ཐུབ་བསྟན་སྨད་འདུལ་གྱི་གསང་བ་འཚོལ་བ།

[ཟླ་ཚེས། 2013-05-18 23:14:57][རྩོམ་པ་པོ། སྤུ་བླ་གཡུང་དྲུང་སྐལ་བཟང༌།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

image.jpg

བླ་ཆེན་དང་ཁོང་གི་མཁན་སློབ་སོགས་ལས་འཕྲོས་ཏེ་ཐུབ་བསྟན་སྨད་འདུལ་གྱི་གསང་བ་འཚོལ་བ།

      དེ་ཡང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེ་བ་རྣམ་པ་ཀུན་ཏུ་ང་བདེན་ཁྱོད་རྫུན་དང་རང་རྒྱལ་གཞན་ཕམ་གྱི་མཐའ་རུ་ལྷུང་བའི་གཏམ་རང་བཞིན་བརྗོད་ཀྱིན་ཡོད་པ་ནི་ནང་ཆོས་ཀྱི་སྒོར་ཞུགས་ཀྱང་ནང་ཆོས་ཀྱི་ཡང་དག་པའི་ཉམས་ལེན་ཟབ་མོ་དག་རང་རྒྱུད་ལ་སྦྱར་མ་ཐུབ་པའི་སྐྱོན་དུ་ཟད། དཔེར་ན་དུས་རབས་བདུན་པའི་ནང་ཐུབ་བསྟན་བོད་དུ་དར་མགོ་ཚུགས་པ་ནས་བཟུང་བོན་བན་ཕན་ཚུན་འགལ་ཟླར་གྱུར་བའི་དབང་གིས་ལོ་རྒྱུས་ཐོག་ཆེ་རབས་རི་རྒྱལ་ལྷུན་པོ་དང་སྙན་རབས་རྒྱ་གླིང་ཁྲ་མོའི་རྣམ་ཐར་འཛིན་པའི་བོད་ཀྱི་བླ་སྤྲུལ་རྣམ་པས་གཙོས་ང་ངར་ཁོ་རྫིག་ཟེར་བའི་གལ་ཆེའི་མི་སྣ་ཁག་གིས་ཡིག་ཐོག་ཏུ་བྲིས་པའི་རྒྱལ་རབས་ལོ་རྒྱུས་ཁག་ན་ཆོས་ལུགས་དང་ཆོས་ལུགས་དབར་ངན་སྨྲས་ཁྱད་གསོད་དང་ཕྱོགས་རིས་འཐེན་ཁྱེར་གྱི་རྫུན་གཏམ་ཁོ་ནས་དངོས་ཡོད་བྱུང་བ་ཕལ་ཆེར་ནག་བསུབ་ཏུ་བཏང་ཡོད་པ་འདིར་བསམ་ན་ང་ཚོས་ཁོང་རྣམ་པར་དད་པ་དང་ཡིད་ཆེས་ཀྱི་སྣང་བ་ནུབ་ལ་ཉེ་བར་འགྱུར་བཞིན་པ་ནི་ང་ཚོའི་སྐྱོན་ཅི་ཡིན།
       མ་གཞི་བདེན་པ་ནི་ནམ་ཡང་བདེན་པ་ཡིན་པའི་ཕྱིར་ང་ཚོས་འདི་ལྟར་བདེ་བའི་རང་ཞལ་གསལ་བར་རིང་ནས་རེ་སྒུག་བྱེད་ཀྱིན་པའི་མུར། སྟབས་ལེགས་པ་ཞིག་ལ་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ནས་བཟུང་སྟོད་སྨད་གང་ས་ནས་གནའ་རྫས་དང་ཡིག་རྙིང་འབོར་ཆེན་གཅིག་རྗེས་གཉིས་མཐུད་དུ་ད་བར་ཐོན་ཞིང༌། ད་ལྟའི་ཆར་རྗེས་འཇུག་སུ་ཞིག་ཀྱང་ད་དུང་རྨོངས་དད་ཀྱི་དམུ་གབ་དགུ་བརྩེགས་གྱོན་ནས་དོན་དངོས་ལ་རྟོགས་དཔྱོད་མི་བྱེད་པར་གཡམ་རྒྱུག་དང་ཅལ་འདྲོགས་ཁོ་ནའི་ལམ་བུ་དེར་མུ་མཐུད་བསྐྱོད་ཐབས་མེད་པ་དང༌། ཆོས་ཞེན་གྱི་དྲི་མ་མཐུག་པོའི་འོག་ཏུ་རྫུན་གཏམ་གྱི་གླེགས་བམ་གཉེར་ནས་གནས་ལུགས་ངོ་མ་འགེབས་བསྲུང་ཅི་ཐུབ་བྱས་ནས་སྔར་བཞིན་བློ་བདེ་བག་ཕེབས་ངང་གནས་བཟོད་བྲལ་བར་འགྱུར་བཞིན་ཡོད་པ་ནི་‘‘རྐུ་ཕུག་སྡུག རྫུན་མཐའ་ནག་’’ཅེས་པའི་དཔེ་དེ་དོན་ལ་གནས་པར་སྙམ། རྒྱུ་མཚན་དེས་ན་གཟུར་གནས་ཞིབ་འཇུག་པ་དང་ཚན་རིག་པ་སོགས་མང་པོ་ཞིག་གིས་རྩོད་བྲལ་གྱི་བདེན་དཔང་དང་བརྒྱ་ཁ་གཅིག་ཆོད་ཀྱི་དཔེ་ལྟར་གྱུར་བའི་རྣལ་མའི་ལོ་རྒྱུས་ཐར་ཐོར་ཡོད་པ་བཅས་ལ་བརྟག་དཔྱད་དང་ཞིབ་འཇུག་རིམ་པར་བྱས་པ་བརྒྱུད་རིན་ཐང་མངའ་བའི་སྡོམ་ཚིག་འདྲ་མིན་སྣ་ཚོགས་བཀོད་ཡོད་པ་དེས་བོད་ཀྱི་ལོ་རྒྱུས་ཀྱི་སྒྲོམ་གཞི་བདེན་ཕྱོགས་སུ་ཉེ་བར་བྱས་ཡོད་པས་དེ་ནི་ལོ་རྒྱུས་ཀྱི་གསར་བརྗེ་ཞིག་ཏུ་ངོས་འཛིན་བྱེད་འོས་པར་སེམས།{1}
      སྤྱིར་བཏང་བྱས་ན་ད་དུང་མུ་མཐུད་དེ་བོད་ཁམས་ཀྱི་གནའ་ཤུལ་གྲགས་ཅན་དང་གནས་དགོན་རྙིང་པ་སོགས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་དཔེ་རྙིང་གཅིག་ལས་གཅིག་རྫིག་ཐོན་རྒྱུ་ཡིན་པ་གོར་མ་ཆག་ལ། དེ་དག་ཀྱང་དེ་སྔོན་བཞིན་ཡིག་རྙིང་རང་སྟེང་ནས་གནས་ལུགས་ངོ་མ་གསལ་བཤད་བྱ་རྒྱུ་ལས་ཆོས་བརྒྱུད་དང་མི་སྣ་སུ་ཞིག་གིས་རང་དགར་འཁྱོག་བཤད་དང་བཙན་འགྲེལ་གྱིས་བསྐྱར་བཅོས་བྱ་ཐབས་མེད་སྟབས། ང་ཚོ་བོན་བན་གཉིས་ཀྱི་དཀའ་རྙོག་སེལ་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཏུ་ངོས་འཛིན་བྱ་ལོས་ཆོག འོན་ཀྱང་ཁོ་བོའི་བསམ་ཚུལ་ལྟར་ན་ང་ཚོས་མཐའ་གཅིག་ཏུ་གལ་འགངས་ཆེ་བའི་དཔེ་ཧྲུལ་ཐར་ཐོར་ས་འོག་སོགས་ནས་ནམ་ཐོན་ཙམ་ལ་རེ་སྒུག་མི་བྱེད་པར་གྲགས་ཤིང་གྲུབ་པའི་ད་ཡོད་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་གཤིབ་བསྡུར་གྱིས་དཔྱད་ཞིབ་ཡག་པོ་ཞིག་བྱས་ན་རྙོག་འཛིང་མང་པོ་ཞིག་གི་ཐད་ནས་ང་ཚོ་ཕན་ཚུན་གོ་བརྡ་འཕྲོད་རྒྱུ་ཡོད་པ་ནི་བཤད་མ་དགོས་པར་སེམས།
      རྒྱུ་མཚན་དེའི་ཕྱིར་ད་ལན་ངས་འདི་ནས་དུས་ཡུན་ཧ་ཅང་ཐུང་ངུ་ཞིག་གི་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གྲགས་ཅན་འགའ་ཤས་དཔེ་ཀློག་དང་དཔྱད་ཞིབ་ཕྲན་བུར་བྱས་ཁུལ་གྱིས་བོན་བན་གཉིས་ཀྱི་ལོ་རྒྱུས་སྟེང་དཀའ་རྙོག་ཆེ་ཤོས་དང་འཁྲུག་ཆ་དོད་ཤོས་ཤིག་ཏེ་བླ་ཆེན་དགོངས་པ་རབ་གསལ་གྱི་མཁན་སློབ་དང་འབྲེལ་ལུགས་གཉིས་པོའི་སྨད་འདུལ་གྱི་སྡོམ་རྒྱུན་གྱི་སྐོར་ཅུང་ཞིག་གླེང་བར་འདོད། དེ་ཡང་བོན་ཕྱོགས་སུ་འདིའི་སྐོར་གླེང་སྐབས་བོན་གྱི་སྨད་འདུལ་གྱི་རྒྱུད་པ་བླ་ཆེན་ལ་གཏུགས་ཤིང་བླ་ཆེན་གྱི་སྡོམ་རྒྱུན་བོན་ལ་ཐུག་ཡོད་པས་མ་ཚད་བོད་ཀྱི་ཐུབ་བསྟན་སྨད་འདུལ་གྱི་སྡོམ་རྒྱུན་ཡང་བོན་གྱི་ཡིན་པའི་ཚུལ་རྒྱུ་མཚན་དང་སྦྲགས་ནས་གསལ་ཙམ་གསུངས་{2}ཡོད། འོན་ཀྱང་བན་ཕྱོགས་ནས་ཕལ་ཆེ་བས་དེ་ལས་ལྡོག་ཏེ་བླ་ཆེན་བོན་ཁྱིམ་དུ་སྐྱེས་པ་ཙམ་ལས་སྡོམ་རྒྱུན་བན་དེ་རང་གི་ཡིན་པར་ཡང་ནས་བསྐྱར་དུ་བཤད་{3}ཡོད། ཡང་སྙིང་ཆོས་པའི་སྨད་འདུལ་གྱི་རྒྱུད་པ་བླ་ཆེན་ལ་ཐུག་ཡོད་པ་དང་བླ་ཆེན་བོན་པོ་དང་འབྲེལ་བ་ངེས་ཅན་ཡོད་པ་བོན་བན་གཉིས་ཀས་གཅིག་མཚུངས་སུ་ཁས་ལེན་པའི་ཁར་ཐུབ་བསྟན་པའི་ཆོས་འབྱུང་ཁག་གི་ནང་གསལ་བ་ལྟར་ན་བླ་ཆེན་དང་ཁོང་གི་སྡོམ་པ་ཞུ་སའི་མཁན་སློབ་བར་ལོ་ཚིགས་ཀྱི་ཧེ་བག་ཆེས་ཆེ་ཞིང༌། ཁོང་གི་མཁན་རྒྱུད་དང་སློབ་རྒྱུད་སོགས་མདོར་ན་བླ་ཆེན་གྱི་སྐོར་འདོད་ཚུལ་ཁ་མི་མཐུན་པ་ཤིན་ཏུ་མང་བ་འདིས་ང་ཚོ་ལ་དོགས་གནས་དང་དཔྱད་གཞིའི་ལམ་ཁ་གསལ་བོར་བསྟན་ཡོད་པས་དེའི་སྐོར་གཤམ་ནས་མུ་མཐུད་དེ་འཆད་རྒྱུ་ཡིན།
      ཕྲན་གྱིས་མཐོང་ཚོད་ལྟར་ན་ད་བར་གནད་དོན་འདིའི་སྐོར་ཕྱོགས་གཉིས་ཀར་དཔྱད་ཞིབ་བགྱིས་ཤིང་ཁ་གསལ་ཤོས་ནི། ན་གཞོན་ལོ་རྒྱུས་སྨྲ་བ་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ཀྱིས་ཕྱི་ལོ་2006ལོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐོག་སྒྲོག་སྦྱངས་ཞུས་པ་«ཆོས་པའི་སྨད་འདུལ་གྱི་ཁུངས་དང་རྒྱུད་ཚུལ་ལ་དཔྱད་པ»{4}ཞེས་ཕྱིས་སུ་དབྱིན་ཡིག་ཏུའང་བསྒྱུར་པ་{5}དེ་ཉིད་ཡིན་པར་སེམས། དཔྱད་རྩོམ་དེ་ནི་ཁོང་གིས་དེ་སྔོན་«བོན་སྒོ»(འདོན་ཐེངས15,16)ནང་བཙུན་མ་གཡུང་དྲུང་བཟང་མོ་ཞེས་པའི་སྨྱུག་མིང་ཐོག་མཐུད་འགོད་མཛད་པའི་དཔྱད་རྩོམ་«ཆོས་པའི་སྨད་འདུལ་བོན་ལ་ཐུག་ཚུལ་ལུང་གི་ཉིང་བཅུད»{6}ཅེས་པར་འབྲེལ་བའི་དོན་གནད་ཁག་ལ་བསྐྱར་ཞིབ་ཁ་སྣོན་གྱིས་དོན་བསྡུས་སུ་བཀོད་པ་ཞིག་རེད་འདུག ཡིན་ན་ཡང་འདིར་ཁོ་བོས་དེ་ཉིད་སླར་ཡང་བསྐྱར་ཟློས་བྱ་རྒྱུའི་དགོས་པ་མ་མཆིས་ལ། དེ་དང་ཕྱོགས་མཚུངས་ཉེ་སྔོན་ཨོ་རྒྱན་ཉི་མ་ཞེས་པ་ཞིག་གིས་ཆོས་འཁོར་ཚང་གིས་«བོན་སྒོའི»ནང་དུ་བཀོད་པའི་དཔྱད་རྩོམ་དེའི་དགག་ལན་ཡིན་ཁུལ་གྱིས་བླ་ཆེན་གྱི་སྐོར་ཞིག་བྲིས་པར་མཐོང་{7}མོད་ཀྱང་དེ་ཉིད་འབྲུ་ནག་གདོང་དེད་ཀྱི་དགག་ལན་ཞིག་སྐབས་གཞན་ནས་འབྲི་རྒྱུ་ལས་འདིར་སྤྲོས་པ་བྱ་རྒྱུ་མིན། འོན་ཀྱང་ཕྲན་གྱིས་སྐབས་འདིའི་བཤད་བྱ་གཙོ་བོ་བླ་ཆེན་གྱི་སྡོམ་རྒྱུན་ཐུབ་བསྟན་པའི་མིན་པར་ལུང་རིག་གི་ལམ་ནས་ངོ་སྤྲོད་བྱ་རྒྱུ་ཡིན་སྟབས་ཁོའི་རྩ་བའི་དམིགས་ཡུལ་ལམ་བསྒྲུབ་བྱ་དེ་ཉིད་འདིའི་ཕྱོགས་སྔར་སོང་ཡོད་པ་ནི་སྨོས་ཅི་དགོས།
      དེས་ན་ངས་ཐོག་མར་བོད་བརྒྱུད་ཐུབ་བསྟན་པས་ཡོངས་གྲགས་བླ་ཆེན་གྱི་མཁན་སློབ་ཏུ་བཤད་{8}པའི་སྨར་གཡོ་གཙང་གསུམ་གྱི་སྐོར་ལ་གཙིགས་སུ་བཟུང་ནས་གླེང་བར་འདོད། རྒྱུ་མཚན་གཅིག་ནས་བླ་ཆེན་གྱི་སྡོམ་རྒྱུན་དེ་ཉིད་བོན་བན་སུའི་ཡིན་མིན་གཙོ་བོ་ཁོང་གསུམ་ལ་རག་ལས་ཡོད་པ་དང༌། གཉིས་སུ་འདི་གསུམ་ལ་བོད་ཀྱི་མཁས་པ་མི་གསུམ་ཞེས་བན་ཕྱོགས་སུ་གྲགས་{9}པ་ཙམ་ལས་ཡང་སྙིང་ཁོ་ཚོ་གང་འདྲ་ཞིག་ཡིན་མིན་སྐོར་ད་བར་སུ་གང་གིས་དཔྱད་ཞིབ་བྱས་པར་མ་མཐོང་བས་སོ། །གལ་སྲིད་སྨར་གཡོ་གཙང་གསུམ་དུ་འབོད་པ་དག་བླ་ཆེན་གྱི་སོ་ཐར་སྡོམ་པའི་མཁན་སློབ་ཡིན་པའི་དབང་དུ་བཏང་ན་དང་ཐོག་ཁོང་གསུམ་གྱི་སྡོམ་རྒྱུན་དེ་གང་ནས་བརྒྱུད་པར་གསལ་ཁ་ཡོད་དགོས་པ་ནི་གནད་འགག་ཅིག་རེད་སྙམ། འོན་ཀྱང་ཐུབ་བསྟན་པའི་ཆོས་འབྱུང་ཁག་གི་ནང་དཔེར་ན་ལོ་རྒྱུས་སྨྲ་བའི་དབང་པོར་གྲགས་པའི་དཔའ་བོ་གཙུག་ལག་ཕྲེང་བའི་«ཆོས་འབྱུང་མཁས་པའི་དགའ་སྟོན»ལས། ‘‘དེ་ཕྱིན་ལ་འདོད་ལུགས་དུ་མ་སྣང་སྟེ་མཁན་དེས་གཡོ་སྨར་གཙང་གསུམ་ཞེས་འདོད་པ་དང༌། ཁ་གཅིག་ཞི་བ་འཚོའི་མཁན་བུ་ཀ་མ་ལ་ཤཱི་ལ། དེས་གཡོ་དགེ་འབྱུང་ཞེས་འཆད་པ་དང༌། རྦ་རཏྣའི་མཁན་བུ་སྨར་གཡོ་གཙང་གསུམ་ཡིན་པར་འཆད་པ་ཡང་སྣང་ལ།’’{10}ཞེས་དང༌། དེ་བཞིན་བུ་སྟོན་གྱིས་‘‘ཁ་ཅིག་ན་རེ། མཁན་པོ་བོ་དྷི་ས་ཏྭའི་མཁན་བུ་སྦ་རདྞ། དེས་ལྷ་ལུང་རབ་འབྱོར་དབྱངས། དེས་བླ་ཆེན་པོ་དགོངས་པ་རབ་གསལ། དེས་ཡ་གོང་ཡེ་ཤེས་གཡུང་དྲུང༌། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེས་ལ་སོགས་པའོ་ཞེས་ཟེར་བ་དང༌། བཀའ་ཆེམས་ཀྱི་ཡི་གེ་ཁ་ཅིག་ནས། མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་དཱ་ན་ཤཱི་ལ་དང༌། ཛི་ན་མི་ཏྲས་བྱས་ནས་སྦ་རདྞ། དེས་གཡོ་དགེ་འབྱུང༌།’’{11}ཞེས་དང༌། ‘‘ཡང་གཡོ་ལ་སོགས་པ་རྣམས་ཁ་ཅིག་ཛི་ན་མི་ཏྲའི་མཁན་རྒྱུད་དུ་འདོད། ཁ་ཅིག་ཞི་བ་འཚོའི་མཁན་རྒྱུད་དུ་འཆད་པས་བརྟག་པར་བྱའོ། །’’{12}ཞེས་སོགས་བཤད་པ་ལྟ་བུས་མཚོན་གཞི་འཛིན་ས་མེད་པའི་གཏམ་སྣ་ཚོགས་ཞིག་ཡོང་བཞིན་ཡོད་པ་ནི་ང་ཚོས་ཞིབ་མོར་དཔྱད་ན་དོགས་གཞི་ཆེ་རུ་མི་འགྲོ་ཀ་མེད་ཆགས་ཡོད།
       ད་དུང་«གུ་བཀྲའི་ཆོས་འབྱུང་»ནང་‘‘རྦ་རདྣ་ལས་རབ་ཏུ་བྱུང་ཞིང༌། བསྙེན་པར་རྫོགས་ནས་ཛི་ན་མི་ཏྲ་དང༌། དཱ་ན་ཤཱི་ལ་དང༌། གྲུམ་ཅོག་དང་རང་གི་མཁན་པོ་སོགས་ལས་གསུང་རབ་སྦྱངས་པས་དགེ་སློང་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་’’{13}ཞེས་གསལ་བ་ལྟར་ན་ཁོང་གསུམ་དུས་རབས་དགུ་བའི་དུས་འགོར་ཡོད་དགོས་པ་གསལ་པོར་གྱུར་ཡོད། རྒྱུ་མཚན་ནི་གོང་གི་མཁན་པོ་རྦ་རདྣ་སོགས་ནི་སྐབས་དེ་ཤེད་ཀྱི་རབ་བྱུང་མི་སྣ་ཤ་སྟག་ཡིན་པར་མ་ཟད། དང་ཐོག་ཁོང་གསུམ་སྡོམ་པ་ཞུ་བ་ལ་ལོ་ཚད་ངེས་ཅན་ཞིག་སླེབས་དགོས་པ་སྨོས་མེད་ཁར་གསུང་རབ་སྦྱངས་ནས་སྡེ་སྣོད་འཛིན་པ་ཆེན་པོར་གྱུར་བ་ལ་ཡང་དེ་བས་ཀྱང་གསན་བསམ་ལོ་མང་རིང་དགོས་པས་སོ། །དེ་བཞིན་ཡང་ཕྱི་ལོའི་དུས་རབས་བཅུ་བའི་དཀྱིལ་སྨད་དུ་དབུས་གཙང་མི་བཅུ་མདོ་སྨད་དུ་སྡོམ་པ་ལེན་པར་ཡོང་སྐབས་ཁོང་གསུམ་ད་དུང་བསྡད་ཡོད་པར་ཐུབ་བསྟན་པའི་རྒྱལ་རབས་དེབ་ཐེར་ཕལ་མོ་ཆེར་གསལ་{14}བས། དེས་ན་ཁོང་གསུམ་རགས་རྩིས་ཀྱི་དབང་དུ་བྱས་ན་ཧ་ལམ་མི་ལོ་ཉིས་བརྒྱ་ལྔ་བཅུ་ལྷག་རིང་འཚོ་བཞུགས་བྱས་ཡོད་པར་དོན་གྱིས་ཁས་ལེན་དུ་སོང་བ་འདི་གཅིག་པུས་སྨར་གཡོ་གཙང་གསུམ་སྐོར་གྱི་གཏམ་དེ་ཉིད་གནས་ལུགས་དང་མཐུན་ཐབས་མེད་པར་ར་སྤྲོད་བྱས་ཡོད།
      སྐབས་འདིར་ཤེས་དགོས་པ་ཞིག་ནི་དར་མས་བསྟན་པ་བསྣུབས་ནས་བསྐྱར་དུ་དར་བར་ཆོས་འབྱུང་སྨྲ་བ་རྣམས་ཀྱི་ནང་ལོ་དྲུག་ཅུ་སྐོར་ཞིག་གི་བར་ཁྱད་ཡོད་ཀྱང་མཁར་རྨེའུ་བསམ་གཏན་གྱིས་‘‘དེར་བརྟེན་བསྟན་པ་བསྣུབས་ནས་བསྐྱར་དར་མ་བྱུང་བའི་བར་ལོ་ངོ་བདུན་ཅུ་དོན་བདུན་ཙམ་མ་ཡིན་པར་ལོ་བརྒྱ་དང་སུམ་ཅུ་སོ་བདུན་སོང་ཡོད་པ་ཤེས་དགོས་སོ’’{15}ཞེས་དང༌། རྒྱལ་མོ་འབྲུག་པས་‘‘ཆོས་འབྱུང་མང་པོས་ཀླུ་མེས་སོགས་དབུས་སུ་ཕེབས་དུས་བཙན་པོའི་གདུང་རྒྱུད་མི་རབས་བཞི་ལྷག་སོང་ནས་བསམ་ཡས་རྒྱལ་པོར་གྲགས་པ་ཚ་(ལ)ན་ཡེ་ཤེས་ཡབ་སྲས་ཀྱི་རིང་ཡིན་པར་བཤད’’{16}ཅེས་ཟེར་བས། དེ་ལྟར་ན་མ་མཐའ་མི་རབས་རེར་ལོ་སུམ་ཅུ་ཁ་ལྷག་སོང་ཡོད་པའི་དབང་དུ་བྱས་ན་འདི་གཉིས་གཞི་གཅིག་ཏུ་འབབ་པས་འོས་ཤིང་འཚམས་པ་ཞིག་རེད་སྙམ།
       ད་བར་ཕྲན་གྱི་ལག་སོན་བྱུང་བའི་བན་ཕྱོགས་ཀྱི་རྒྱལ་རབས་ཆོས་འབྱུང་ཁག་ལས་ཐུབ་བསྟན་ཕུན་ཚོགས་ཀྱི་«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག»དང༌། རྒྱལ་མོ་འབྲུག་པའི་«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ»གཉིས་ཀྱི་ནང་དུ་འདིའི་སྐོར་དྭོགས་སློང་ཕྲན་བུར་བྱས་པ་ཕུད་གཞན་གྱིས་གསང་བའི་གནད་དོན་དེ་ཉིད་ཤེས་ནས་གླེང་འདོད་མེད་པའམ་ཡང་ན་ཨ་མ་ཡིན་ཤག་འོ་མ་འཐུང་ཤག་གི་དཔེ་ལྟར་བྱས་པ་གང་ཡིན་མདོར་ན་རྩ་བའི་ཆ་ནས་སྔ་མའི་བཤད་ཡམས་ཀྱི་རྗེས་ཟློས་ཙམ་ལས་གཞན་ཅི་ཡང་མེད་པ་ནི་ཐབས་སྐྱོ་བའི་གནས་སུ་མཐོང༌། གོང་དུ་བཤད་པའི་ཆོས་འབྱུང་གཉིས་ལས་སྔ་མའི་ནང་‘‘སྨར་གཡོ་གཙང་གསུམ་པོ་ལོ་བརྒྱ་སྐོར་ཞིག་ཏུ་བཞུགས་ཡོད་དགོས་པས་དེ་ནི་ཐེ་ཚོམ་གྱི་གནས་ཏེ། དེ་གསུམ་གྲུབ་བདེ་གཅིག་པ་མ་ཡིན་པའི་ཕྱིར། དེ་ནས་སྨར་གཡོ་གཙང་གསུམ་དབུས་ནས་གནས་བྱོལ་མཛད་པའི་དུས་ཚིགས་དེ་འབངས་གྱེན་ལོག་བྱུང་བའི་ས་གླང་ལོའི་ཡས་མས་ཀྱི་དུས་ཤིག་ཡིན་པར་ངེས་ཏེ’’{17}ཞེས་དང༌། ཁོང་གིས་དེ་སྒྲུབ་བྱེད་ནི་དར་མ་བཀྲོང་བའི་རྗེས་ཡུམ་བརྟན་དང་འོད་སྲུངས་གཉིས་ཀྱི་སྐབས་སུ་བོད་དུ་རབ་བྱུང་བའི་སྡེ་གསར་དུ་བྱུང་ཡོད་པ་དེབ་ཐེར་ཁག་ལས་གསལ་ཡོད་པའི་རྒྱབ་བརྟེན་དུ་‘‘ལྷག་པར་དུ་<<མཁས་པའི་དགའ་སྟོན>>ལས། གོང་དུ་དྲངས་པའི་ལུང་ལྟར། རྒྱལ་པོ་དར་མ་འདས་རྗེས་ཆོས་མཆོད་ཅིང༌། རྟགས་རང་གིས་བླངས་པ། དབྱར་གནས་པ། གཏན་ཁྲིམས་སྲུང་ཚུལ་སོགས་གསལ་བས་འདི་རྣམ་པ་གསུམ་པོ་ཡང་དེའི་སྐབས་སུ་རབ་ཏུ་བྱུང་ཡོད་པ་ཡིན་ན་མི་འགྲིག་པ་ཅི་ཡོད་’’{18}ཅེས་ཟེར་བ་ནི། དངོས་གནས་‘‘མཁས་པ་འཆུག་ན་འདོམ་གང་དང༌། །བླུན་པོ་འཆུག་ན་མཐོ་གང་། །’’ཟེར་བའི་དཔེ་ལྟར་གྱུར་ཡོད་དེ། དེབ་ཐེར་ཁག་ལས་འདི་ལྟར་གསལ་བ་དེ་ནི་རབ་བྱུང་གི་མིང་བཏགས་པའི་འཆལ་སྤྱོད་མཁན་ཡོད་པར་བསྟན་པ་ལས་ལུགས་མཐུན་གྱི་རབ་ཏུ་བྱུང་བ་གསར་དུ་བྱུང་བའི་དོན་མིན་པ་«ཆོས་འབྱུང་མཁས་པའི་དགའ་སྟོན»རང་ལས། ‘‘རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་བ་ཅན་གོན། སྐྲ་གཞན་བྲེགས་ནས་གཙུག་ཕུད་བཞག་པ་དབྱར་ཟླ་གསུམ་ལ་དབྱར་གནས་བྱེད་ཟེར་ནས་གཙུག་ལག་ཁང་དུ་བསྡད་ནས་གཏན་ཁྲིམས་ལྔ་སྲུང༌། དེ་ནས་དགག་དབྱེ་བྱེད་ཟེར་ནས་གྲོང་དུ་ཁྱིམ་ཐབ་བྱེད། མིང་དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་’’{19}ཞེས་གསལ་བས། དེ་ལྟར་གྲོང་དུ་ཁྱིམ་ཐབ་བྱེད་པ་སྟེ་བུད་མེད་ལ་བསྟེན་ཞིང་མིང་དགྲ་བཅོམ་གཙུག་ཕུད་ཅན་དུ་བཏགས་པ་དེ་དག་རབ་བྱུང་དུ་ཁས་ལེན་པའི་ལུགས་ཅི་ཡོད། དེས་ན་«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»ལས་གོང་གི་ལུང་དོན་དེར་ལྟ་སྒོམ་ཆ་མ་ཚང་པའི་ཆོས་ཚུལ་ཙམ་གྱིས་འཚོ་བ་དོན་གཉེར་བྱེད་པ་བྱུང་བའི་དོན་དུ་ངོས་འཛིན་པ་དེ་ནི་ཅིས་མི་བདེན།{20} འདིའི་ཐད་དངོས་གནས་ཁོང་གིས་དེ་ཙམ་དོ་སྣང་མ་བྱུང་བ་ཡིན་ངེས་ཏེ་«ཡིག་ཚང་མཁས་པ་དགའ་བྱེད»{21}ལས། གླང་དར་མས་བསྟན་པ་བསྣུབས་པ་ནས་དབུས་གཙང་གི་མི་བཅུ་མདོ་སྨད་ནས་རབ་ཏུ་བྱུང་ཏེ་བསམ་ཡས་སུ་མ་སླེབས་པར་སྤྱིར་བོད་དང༌། སྒོས་སུ་དབུས་གཙང་རུ་བཞིར་སངས་རྒྱས་ཀྱི་བསྟན་པའི་སྒྲ་མེད་པ་དང༌།{22} སྡོམ་པ་འབོག་ལེན་གྱི་བཀའ་ཆད། གཙུག་ལག་ཁང་རྣམས་ཝ་ཁྱིའི་ཚང་བཅས་པར་བཤད་པ་བཞིན་ལོ་རྒྱུས་དེབ་ཐེར་ཕལ་ཆེར་འདི་དང་གཅིག་མཚུངས་སུ་གསལ་ཡོད་པས་སོ། །ད་དུང་བོད་ཀྱི་ལོ་རྒྱུས་གྲགས་ཅན་«སྦ་བཞེད་ཞབས་བཏགས་མ»{23}དང༌། «ཀློང་ཆེན་ཆོས་འབྱུང་»{24}གཉིས་ཀྱི་ནང་གི་ལུང་ཚིག་ཁ་གསལ་དུ་བྱས་པ་«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ»ལས་གསལ་བ་ལྟར་ན། ‘‘བཙུན་པ་གསུམ་གྱིས་ཁྱི་ཁྲིད་ནས་རྔ་བརྡུངས། རོལ་མོ་དཀྲོལ། མགོ་ལ་བྱ་སྒྲོ་བཙུགས། ཤམ་ཐབས་སྔ་ལོག་ཕྱི་ལོག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་གཡོ་དགེ་འབྱུང་གིས་གཟིགས་པས་དེ་ལ་མ་རངས་ནས་བན་རྒན་ང་འཁྲུལ་བའམ། བཙུན་ཚོ་སྨྱོ་བ་ཡིན’’{25}ཞེས་གཡོ་དགེས་རང་ལ་བན་རྒན་ཏུ་སྨོས་ཡོད་པས་ཁོང་གསུམ་དར་མས་བསྟན་པ་བསྣུབས་སྐབས་སུ་ཡོད་པ་ཙམ་མ་ཚད་མ་མཐའ་ལོ་བཞི་བཅུ་ཡས་མས་ཤིག་ཟིན་དགོས་པའི་ཕྱིར་ན་དེས་ཀྱང་གནོད་པས་སོ། །གཞན་ཡང་རྟགས་རང་གིས་བླངས་པའི་རང་ལས་ཐོབ་པའི་སྡོམ་པ་ནི་འཕགས་པའི་གང་ཟག་དག་ལས་སོ་སོ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པར་འདུལ་བའི་གཞུང་ལུགས་ཁག་ལས་གསལ་ཡང་འདུལ་བ་ཁྱིམ་པར་མི་བཤད་ཅེས་གསུངས་པས་འདིར་སྤྲོས་པ་མི་བྱའོ། །{26}ཡང་སྙིང་ཁོང་གསུམ་བསྟན་པ་བསྣུབས་པའི་རྗེས་སུ་རབ་ཏུ་བྱུང་བར་ལུང་རིག་གང་གི་ཆ་ནས་བསམ་ཡང་འཐད་ཐབས་མེད་པས། དེ་ལྟར་ན་གོང་དུ་བཤད་པ་ལྟར་ཁོང་གསུམ་ཡ་མཐའ་རྦ་རདྣ་སོགས་ཀྱི་དངོས་སློབ་ཡིན་པ་ནས་མ་མཐའ་མི་བཅུས་སྡོམ་ཁྲིམས་ཞུས་སྐབས་བཞུགས་ཡོད་པར་གསལ་བའི་ཕྱིར། ཁོ་ཚོ་མདོ་སྨད་དུ་བྲོས་བྱོལ་སོང་བའི་དུས་ཚིགས་ཕྱིར་བསྣུར་བྱས་པ་ཙམ་གྱིས་ལོ་གྲངས་ཧེ་བག་གི་སྐྱོན་འདི་སྤོང་ཐུབ་ཐབས་མེད་དོ། །
       གཉིས་པ་གོང་གསལ་ལོ་རྒྱུས་ཕྱི་མའི་ནང་‘‘ཀླུ་མེས་སོགས་ཀྱིས་བླ་ཆེན་དངོས་ལས་སྡོམ་པ་མནོས་ནས་དབུས་སུ་ལོག་པར་བཞེད་ཀྱང༌། དེ་ལྟར་ན་སྔ་ཕྱིའི་ལོ་ཚིགས་རྣམས་གུང་བསྒྲིགས་ཚེ་ལོ་གྲངས་མང་ཉུང་རྒྱུག་ཆེ་བས་ལོ་རྒྱུས་ཀྱི་བྱུང་བ་རྣམས་གོ་རིམ་སྦྱོར་ཐབས་ཤིན་ཏུ་དཀའ’’{27}ཞེས་དང༌། ‘‘ཡང་བོད་ཀྱི་ཆོས་འབྱུང་མང་པོས་ཀླུ་མེས་སོགས་དབུས་སུ་ཕེབས་དུས་བཙན་པོའི་གདུང་རྒྱུད་མི་རབས་བཞི་ལྷག་སོང་ནས་བསམ་ཡས་རྒྱལ་པོར་གྲགས་པ་ཚ་(ལ)ན་ཡེ་ཤེས་ཡབ་སྲས་ཀྱི་རིང་ཡིན་པར་བཤད་པས་བླ་ཆེན་དངོས་ལ་གཏུག་པ་བྱས་ན་ལོ་གྲངས་མང་དྲགས་པའི་ནོར་སྐྱོན་འབྱུང་སྲིད’’{28}ཞེས་བླ་ཆེན་གྱི་འཁྲུངས་ལོ་སྔ་བསྣུར་བྱས་ཏེ། དབུས་གཙང་གི་མི་བཅུ་དང་བླ་ཆེན་གྱི་བར་མཁན་རྒྱུད་གཞན་དག་སོང་བར་བྱས་ཡོད། སྤྱིར་བཏང་དབུས་གཙང་གི་མི་བདུན་ནམ་{29}བཅུ་བོ་བླ་ཆེན་གྱི་དངོས་ཀྱི་མཁན་བུ་མ་ཡིན་པའི་བཤད་ཕྱོགས་འདི་ནི་བོན་བན་གཉིས་ཀའི་ལོ་རྒྱུས་ཕལ་ཆེར་དང་འགལ་བའི་འདོད་སྟངས་ཤིག་ཡིན། དཔའ་བོ་གཙུག་ལག་ཕྲེང་བས་ལུང་དྲངས་པ་ལྟར་ན་ཀླུ་མེས་སོགས་ཀྱིས་གྲུམ་ཅོག་གཉིས་ལས་ཞུས་པར་ཁུ་སྟོན་གྱི་«ལོ་རྒྱུས་ཆེན་མོའམ་ལོག་ནོན་ཆེན་མོར»གྲགས་པ་དེར་གསལ་ཡོད་པས།{30} དེ་ལྟར་ན་འདོད་ཕྱོགས་འདིའི་ཐོག་མ་ནི་གོང་གི་ཁུ་ཡི་«ལོ་རྒྱུས་ཆེན་མོ»ཞེས་པ་དེ་ཡིན་སྲིད་པར་སྙམ། གང་ལྟར་ཕྲན་གྱིས་དཔྱད་ན་བཤད་ཕྱོགས་འདི་ནི་ཆོས་འབྱུང་ལོ་རྒྱུས་ཁག་གི་ནང་འདུལ་བའི་བཤད་རྒྱུད་དང་སྡོམ་རྒྱུན་ཟེར་བ་གཉིས་སུ་སྣང་བས་དེ་གཉིས་ཕན་ཚུལ་ནོར་འཛོལ་དུ་སོང་བའམ། ཡང་ན་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཟེར་བ་དང་བླ་ཆེན་གྱི་ཚུལ་མཚན་ཤེས་རབ་ཚུལ་ཁྲིམས་དུ་གསུངས་པ་{31}གཉིས་ཡར་མར་འཁྲུག་པ་གང་རུང་ཡིན་པ་གོར་མ་ཆག་སྙམ། རྒྱུ་མཚན་ནི་དབུས་གཙང་གི་མི་བཅུས་སྡོམ་པ་ཞུས་ནས་གཞན་བྱིངས་ཡར་ཡོང་དུས་ཀླུ་མེས་གྲུམ་ལས་འདུལ་བ་ཉན་དུ་ལོ་གཅིག་བསྡད་པར་ལོ་རྒྱུས་དེབ་ཐེར་དུ་མ་ལས་གསལ་བར་མ་ཟད།{32} དེའི་དབང་གིས་འདུལ་བའི་སྡོམ་རྒྱུན་གྱི་མཁན་པོ་བགྲང་སྐབས་བླ་ཆེན་ནས་ཀླུ་མེས་ལ་གཏུགས་ཀྱང༌། བཤད་རྒྱུད་སྐབས་བླ་ཆེན་ནས་གྲུམ་དེ་ནས་ཀླུ་མེས་ལ་གཏུགས་ཡོད་པས་བཤད་རྒྱུད་ཀྱི་རྒྱུད་རིམ་དེ་མཁན་བརྒྱུད་དུ་འཁྲུལ་བ་ཡིན་སྲིད།{33} དེ་མིན་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་དབུས་གཙང་མི་བཅུ་མདོ་སྨད་དུ་ཡོང་སྐབས་བླ་ཆེན་དེ་དུས་དགུང་ལོ་དྲུག་ཅུ་རེ་བཞི་ལས་སོན་མེད་པས་མཁན་བུ་སྐྱོང་ཐུབ་པའི་གནས་ཚུལ་ཆ་ཚང་མཛོམས་བཞིན་དུ་ཁོང་གི་མཁན་བུ་སུ་ཞིག་གིས་མི་བཅུ་ལ་སྡོམ་པ་འབོག་དགོས་པའི་རྒྱུ་མཚན་མེད་ཚུལ་སོགས་འདིའི་སྐོར་གནས་ལུགས་དང་མཐུན་པའི་མཐའ་དཔྱོད་གསལ་ཙམ་གནང་འདུག་པར་མ་ཟད།{34} དེ་དང་ཕྱོགས་མཚུངས་ལྡེའུ་ཇོ་སྲས་ཀྱིས་ཀྱང་“དེ་ཐམས་ཅད་ཀྱི་མཁན་པོ་བླ་ཆེན་ལ་ཐུག་པས་ཐམས་ཅད་ཀྱི་མེས་པོ་ལྟ་བུར་གྱུར’’{35}ཞེས་བཤད་པ་ནི་ཤིན་ཏུ་འཐད་པའི་གཏམ་དུ་སྣང༌། ཡང་ན་བོན་གྱི་བསྟན་འབྱུང་ལོ་རྒྱུས་ཀུན་མཐུན་པར་གྲུམ་ཤིང་ལག་ཅན་གྱི་མཁན་བུ་ལ་བླ་མུ་ཐུར་དགོངས་པ་རབ་གསལ་ཏེ་‘‘ཚུལ་མིང་ཤེས་རབ་ཚུལ་ཁྲིམས་སོ’’ཞེས་གསུངས་{36}ཡོད་པ་དང༌། ཀླུ་མེས་ལ་ཡང་‘‘ཤེས་རབ་ཚུལ་ཁྲིམས’’{37}དང་‘‘ཚུལ་ཁྲིམས་ཤེས་རབ’’{38}ཅི་རིགས་སུ་སྨོས་ཡོད་སྟབས། གོང་གི་བླ་ཆེན་གྱི་ཚུལ་མཚན་ལས་ཀླུ་མེས་སུ་འཁྲུལ་ནས་མི་བཅུའི་མཁན་པོ་གྲུམ་ལ་གཏུགས་པའི་འདོད་ཕྱོགས་འདི་བྱུང་བའང་ཡིན་སྲིད་པས་སོ། །ཡིན་ན་ཡང་སྤྱིར་ཕྱོགས་རྒྱུགས་དང་འཐེན་འཁྱེར་ལ་ངན་ལོབ་ཏུ་སོང་ཞིང༌། ལྷག་པར་བོན་བསྟན་ལ་འབྲི་གུང་རྡོ་ཤེར་གཉིས་པ་ལྟ་བུའི་སྡང་གཟུགས་ཀྱི་ཁྲག་རྩ་རྒྱས་པའི་ར་སེ་དཀོན་རྒྱམ་གྱིས་ནི་‘‘བོན་བསྟན་ཚོས་བླ་ཆེན་པོས་དབུས་གཙང་གི་མི་བཅུར་གནང་ཟེར་བ་མང་ཡང༌། བླ་ཆེན་པོས་གནང་བའི་ཤེས་བྱེད་མི་སྣང་ངོ་’’{39}ཞེས་ཟེར་བ་ནི་རང་གིས་མ་མཐོང་ནས་མེད་པར་སྨྲས་པ་ཙམ་དུ་ཟད་དེ། བོན་གྱི་འདུལ་གཞུང་ཁག་དང༌། སྲིད་རྒྱུད་ལེགས་བཤད་མཛོད་སོགས་ལས་བླ་ཆེན་གྱིས་མི་བཅུ་ལ་གནང་བའི་སྐོར་གསལ་ཞིང་རྒྱས་པ་གསུང་བའི་ཕྱིར་རོ། །
       མདོར་ན་གཡུང་དྲུང་བོན་གྱི་རྒྱལ་རབས་ལོ་རྒྱུས་ཀུན་ལས་གསལ་བ་ལྟར་‘‘བོད་ཀྱི་ཆོས་འབྱུང་གྲགས་ཆེ་བ་ཕལ་མོ་ཆེའི་ཆེས་སྔ་རོལ་དུ་བྱུང་བར’’{40}བཤད་པའི་«ཉང་རལ་གྱི་ཆོས་འབྱུང་»ནང་བླ་ཆེན་གྱི་“སྡོམ་པའི་བཀའ་བོན་གྱི་ཡིན། དེའི་རྟགས་ཀྱང་བཞི་ཡོད”{41}ཞེས་ཁོང་གི་སྡོམ་རྒྱུན་བོན་གྱི་ཡིན་པར་ཚིག་དངོས་སུ་གསལ་ཡོད་པ་དང༌། དེའི་བསྡུས་ཚིག་ལྟ་བུར་«ཡིག་ཚང་མཁས་པ་དགའ་བྱེད»ལས། ‘‘བླ་ཆེན་གྱི་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་བྱ་བ་ཡང་དེ་རྣམས་ལ་གནང་བར་བྱེད་དེ’’{42}ཞེས་དང་། གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་“ལོ་རྒྱུས་ཆེན་མོ་ལས་ནི། བསྟན་པ་བསྣུབས་པའི་དུས་དབུས་ནས་ཞང་མངའ་འཇམ་དཔལ་དང༌། ཡང་གོང་ཤེས་རབ་འབྱུང་གནས་གཉིས་ཁམས་སུ་བྱོན། དེའི་ཚེ་ཡང་གོང་གིས་ཁུངས་བསྟན་ནས་ཞང་མངའ་འཇམ་དཔལ་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས’’{43}ཞེས་པ་སོགས་རིན་ཐང་ལྡན་པའི་དཔྱད་གཞིའི་གནས་གཞན་ཡོད་མོད་ཀྱང༌། ད་དུང་གོང་གསལ་རྩོམ་པ་པོ་གཉིས་ཀྱིས་ལོ་ཚིགས་གུང་མི་འགྲིག་བཞིན་དུ་ཐབས་ཤེས་ཡོད་རྒུས་བླ་ཆེན་གྱི་མཁན་སློབ་སྨར་གཡོ་གཙང་གསུམ་ཡིན་པའི་འདོད་ཕྱོགས་སུ་འགྲོ་རྒྱུར་འབད་བརྩོན་བྱས་ཡོད་པ་ནི་ཁོར་ཡུག་གི་གནས་སྟངས་ལ་གཞིགས་པའམ། ཡང་ན་རྙིང་ཞེན་དང་ཆོས་ཞེན་གྱི་བག་ཆགས་ཟབ་པ་གང་ཡིན་ཆ་མ་འཚལ།
      སྐབས་འདིར་ངེས་པར་དུ་དོགས་གཞི་ཞིག་ཡོང་སྲིད་པ་ནི་སྨར་གཡོ་གཙང་གསུམ་སྤྱིར་བཏང་གི་མི་ཕལ་པ་གསུམ་ཡིན་མིན་སྐོར་དེ་ཡིན། དེ་ནི་སྨར་གཡོ་གཙང་གསུམ་སྐོར་འཁོད་པའི་ལོ་རྒྱུས་དེབ་ཐེར་གང་ལས་ཀྱང་ཁོང་གསུམ་སྐྱེ་བོ་གཞན་དང་མ་འདྲ་བའི་རྣམ་པ་ཞིག་བསྟན་མེད་པར་མ་ཟད། ཆོས་འབྱུང་ཁག་ལས་དབུས་གཙང་གི་མི་བཅུ་མདོ་སྨད་ལ་སླེབས་དུས་སྨར་གཡོ་གཙང་གསུམ་ལ་མཁན་སློབ་ཞུས་ཚེ་ཁོང་གསུམ་གྱིས་‘‘ངེད་རྒས་པས་མཁན་བུ་མི་འཁྱོངས’’{44}ཞེས་གསུངས་པར་གསལ་བ་འདིས་ཁོང་གསུམ་རྒྱུན་ལྡན་སྐྱེ་བོ་གཞན་དང་སྤྱི་མཚུངས་ཀྱི་མི་རང་ཡིན་པར་ཤུགས་ལ་བསྟན་པ་རེད། གལ་སྲིད་ཁོང་ཚོ་ཚེ་ལ་རང་དབང་ཐོབ་པའི་འཕགས་པའི་སྐྱེས་བུ་ཡིན་ཚེ་མཁན་བུ་མི་འཁྱོངས་པའི་རྒྱུ་མཚན་ཅི་ཡོད། ད་དུང་བླ་ཆེན་པོས་‘‘སྡོམ་པ་ཕོབ་ཅིག་སྐྱངས་པ་ངས་བྱའོ་ཞུས་པས། སྡོམ་པ་ཡང་ཁྱོད་ཀྱིས་ཕོབ་ཅིག་གསུངས’’{45}ཞེས་བཤད་པ་ལྟར་ན་འཆད་ཉན་གྱིས་མཁན་བུ་སྐྱོང་བ་ལྟ་ཅི་སྟེ་སྡོམ་པ་ཙམ་ཡང་འབོག་པའི་ནུས་པ་མེད་པར་འདོད་དགོས་པར་སེམས། ལྷག་པར་འདིའི་སྐོར་འུག་པས་རྫུན་དྲུག་བཤད་པ་བཞིན་དངོས་ཡོད་ཀྱི་གནས་སྟངས་དང་འགལ་བའི་གཏམ་མང་སྟེ། བླ་ཆེན་བསྙེན་པར་རྫོགས་ནས་ལོ་ལྔ་ཡི་རྗེས་སུ་དབུས་གཙང་གི་མི་བཅུ་སླེབས་སྐབས་སྨར་གཡོ་གཙང་གསུམ་གྱིས་མཁན་བུ་མི་འཁྱོངས་པར་བཤད་པ་{46}དེ་དང༌། ཡང་བླ་ཆེན་བསྙེན་པར་རྫོགས་ནས་མཁན་སློབ་རྣམ་ལས་ལོ་བཅོ་ལྔར་འདུལ་བ་ཉན་པར་བཤད་པ་{47}གཉིས་འགལ་འདུའི་ཕུང་པོར་གྲུབ་པས་སོ། །ཡང་ན་སྨར་གཡོ་གཙང་གསུམ་གྱིས་དེ་ལྟར་བཤད་པ་ནི་བླ་ཆེན་ལས་གཞན་པའི་མཁན་བུ་སྐྱོང་མི་ཐུབ་པའི་དོན་ཡིན་ནམ་ཞེས་བཞད་གད་ཀྱི་ཉམས་དང་བཅས་ཏེ་དྲི་བ་ཞིག་དབང་མེད་དུ་ཐལ།
      དེས་ན་གང་ནས་དཔྱད་ཀྱང་སྨར་གཡོ་གཙང་གསུམ་གྱི་གཏམ་དེ་ཉིད་འཇའ་ཚོན་དེད་པའི་དཔེ་ཟླར་འགྱུར་བཞིན་པ་འདི་ཀ་ལགས་ན། ད་ནི་ཁོང་གསུམ་གྱི་རྒྱབ་ལྗོངས་སུ་ཡང་སྙིང་གང་ཟག་གཞན་སུ་དང་སུ་འགེབ་བསྲུང་བྱས་ཡོད་མེད་སྐོར་དཔྱད་ཞིབ་ནན་མོ་ཞིག་མ་བྱས་ཐབས་མེད་དུ་གྱུར་བར་སེམས། དེ་ཡང་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལགས་ཀྱིས་‘‘འདིར་<<ལོ་རྒྱུས་ཆེན་མོ་>>བྱ་བ་དེ་ནི་ཅི་བས་ཀྱང་དོ་སྣང་འོས་པའི་གནས་སུ་གྱུར་རོ’’{48}ཞེས་བཤད་པ་བཞིན། ཕྲན་ལྟར་ན་ཡང་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་«ལོ་རྒྱུས་ཆེན་མོའམ་ལོག་ནོན་ཆེན་མོར»གྲགས་པ་དེ་ཐུབ་བསྟན་སྨད་འདུལ་གྱི་གསང་བ་འཚོལ་ཞིབ་བྱ་རྒྱུར་མེད་དུ་མི་རུང་བའི་དཔྱད་གཞིའི་ཡིག་ཆ་ཞིག་ཏུ་ངོས་འཛིན་དགོས་སྙམ། ལོ་རྒྱུས་དེ་ནི་བརྩམས་པའི་ལོ་ཚིགས་ཆེས་སྔ་བ་ཙམ་དུ་མ་ཟད་རྩོམ་པ་པོ་རང་ཉིད་དང་བླ་ཆེན་གཉིས་ཀྱི་བར་ཡང་སློབ་ཀྱི་འབྲེལ་བ་སྟེ་བླ་ཆེན་པོའི་མཁན་བུའི་མཁན་བུ་ཡིན་{49}པའི་ཕྱིར་དང༌། དུས་ཀྱི་ཆ་ནས་ཀྱང་ཐག་ཧ་ཅང་ཉེ་བས་སྐབས་དེའི་ལོ་རྒྱུས་དངོས་ཇི་བཞིན་ཡིག་ཐོག་ཏུ་བཀོད་ཡོད་སྲིད་པར་སེམས། འོན་ཀྱང་ང་ཚོས་ད་ལྟའི་ཆར་དཔེ་ཆ་དེ་ཉིད་ལག་སོན་མ་བྱུང་བ་ནི་ཡིད་ཕང་པའི་གནས་སོ། །ཅུང་སྟབས་ལེགས་པ་ཞིག་ལ་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་ནང་དཔའ་བོ་གཙུག་ལག་ཕྲེང་བས་རང་གིས་ཆོས་འབྱུང་བྲིས་སྐབས་«ལོ་རྒྱུས་ཆེན་མོའམ་ལོག་ནོན་ཆེན་མོ»དེ་ཉིད་དཔང་དུ་བྱས་པར་བཤད་པ་{50}ལྟར་ད་ལྟ་ང་ཚོས་གཙུག་ཕྲེང་གི་«ཆོས་འབྱུང་མཁས་པའི་དགའ་སྟོན»ནང་‘‘ལོ་རྒྱུས་ཆེན་མོའི’’ལུང་ཐར་ཐོར་མཇལ་རྒྱུ་ཡོད་པ་ནི་དཔྱད་གཞིའི་རིན་ཐང་ལྡན་པ་ཤ་སྟག་ཏུ་སྣང༌། གཙུག་ཕྲེང་ལྟར་ན་དེའི་ནང་གོང་དུ་དྲངས་མ་ཐག་པ་བཞིན‘‘དེའི་ཚེ་ཡང་གོང་གིས་ཁུངས་བསྟན་ནས་ཞང་མངའ་འཇམ་དཔལ་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས’’{51}ཞེས་འཁོད་ཡོད། གོང་གི་‘ཡང་གོང་’ཞེས་པའི་ཚིག་འདི་དང་མཚུངས་པ་ཆོས་འབྱུང་སྨྲ་བ་ཚོས་‘‘ཡང་གོང་’’{52}དང༌། ‘‘སྤང་གོང་’’{53} ‘‘སྤ་གོར’’{54} ‘‘སྤ་གོང་’’{55}སོགས་ཅི་དགར་བཀོལ་ཡོད་ཀྱང་ཡི་གེ་མ་དག་པ་འབའ་ཞིག་སྟེ། གནའ་སྔ་མོ་ལོ་རྒྱུས་ཀྱི་ཡིག་ཆ་ཕལ་ཆེར་དབུ་མེད་རྗིབ་ཡིག་བྲིས་པ་མང་བས་རྗིབ་ཡིག་གི་ཡ་དང་པ་ས་མགོ་ཅན་གཉིས་གཟུགས་ཤིན་ཏུ་འདྲ་བས་ཕན་ཚུན་ནོར་འཛོལ་དུ་སོང་བ་ལོ་རྒྱུས་རྣམས་སུ་ཡུ་གུར་ལ་སྤུ་གུར་དུ་བྲིས་པ་ལྟར་རམ་ཡང་ན་བསམ་བཞིན་དུ་བཅོས་བསྒྱུར་བྱས་པ་གང་རུང་ཡིན་པར་གོར་མ་ཆག དོན་དུ་«བུ་སྟོན་ཆོས་འབྱུང་»ནང་‘‘ཡ་གོང་’’ཡེ་ཤེས་གཡུང་དྲུང་ཞེས་སྨོས་པ་འདི་ཡིན།{56} དེས་ན་གོང་གི་«ལོ་རྒྱུས་ཆེན་མོ»ལུང་དེའི་ནང་གསལ་བ་དེ་ཡང་‘‘ཡ་གོང་’’རང་ཡིན་པ་གཞིར་བྱས་ལ། ‘‘ཁུངས་བསྟན’’ཞེས་པ་ཁུངས་གཏུགས་པ་སྟེ། དོན་དུ་‘‘དེའི་ཚེ་ཡ་གོང་ལ་ཁུངས་གཏུགས་ནས་བླ་ཆེན་པོ་བསྙེན་པར་རྫོགས’’པའི་གནས་སྟངས་དངོས་ལ་བཅོས་སླད་ཅུང་ཙམ་སོང་བ་ཡིན་སྲིད། འོན་ཀྱང་གཅིག་བྱས་ན་ཡོངས་གྲགས་མིན་པའི་ཁོ་བོའི་དཔྱད་ཞིབ་ཀྱི་འཆར་སྒོ་འདི་ལྟར་གཞན་གྱི་ཐུགས་ལ་མི་འཚམས་པ་རེ་ཡོད་སྲིད་ཀྱང༌། འདིར་ངེས་པར་དུ་བསམ་དགོས་པ་ཞིག་ཡོད་དེ་བོན་ལུགས་སུ་འདུལ་བའི་སྡེ་ལ་ཡ་གོང་དང་ཕམ་ཤིའི་སྡེ་གཉིས་སུ་ཡོད་{57}ཅིང༌། མུ་ཟི་གསལ་བཟང་གིས་ནི་ཡ་གོང་གི་མཁན་བུ་སྡེ་བཙུན་རབ་གསལ་ལས་འདུལ་ཁྲིམས་ཞུས་{58}པས། སྐབས་འདིར་བླ་ཆེན་གྱིས་མུ་ཟིའི་སློབ་རྒྱུད་གྲུམ་ལས་བསྙེན་པར་རྫོགས་པ་དེ་ནི་ཁུངས་ཡ་གོང་གཏུག་པ་ཡིན་པ་དོན་གྱིས་གྲུབ་པས་སོ། །དེ་ཙམ་དུ་མ་ཟད་འདི་ལྟར་ཞིབ་ཏུ་དཔྱད་ཚེ་གཡོ་དགེ་འབྱུང་གི་རྒྱབ་ལྗོངས་སུའང་ཡ་གོང་མངོན་ལ་ཉེ་བ་མེད་དམ་སྙམ་སྟེ། བོན་པོའི་སྨད་འདུལ་གྱི་རྒྱུད་ཁུངས་ནི་གོང་གསལ་བོད་ཀྱི་འདུལ་བའི་གནས་སྡེ་ཆེན་པོ་གཉིས་ལས་ཡ་གོང་གི་སྡེ་ལ་ཐུག་ཡོད་པའི་ཕྱིར་བོན་ཕྱོགས་སུ་‘‘བསླབ་གསུམ་ཡོངས་རྫོགས་ཡ་གོང་རྒྱལ་བ’’{59}ཞེས་ཁོང་ལ་གཙིགས་ཆེར་འཛིན་ཡོད་པ་ཇི་བཞིན་ཐུབ་བསྟན་པའི་ལོ་རྒྱུས་མང་པོའི་ནང་སྡོམ་རྒྱུན་གྱི་མཁན་པོ་བགྲང་སྐབས་སྨར་གཡོ་གཙང་གསུམ་ནང་ནས་གཡོ་དགེ་ལས་གཞན་གཉིས་པོའི་མིང་མི་གསལ་བ་{60}དང༌། མཁན་སློབ་གང་ཡིན་སྐོར་སྤྱིར་བཏང་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་གཡོ་དགེ་མཁན་པོར་བཞག་པ་མང་པོར་སྣང་{61}བ་སོགས་ལ་བརྟགས་ན་ཁོང་ཚོ་གསུམ་ལས་གཡོ་དགེ་གཙོ་བོར་བཞག་ཡོད་པ་གོང་དང་ཕྱོགས་མཚུངས་པ་དང་གཅིག ཐ་སྙད་ཀྱི་ཆ་ནས་ཀྱང་‘གཡོ་དགེ་’དང་‘ཡ་གོང་’གཉིས་ཐག་ཉེ་ཞིང་བཅོས་སླད་ཀྱི་བཟོ་རུ་སྣང་བ་དང་གཉིས། ཡ་གོང་ཞེས་པ་དང་ཐོག་དམ་པ་གོང་གི་འཁྲུངས་ཡུལ་གྱི་མིང་ཡིན་{62}པ་བཞིན་འདིར་ཡང་‘‘གཡོ་དགེ་འབྱུང་གཡོ་དགེའི་ལུང་དུ་འདས’’{63}ཞེས་གསལ་བས་གཡོ་དགེ་ནི་འདི་ཡི་ཡུལ་གྱི་མིང་ཡིན་པར་འདོད་ཡོད་པ་དང་གསུམ། ཡ་གོང་གིས་སོ་ཐར་གྱི་སྡེ་བཟུང་ནས་ལྷ་ས་ཡེར་པའི་ཀླུང་དུ་གཡུང་དྲུང་ཁྲིམས་གནས་ཀྱི་ལྷ་ཁང་བཞེངས་པར་གསུངས་{64}པ་བཞིན་གཡོ་ལ་སོགས་ཀྱང་དང་ཐོག་ཡེར་པ་ཆུ་བོ་རིའི་སྒོམ་གྲྭ་ཞེས་པར་བཞུགས་ཡོད་ཚུལ་བཤད་པ་{65}སོགས་གཏམ་འདི་གཉིས་སྒོ་དུ་མ་ནས་འདྲ་མཚུངས་ཆེས་མང་བ་འདི་ནི་ང་ཚོར་དོགས་གཞི་ཡོང་སའི་སྒོ་ལྟ་བུར་གྱུར་ཡོད།
      ད་དུང་དཔྱད་ན་དགེ་བཤེས་ཁུ་སྟོན་གྱིས་ཞང་མངའ་འཇམ་དཔལ་ལས་གཡོ་དགེ་བླ་ཆེན་གྱི་མཁན་པོར་མི་འཇོག་པའི་རྒྱུ་མཚན་དེད་ན་འདི་རང་ལ་ཐུག་ཡོད་པར་དཔོག་ཐུབ། འོ་ན་ཁོང་གིས་ཞང་མངའ་འཇམ་དཔལ་བླ་ཆེན་གྱི་མཁན་པོར་བཞག་པ་དེ་འཐད་དམ་ཞེ་ན། དེའི་སྐོར་གོང་གསལ་ཆོས་འཁོར་ཚང་གི་དཔྱད་རྩོམ་<<ཆོས་པའི་སྨད་འདུལ་གྱི་ཁུངས་དང་རྒྱུད་ཚུལ་ལ་དཔྱད་པ>>ཞེས་པའི་ནང་མཐའ་དཔྱོད་གཏིང་ཟབ་མོར་གནང་ཡོད་{66}ཀྱང༌། འདིར་ད་དུང་ཅུང་ཟད་ཁ་གསལ་དུ་བཏང་ན་རྒྱལ་རབས་ཆོས་འབྱུང་ཁག་གི་ནང་‘‘ཡབ་བོན་རྒན་མུ་ཟི་གསལ་བཟང་’’{67}ཞེས་སྨོས་པ་དེ་ཉིད་མངའ་བདག་ཉང་གིས་“ཞང་ལྔ་མུན་ཛམ་པ་མཉཛུ་དཔལ་འབར’’{68}དུ་བཤད་ཅིང༌། འདིར་ཁུ་སྟོན་གྱིས་དེ་ཉིད་བླ་ཆེན་པོའི་མཁན་པོར་བཞག་པ་ནི་དངོས་དོན་དང་ཉེ་བར་བཅར་ཡོད། སྐབས་འདིར་ང་ཚོས་ཡ་མཚན་དགོས་པ་ཞིག་ནི་‘མུ་ཟི་’ཞེས་ཞང་སྐད་ཁུངས་མ་དེ་ཉིད་དང་པོར་‘མུན་ཛུ་’རུ་བཅོས་{69}ཤིང༌། དེ་རྗེས་རིམ་པས་‘མཉཛུར་’བསྒྱུར་{70}ཏེ་ལེགས་སྦྱར་གྱི་བརྡ་ཚིག་ཡིན་མདོག་བྱས་ཡོད་པ་ནི་ཐུབ་བསྟན་ལོ་རྒྱུས་སྨྲ་བས་གསང་བ་དངོས་དེ་འགེབ་བསྲུང་བྱ་རྒྱུའི་ཆེད་དུ་རིམ་པ་མང་པོར་བརྒྱུད་དེ་ངལ་བ་བྱས་ཡོད་པ་ཤུགས་ཀྱིས་རྟོགས་ཐུབ། དེ་ལྟར་ན་ཐུབ་བསྟན་པས་མུ་ཟི་བླ་ཆེན་གྱི་ཡབ་ཏུ་འཇོག་དགོས་པའི་རྒྱུ་མཚན་ཅི་ཡོད་ཅེ་ན། དེ་ནི་ད་ལྟ་ང་ཚོས་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་བ་ཞིག་ཡིན་མོད་ཀྱང༌། བསམ་བློ་འདོན་སའམ་དྭོགས་གཞི་ཡོང་ས་མི་འདྲ་གཉིས་སུ་སྣང་སྟེ། འདི་ལྟར་ཡ་ཟི་ཁྲོམ་འབར་བླ་ཆེན་གྱི་ཡབ་དངོས་ཡིན་{71}པ་བཤད་མ་དགོས་ལ། དེས་ན་ཁོ་ཚོས་ཡ་ཟི་མུ་ཟི་གཉིས་གོ་རིམ་འཁྲུག་པ་ཡིན་སྲིད་པ་དང༌། ཡང་ན་མུ་ཟི་བླ་ཆེན་གྱི་མཁན་རྒྱུད་ཡིན་པ་ཤེས་ནས་དེ་ཉིད་སྦས་བསྐུང་བྱ་རྒྱུའི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་ཏེ་ཁོང་གཉིས་ཕ་བུར་བཅོས་པ་ཡང་ཡིན་སྲིད། གཞན་ཡང་ཞང་ཞུང་རྫོགས་ཆེན་བླ་བརྒྱུད་ནང་ལྷུན་གྲུབ་མུ་ཐུར་དང་ཁྱུང་བྱིད་མུ་ཐུར་ཞེས་པ་དང༌། གཙང་མ་ཞང་ཞུང་གེ་ཁོད་ལྷ་ཚོགས་ནང་བཀའ་སྲུང་སྐུ་བླ་མུ་ཐུར་ཞེས་པ་སོགས་དང་ཚུལ་མཚུངས་པའི་བླ་མུ་ཐུར་ཞེས་པའི་ཐུན་མིན་གྱི་བོན་ཚིག་དེ་ཡང་མུ་ཟི་དང་མན་ཛུ་སོགས་ཅི་རིགས་སུ་བྱས་པར་བརྟེན། ཡ་ཟི་བོན་སྟོན་ཞེས་པ་བླ་ཆེན་གྱི་མཚན་གཞན་ཡིན་བཞིན་དུ་གང་ཟག་དེ་ཉིད་བླ་ཆེན་གྱི་མཁན་བུ་རུ་འཁྲུལ་ཡོད་པ་{72}སོགས་ནི་རེ་ཞིག་མ་བྲིས་སོ། །
       དེ་བཞིན་གཙང་རབ་གསལ་གྱི་ཡོང་ཁུངས་ཀྱང་ཕལ་ཆེར་སྡེ་བཙུན་རབ་གསལ་ཡིན་པར་སེམས་ཏེ། གཡུང་དྲུང་བོན་གྱི་འདུལ་རྒྱུད་དང་ལོ་རྒྱུས་ཀུན་ནས་སྡེ་བཙུན་རབ་གསལ་ནི་མུ་ཟིའི་མཁན་པོར་གསུངས་{73}ཞིང༌། ཆོས་འབྱུང་སྨྲ་བ་ཚོས་གོང་དུ་བཤད་མ་ཐག་པ་ལྟར་ཡ་ཟི་མུ་ཟི་མུ་ཐུར་གསུམ་ཐ་སྙད་ཕན་ཚུན་འདྲ་མཚུངས་ལ་འཁྲུགས་བཅོས་གང་རུང་གི་ཤུགས་ལས་མུ་ཟིའི་མཁན་པོ་སྡེ་བཙུན་རབ་གསལ་དེ་ཉིད་ཡ་ཟི་བོན་སྟོན་ནམ་བླ་མུ་ཐུར་དགོངས་པ་རབ་གསལ་གྱི་མཁན་པོ་དང་སློབ་དཔོན་ཅི་རིགས་སུ་བཞག་པ་ཡིན་ངེས་སྙམ།{74} གཞན་དུ་སྨར་ཤཱཀྱ་མུ་ནེ་ནི་‘‘ལུང་འགའ་ཞིག་ལས་མུ་ཟི་གསལ་བཟང་གིས་སྡེ་བཙུན་དང་ཅོ་བཙུན་གཉིས་ཀའི་དྲུང་ནས་ཚུལ་ཁྲིམས་མནོས་པར་གསུངས་སོ’’{75}ཞེས་གསལ་བ་ལྟར་སྐབས་འདིར་ཁོང་ཅོ་བཙུན་ཡེ་ཤེས་ཡིན་མིན་ལ་ངེས་པར་བརྟག་དགོས་ཏེ། འདི་ལྟར་ཡ་གོང་དང་ཁོང་གི་མཁན་བུ་སྡེ་བཙུན་རབ་གསལ། གོང་གསལ་ཅོ་བཙུན་ཡེ་ཤེས་གསུམ་ལས་སྨར་གཡོ་གཙང་གསུམ་ཞེས་པའི་སྒྲུང་གཏམ་འདྲ་ཆགས་རེ་བཟོས་ཡོད་པའི་རྣམ་པར་མངོན་པས་སོ། །དེས་ན་བོན་ལུགས་སུ་ཁ་ཅིག་གིས་འདུལ་བསྟན་ཁྲི་སྲོང་གི་དུས་སུ་ནུབ་{76}ཅིང༌། མུ་ཟི་ལོ་སུམ་བརྒྱར་འགོག་པར་བཞུགས་པའི་འདོད་ཕྱོགས་{77}དེ་དང་སྨར་གཡོ་གཙང་གསུམ་ནས་ཐུབ་བསྟན་སྨད་འདུལ་ཕྱི་དར་བར་གྱི་ལོ་ཚིགས་གཉིས་ཤིན་ཏུ་ཐག་ཉེ་པོར་སླེབས་པ་དེ་ཡང་རྒྱུ་མཚན་ཆེན་པོ་ལོས་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་བཤད་མ་ཐག་པ་ལྟར་མུ་ཟི་ཡ་ཟི་གཉིས་བསྣོལ་ཏེ་མུ་ཟི་བླ་ཆེན་གྱི་ཡབ་ཏུ་བཞག་ནས། འདུལ་བསྟན་གྱི་ས་བོན་དུ་འགོག་པ་ལ་བཞུགས་པའི་ལོ་རྒྱུས་དེར་སྟོང་ཆར་གྱུར་ཡོད་སྟབས་སྨར་གཡོ་གཙང་གསུམ་དང་བླ་ཆེན་བར་དངོས་དོན་དང་མི་འཚམས་པའི་ལོ་གྲངས་ཀྱི་ཧེ་བག་ཆེན་པོ་འདི་བྱུང་བ་ཞིག་རེད་སྙམ།
       གང་ལྟར་བསྡུས་ཏེ་བཤད་ན་ཐུབ་བསྟན་པས་བཤད་པ་ཇི་བཞིན་སྨར་གཡོ་གཙང་གསུམ་གྱི་ལོ་རྒྱུས་ངོ་མ་གཞི་འཛིན་ས་ཞིག་མེད་པར་བརྟེན་ཕྱིས་སུ་ཆོས་འབྱུང་སྨྲ་བ་ཚོས་ཁོང་གསུམ་གྱི་སྐོར་མི་རེ་ལ་འདོད་སྟངས་མི་འདྲ་བ་རེ་བྱུང་བ་དང་གཅིག ཐུབ་བསྟན་ཕྱི་དར་གྱི་སྐོར་གླེང་བའི་ཆོས་འབྱུང་དེབ་ཐེར་ཕལ་ཆེ་བའི་ནང་ཞང་སྐད་དམ་ཡང་ན་ཐུན་མིན་བོན་ཚིག་ཡིན་པའི་བོན་གྱི་འདུལ་རྒྱུད་ཀྱི་བླ་མ་དུ་མའི་མཚན་ཟུར་མང་པོ་ཡང་ནས་བསྐྱར་དུ་ཐོན་གྱི་ཡོད་པ་དང་གཉིས།{78} ལྷག་པར་བླ་ཆེན་གྱི་སྐོར་ནས་བོན་དང་འབྲེལ་བའི་ལོ་རྒྱུས་དང་བོན་གཏམ་ཇི་མ་ཇི་བཞིན་རེ་ཟུང་ལྷག་ལུས་བྱུང་བ་དང་གསུམ། དུས་ཚིགས་ཀྱི་སྟོང་ཆ་གསབ་ཕྱིར་སྨར་གཡོ་གཙང་གསུམ་དང་ཡང་ན་བླ་ཆེན་སོགས་ཀྱི་འཁྲུངས་འདས་ལོ་ཚིགས་སྔ་བསྣུར་ཕྱི་བསྣུར་མང་དྲགས་སྟབས་ཀྱིས་ཁོ་ཚོའི་རྒྱལ་རབས་ལོ་རྒྱུས་གྲགས་ཅན་ཕལ་མོ་ཆེ་ནང་འགལ་ཤ་སྟག་གྱུར་བ་དང་བཞི་ལ་བརྟེན་ནས་ཐུབ་བསྟན་སྨད་འདུལ་གྱི་གསང་བ་ལྷང་དུ་བུད་ཡོད།
      ད་དུང་ར་སེ་དཀོན་རྒྱམ་གྱིས་བླ་ཆེན་གྱི་སྐོར་བཤད་སྐབས‘‘བོན་གྱིས་བོན་གྱི་འདུལ་འཛིན་ཡིན་ཟེར་བ་མི་འཐད་དེ་འདུལ་བ་སོ་ཐར་གྱི་སྲོལ་ནི་ནང་ཆོས་ཁོ་ནའི་ཁྱད་ཆོས་ཡིན་པ་ལྷོ་བྱང་ནང་བསྟན་གྱི་ལུགས་ཀྱིས་ཤེས་སོ’’{79}ཞེས་རྒྱུ་མཚན་ལྟར་སྣང་གཉིས་བརྩེགས་སུ་བཀོད་ཡོད་དེ། དང་པོ་བླ་ཆེན་བོན་གྱི་འདུལ་འཛིན་མ་ཡིན་པའི་རྒྱུ་མཚན་འདུལ་བ་ནང་ཆོས་ཁོ་ནའི་ཁྱད་ཆོས་ཡིན་པར་བཀོད་པ་ནི་རྒྱུ་མཚན་ལྟར་སྣང་ཡིན་ཞིང༌། གཉིས་པ་འདུལ་བ་ནང་ཆོས་ཁོ་ནའི་ཁྱད་ཆོས་ཡིན་པའི་རྒྱུ་མཚན་ལྷོ་བྱང་ནང་བསྟན་གྱི་ལུགས་ལ་ཡོད་པ་བཀོད་པ་ནི་དེ་བས་ཀྱང་རྒྱུ་མཚན་ལྟར་སྣང་ངོ༌། །གལ་སྲིད་ཁོ་ཡིས་འདུལ་བ་ཐུབ་བསྟན་པའི་ཡིན་པའི་ཤེས་བྱེད་དུ་ལྷོ་བྱང་ཐུབ་བསྟན་པའི་ལུགས་དེ་ཉིད་དྲངས་པ་ཡིན་ན་གནད་དོན་ཆེན་པོ་ཞིག་ང་ཚོ་ལ་དྲན་སྐུལ་ནན་མོར་བྱས་འདུག་སྟབས། ང་ཚོས་ཀྱང་ཁྱོད་ལ་ཐེག་པ་ཆེན་པོ་སྤྱི་དང་བྱེ་བྲག་ཏུ་མྱུར་ལམ་སྔགས་རྫོགས་ཀྱི་གཞུང་ལུགས་འདི་དག་ཐུབ་བསྟན་པ་ལ་མེད་པར་བོད་བརྒྱུད་ཐུབ་བསྟན་པ་ཕུད་པའི་ལྷོ་བྱང་ཙམ་མ་ཡིན་པར་ཤར་ནུབ་གཉིས་དང་བཅས་ཏེ་ཐུབ་པའི་རྗེས་འཇུག་ཕལ་མོ་ཆེའི་ལུགས་ལས་ཤེས་སོ་ཞེས་མགོ་མཚུངས་ཀྱི་རིག་པ་བསྒྲེ་རྒྱུ་དང༌། ད་དུང་བླ་ཆེན་དངོས་དང་ཁོང་གི་སློབ་རྒྱུད་སོགས་ཀྱི་སྐོར་ནས་ཡ་མཚར་བའི་གསང་གནད་རེ་བཀྲོལ་རྒྱུ་ཡོད་མོད་ད་ལན་དེ་ཙམ་ལས་སྤྲོས་པ་མ་བྱས་སོ། །

མཆན་འགྲེལ།
1 དཔེར་ན། བོད་མིའི་བྱུང་འཕེལ་སྐོར་དང༌། གསོ་རིག་རྒྱུད་བཞི། རྫོགས་པ་ཆེན་པོའི་འབྱུང་ཁུངས་སོགས་ནས་ཡོངས་གྲགས་མིན་གནད་དོན་མང་པོ་ཞིག་གཞི་ནས་ར་སྤྲོད་བྱུང་བ་ལྟ་བུའོ། །
2 «རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ།» ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། ༢༠༠༣ལོར༌ྋདཔལ་གཤེན་བསྟན་སྨན་རི་དགོན་ནས་པར་དུ་བསྐྲུན། ཤོག་ངོས་༡༧ལས། ‘‘བོན་དང་ཆོས་གཉིས་ཀའི་འདུལ་རྒྱུད་བོན་ལ་གཏུག་པ་འདི་ངེས་པར་བདེན་ཏེ། གཉོས་རིན་ཆེན་རྒྱལ་མཚན་ཁམས་ནས་འདུལ་ཁྲིམས་ཞུས་ཏེ་གཙང་དུ་ཡོང་སྐབས། ཆོས་པ་ཀུན་གྱིས་ཁྱོད་དེ་ལྟ་བུའི་འདུལ་བ་གང་དུ་ཞུས་བྱས་པས། གཉོས་ན་རེ། བདག་གིས་མདོ་སྨད་དུ་བླ་ཆེན་མུ་ཐུར་དགོངས་པ་རབ་གསལ་ལ་ཞུས་བྱས་པས། དབུས་གཙང་གི་ཆོས་པ་ཀུན་གྲོས་བྱས་ཏེ། མི་བདུན་མདོ་སྨད་དུ་སོང་ནས’’ཞེས་སོགས་གསལ་པོར་གསུངས་ཡོད་པ་ལྟ་བུའོ། །
3 «རྒྱལ་རབས་མང་པོའི་ལེགས་བཤད་རྣམས་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ།» སྟག་ཚང་དཔལ་འབྱོར་བཟང་པོས་བརྩམས། ༢༠༠༧ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༢༣༤ལས། ‘‘བོན་པོའི་གྲུབ་ཐོབ། མུ་ཟུ་གསལ་བཟང་བྱ་བའི་བུ་ལོ་བཅོ་ལྔ་ལོན་པ། ལས་དང་སྐལ་པ་ལྡན་ཞིང་མོས་པ་ལ་སྤྱོད་པའི། དཔལ་དམུ་ཟུ་གསལ་འབར་གྱིས་ཚོར་ནས། ལྟར་ཕྱིན་པས་མཐོང་བ་ཙམ་གྱིས་དད་ནས། རབ་ཏུ་བྱུང་བ་ཞུས་པ་ལ། འདུལ་བའི་བསླབ་བྱའི་པོད་ཏི་བསྟན་ནས་འདི་ལ་ལྟོས། འདི་ལྟར་རབ་ཏུ་བྱུང་ན་གསུངས། བལྟས་པས་ཤིན་ཏུ་དད་དེ་མཆི་མ་བྱུང་ངོ་། །དེར་གཙང་གིས་མཁན་པོ། གཡོས་སློབ་དཔོན་བྱས་ནས་རབ་ཏུ་བྱུང་དགེ་ཚུལ་གྱི་མིང༌། མཁན་སློབ་དང་སྦྱར་ནས་དགེ་བ་རབ་གསལ་དུ་བཏགས་སོ། །’’ཞེས་པ་ལྟ་བུའོ། །
4 «ཆོས་པའི་སྨད་འདུལ་གྱི་ཁུངས་དང་རྒྱུད་ཚུལ་ལ་དཔྱད་པ།» ཆོས་འཁོར་ཉི་མ་འོད་ཟེར་གྱིས་༢༠༠༦ལོར་འཇར་མེ་ནི་རུ་ཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཅིག་པའི་སྟེང་དུ་སྒྲོག་སྦྱངས་གནང་བའི་དཔྱད་རྩོམ། ཧི་བོན་ཟིན་བྲིས“ཤམ་པོ་ལྷ་རྩེ”http:// blog.himalayabon.com
5 དཔྱད་རྩོམ་དེ་ཉིད་ཨཅརྱ་སྐལ་བཟང་ནོར་བུས་དབྱིན་ཡིག་བསྒྱུར་བ་དང་༢༠༡༡ལོར་པར་དུ་བསྐྲུན་པའི་BZFདེབ་ཕྲེང་ཉེར་དྲུག་པའི་ཤོག་གྲངས་༣༠༧ནས་༣༡༩བར་གསལ།
6 «ཆོས་པའི་སྨད་འདུལ་བོན་ལ་ཐུག་ཚུལ་ལུང་གི་ཉིང་བཅུད།» བཙུན་མ་གཡུང་དྲུང་བཟང་མོ། བོན་མཐུན་འབྲེལ་ལྷན་ཁང་གི་ལོ་དེབ་«བོན་སྒོ»
འདོན་ཐེངས་བཅོ་ལྔ་པའི་ཤོག་ངོས་༢༢ནས་༢༧དང་བཅུ་དྲུག་པའི་ཤོག་ངོས་༣༧ནས་༤༤བར་གསལ།
7 «བླ་ཆེན་གྱི་རྣམ་ཐར་ལ་དཔྱད་པ་ཤཱཀྱའི་རྗེས་འཇུག་དགྱེས་པའི་དགའ་སྟོན།» ཁ་བརྡའི་དྲ་བ། http://www.khabdha.org རྩོམ་འདི་རྣམ་གྲོལ་གླིང་གི་གྲྭ་ཟུར་ཨོ་རྒྱན་ཉི་མ་ཞེས་པས་བྲིས། ༢༠༠༥ལོར་རྣམ་གྲོལ་གླིང་གི་«པདྨའི་རང་མདངས»སྟེང་བཀོད།
8 «བཙན་པོ་ཁྲི་སྲོང་ལྡེ་བཙན་དང༌། མཁན་པོ་བོ་དྷི་ས་ཏྭ། སློབ་དཔོན་པདྨའི་དུས་མདོ་སྔགས་སོ་སོར་མཛད་པའི་སྦ་བཞེད་ཞབས་བཏགས་མ» བོད་གཞུང་ཤེས་རིག་དཔར་ཁང་། ཤོག་ངོས་༨༩ལས། ‘‘གཡོ་དགེ་འབྱུང་གིས་མཁན་པོ་བྱས། གཙང་རབ་གསལ་གྱིས་སློབ་དཔོན་བྱས་ནས། དགེ་ཚུལ་གྱི་སྡོམ་པ་ཕོབ་(ཕོག)པས་མིང་ཀྱང་དགེ་བ་རབ་གསལ་དུ་བཏགས།’’ཞེས་གསལ་བ་ལྟ་བུའོ། །
9. 67 «བོད་ཀྱི་རྒྱལ་རབས་དེབ་ཐེར་གཟུར་གནས་དཔྱོད་ལྡན་དགྱེས་པའི་དབྱངས་སྙན།» གདོང་ཐོག་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ༢༠༠༢ལོར་ས་པཎ་བཤད་སྒྲུབ་གླིང་ནས་དཔར། ཤོག་ངོས་༡༥༣ལས། ‘‘ཡབ་བོན་རྒན་མུ་ཟི་གསལ་བཟང་གི་སྲས་སུ་བླ་ཆེན་པོ་འཁྲུངས་ཏེ་མཚན་མུ་ཟི་གསལ་འབར་ཟེར། དགུང་ལོ་བཅུ་དགུ་བར་མཁས་པ་མི་གསུམ་རབ་བྱུང་ཞུས་པས།’’ཞེས་སོགས་བཤད་པ་ལྟ་བུའོ། །
10 «ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༤༨༡ལས། ‘‘དེ་ལྟར་དུས་གཙང་གི་མི་དྲུག་འ་འབྲེ་དང་བཅས་པ་ལས་གྱེས་པ་ནི་སྨད་འདུལ་དུ་གྲགས་པ་ཡིན་ལ། སྡོམ་རྒྱུན་ནི། སྟོན་པ། ཤཱ་རིའི་བུ། དགྲ་གཅན་ཟིན། ཀླུ་གྲུབ། ལེགས་ལྡན་བྱེད། དབལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་ས་ཏྭ་རྣམས་ཡིན། དེ་ཕྱིན་ལ་འདོད་ལུགས་དུ་མ་སྣང་སྟེ་མཁན་དེས་གཡོ་སྨར་གཙང་གསུམ་ཞེས་འདོད་པ་དང༌། ཁ་ཅིག་ཞི་བ་འཚོའི་མཁན་བུ་ཀ་མ་ལ་ཤཱི་ལ། དེས་གཡོ་དགེ་འབྱུང་ཞེས་འཆད་པ་དང༌། རྦ་རཏྣའི་མཁན་བུ་སྨར་གཡོ་གཙང་གསུམ་ཡིན་པར་འཆད་པ་ཡང་སྣང་ལ། ཁ་ཅིག་ཛི་ན་མི་ཏྲའི་མཁན་བརྒྱུད་དུ་འདོད་ཀྱང་བོ་དྷིས་ཏྭ་བོད་ཀྱི་གདུལ་སྐལ་ཡིན་པའི་རྟེན་འབྲེལ་ལས་དེའི་སྡོམ་རྒྱུན་དུ་གོར་མ་ཆག་གོ། ལྷ་ལུང་རབ་འབྱོར་དབྱངས་ལ་བླ་ཆེན་གྱིས་ཐུག་ཟེར་བའང་དག་པར་མ་མཐོང་ངོ༌། །’’ཞེས་གསལ་ལོ། །
11. 12 «བུ་སྟོན་ཆོས་འབྱུང༌།» བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས། ༡༩༩༧ལོར་འབྲས་སྤུངས་བློ་གསལ་གླིང་དཔེ་མཛོད་ཁང་། ཤོག་ངོས་༡༩༩ལས་གསལ།
13 «གུ་བཀྲའི་ཆོས་འབྱུང༌།» གུ་རུ་བཀྲ་ཤིས་ཀྱིས་བརྩམས། ༡༩༩༠ལོར་ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས་༣༥༣ལས་གསལ།
14 «ཀློང་ཆེན་ཆོས་འབྱུང༌།» ཀློང་ཆེན་རབ་འབྱམས་པས་བརྩམས། ཝཱ་ཎ་དབུས་བོད་ཀྱི་མཐོ་སློབ་ཁང་ནས་དཔར། ཤོག་ངོས་༣༩༠ལས། ‘‘མི་བཅུ་འོངས་ནས་གཙང་ལ་བཀའ་འདྲི་ཞུས་པས། ང་རྒས་ནས་མཁན་པོ་མི་སྐྱོང་པས། བླ་ཆེན་ལ་ཞུས་གསུངས་ནས་ཞུས་པས། ངས་བསྙེན་རྫོགས་བྱས་ནས་ལོ་ལྔ་ལས་མ་ལོན་པས་མཁན་པོ་མི་བཏུབ་གསུངས་པ་ལ། གཙང་ན་རེ་དམིགས་(བསལ)བཏུབ་པས་གྱིས་གསུངས་ནས། བླ་ཆེན་པོས་མཁན་པོ་བྱས་ཏེ། གཙང་དང་གཡོས་སློབ་དཔོན་དང་གསང་སྟོན་བྱས། སྨར་དང་ཧ་ཤང་གིས་ཁ་སྐོང་བྱས་ནས། ཐམས་ཅད་གཅིག་རྫོགས་བྱས་སོ། །’’ཞེས་པ་བཞིན་རྒྱལ་རབས་ལོ་རྒྱུས་གཞན་དུ་མ་ནས་ཀྱང་འདི་དང་གཅིག་མཚུངས་སུ་གསལ་བས་སོ། །
15 «མདའ་དང་འཕང༌།» སྟོད་ཆ། མཁར་རྨེའུ་བསམ་གཏན་གྱིས་བརྩམས། ༢༠༡༠ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས་༢༣ལས་གསལ།
16. 28 «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།» ཤོག་ངོས་༡༨༧ལས། ‘‘ཡང་བོད་ཀྱི་ཆོས་འབྱུང་མང་པོས་ཀླུ་མེས་སོགས་དབུས་སུ་ཕེབས་དུས་བཙན་པོའི་གདུང་རྒྱུད་མི་རབས་བཞི་ལྷག་སོང་ནས་བསམ་ཡས་རྒྱལ་པོར་གྲགས་པ་ཚ་(ལ)ན་ཡེ་ཤེས་ཡབ་སྲས་ཀྱི་རིང་ཡིན་པར་བཤད་པས་བླ་ཆེན་དངོས་ལ་གཏུག་པ་བྱས་ན་ལོ་གྲངས་མང་དྲགས་པའི་ནོར་སྐྱོན་འབྱུང་སྲིད་པས་ན། བླ་ཆེན་གྱིས་མཁས་པ་མི་གསུམ་ལས་སྡོམ་རྒྱུན་མནོས་ཤིང་ཁོང་གིས་སྤ་གོང་ཡེ་ཤེས་གཡུང་དྲུང་དང་གྲུམ་ཡེ་ཤེས་རྒྱལ་མཚན་དེས་དབུས་གཙང་མི་བཅུར་སྤེལ་བ་ཡིན་པ་ལོ་རྒྱུས་དངོས་དང་ཞལ་མཐུན་ཡིན་ནོ། །’’ཞེས་གསལ།
17. 18 «བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག» སྟོད་ཆ། ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ༢༠༠༦ལོར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༩༠/༡༩༡ལས་གསལ།
19. 43. 44. 51 «ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༤༣༠/ ༤༦༧/༤༧༢/༤༦༧ལས་གསལ།
20 «བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།» སྟོད་ཆ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་རྩོམ་སྒྲིག་བྱས། ༡༩༨༩ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་༤༣༧ནས༤༣༨ལས། མཁས་པའི་དགའ་སྟོན་ནང་ནས་ལུང་དྲངས་ཤུལ་དུ་‘‘ཞེས་གསལ་བ་ལྟར་ན་ལྟ་སྒོམ་ཆ་མ་ཚང་པའི་ཆོས་ཚུལ་ཙམ་གྱིས་འཚོ་བ་དོན་གཉེར་བྱེད་པ་གང་སར་ཁྱབ་གདལ་ཆེན་པོ་ཞི་བྱུང་བར་མཚོན’’ཞེས་གསལ།
21 «རྒྱལ་རབས་མང་པོའི་ལེགས་བཤད་རྣམས་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ།» ཤོག་ངོས་༡༡༨ལས། ‘‘གླང་དར་མས་བསྟན་(པ)བསྣུབས་པའི་མགོ་ཚུགས་ནས། དབུས་གཙང་གི་མི་དྲུག་གམ་བཅུས་མདོ་སྨད་དུ་རབ་ཏུ་བྱུང་ནས། བསམ་ཡས་སུ་བོད་རྒྱལ་ཚ་ལ་ན་ཡབ་སྲས་ཀྱི་སྤྱན་སྔར་སླེབས་པ་ཡན། ལོ་དྲུག་ཅུ་རྩ་བརྒྱད་ཀྱི་བར་ལ། སྤྱིར་བོད་དང༌། སྒོས་སུ་དབུས་གཙང་རུ་བཞིར། སངས་རྒྱས་ཀྱི་བསྟན་པའི་སྒྲ་མི་གྲགས་པར་བྱུང་སྟེ། སྡོམ་པ་འབོག་ལན་གྱི་བཀའ་ཆད། གཙུག་ལག་ཁང་རྣམས་ཝ་ཁྱིའི་ཚང་བཅས།’’ཞེས་སོགས་གསལ།
22 ཐུབ་བསྟན་པའི་ལུགས་ལ་བསྟན་པ་ཡོད་མེད་རབ་བྱུང་པ་ལ་རགས་ལས་པའི་ཕྱིར་ན་དར་མའི་རྗེས་ནས་དབུས་གཙང་གི་མི་བཅུ་སྡོམ་པ་ཞུས་ནས་དབུས་སུ་མ་སླེབས་བར་བསྟན་པ་མེད་པར་བཤད། དེ་མིན་དུས་སྐབས་དེར་གོས་དཀར་ལྕང་ལོ་ཅན་གྱི་གསང་སྔགས་འཆང་བའི་བསྟན་པ་ཆེས་ཆེར་དར་ཡོད་པ་བཤད།
23 གོང་མཚུངས་«སྦ་བཞེད་ཞབས་བཏགས་མ།» ཤོག་ངོས་༨༨ལས། ‘‘རྒྱལ་པོས་ཆོས་བསྣུབས་པའི་དུས་སུ་གཡུ་རུ་བྱང་གི་སྨར་ཤཱཀྱ་མུ་ནེ། ལྷོ་བྲག་གཡོ་དགེ་བའི་འབྱུང་གནས། གཙང་རབ་གསལ་དང༌། དགེ་སློང་གསུམ་དཔལ་ཆུ་བོ་རི་ལ་སྒོམ་པའི་དུས་སུ། བཙུན་པས་ཁྱི་འཁྲིད་རྔ་གཤང་བརྡུངས་གིན་(ཀྱིན)མགོ་ལ་བྱ་སྒྲོ་བཙུགས་ཤམ་ཐབས་སྔ་ལོག་ཕྱི་ལོག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་ཡོང་བ་མཐོང་བས། དེ་ཡ་མ་ཤ་ནས་བན་རྒན་འཁྲུལ་ལམ། བཙུན་པ་སྨྱོ་ཟེར། ཅི་གཟིགས་དྲིས་པས་མཐོང་བ་བཞིན་སྨྲས། སློབ་དཔོན་མ་འཁྲུལ་བཙུན་པ་མ་སྨྱོ་བ་ཡིན།’’ཞེས་གསལ་ཡོད།
24 གོང་མཚུངས་«ཀློང་ཆེན་ཆོས་འབྱུང༌།» ཤོག་ངོས་༣༨༩ལས། ‘‘བཙུན་པ་མང་པོས་ཁྱི་ཁྲིད། རྔ་བཤང་(གཤང་)བརྡུང་ཞིང་མགོ་ལ་བྱ་སྒྲོ་བཙུགས། ཤམ་ཐབས་སྔ་ལོག་ཕྱི་ལོག་བྱས་ནས་རི་དྭགས་ལ་མདའ་འཕེན་པ་ཐབ་ཁ་བས་མཐོང་བས་དགའ་ནས། བན་རྒན་འཁྲུལ་ལམ་བཙུན་པ་སྨྱོ་ཟེར་ཞིང་གཟིགས་པས་མཐོང་ཞིང་བྲོས་སོ། སློབ་དཔོན་མ་འཁྲུལ་བཙུན་པ་མ་སྨྱོ། རྒྱལ་པོས་ཆོས་བསྣུབས་པའི་ལོ་རྒྱུས་ཞིབ་ཏུ་བསྙད་པས།’’ཞེས་སོགས་གསལ།
25. 34 གོང་མཚུངས་«བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།» སྟོད་ཆ། ཤོག་ངོས་༥༧༧/༥༨༨ལས་གསལ།
26 གོང་མཚུངས་«རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས།» ཤོག་ངོས་༤ལས། ‘‘སོ་ཐར་གྱི་སྡོམ་པ་རང་ལས་ཐོབ་པ་ནི། འཕགས་པ་དམ་པ་རྣམས་ཀྱིས་སྤྱོད་ཡུལ་ཡིན་ཞིང༌། སྐྱེ་བོ་དག་གིས་བྱར་མི་རུང་པ་རིག་པར་བྱའོ། ཞེས་གསུངས་པའི་ཕྱིར།’’ཞེས་གསལ་བ་ལྟ་བུའོ། །
27 «བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།» རྒྱལ་མོ་འབྲུག་པས་བརྩམས། ༡༩༩༥ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༡༨༦ལས། ‘‘བོད་ཀྱི་མཁས་པ་མང་པོ་ཞིག་གིས་བླ་ཆེན་འཁྲུངས་ལོ་ཆུ་བྱི་(༩༥༢)ཕྱི་མ་ཡིན་པ་གཞི་བྱས་རྒན་མོ་ལོ་བདུན་ཅུ་ཅན་ཞིག་གི་ངག་སྒྲོས་ཀྱི་ལོ་ཚིགས་ལ་བརྟེན་ནས་ཀླུ་མེས་སོགས་ཀྱིས་བླ་ཆེན་དངོས་ལས་སྡོམ་པ་མནོས་ནས་དབུས་སུ་ལོག་པར་བཞེད་ཀྱང༌། དེ་ལྟར་ན་སྔ་ཕྱིའི་ལོ་ཚིགས་རྣམས་གུང་བསྒྲིགས་ཚེ་ལོ་གྲངས་མང་ཉུང་རྒྱུག་ཆེ་བས་ལོ་རྒྱུས་ཀྱི་བྱུང་བ་རྣམས་གོ་རིམ་སྦྱོར་ཐབས་ཤིན་ཏུ་དཀའ།’’ཞེས་གསལ།
29 «ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། ༡༩༨༥ལོར་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་༢༣༠ལས། ‘‘ཆོས་པ་མི་བདུན་གྱི་གཙང་གི་མི་བཞི་ནི། ལོ་སྟོན་རྡོ་རྗེ་དབང་ཕྱུག ཚང་གེ་ཤེས་རབ་སེང་གེ འ་ཞ་རྒྱལ་བ་བློ་གྲོས། འབྲི་ཡེ་ཤེས་སྙིང་པོ་དང་བཞི། དབུས་ཀྱི་མི་གསུམ་ནི། སྣུབ་མེས་ཚུལ་ཁྲིམས་ཤེས་རབ། རག་ཤི་ཙུལ་ཁྲིམས་འབྱུང་གནས། རྦ་ཡེ་ཤེས་བློ་གྲོས་དང་གསུམ་མོ། །’’ཞེས་གསུངས་པ་བཞིན་བོན་ཕྱོགས་སུ་ཕལ་ཆེར་གྲངས་འདྲེན་གཅིག་མཚུངས་ཡིན།
30 གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། ཤོག་ངོས་༤༦༧ལས། ‘‘ལོ་རྒྱུས་ཆེན་མོ་ལས་ནི།’’ཞེས་པ་ནས། ‘‘དེ་ཚེ་གཙང་པ་ལོ་ཚོང་གཉིས་དབུས་པ་ཀླུ་མེས་དང་འབྲིང་སྟེ་བཞིས་གྲུམ་ཅོག་ལ་མཁན་སློབ་ཞུས་ཏེ་བླངས།’’ཞེས་གསལ།
31 «བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཕྲུལ་གྱི་སྒྲོན་མེ།» མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད། ༢༠༠༣ལོར་ྋདཔལ་གཤེན་བསྟན་སྨན་རི་དགོན་ནས་པར་དུ་བསྐྲུན། ཤོག་ངོས་༡༠ལས། ‘‘དེའི་མཁན་བུ་བླ་མུ་ཐུར་དགོངས་པ་རབ་གསལ་ལོ། །ཡ་ཟི་བོན་སྟོན་ཡང་ཟེར་རོ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་སོ། །’’ཞེས་གསུངས་སོ། །
32 གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། ཤོག་ངོས་༤༧༣ལས། ‘‘བྱིན་པོ་ཚོ་ཡར་འོངས། ཀླུ་མེས་ཀྱིས་གྲུམ་ལ་འདུལ་བ་ཉན་ཞིང་བསྡད་དོ། །’’ཞེས་གསུངས་པ་བཞིན་དེབ་ཐེར་གཞན་ཕལ་ཆེ་བའི་ནང་འདི་ལྟར་བཤད་ཡོད།
33 གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། ཤོག་ངོས་༤༨༢ལས། ‘‘ཛི་ན་དཱ་ན་གཉིས་ལ་ཅོག་རོ་ཀླུའི་རྒྱལ་མཚན། དེ་ལ་གཡོ་སྨར་གཙང་གསུམ། དེ་ནས་བླ་ཆེན་པོ། གྲུམ་ཡེ་ཤེས་རྒྱལ་མཚན། ཀླུ་མེས་ཚུལ་ཁྲིམས་ཤེས་རབ། གཟུས་རྡོ་རྗེ་རྒྱལ་མཚན་ཏེ་སྨད་འདུལ་གྱི་བཤད་རྒྱུད་དོ། །’’ཞེས་གསལ།
35 «ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན།» ལྡེའུ་ཇོ་སྲས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤོག་ངོས་༡༥༨ལས་གསལ།
36 གོང་མཚུངས་«བསྟན་པའི་སྲོག་ཤིང་འདུལ་བའི་བསླབ་བྱ་གསལ་བར་བྱེད་པའི་འགྲེལ་བ་འཁྲུལ་གྱི་སྒྲོན་མེ།» ཤོག་ངོས་༡༠ལས། ‘‘དེའི་མཁན་བུ་དྲུམ་ཤིང་སླག་ཅན་ཏེ། ཚུལ་མིང་གཙུག་ཕུད་ཚུལ་ཁྲིམས་སོ། །དེའི་མཁན་བུ་བླ་མུ་ཐུར་དགོངས་པ་རབ་གསལ་ལོ། །ཡ་ཟི་བོན་སྟོན་ཡང་ཟེར་རོ། །ཚུལ་མིང་ཤེས་རབ་ཚུལ་ཁྲིམས་སོ། །’’ཞེས་གསུངས་སོ། །
37 གོང་མཚུངས་«སྦ་བཞེད་ཞབས་བཏགས་མ།» ཤོག་ངོས་༩༢ལས། ‘‘དེ་ལ་ཀླུ་མེས་ཤེས་རབ་ཚུལ་ཁྲིམས། སུམ་པ་ཡེ་ཤེས་བློ་གྲོས།’’ཞེས་སོགས་མི་བཅུ་རིམ་བཞིན་གསལ་བ་ལྟ་བུའོ། །
38 གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། ཤོག་ངོས་༤༧༢ལས། ‘‘དབུས་ནས་ཀླུ་མེས་ལམ་པ་ཚུལ་ཁྲིམས་ཤེས་རབ།’’ཞེས་གསལ།
39. 79 «འབྲི་གུང་ཆོས་འབྱུང༌།» འབྲི་གུང་དཀོན་མཆོག་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐུན་ཁང༌། ཤོག་ངོས་༢༡༠/༢༡༧ལས་གསལ།
40 «མཁྱེན་རབ་འོད་གསལ་གྱི་གསུངས་རྩོམ་ཕྱོགས་བསྒྲིགས།» ༢༠༠༣ལོར་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང༌། ཤོག་ངོས་༡༥༣ལས་གསལ།
41 «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས་༤༤༢ལས་གསལ།
42 གོང་མཚུངས་«རྒྱལ་རབས་མང་པོའི་ལེགས་བཤད་རྣམས་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ།» ཤོག་ངོས་༡༡༩ལས་གསལ།
45 གོང་མཚུངས་«སྦ་བཞེད་ཞབས་བཏགས་མ།» ཤོག་ངོས་༩༠ལས་གསལ།
46 «ཤེས་བྱ་ཀུན་ཁྱབ་མཛོད།» སྟོད་ཆ། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས། དཔལ་སྤུངས་གསུང་རབ་དཔེ་སྐྲུན་ཁང༌། ཤོག་ངོས་༤༣༨ལས། ‘‘ཁོང་གིས་བསྙེན་པར་རྫོགས་ནས་ལོ་ལྔ་བཞེས་པ་ན། མངའ་བདག་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་བོད་ཡུལ་དབུས་སུ་བསྟན་པ་ཉམས་པ་གསོ་བའི་ཕྱིར། དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་ལྔ། གཙང་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག་སོགས་ལྔ་ཁམས་སུ་བརྫངས།’’ ཞེས་སོགས་ནས། ཤོག་ངོས་༤༣༩ལས‘‘དེ་སྐབས་སྨར་གཡོ་གཙང་གསུམ་བཞུགས་ཀྱང་སྐུ་བགྲེས་པས་མཁན་བུ་བསྐྱངས་པ་མི་འཁྱོངས་གསུངས་ནས་ལས་སློབ་མཛད།’’ཅེས་སོགས་བཤད་པ་ལྟ་བུའོ། །
47 གོང་མཚུངས་«ཤེས་བྱ་ཀུན་ཁྱབ་མཛོད།» སྟོད་ཆ། ཤོག་ངོས་༤༣༨ལས། ‘‘ལྔ་ཚོགས་ཀྱིས་བསྙེན་པར་རྫོགས། མཁན་སློབ་རྣམས་ལས་འདུལ་བ་ལོ་བཅོ་ལྔར་ཉན།’’ཞེས་དང༌། གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། ཤོག་ངོས་༤༧༢ལས། ‘‘བསྙེན་པར་རྫོགས་ནས་འདུལ་བ་ལོ་བཅོ་ལྔ་གསན་ཞེས་རྗེ་རང་བྱུང་པས་བཞེད་དོ། །’’ཞེས་གསལ།
48. 66 གོང་མཚུངས་«ཆོས་པའི་སྨད་འདུལ་གྱི་ཁུངས་དང་རྒྱུད་ཚུལ་ལ་དཔྱད་པ།» ཧི་བོན་ཟིན་བྲིས། http://blog.himalayabon.comའདིར་གཟིགས།
49 «དེབ་ཐེར་སྔོན་པོ།» འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཝཱ་ཎ་བཛྲ་བིདྱཱ་དཔེ་མཛོད་ཁང་། སྟོད་ཆ། ཤོག་ངོས་༩༤ལས། “གཞན་དུ་དབུས་གཙང་གི་མི་དྲུག་གིས་བླ་ཆེན་པོ་ཉིད་ལ་ཐུག་པ་དང༌།” ཞེས་དང༌། ཤོག་ངོས་༩༩ལས། “ལོ་དེ་དག་གི་ཁོངས་སུ་དབུས་གཙང་གི་མི་དྲུག་གིས་རབ་ཏུ་བྱུང་བའི་བསྟན་པ་ཤིན་ཏུ་དར་བར་མཛད། ཇོ་བོ་བོད་དུ་ཕེབས་དུས་མི་དྲུག་པོའི་སློབ་མ་ཁུ་རྔོག་ལ་སོགས་མང་དུ་བཞུགས་སོ། །”ཞེས་གསུངས་པས་སོ། །
50 གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། ཤོག་ངོས་༤༦༠ལས། ‘‘ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་གི་ལོ་རྒྱུས་ཆེན་མོའམ་ལོག་ནོན་ཆེན་མོར་གྲགས་པ།’’ཞེས་པ་ནས། ‘‘ཚལ་པའི་དེབ་དམར་དང་པོ་སོགས་དཔང་དུ་བྱས་ཏེ་ཕྱིས་ཡིག་ཆ་རེ་རེ་རྙེད་དཀའ་བར་མཐོང་ནས་ཡིག་ཚོགས་ལ་མ་བསམ་པར་རང་སྐབས་ཀྱི་ལུང་དེ་ཚང་བར་བྲིས་པ་ཡིན་ནོ།’’ཞེས་གསལ་བས་སོ། །
52 གོང་མཚུངས་«སྦ་བཞེད་ཞབས་བཏགས་མ།» ཤོག་ངོས་༩༢ལས། ‘‘ཡང་གོང་ཡེ་ཤེས་གཡུང་དྲུང’’ཞེས་གསལ་བ་ལྟ་བུའོ། །
53 གོང་མཚུངས་«རྒྱལ་རབས་མང་པོའི་ལེགས་བཤད་རྣམས་གྲངས་ཡིད་འཛིན་ནོར་བུའི་ཕྲེང་བ།» ཤོག་ངོས་༡༡༩ལས། ‘‘སྤོང་གོང་ཡེ་ཤེས་གཡུང་དྲུང་དང༌།’’ཞེས་གསལ་བ་ལྟ་བུའོ། །
54 «དེབ་ཐེར་སྔོན་པོ།» འགོས་ལོ་ཙཱ་བ་གཞོན་ནུ་དཔལ། ཤོག་ངོས་༩༤ལས། ‘‘སྤ་གོར་ཡེ་ཤེས་གཡུང་དྲུང་ཞེས་བྱ་བ་དེ་འཁོར་མང་པོ་དང་བཅས་དན་ཏིག་ཏུ་བྱོན་པ་དང༌།’’ཞེས་གསལ་བ་ལྟ་བུའོ། །
55 གོང་མཚུངས་«བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།» ཤོག་ངོས་༡༨༦ལས། ‘‘བཙུན་པ་མི་དྲུག་གི་ནང་ཚན་སྤ་གོང་ཡེ་ཤེས་ལས་གྲུམ་ཡེ་ཤེས་རྒྱལ་མཚན།’’ཞེས་གསལ།
56 གོང་མཚུངས་«བུ་སྟོན་ཆོས་འབྱུང༌།» ཤོག་ངོས་༡༩༩་ལས། ‘‘དེས་ཡ་གོང་ཡེ་ཤེས་གཡུང་དྲུང༌། དེས་གྲུམ་ཡེ་ཤེས་རྒྱལ་མཚན། དེས་ཀླུ་མེས་ལ་སོགས་པའོ་ཞེས་ཟེར་བ་དང༌།’’ཞེས་གསལ།
57 «བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང༌།» སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད། བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས། ཤོག་ངོས་༣༠ལས། ‘‘འདུལ་བའི་སྡེ་གཉིས་ཡ་གོང་ཕམ་ཤིང་(ཤི)སྟེ། །ཡ་གོང་སོ་ཐར་འབྲས་བུ་སྒོ་ཐར་འདོད། །ཕམ་ཤིང་(ཤི)དུས་ཆེན་བསྐལ་ཆེན་དུས་མཉམ་རྫོགས།’’ཞེས་གསལ།
58. 73 གོང་མཚུངས་«རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས།» ཤོག་ངོས་༡༤ལས། ‘‘དེ་ནས་ཡ་གོང་རྒྱལ་བའི་མཁན་བུ་སྡེ་བཙུན་རབ་གསལ། དེའི་མཁན་བུ་མུ་ཟི་གསལ་བཟང༌།’’ཞེས་གསུངས་པས་སོ། །
59 འདུལ་བའི་རྒྱུད་ཕྱག་ཁག་ལས། ‘‘བསླབ་གསུམ་ཡོངས་རྫོགས་ཡ་གོང་རྒྱལ་བ།’’ཞེས་གསལ།
60 གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» ཤོག་ངོས་༤༨༡ལས། ‘‘ཞི་བ་འཚོའི་མཁན་བུ་ཀ་མ་ལ་ཤཱི་ལ། དེས་གཡོ་དགེ་འབྱུང་ཞེས་འཆད་པ་དང༌།’’ ཞེས་དང༌། གོངས་མཚུངས་«བུ་སྟོན་ཆོས་འབྱུང༌།» ཤོག་ངོས་༡༩༩ལས། ‘‘ཀ་ཆེམས་ཀྱི་ཡི་གེ་ཁ་ཅིག་ནས། མཁན་པོ་བྷོ་དྷི་ས་ཏྭ། སློབ་དཔོན་དཱ་ན་ཤཱི་ལ་དང༌། ཛི་ན་མི་ཏྲས་བྱས་ནས་སྦ་རདྣ། དེས་གཡོ་དགེ་འབྱུང༌།’’ཞེས་སོགས་གསལ་བ་ལྟ་བུའོ། །
61 གོང་མཚུངས་« སྦ་བཞེད་ཞབས་བཏགས་མ།» ཤོག་ངོས་༩༩ལས། ‘‘གཡོ་དགེ་འབྱུང་གི་མཁན་པོ་བྱས། གཙང་རབ་གསལ་གྱིས་སློབ་དཔོན་བྱས་ནས། དགེ་ཚུལ་གྱི་སྡོམ་པ་ཕོབ་(ཕོག)པས་མིང་ཀྱང་དགེ་བ་རབ་གསལ་དུ་བཏགས།’’ཞེས་གསལ་བ་ལྟ་བུའོ། །
62 ཡ་གོང་ཞེས་དང་ཐོག་འདུལ་རྒྱུད་ཁག་ནས་བོད་ཀྱི་མི་གཉིས་སུ་འབོད་པའི་ནང་ཚན་ཡེ་ཤེས་རྒྱལ་བའི་འཁྲུངས་ཡུལ་ཡིན་ཞིང༌། ཕྱིས་སུ་ཡུལ་གྱི་མིང་མི་ལ་ཐོགས་ཏེ་ཁོང་གི་མཚན་ཡ་གོང་ངམ་ཡ་གོང་ཡེ་ཤེས་རྒྱལ་བ་ཞེས་འབོད་སྲོལ་ཡོད། ས་གནས་དེ་ད་ལྟ་ཁམས་འབྲི་རུ་རྫོང་སེན་ཚ་ཤང་ཁོངས་ཡ་གོང་ལུང་ཟེར་བ་དེ་ཡིན། དེར་ཡ་གོང་ཡེ་ཤེས་རྒྱལ་བའི་སྒྲུབ་གནས་དང་ཞབས་རྗེས་ཆེ་ཆུང་གཉིས་སོགས་ཀྱང་ཀུན་གྱིས་ཕྱག་སྐོར་བྱ་བའི་གནས་སུ་བརྩི་བཞིན་ཡོད།
63 «བོད་སོག་ཆོས་འབྱུང༌།» ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས་༤༠༢ལས་གསལ།
64 གོང་མཚུངས་«རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ།» ཤོག་ངོས་༡༤ལས། ‘‘ལྷ་ས་ཡེར་པའི་ཀླུང་དུ་བདུད་འདུལ་གཡུང་དྲུང་ཁྲིམས་གནས་ཀྱི་ལྷ་ཁང་བཞེངས།’’ཞེས་གསུངས།
65 གོང་མཚུངས་«ཆོས་འབྱུང་མཁས་པའི་དགའ་སྟོན།» སྟོད་ཆ། ཤོག་གྲངས་༣༦༥ལས། ‘‘གཞན་ཡང་ཡེར་པ་ཆུ་བོ་རི་ལ་སོགས་ལ་སྒོམ་གྲྭ་ཆེན་པོ་བཙུགས་པ་ལ་གྲུབ་ཐོབ་མང་དུ་བྱུང༌།’’ཞེས་གསལ་བས་ཤེས།
68. 70 «ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།» ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཤོག་ངོས་༤༤༢ལས། “ཞང་ལྔ་མུན་ཛམ་པ་མཉཛུ་དཔལ་འབར་གྱི་བུ་མཉཛུ་ཀ་ར་ཕན་དང་ཟེར། ལུ་མཉཛུ་ཀ་ར་ཕན་དང་ཟེར། མཉཛུ་དགེ་འབར་བྱ་བ”ཞེས་གསལ།
69 གོང་མཚུངས་«སྦ་བཞེད་ཞབས་བཏགས་མ།» ཤོག་ངོས་༨༩ལས། ‘‘མུན་ཛུ་དཔལ་འབར་བོན་པོའི་བུ་མུན་ཛུ་དགེ་འབར།’’ཞེས་གསལ་བས་སོ། །
71 གོང་མཚུངས་«རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས།» ཤོག་ངོས་༡༦ལས། ‘‘མདོ་སྨད་དུ་བླ་མ་ཡ་ཟི་ཁྲོམ་འབར་གྱི་སྲས། བླ་ཆེན་པོ་མུ་ཐུར་དགོངས་པ་རབ་གསལ་ལ་གནང་བའོ། །དེ་ལ་ཡ་ཟི་བོན་སྟོན་ཡང་ཟེར་རོ། །’’ཞེས་གསུངས་པ་བཞིན་བོན་གྱི་འདུལ་བའི་ལོ་རྒྱུས་ཀུན་འདི་དང་གཅིག་མཚུངས་ཡིན།
72 «བུ་སྟོན་ཆོས་འབྱུང༌།» ཤོག་ངོས་༡༩༩ལས། ‘‘ཡང་འབྲེ་གཞོན་ཚུལ་གྱིས་ཁམས་སུ་སྡོམ་པ་ལེན་དུ་ཕྱིན་པས་ཁམས་ཀྱི་ཁྲི་ཁ་མཁར་སྣར་བླ་ཆེན་པོའི་མཁན་བུ་ཡ་ཟི་བོན་སྟོན་བྱ་བ་དང་དང་མཇལ་ནས་བཀའ་དྲིན་ཞུས།’’ཞེས་གསལ།
74 ཆོས་འབྱུང་ཁག་ལས་གཙང་རབ་གསལ་བླ་ཆེན་གྱི་མཁན་པོ་དང་སློབ་དཔོན་ཅི་རིགས་སུ་བགྲང་བ་ལྟ་བུའོ། །
75 གོང་མཚུངས་«རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས།» ཤོག་ངོས་༡༤ལས་གསལ།
76 གོང་མཚུངས་«རྣམ་དག་འདུལ་བའི་རྣམ་བཤད་ནོར་བུའི་ཕྲེང་བ།» ཤོག་ངོས་༡༤ལས། ‘‘སྡེ་བ་ཉིས་ནང་འཁྲུག་པའི་རང་སྐྱོན་དང༌། བོད་རྒྱལ་ཁྲི་སྲོང་སྡེ་བཙན་དང༌། བྷོ་ཏི་ས་ཏྭ་སོགས་གཞན་སྐྱོན་དང་གཉིས་ཀ་ལ་བརྟེན་ནས། བསྟན་པ་ཐང་གཅིག་བོད་ཡུལ་དུ་ནུབ་བོ། །’’ཞེས་གསལ།
77 «བསྟན་པའི་ཤན་འབྱེད་འཕྲུལ་གྱི་མེ་ལོང༌།» ཤོག་ངོས་༣༧ལས། ‘‘མུ་ཟི་གསལ་བཟང་རྨ་རི་དེལ་གསུམ་བྲག །སུམ་བརྒྱའི་ལོ་ཙམ་འགོག་པར་བཞུགས་པ་ལ། །’’ཞེས་གསུངས་པས་སོ། །
78 ཡ་གོང་ཡེ་ཤེས་གཡུང་དྲུང་དང༌། གྲུམ་གཡུང་དྲུང་རྒྱལ་མཚན། ཡ་ཟི་བོན་སྟོན། མུ་ཟི་གསལ་བཟང་སོགས་ལྟ་བུ་མང་ངོ༌། །

2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་དགུ་བ་ལས་བཤུས།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།