགས་སྡང་ཆུང་བར་མཛོད། །ཅེས་ཆོས་པ་རྣམས་ལ་དགྲ་ཆེ་ཤོས་དེ་ཆགས་སྡང་ཡིན་པར་གསུངས་པ་ཡིད་ལ་འཇོག་ནས། ཇི་སྐད་དུ། དབུས་གཙང་མངའ་རིས་བར་གྱི་གྲུབ་པའི་མཐའ། །ཀུན་ཀྱང་རྒྱལ་བའི་བསྟན་པ་རོ་གཅིག་པས། །ཕྱོགས་རིས་དབང་གིས་སྡང་ཞེན་མི་བྱེད་པར། །དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས། །ཞེས་དང༌། རིག་འཛིན་དྲན་པ་ནམ་མཁས། བོན་ཆོས་གཉིས་ལ་བདག་འཛིན་རུ་ཏྲ་བྱེད། །ངོ་བོ་གཅིག་ལ་སོ་སོར་འཛིན་པ་དེ། །དོན་དང་མི་མཐུན་ང་དང་རྒྱང་ཐག་རིང༌། །ཞེས་སོགས་རྒྱ་ཆེན་གསུངས་པ་ལ་བསམ་ནས་སྤང་རྟོགས་ཡོན་ཏན་རྒྱ་ཆེན་པོ་རང་རྒྱུད་ལ་བསྒྲུབ་ཐུབ་མིན་གང་ལྟར་ཡང༌། ཆོས་དང་འཇིག་རྟེན། རང་དང་གཞན་སོགས་གང་ལའང་གནོད་པའི་ཆོས་སྤོང་འགོག་ཐུབ་པ་བྱུང་ན་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་ཅིའི་ཕྱིར་མི་འགྱུར། དེ་ལྟར་མིན་ན་རང་ཅག་རྣམས་ཐོག་མེད་ནས་བསགས་པའི་ལས་ངན་པ་མི་བཟད་པ་ཕྱུག་པོའི་བང་མཛོད་ལྟར་ཡོད་པའི་ཁར། དེ་ལས་ལྷག་པའི་ཆོས་སྤོང་གི་ལས་བསགས་མི་དགོས་པའི་ཚོད་དུ་ཡོད་དེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། དམུས་ལོང་ལྟ་བུའི་སྙིགས་དུས་སྐྱེ་བོ་འགའ། །ས་འཛིན་མཐོན་པོའི་ངོས་ཀྱི་ཉལ་འགྲོ་བཞིན། །རང་གི་ངང་གིས་འགྲོ་བ་འདིས་ཆོག་གི། །ངན་འགྲོའི་རྒྱུ་ལམ་གསལ་བ་བྱེད་ཅི་དགོས། །ཞེས་བསླབ་བྱ་གསུངས་པ་ནི་ཤིན་ཏུ་བདེན་ནོ། །
      ཆོས་བྱེད་སྟངས་ཀྱི་དབང་དུ་བྱས་ན་སྤྱི་ཚོགས་ལ་ཞབས་འདེགས་དང༌། གང་ཟག་གི་སེམས་རྒྱུད་ལ་ཕན་མི་ཐོགས་ནའང་སྔར་སྲོལ་ཙམ་གྱིས་མཐོང་ཆེན་དུ་བརྩིས་པའི་རིག་པའི་གཞུང་ལུགས་ཀྱི་མིང་གིས་བཏགས་པའམ། རྫིག་རྫིག་པོ་དང༌། སྙན་སྙན་མོ་ཇི་ལྟར་བཤད་ཀྱང་དེ་ནི་དོན་ཆུང་བ་ཞིག་ཡིན་པར་སྙམ་ཏེ། སངས་རྒྱས་ཀྱིས། མདོར་ན་ཆོས་ནི་མི་འཚེ་བའོ། །ཞེས་དང༌། བོན་ནི་མི་གཡོ་སྐྱོབས་པའི་སྒྲ། །ཞེས་པའི་སྙིང་པོའི་དོན་གསུངས་པ་ལྟར་སྤྱོད་ན་ཕན་ཐོགས་ཆེ་བར་སྙམ། ཆབ་སྲིད་ཀྱི་ཚོགས་ཁག་ལྟར་རང་ཕྱོགས་ཞེན་པ་ཙམ་ནི་ཆོས་ཀྱི་ཉམས་ལེན་མ་ཡིན་པར་སྣང་ལ། དེ་ཙམ་གྱིས་བསྟན་པ་འཛིན་པར་རློམ་པ་ཡོད་ཀྱང་དོན་མ་རྟོགས་པ་ཡིན་སྙམ། ཆོས་ཞེས་པའི་སྒྲ་ནི་སེམས་རྒྱུད་བཅོས་པ་ལ་འཇུག་པ་ལྟར། ཆོས་ལུགས་ཀྱི་གཞི་རྩའི་ནུས་པའི་ཆ་ནས་བཤད་ན་མིའི་བསམ་བློ་སྒྱུར་བཅོས་གཏོང་བའི་ནུས་པ་ཡོད་པ་ལྟར། མིའི་སྤྱི་ཚོགས་སུ་ཞི་བདེ་དང་བག་ཕེབས། བཟོད་སྒོམ་དང་བྱམས་བརྩེ། གཞན་ཕན་དང་སྙིང་རྗེ་སོགས་ལེགས་པའི་ཆ་མང་པོར་གོང་སྤེལ་གྱི་ཐབས་སུ་བཀོལ་བ་ཡིན་ན་ད་གཟོད་ཆོས་ལུགས་ལ་ཞུགས་པའི་གྲུབ་འབྲས་ཐོབ་པ་ཡིན་སྙམ་མོ།། །།

སྒྲས་ཟིན་ཡོད་ཚད་འཇུ་བའི་རྟག་མཐའ་དང༌།། གཞན་ཕྱོགས་རྩིས་མེད་གཏོང་བའི་ཆད་མཐའ་ནི།།
དངོས་དོན་འཚོལ་ལ་ཕན་པ་མ་དམིགས་པས།། འདི་ནི་མཐའ་གཉིས་གྲོལ་བའི་བརྗོད་པ་ལགས།།

གནས་ལུགས་ཕྱོགས་མཐོང་མེད་པའི་མུན་ནག་ནང༌།། བརྡ་འཕྲིན་དཀྲོག་གཏམ་དེ་ཕོའི་ངར་སྐད་ཀྱིས།།
གཟུར་གནས་གཉིད་ལས་བསླངས་པའི་བརྡ་ལན་འདི།། སྙིང་སྟོབས་ཅན་གྱི་བུ་ལ་སྐྱེས་སུ་ཕུལ།།


དེང་དུས་ལེགས་བཤད་ཉན་པའི་རྣ་བ་སྲབ།། དེ་ཕྱིར་ཉུང་ངུའི་ཚིག་གིས་ཆོག་པར་བྱས།།
དགེ་བ་འདི་ཡིས་སྐྱེ་བ་ཐམས་ཅད་དུ།། ཕྱོགས་འཛིན་ལྟ་ངན་སྤོང་བའི་རྒྱུ་རུ་བསྔོ།།

2013ལོའི་གཡུང་དྲུང་བོན་བསྟན་དཔྱད་བརྗོད་དེབ་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་བ་ལས་དྲངས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།