གསལ་བཤད་ཚངས་པའི་ཐིག་རིས།

[ཟླ་ཚེས། 2013-05-12 22:42:28][རྩོམ་པ་པོ། བྱ་འཕུར་དགེ་བཤེས་ལྷུན་གྲུབ་རྒྱ་མཚོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

photo.jpg

སྔོན་དུ་གླེང་བའི་གཏམ།

      མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་པའི་«གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས»①ཀྱི་ལེའུ་ཉེར་གཅིག་པའི་ནང་ཚན། “ཞར་བྱུང་གཞན་སྡེ་ཕོ་ཚོད་ཅན་ཁ་ཅིག་ལ་རྩོད་སྤོང་མདོར་བསྡུས་བཤད་པ”ཞེས་པ། «སྔ་འགྱུར་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས»②སམ། ཡོངས་གྲགས། «བདུད་འཇོམས་ཆོས་འབྱུང་»དུ་འབོད་པར། བོན་གྱི་སྐོར་ལ་འགྲེལ་བཤད་འདྲ་མིན་གནང་བར་བརྒལ་ལན་གནད་དུ་ཕོག་པ་ཞིག་བྱུང་བས། གཞན་ཕྱོགས་ནས་དེར་སྡང་ཟུག་ཆེན་པོས། མི་འོས་པའི་ཅལ་གཏམ་གྱིས་རྒྱལ་ཁམས་འགེངས་པར་བྱས་པ་སོགས་ལོ་ཤས་སྔོན་ནས་ཐོས། ཁོ་བོས་ཆོས་འབྱུང་དེར་མཇལ་འདོད་དང་རེ་སྒུག་ཡུན་རིང་བྱས་མཐར། ཆོས་སྤྱོད་དཔེ་སྐྲུན་ཁང་ནས་བསྐྱར་བསྐྲུན་ཞུས་པའི་ཆོས་འབྱུང་དེབ་གཟུགས་ཅན་དེ་གཞི་ནས་ལག་སོན་བྱུང༌། འདི་ནི་ཆོས་འབྱུང་དེ་ཐོག་མར་ཀློག་འདོད་པའི་རྒྱུ་རྐྱེན་དང་བར་སྐབས་ཀྱི་གཏམ་རྒྱུད་ལྟ་བུ་ཡིན།
      སྤྱིར་ཆོས་འབྱུང་འདིར་བརྗོད་བྱ་གཙོ་ཁག་ནི། སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་འཇིག་རྟེན་དུ་དར་ཚུལ་དང༌། སྟོན་པ་དེ་ཉིད་ཀྱི་སྐུའི་སྐྱེ་བ་བཞེས་ཚུལ། ཁྱད་པར་དུ་སྔ་འགྱུར་རྙིང་མའི་བསྟན་པ་རིན་པོ་ཆེའི་བྱུང་བ་དང༌། རྒྱུད་འཛིན་མཁས་གྲུབ་ཁག་གི་ལོ་རྒྱུས་སོགས་གསལ་འཁོད་བྱས་པའི་གླེགས་བམ་ཆེན་པོ་ཞིག་ཡིན་མོད། དེའི་ནང་དུ་བོན་ཕྱོགས་ཀྱི་ལྟ་སྤྱོད་དང་འབྲེལ་བའི་དོན་གནད་འགའ་རེར་འགྲེལ་བཤད་གནང་བ་རྣམས་དངོས་དོན་ལོ་རྒྱུས་དང་མི་མཐུན་ཞིང༌། བླུན་པོ་བདག་གི་བལྟ་ཚུལ་དང་བསྡུར་ཡང་འགལ་འཛོལ་མང་ཙམ་བྱུང་འདུག་སྙམ་པས། དེས་ན་ཁོ་བོ་བོན་རྒྱུད་དུ་སྐྱེས་པར་མ་ཟད་བོན་ཕྱོགས་ཀྱི་མཁས་པའི་དབང་པོ་ཇི་སྙེད་ཅིག་གི་ཞལ་མཇལ་བའི་གོ་སྐབས་ཐོབ་ཅིང༌། ཟབ་ལམ་ཁྲིད་ཀྱི་གདམ་པའང་མི་ཉུང་བ་ཞིག་ཞུས་ཏེ་ཞོར་དུ་བོན་ཕྱོགས་ཀྱི་རྒྱལ་རབས་དང་ལོ་རྒྱུས་བསྟན་འབྱུང་འདོན་ཆོག་སོགས་ལའང་དོ་སྣང་ཆེན་པོས་བལྟ་ཁུལ་གྱིས་རྒྱུས་མངའ་ཅུང་ཡོད་པའི་རྐྱེན་གྱིས། སྐབས་འདིར་དངོས་ཡོད་བོན་ཕྱོགས་ཀྱི་སྐོར་ལས་འཕྲོས་ཏེ་གསལ་བཤད་ཕྲན་བུ་རེ་བྱ་ཐུབ་ན། མི་རབས་རྗེས་མ་ཚོ་གོལ་ལམ་དུ་མི་འཕྱན་པའི་ཕན་ཐོགས་འབྱུང་སྙམ་པ་དང༌། དེ་མིན་མ་དག་རྒྱུན་འབྱམས་སུ་སོང་སྟེ་དེ་དང་དེ་ལྟ་བུའི་རིགས་ཀྱིས་སྤྱི་ཚོགས་དང་ཆོས་ལུགས་དབར། མི་རིགས་དང་མི་རིགས་དབར་བཅས། མདོར་ན་འཛམ་གླིང་ཐོག་ཏུ་གནས་པའི་ཕན་ཚུན་མཐུན་ལམ་གྱི་གོང་བུ་མང་པོར་གཏོར་བཤིག་ཀྱང་མི་འབྱུང་བའི་ངེས་པ་གཏན་ནས་མེད། ལར་ནས་ཁོ་བོས་ཕན་ཚུན་གསལ་བཤད་དང་བདེན་པ་གང་ཡིན་དམར་མོ་འཛུབ་ཁྲིད་ཀྱི་ཚུལ་དུ་བྲིས་པ་ལས། དགག་བཞག་དང་རྩོད་སྤོང་གི་ཚུལ་དུ་འཛིན་ཅིང་དམིགས་ཏེ་བྲིས་པ་ཞིག་གཏན་ནས་མིན།
      སྟབས་ལེགས་པ་ཞིག་ལ་ཆོས་འབྱུང་འདིར་བལྟ་ཞིབ་སྐབས་མཁས་པ་འདི་པའི་རྒྱལ་རབས་དང༌། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སོགས་འབྲེལ་ཡོད་ཕྱག་དཔེ་ཁག་ཅིག་ལག་སོན་བྱུང་བ་དེར་བོན་གྱི་ལོ་རྒྱུས་གང་བཀོད་པ་རྣམས་དོན་ཐོག་དུ་གནས་པ་ཧ་ལམ་གཅིག་ཀྱང་མ་མཐོང་ཞེས་སྨྲས་ན། བློ་གྲོས་ཀྱི་ནུས་པ་ཆུང་བའི་བདག་ལྟ་བུ་ཅུང་སྤོབས་པ་ཆེ་བའི་ཚུལ་དུ་མཐོང་མོད། འདི་ལྟའི་རིགས་ལ་གསལ་བཤད་དང་ངོ་སྤྲོད་ཅུང་ཙམ་ཡང་མ་བྱས་པར་རྒྱུན་འབྱམས་སུ་བཞག་ཚེ་མི་རབས་རྗེས་མ་རྣམས་ལ་གོ་བ་ལོག་སྒྲུབ་ཀྱིས། ལོག་ལམ་དུ་འཕྱན་པའམ་ངན་པ་ལང་ཤོར་དུ་འགྲོ་བའི་ཚུལ་བྱུང་དང་འབྱུང་བཞིན་པ་རྟོགས་ཏེ། ཁོ་བོས་འདི་བཞིན་ལས་སུ་གཉེར་བར་ང་རྒྱལ་དང་ཕྱོགས་རིས་ཀྱིས་བློ་མིག་སྒྲིབ་པ་དག་གིས་དོན་མེད་ཀྱིས་བཀའ་བཀྱོན་མི་གནང་བར་ཞུ་རྒྱུ་དང༌། གོང་ཞུས་ལྟར་སྐབས་འདིར་ཕྲན་གྱིས་སྤྱི་ཚོགས་དང་དུས་རབས་ཀྱི་འཁོར་བསྐྱོད་ཁྲོད། ཆོས་ལུགས་དབར་གྱི་མཐུན་སྒྲིལ་ལ་གནོད་པ་དང་ཕན་ཚུན་ཁྲོ་བ་མི་འབྱུང་ཆེད། གསལ་བཤད་ཀྱི་ཚུལ་དུ་འབྲི་བ་གཞིར་བཟུང་ཞིང༌། འཇིག་རྟེན་པའི་ཁ་དཔེར་ཡང༌། “ཚིག་ལ་མཚོན་ཆ་མེད་ཀྱང༌། །མི་སེམས་དུམ་བུར་གཏུབ། །”ཅེས་པའི་དཔེ་བཞིན། ཚིག་གི་མཚོན་ཆ་སྣ་ཚོགས་སྤྱད་དེ་ཆོས་ལུགས་ཕན་ཚུན་དབར་དབྱེན་དཀྲུགས་བྱས་པའི་ལུགས་ཀྱང་དོར་ཏེ་གང་ཐུབ་ཅི་ཐུབ་ཀྱིས་གྲུབ་མཐའ་རང་ལུགས་ཀྱི་ལྟ་བ་དང་སྤྱོད་པ་སོགས་ཡིན་ལུགས་གང་ཡིན་པ་དེ་གོ་ནོར་མི་འབྱུང་བའི་ཆེད་གཙོ་བོར་དམིགས་ནས་ངོ་སྤྲོད་ཀྱི་ཚུལ་དུ་འབྲི་བར་འདོད།།

༡༽ བདུད་འཇོམས་ཆོས་འབྱུང་དུ་གསལ་བའི་བོན་གྱི་སྐོར།

      ཆོས་འབྱུང་དེར་“གཏེར་ཆེན་བདུད་འཇོམས་གླིང་པའི་བུ་སློབ་འཇའ་ལུས་ཐོབ་པ་བཅུ་གསུམ་བྱུང་བ་དང་ཤིན་ཏུ་ཉེ་བ་དེང་སང་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་ལ་མདོ་ཁམས་གླིང་ཚང་རྫ་པ་བཀྲ་ཤིས་འོད་ཟེར། དེ་རྗེས་མེ་གླང་ལ་དེའི་རྒྱལ་ཚབ་བློ་གྲོས་རྒྱལ་མཚན།”③ཞེས། ཀུན་མཁྱེན་འཇའ་ལུས་པ་ཆེན་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་མཚན་ལ། རྫ་པ་བཀྲ་ཤིས་འོད་ཟེར་ཞེས་མཚན་བསྒྱུར་ཞུས་ཏེ་ཁོང་གི་ཞལ་སློབ་རྒྱལ་ཚབ་བློ་གྲོས་རྒྱལ་མཚན་དང་བཅས། སྔ་འགྱུར་རྙིང་མའི་ཆོས་སྒོར་ཞུགས་པའི་གྲུབ་ཆེན་གྱི་སྐྱེས་བུར་ངོས་འཛིན་བྱས་པར་མ་ཟད། བདུད་འཇོམས་པའི་བུ་སློབ་ལྟ་བུར་བཤད་པ་གནང་འདུག་ཀྱང༌། དམ་པ་དེ་གཉིས་གཡུང་དྲུང་བོན་གྱི་བསྟན་སྒོར་ཞུགས་ཏེ། རང་དོན་དུ་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་ཕུལ་དུ་ཕྱིན་པར་མཛད་ཅིང༌། ཁྱད་པར་གཞན་དོན་དུ་ཨ་སྙན་རྫོགས་གསུམ་གྱིས་མཚོན་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར། འཆད་ཉན་སྒོམ་གསུམ་བྱེད་སའི་བསྟི་གནས་བཅུ་ཕྲག་མང་པོ་གསར་བཙུགས་ཀྱིས། སྟོད་གངས་རི་དཀར་པོ་ནས་སྨད་མདོ་སྨད་རྟ་ཡི་ཆོལ་ཁའི་བར། མདོར་ན་བོད་ཡུལ་ཁྱོན་ཡོངས་སུ་གང་གི་རྗེས་སུ་འཇུག་ཅིང་དད་དམ་ལ་གཡོ་བ་མེད་པའི་མཁས་ཤིང་གྲུབ་པ་ཐོབ་པའི་སློབ་མ་བརྒྱ་ཕྲག་མང་པོ་སྨིན་པར་མཛད་པ་མ་ཟད། ད་ལྟའང་བོད་ཡུལ་སྟོད་སྨད་ཀུན་ཏུ་དེ་དག་གི་སྒྲུབ་རྒྱུད་འཛིན་པའི་སྒྲུབ་པའི་སྡེའང་མི་ཉུང་བ་ཞིག་ཡོད་མུས་སུ་མཆིས། 
      དེས་ན་ཀུན་མཁྱེན་འཇའ་ལུས་པ་མཆོག་བཤད་པ་དང་ཐོས་པ་ཙམ་གྱིས་ཐུགས་ཡིད་མ་ཚིམས་པར། གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ལུགས་ཞང་ཞུང་སྙན་རྒྱུད་ཀྱིས་མཚོན་སེམས་ཕྱོགས་བླ་མེད་རྫོགས་པ་ཆེན་པོའི་ལྟ་སྤྱོད་ལ་ཉམས་ལེན་རྩེ་གཅིག་ཏུ་གཞོལ་ཏེ། མཐར་འཇའ་ལུས་འཕོ་བ་ཆེན་པོའི་འོད་སྐུར་ཐིམ་སྟེ་སྐུ་གསུམ་གྱི་རྒྱལ་སར་མངོན་དུ་འཁོད་པ་སོགས་ནི། བོན་རང་ལུགས་ཀྱི་གདམ་པ་ཟབ་མོ་ཉམས་སུ་བླངས་པའི་ཕྱག་རྗེས་ཁོ་ན་ལས་བྱུང་བས། དེས་ན་དེ་ལྟའི་ལམ་ནས་དམ་པ་དེ་ཉིད་གྲུབ་མཐའ་གང་གི་ཁོངས་སུ་ཞུགས་མིན་སོགས་རྒྱས་བསྡུས་ཅི་རིགས་སུ་བཞུགས་པའི་གང་གི་རྣམ་པར་ཐར་བ་དག་ལས་ཀྱང་ཤེས་ཐུབ་ཅིང༌། གཞན་ཡང་གང་གིས་མཛད་པའི་གསུང་འབུམ་གླེགས་བམ་བཅུ་ཕྲག་མང་པོ་གཡུང་དྲུང་བོན་གྱི་བརྟེན་འགྱུར་རིན་པོ་ཆེའི་གྲས་སུ་ད་ལྟ་དངོས་སུ་བཞུགས་པས་དེ་དག་ལས་ཀྱང་ཁུངས་གང་ཡིན་གྲུབ་པས་སོ། །ད་དུང་གྲུབ་པ་ཐོབ་པའི་རྒྱུད་འཛིན་དངོས་སློབ་ད་ལྟའང་བཞུགས་ཡོད་པས། ཆོས་བརྒྱུད་གང་དུ་གཏོགས་མིན་དེ་ཙམ་གྱིས་གསལ་བཤད་མང་པོས་དགོས་པ་ཆུང༌། ཕྱོགས་གཅིག་ནས་འདི་ལྟར་བསམ་ཚེ་སྔ་རབས་ཀྱི་གཏེར་སྟོན་མང་པོ་ཞིག་ལའང་རྗེས་སུ་ཞིབ་འཇུག་སོགས་ཀྱི་གོ་སྐབས་མཆིས་ཚེ་བོན་ཆོས་དང་རྙིང་ཆོས་བར་དཔྱད་པ་བྱ་རྒྱུ་མང་པོ་ཞིག་ལྷག་འདུག་སྙམ།
       ཆོས་འབྱུང་དེར“ཡང་ཁ་ཅིག་རྙིང་མ་བ་དང༌། བོན་པོའི་ཟེར་ལུགས་དབྱིབས་མཚུངས་ཙམ་འདུག་པས་བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་ཡོད་འདྲའོ་ཞེས་ཟེར་ཡང༌། ཆོས་སྐད་ལ་སོགས་པ་འདྲ་བ་མང་དུ་འདུག་མོད། དེ་དག་གིས་བོན་ཆོས་ལ་ཕྱོགས་བསྟུན་ནས་བྲིས་པས་ན་འདྲ་བར་ཅིས་མི་འོང་སྟེ།”ཞེས་ཐུའུ་བཀྭན་གྱིས་གྲུབ་མཐའ་ཤེལ་ཕྲེང་དུ“འདི་དག་ཕྱིས་ཀྱི་རྫོགས་ཆེན་པས་ཟེར་ལུགས་དང་དབྱིབས་མཚུངས་པར་འདུག་པས་བོན་རྫོགས་གཉིས་ཐུགས་སྣང་གཤིན་པོ་ཡོད་པ་འདྲའོ། །”④ཞེས་གསལ་བར་ཡིད་རྟོན་བྱས་པའི་ཁུལ་གྱིས་ཚིག་གི་ངོ་གདོང་ལ་བལྟས་ཚེ། བོན་ཆོས་རྙིང་ཆོས་ལ་ཕྱོགས་བསྟུན་ནས་བྲིས་པའམ། རྙིང་ཆོས་བོན་ལ་ཕྱོགས་བསྟུན་ནས་བྲིས་པ་ལྟ་བུ་ཁས་ལེན་བྱས་འདུག་པས། གང་ལྟར་ཕན་ཚུན་འདྲ་མཚུངས་དང་ཕྱོགས་མཚུངས་དེ་ཙམ་ཡོད་པ་མཁྱེན་ཡོད་ན། གཡུང་དྲུང་བོན་གྱི་ལྟ་སྤྱོད་ལ་སྒྲོ་བསྐུར་དང་ངན་དུ་བལྟ་བའི་རིགས་པ་ཅི་ཙམ་བསྐྲུན་ཡང་ངལ་བའི་རྒྱུ་ལས་མ་མཆིས་སོ། །
       ཆོས་འབྱུང་དེར“བོད་དུའང་བོན་པོ་ལ་དབུ་ཕར་འདུལ་མཛོད་སྔགས་ཀྱི་གཞུང་ཀུན་དང༌། བདེ་མཆོག་འཇིགས་བྱེད་ཕུར་པ་སོགས་ལྷ་རྣམས་དང༌། གཏུམ་མོ་རྫོགས་ཆེན་སོགས་བན་ཆོས་ལ་ཅི་ཡོད་འདྲ་བཟོ་རེ་ཡོད་པར་འདུག་ལ་དེ་དག་གདོད་ནས་ཡོད་པ་མ་ཡིན་པས་གློ་བུར་ཀུན་བཏགས་མཐའ་མེད་ལ་དགག་པར་ག་ལ་ལངས།”⑤ཞེས་གསལ། གཞུང་ལུགས་ཀྱི་ཆ་ནས་བོན་གྱི་དབུ་ཕར་འདུལ་མཛོད་སོགས་དཔེ་རྙིང་ཁག་ཅིག་ལ་མི་ལོ་སྟོང་ཕྲག་བཅོ་བརྒྱད་ལྷག་གི་ལོ་རྒྱུས་ཀྱང་ཡོད་དེ། སྟོན་པ་གཤེན་རབ་ཀྱིས་མཛད་པའི་བོད་ཀྱི་རིག་གནས་ཆེན་པོ་ལྔའི་ཡ་གྱལ། ཚད་མ་སྡེ་བདུན་དྲི་བ་རྟགས་གསལ་སྒྲོན་མའི་སྡེ་དང༌། རྩོད་པ་རྫུ་འཕྲུལ་དྲྭ་བའི་སྡེ། སྤང་པ་རྒོལ་བ་ཚར་གཅོད་སྡེ། བླངས་པ་ཀུན་འབྱུང་ཡངས་པའི་སྡེ། འགལ་བ་མི་མཐུན་སྤང་པའི་སྡེ། མཐུན་པ་རང་ལུགས་བཞག་པའི་སྡེ། མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ་ལ་སོགས། གྱིས་མཚོན། བོད་དུ་སྤྱི་ལོའི་སྔ་རྗེས་ཀྱི་མཁས་གྲུབ་རིམ་བྱོན་གྱིས་མཛད་པའི་དབུ་ཕར་འདུལ་མཛོད་ཀྱི་གཞུང་ལུགས་རྒྱ་ཆེ་ལ་གྲངས་མང་བ་ཞིག་ད་ལྟའི་ཆར་ཡང་བོན་གྱི་ཡིག་ཚང་ན་བཞུགས་མུས་ཡིན་པར་མ་ཟད། གཞུང་ལུགས་ཁག་ཏུ་ཐ་སྙད་ཀྱི་ཆ་ནས་ཀྱང་མི་འདྲ་བ་ཤིན་ཏུ་མང་སྟེ། དཔེར་ན་སྲིད་པའི་མཛོད་ཕུགས་ལས། ཁམས་གསུམ་ས་དགུ་དང་སྲིད་པ་གསུམ། དེ་བཞིན་བོན་འཆད་སྟངས་ལས་སོགས་མངོན་པ་མཛོད་དང་མི་མཐུན་པའི་རིགས་དང༌། བྱང་སེམས་གབ་པ་ལས། “དམར་ཐག་བཅད་པ་དང་གཞི་ལམ་ལ་བརྟེན་མི་འཆའ་བ།”⑥ ཞེས་སོགས། ཚིག་དོན་གཉིས་ཀའི་ཆ་ནས་ཀྱང་ཐུན་མོང་མ་ཡིན་པའི་ཁྱད་བོན་དུ་མ་བོན་གྱི་ཡིག་ཚང་དུ་བཞུགས་ཤིང༌། དཔེར་ན་ཆོས་ལུགས་སུ་ལོ་རྒྱུས་གལ་ཆེ་བར་བརྩི་བའི་རླངས་ཀྱི་པོ་ཏི་བསེ་རུ་ལས། “སྟོད་གོ་རྒོད། བར་ཐང་ལྷ། སྨད་སྤོར”⑦བཅས་པ་ནི་བོན་ལུགས་ཀྱི་ལྷ་དང་སྲུང་མའི་གྲས་སུ་གཏོགས། འོན་ཀྱང་ཆོས་ལུགས་པ་ཁག་ཅིག་གིས་དེ་དག་ལ་གོ་རྒྱུ་མེད་པའི་མིང་ཅིག་ཏུ་བསྙད་པའང་ཐོས། “སྟོད་གོ་རྒོད”ཅེས་པ་ནི་བོན་ལུགས་ཀྱི་ཡི་དམ་དབལ་ཆེན་གེ་ཁོད་དམ། ཡང་ན་སྟོད་ཀྱི་གེ་ཁོད་ཅེས་པ་དང༌། “སྨད་སྤོར”ཡང་སྨད་སྤོམ་ར་ཞེས་པའི་དོན་ཡིན་པར་སེམས། དེས་ན་ཐམས་ཅད་འདྲ་བཟོ་འདུག་ཅེས། ལྷམ་དཔེ་ཞྭ་ལ་འགེབས་པའི་ཚུལ་དུ་བཤད་པ་དེ་དག་ཀུན་ནས་དོར་བར་རིགས་སོ། །
      ལྟ་གྲུབ་སྟོན་པའི་ཆ་ནས་ཀྱང་མི་མཐུན་ཏེ་བན་དེའི་ཆོས་མངོན་པ་མཛོད་ལ་མཚོན་ན། དེ་ཉིད་ཐེག་པ་དམན་པ་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་སུ་འགྲེལ་བ་གང་ཞིག བོན་ལུགས་ཀྱི་སྲིད་པའི་མཛོད་ཕུགས་ནི་ཐེག་པ་ཆེན་པོའི་ལུགས་སུ་འདོད་དགོས་པས། དེས་ན་ལྟ་གྲུབ་འགྲེལ་ལུགས་ཐེག་པའི་ངོས་ནས་ཀྱང་མ་མཐུན་པའི་ཕྱིར། བོན་ཕྱོགས་གསང་སྔགས་ཀྱི་ལྟ་གྲུབ་སྟོན་པའི་གཞུང་ལུགས་དང༌། དེ་དག་ནས་གསལ་བའི་ཡི་དམ་རྣམས་ཀྱི་མཚན་ཙམ་ལའང་བན་དེ་རྣམས་ཀྱིས་འགྲེལ་བཤད་རྒྱག་དཀའ་བའི་ཕྱིར། དཔེར་ན་དབལ་གསས་དང་འབྲུག་གསས་གེ་ཁོད་ཅེས་པའི་ཚིག་ཟུར་གྱི“གསས”⑧ཞེས་པར། བོད་ཀྱི་ཚིག་མཛོད་ཆེ་ཆུང་ཁག་ཏུ“སྲས”ཞེས་བྲིས་པ་ལས། “གསས”ཞེས་པའི་ཐ་སྙད་ལ་འགྲེལ་བ་ཤིན་ཏུ་དཀོན་པའམ་ཡང་ན་འགྲེལ་བཤད་བྱས་པ་ཡོད་ཀྱང་བཤད་པ་ལོག་པར་བཀྲལ་བས་སོ། ། 
       གཞུང་ལུགས་ལྟ་གྲུབ་ཀྱི་ཆ་ནས་ཀྱང་ཕན་ཚུན་མི་མཐུན་པ་ཤིན་ཏུ་མང་བ་གཞུང་སོ་སོར་གསལ་བར་བསྟན་པས་འདིར་འགྲེལ་བཤད་རྒྱག་རྒྱུའི་དུས་ཁོམ་མ་མཆིས། འོན་ཏེ་ཚིག་རེ་ཟུང་དང་བརྗོད་བྱའི་དོན་ཕྱོགས་རེ་ཙམ་མཐུན་པའི་ཆ་ནས་འདྲ་བའི་རྒྱུ་མཚན་བཀོད་པ་ཡིན་ཚེ། ཐེག་པ་ཆེ་ཆུང་གཉིས་ཀའི་ལྟ་སྤྱོད་ཐམས་ཅད་ཕན་ཚུན་དོན་གཅིག་ཏུ་ཐལ་བའི་སྐྱོན་འབྱུང་བའི་ཕྱིར། དེས་ན་ཡི་དམ་གསས་མཁར་མཆོག་ལྔ་ལྟ་བུའི་ཞོར་དུ། གཡུང་དྲུང་བོན་གྱི་ལྷ་སྲུང་སྐོར་ལའང་ཐུགས་རྒྱུས་ཆེ་བའི་ཚུལ་བསྟན་འདུག་མོད། འོལ་ཚོད་ཙམ་ལས་དོན་ཐོག་ཏུ་གཅིག་ཀྱང་བབ་མི་འདུག་ཅེས་ཞུ་ཆོག སྤྱིར་བན་དེའི་ཕྱོགས་ནས་བལྟས་ཚེ། བོན་པོས་ཆོས་ལས་བོན་དུ་བསྒྱུར་ཚུལ་དང༌། བོན་པོའི་ཕྱོགས་ནས་བལྟས་ཚེ། བན་དེས་བོན་ལས་ཆོས་སུ་བསྒྱུར་ཚུལ་སོགས་བཤད་པ་ཡོད་དེ། “ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང༌། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར། །བོན་ཞེས་སྨོད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི། །བོན་ལྟར་གྱེར་ལ་དགའ་བ་གཏོ་ཐབས་སོགས། །བོན་གྱི་བཅོས་ཀས་ཕན་པ་ཀུན་གྱིས་རེ། །”⑨ཞེས་གསལ། དེས་ན་བོན་པོས་ཆོས་ལས་དཔེ་བླང་ཚུལ་ཁོ་ནར་བཤད་པ་མ་ཡིན་པར། ཕན་ཚུན་གཉིས་ཀར་ཞིབ་འཇུག་དང་དྲང་བདེན་གྱིས་ལམ་ནས་བཤད་དགོས་པ་ལས། བན་བོན་གཉིས་སྣང་བ་དང་མུན་པ། ཕྱི་བ་དང་ནང་པ་ལྟ་བུའི་ཕན་ཚུན་འགལ་བ་ལྟག་སྤྲོད་ཀྱི་ཚུལ་དུ་དགག་བཞག་སྤོང་གསུམ་ཇི་ལྟར་བྱས་ཀྱང༌། དྲང་བདེན་གྱི་གཏམ་མམ་ཡང་དག་པའི་ལེགས་བཤད་ཅིག་ཏུ་སུས་ཀྱང་ཆ་འཇོག་མི་བྱེད། གཞན་ཡང་གཞུང་སྔ་ཕྱིའི་འཆད་རིམ་དང༌། མཛད་པ་པོའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་མ་ནོར་བའི་ལམ་ནས། བདེན་དོན་འཚོལ་སྐབས་ཇི་ལྟར་འདྲ་བཟོ་ཡོད་མེད་ཀྱི་གནས་ལུགས་གང་ཡིན་བློ་བསྐྱེད་གསར་པ་རེ་རྙེད་ངེས་ཡིན།
      བོན་ཕྱི་ནང་གསང་གསུམ་གྱི་ཡི་དམ་ལ་མཚོན་ན། གཙོ་བོ་གསས་མཁར་མཆོག་ལྔ་སྟེ། སྐུ་དབལ་གསས་རྔམ་པ། གསུང་ལྷ་རྒོད་ཐོག་པ། ཐུགས་གཙོ་མཆོག་མཁའ་འགྱིང༌། ཡོན་ཏན་དབལ་ཆེན་གེ་ཁོད། འཕྲིན་ལས་འབྲུག་གསས་ཆེམས་པ་ལས་སོགས་བོན་གྱི་ཡི་དམ་རྣམས“བན་ཆོས་ལ་ཅི་ཡོད་བཟོ་རེ”ཙམ་མ་ཡིན་པར། བསྐལ་བ་ཡ་ཐོག་ནས་བཟུང་སྟེ་བོན་གྱི་སྔགས་སེམས་ཟབ་མོའི་བསྐྱེད་རྫོགས་ཀྱི་དཀྱིལ་འཁོར་ལས་བཞེངས་པའི་ལྷ་རིགས་ཡིན་པས། གདོད་ནས་མེད་ཅིང་དུས་རབས་བརྒྱད་པའི་སྐབས་བོད་གངས་ཅན་དུ་གློ་བུར་ཀུན་བཏགས་སུ་བྱུང་བ་ཞིག་གཏན་ནས་མ་ཡིན་པར་མངོན།
       ཆོས་འབྱུང་དེར“སྤྱིར་ཡང་བོན་དུ་མིང་བཏགས་པ་ཙམ་ལས། དོན་ལ་ཆོས་སུ་མངོན་པའང་ཤིན་ཏུ་མང་བས་མཐའ་གཅིག་ཏུ་འཐད་ལྡན་ཡིན་མིན་གྱི་ཁ་ཚོན་བཅད་དེ་གྲུབ་མཐའི་དབང་དུ་བྱས་པའི་སྡང་ཞེན་བསྐྱེད་པར་མི་རིགས་སོ། །”ཞེས་བློ་གཟུ་བོར་གནས་པའི་ཚུལ་གནང་ན་ཡང་། “བོན་ལ་མིང་བཏགས་པ་ཙམ་ལས་དོན་ལ་ཆོས་སུ་མངོན་པར་བཤད་པ་ཤིན་དུ་མང༌།”ཞེས་འགྲེལ་བ་ནི་གཟུར་གནས་དགྱེས་པའི་འབེལ་གཏམ་དུ་ནམ་ཡང་མི་འོས་ཏེ། དཔེར་ན། “ཕ་འདི་བུ་དང་འདྲ་འདུག”ཅེས་གླེན་པའི་བླ་བརྡོལ་མགོ་མཇུག་བསྣོལ་བའམ་ཕུགས་མེད་གཏད་མེད་ལས་གཞན་དུ་མ་མཆིས་སོ། །
       ཆོས་འབྱུང་དེར“རྒྱ་གར་ན་ཕྱི་པ་དང་ནང་པ། བོད་དུ་མུ་སྟེགས་པ་དངོས་སུ་མེད་ཀྱང་བན་དེ་དང་བོན་པོ། རྒྱ་ནག་ན་ཧྭ་ཤང་དང་ཧྭོ་ཤང་ཞེས་ཟུང་དུ་བྱུང་བའང་རྟེན་འབྲེལ་གྱིས་ཡིན་པར་གསུངས་སོ། །”ཞེས“བོད་དུ་མུ་སྟེགས་པ་དངོས་སུ་མེད་ཀྱང་བན་དེ་དང་བོན་པོ”⑩ཞེས་བོད་དུ་བན་དེ་དང་བོན་པོ་ཞེས་ཕྱི་ནང་གི་དབྱེ་བ་དངོས་སུ་ཕྱེས་མི་འདུག་མོད། ཤུགས་བསྟན་ཚུལ་གྱི་ངོ་གདོང་ལ་གཏད་དེ། ཞོར་འཕྲོས་ཚུལ་གྱིས་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ཅུང་ཙམ་གསལ་བཤད་ཀྱི་ཚུལ་དུ་སྨྲས་ན། གནའ་བོའི་བོན་གཞུང་ཀླུ་འབུམ་སོགས་ལས་བསྟན་པ་ལྟར། གྲུབ་མཐར་ཞུགས་པའི་གང་ཟག་དེའི་རྒྱུད་ན་མཆོག་གསུམ་ལ་ཡིད་ཆེས་པའི་དད་དམ་གཙང་མ་ཞིག་གམ། གསུང་རབ་ལས་གསལ་བའི་སྐྱབས་འགྲོ་ཡང་དག་པ་ཞིག་ཡོད་མེད་ལ་རགས་ལས་པར་བརྟེན། བོན་ཆོས་ཚུལ་བཞིན་ཉམས་སུ་ལེན་པའི་གང་ཟག་གི་རྒྱུད་ན་སྐྱབས་འགྲོ་ངེས་པར་དུ་ཡོད་དགོས་པས། བོད་དུ་ཕྱི་རོལ་མུ་སྟེགས་པ་དངོས་སུ་ཡོད་མེད་གང་ལྟར་ཡང་རྒྱལ་བ་གཤེན་རབ་མི་བོའི་རྗེས་འཛིན་བོན་པོ་རྣམས་ནང་པ་སངས་རྒྱས་པ་མ་ཡིན་པར་ལུང་རིགས་གང་གིས་ཀྱང་བསྒྲུབ་ཏུ་མི་བཏུབ་བོ། ། 
       ཆོས་འབྱུང་དེར“མཐར་བོན་པོ་རྣམས་ཀྱི་ལྟ་སྤྱོད་མཁན་སློབ་གཉིས་ཀྱིས་སུན་ཕྱུངས་ཤིང༌། གྲུབ་རྟགས་རྫུ་འཕྲུལ་གྱིས་ཕམ་པར་མཛད་པ་ན། མངའ་བདག་གིས་བོན་རྣམས་ལ་དམ་པའི་ཆོས་གྱིས་གསུངས་པས། ཉུང་ཤས་ཤིག་ལས་ཉན་དུ་མ་གཏུབ་སྟེ་གསུང་རབ་མང་པོ་བོན་དུ་བསྒྱུར། དེ་རྒྱལ་པོས་གསན་ནས་བོན་མང་རབ་ཀྱི་སྐེ་བཅད།”⑾ཅེས་སངས་རྒྱས་ཀྱི་རྣམ་སྤྲུལ་དུ་བསྔགས་པའི་མཁན་སློབ་དེ་གཉིས་ཀྱི་བཀས་བསྐུལ་བ་ལ་བརྟེན་ནས། ཐེག་ཆེན་གཡུང་དྲུང་བོན་གྱི་གསུང་རབ་མང་པོ་བན་ཆོས་སུ་བསྒྱུར་བར་གྲགས་པ་དང༌། རྫུ་འཕྲུལ་ལམ་ནས་སམ་གང་ལྟར་བོན་ལ་སྤྱོད་པའི་བོན་གཤེན་མང་པོའི་སྐེ་བཅད་དེ་དོན་ལ་དམར་གསོད་བཏང་བ་དག་བདེན་ན་དེ་ནི་འཚེ་བ་མེད་པའི་སྤྱོད་པ་ལས་འདས་པ་སྟེ། སྟོན་པ་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོའི་ཞལ་ནས། “ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། གཅིག་གསད་གཅིག་གསོ་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། །དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ༌། །”ཞེས་གསུངས་པའི་ཕྱིར།
        ཆོས་འབྱུང་དེར“ད་ལྟའི་བོན་ནག་བདུད་བློན་འདི་རྣམས་གཟུགས་ཅན་གཟུགས་མེད་ཅི་རིགས་པར་བརྫུས་ཏེ། ཐབས་སྣ་ཚོགས་ཀྱི་སྒོ་ནས་བོད་ཀྱི་བསྟན་པ་ལ་བར་དུ་གཅོད་པར་གསུངས་ཤིང༌།”⑿ཞེས་བོན་པོ་ལ་བོན་དཀར་དང༌། བོན་ནག་ཅེས་པའི་ཐ་སྙད་སྦྱར་ཏེ་རིགས་གཉིས་སུ་འབྱེད་པ་ནི། བོན་གྱི་གཞུང་ལུགས་ལས་གསལ་ཁ་མ་བྱུང་བའི་ཤོད་སྟངས་ཀུན་བཏགས་གློ་བུར་བ་ཞིག་སྟེ། སྤྱིར་བོན་པོ་ལ་བོན་གསར་མ་དང་བོན་རྙིང་མ་ཞེས་ཡོངས་སུ་གྲགས་པ་ནི། བོན་གྱི་ཟབ་གཏེར་བཞེས་པའི་དུས་རབས་སྔ་ཕྱིའི་སྒོ་ནས་འགོ་བཙུགས་པ་ལས། མཐར་ཐུག་གི་ལྟ་བ་དང༌། སྒོམ་པ། སྤྱོད་པ་སོགས་ཀྱི་སྒོ་ནས་ཁྱད་པར་གང་ཡང་མེད་ཅིང༌། བསྟན་པ་གཅིག་གི་སྒོར་ཞུགས་ཤིང་སྟོན་པ་གཅིག་གི་རྗེས་འཇུག་ཡིན་པའི་ཕྱིར་རོ། །
       བོན་པོ་གང་ཞིག་སྟོན་པ་ཤཱཀ་ཐུབ་དང་ཡང་ན་སློབ་དཔོན་པད་འབྱུང་སོགས་ལ་སྐྱབས་སུ་འགྲོ་མཁན་ལ་བོན་དཀར་དང༌། དེ་དག་སྐྱབས་སུ་མི་འཛིན་པར་སྟོན་པ་གཤེན་རབ་མི་བོའི་རྗེས་སུ་འཇུག་པའི་བོན་པོར་བོན་ནག་ཅེས་བཤད་པ་ནི། དོན་དུ་རང་དང་རང་གི་གྲུབ་མཐའ་དང་མཐུན་པར་ལྷ་དང་དཀར་ཕྱོགས། དེ་དག་དང་མི་མཐུན་པ་ལ་འདྲེ་དང་ནག་ཕྱོགས་སུ་བཟུང་བའི་རྒྱུ་མཚན་ཙམ་དུ་ངེས་སོ། །དེའང་བོན་ཀྱི་ལོ་རྒྱུས་དངོས་ལ་མྱོང་ཆ་མ་ཐོན་པའི་དན་རྟགས་ཁོ་ནར་ཟད། དེ་དག་ལ་དགོངས་ནས། རྗེ་བདག་ཉིད་ཆེན་པོས་ཀྱང་“རང་གིས་ཤེས་པ་དེ་དང་མཐུན་པར་བྱུང་ན་བསྟོད་པ་བྱེད་པ་དང་མ་བྱུང་ན་སྨད་ར་བྱེད་པ་འདུག་སྟེ། བླུན་པོའི་གྲལ་ལ་བཞུགས་པར་མཛོད་ཅིག”ཅེས་གདམས་སོ། །
       བོན་གྱི་ལྟ་བ་དང་གྲུབ་མཐའི་རྣམ་བཞག་ལ་ཐུགས་རྒྱུས་ཧ་ཅང་ཕྲ་ནའང་གནའ་བོའི་བོན་ཆོས་དང་རིག་གཞུང་ལ་འགྲེལ་བཤད་གནང་རྒྱུར་དགའ་མགུ་བྱེད་པ་ནི། གནའ་དེང་བོད་ཀྱི་མཁས་པ་ཕལ་མོ་ཆེར་ལྷན་སྐྱེས་སུ་འཇགས་ཡོད་པར་བརྟེན“མཁས་པས་འཆུག་ན་འདོམ་གང༌། བླུན་པོས་འཆུག་ན་མཐོ་གང༌། །”ཞེས་པའི་བདེན་གཏམ་འོག་མི་འདོད་བཞིན་དུ་འཛུལ་བར་སྙམ། བདུད་འཇོམས་ཀྱིས་རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་བྱ་བར་ཡང་བོན་གྱི་སྐོར་རགས་ཙམ་གླེང་འདུག་མོད་བོན་ལ་མཐོང་ཆུང་དང་དམའ་འབེབ་ཁོ་ན་གནང་བར་བརྟེན་རེ་རེ་ལ་གསལ་བཤད་ཞུ་དགོས་ངེས་མཆིས་ཀྱང་ཡིག་ཐོག་ཏུ་འཁོད་པར་རྫོགས་མཐའ་ཞིག་ག་ལ་མཆིས། འོན་ཀྱང་ཁུངས་ལུང་ཕྲན་བུ་རེ་ཡོད་སྲིད་སྙམ་ནས་བལྟ་སྐབས། འགའ་རེ་ཐུའུ་བཀྭན་གྱི་གྲུབ་མཐའ་ཤེལ་གྱི་མེ་ལོང་དང༌། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དྲི་ཟའི་གླུ་ཕྲེང་གཉིས་ལ་ཁུངས་གཏུག་ཅི་ཐུབ་མཛད་འདུག་པར་རྟོགས། དེས་ན་ཐུའུ་བཀྭན་གྱིས་མཛད་པའི་གྲུབ་མཐའ་དང༌། མཁའ་འགྲོ་མའི་རྣམ་ཐར་བཅས་ཀྱི་ཁོངས་སུ་བོན་གྱི་སྐོར་ཁག་ཅིག་བཀོད་པ་ལ་ཡང༌། གསལ་བཤད་ཀྱི་ཚུལ་གྱིས་ལོག་རྟོག་གི་ཕུང་པོ་དེ་དག་ལ་གཏོར་བཤིག་ཐུང་ངུ་ཞིག་གཏོང་དགོས་པར་གྱུར།

གྲུབ་མཐའ་ཤེལ་གྱི་མེ་ལོང་དུ་གསལ་བའི་བོན་གྱི་སྐོར།{13}

དང་པོ། བརྡོལ་བོན་ཟེར་བར་བལྟ་བ།

       གྲུབ་མཐའི་གཞུང་དེར“བོད་དུ་དར་བའི་བོན་ལ་འཇོལ་བོན། འཁྱར་བོན། བསྒྱུར་བོན་གསུམ་ལས། དང་པོ་ནི། གཉའ་ཁྲི་བཙན་པོ་ནས་རྒྱལ་རབས་དྲུག་པ་ཁྲི་ལྡེ་བཙན་པོའི་དུས་སུ། དབུས་སམ་ཤང་བོན་བྱ་བར་རུས་གཤེན་ཡིན་པའི་བྱིས་པ་ལོ་བཅུ་གསུམ་ལོན་པ་གཅིག་འདྲེས་ལོ་བཅུ་གསུམ་གྱི་བར་དུ་བོད་ཁམས་ཐམས་ཅད་དུ་ཁྲིད་ནས་ལོ་ཉི་ཤུ་རྩ་དྲུག་ལ་མིའི་ནང་དུ་ཆུད་པ་ལ།”ཞེས་པ་ནས། “བོད་ཡུལ་དུ་བོན་དར་བའི་ཐོག་མ་འདི་ནས་བྱུང་བར་མངོན། འོན་ཀྱང་དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲིན་གནོན་པ་དང་མར་ཁྱིམ་གྱི་ཐབ་འདོན་པ་གསུམ་ཙམ་ལས། བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བས། ཆོས་འབྱུང་དང་རྒྱལ་རབས་འགའ་ཞིག་ཏུ་གྲི་གུམ་བཙན་པོའི་རིང་ནས་བོན་དར་བར་བཤད་དོ། །དེ་ལ་རྒྱུའི་བོན་ཆབ་ནག་ཅེས་ཀྱང་གྲགས་སོ། །”{14}ཞེས་གསལ། སྟོན་པ་གཤེན་རབ་མི་བོས་བོད་ཡུལ་དུ་གསུངས་པའི་གཡུང་དྲུང་གི་བོན་ལ་འཇོལ་བོན་རྡོལ་བོན་དང༌། “འཁྱར་བོན།” “བསྒྱུར་བོན”སོགས་ཀྱི་རྣམ་དབྱེ་གང་ཡང་བཤད་པ་མེད་ཅིང་དེ་དག་གི་བརྒྱུད་པ་འཛིན་པའི་མཁས་པ་དང་གྲུབ་ཐོབ་སོགས་ཀྱི་མཚན་གྱི་ཟུར་ཙམ་ཡང་བོན་རང་ལུགས་ཁུངས་ཐུབ་ཀྱི་རྒྱལ་རབས་ལོ་རྒྱུས་དང༌། འདོན་ཆོག་གཏོ་བཅོས་སོགས་གང་ནས་ཀྱང་མི་གསལ་བ་མ་ཟད། འཇིག་རྟེན་རྒན་པོའི་གཏམ་རྒྱུད་དུའང་བཤད་སྲོལ་མ་ཐོས་པས། དེས་ན་བཤད་ཡམ་འདི་དག་ནི་ཐུའུ་བཀྭན་རང་གིས་གསུངས་པ་བཞིན་གདོད་ནས་ཡོད་པ་མ་ཡིན་ཞིང་གློ་བུར་ཀུན་བཏགས་སུ་བྱུང་བར་ཁྱེད་ཀྱིས་མཁྱེན་པར་ཟད་དོ། །
       གཞན་ཡང་“དེ་དུས་ཀྱི་བོན་རྣམས་ལ་མར་འདྲེ་སྲིན་གནོན་པ་དང་མར་ཁྱིམ་གྱི་ཐབ་འདོན་པ་ཙམ་ལས་བོན་ལུགས་ཀྱི་ལྟ་བ་སོགས་ཀྱི་ཐ་སྙད་མ་བྱུང་བས། དེ་ལ་རྒྱུ་ཡི་བོན་ཆབ་ནག་ཅེས་ཀྱང་གྲགས་སོ། །”ཅེས་པར། དང་པོ་བོན་ལུགས་ཀྱི་ལྟ་བ་ཞེས་པ་དེ་ཅི་འདྲ་ཞིག་ལ་ངོས་འཛིན་བྱེད་དམ། ལྟ་བའི་ངོ་བོའམ་རང་བཞིན་གནས་ཚུལ་ཅི་འདྲ་བ་ཞིག་ལ་ངོས་འཛིན་བྱེད་མིན་གྱི་དྲི་བ་བཏོན་ཚེ། ལན་ཅི་ཞིག་འདེབས། བོན་ལུགས་ཀྱི་ལྟ་བའི་ཐ་སྙད་གང་ཟག་རང་ག་བ་ཞིག་གིས་གཏན་ལ་ཕབས་སམ། བོན་གྱི་གྲུབ་མཐའི་སྲོལ་གཏོད་པོས་གཏན་ལ་ཕབས། བོན་ལུགས་ལ་ལྟ་བའི་ཐ་སྙད་བོན་པོའམ་བོན་ཞེས་ཐོག་མར་ཆོས་ལུགས་སམ་གྲུབ་མཐའ་ཞིག་གི་མིང་ཐོགས་ཙམ་གྱི་དུས་ནས། ལྟ་བའི་ཐ་སྙད་བྱུང་ཡོད་དམ་མེད། གལ་ཏེ་ཆོས་ལུགས་སམ་གྲུབ་མཐའ་ཞིག་གི་མིང་གི་ཐ་སྙད་བཏགས་ནའང་དེ་ལ་ལྟ་བའི་ཐ་སྙད་ཡོད་མི་དགོས་ན། ཆོས་ལུགས་སམ་གྲུབ་མཐའ་ཞེས་པ་དེ་ཆ་རྐྱེན་ཅི་ཞིག་གིས་སྒོ་ནས་འབྱེད། གཞི་ལམ་འབྲས་གསུམ་གང་ཡང་མེད་པའི་ནང་པའི་གྲུབ་མཐའ་ཡོད་པར་འདོད་དམ། ཡང་ན་བོན་པོ་ནང་པའི་གྲུབ་མཐའ་མིན་པར་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་ཞིག་བཀོད་དགོས། དེ་མིན་ང་ཡི་བླ་མས་གསུངས་ཞེས་པ་དང༌། མཁའ་འགྲོའི་བརྡ་སྐད་ཡིན་ཚུལ། ཡང་ན་ཆོས་འབྱུང་ག་གེ་མོའི་ནང་ལ་གསལ་འདུག་ཅེས་པ་འུ་ཐུག་ཅིང་ཐབས་ཟད་པའི་གཏམ་ལས་གང་ཡང་མིན་ཏེ། ཕྱོགས་ལྷུང་གིས་བཟི་བའི་གཡག་ཞར་གྱིས་རྩྭ་བཟའ་བའི་ཚུལ་ལས་མ་འདས་པའི་ཚིག་རྙོག་དེ་དག་སྣ་ཟིན་སྤུ་ཟིན་བྱས་པའི་འབྲས་བུར། བདེན་དོན་གྱི་འབེལ་གཏམ་རྣལ་མ་ཞིག་ནམ་ཡང་མི་འབྱུང་བས་རྫུན་གྱི་ཕུགས་རྡོལ་བར་རིགས་སོ། །རྒྱུ་ཡི་བོན་ཞེས་པའི་ཐ་སྙད་ཀྱི་ཤུགས་ལས་འབྲས་བུའི་བོན་ཞེས་པ་ཞིག་ཡོད་དགོས་པས་འབྲས་བུའི་བོན་ལའང་བོན་ལུགས་ཀྱི་ལྟ་བ་མེད་པ་ཡིན་ནམ། མ་གཞི་ནས་རྒྱུ་འབྲས་ཀྱི་བོན་ནམ་རྒྱུ་འབྲས་ཀྱི་ཐེག་པའི་བརྗོད་བྱ་གང་དང་གང་བསྟན་མིན་དགོངས་མི་འདུག་པས་དེ་ཡང་འོལ་ཚོད་ཙམ་གྱི་གཏམ་དུ་ཟད་དོ། །
       རྒྱུ་ཡི་བོན་ཆབ་ནག་ཅེས་པའི་གོ་དོན་ནམ་འགྲེལ་བཤད་ཅུང་ཙམ་ཞིག་གཞུང་དོན་དང་མཐུན་པར་ངོ་སྤྲོད་ན། འདི་ལྟར། མདོ་དྲི་མེད་གཟི་བརྗིད་ལས། “ཆབ་ནི་འགྲོ་བ་གསོ་བ་ལ། ནག་ནི་བོན་ཉིད་འགྱུར་བ་མེད། །”ཅེས་པའི་ལུང་གི་ཚིག་རྐང་འདི་གཉིས་ཙམ་ལ་ཅུང་ཞིག་སོམས་དང༌། ཚིག་རྐང་དང་པོས་སྤྱོད་པ་འཚེ་བ་མེད་པ་དང༌། ཚིག་རྐང་གཉིས་པས་བདེན་གྲུབ་དང་རང་བཞིན་གྱིས་གྲུབ་པ་ལ་སོགས། དགག་བྱ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ལྟ་བ་བོན་ཉིད་དམ་སྟོང་ཉིད་ཀྱི་རང་བཞིན་དངོས་སུ་བསྟན་འདུག་གམ་མི་འདུག བསྟན་ན་རྨོངས་པའི་ཨུ་ཚུགས་ཀྱིས་དེ་དུས་བོན་ལུགས་ལ་ལྟ་བའི་ཐ་སྙད་མ་གྲགས་ཚུལ་དང༌། རྒྱུ་བོན་ཞེས་པ་མར་འདྲེ་སྲིན་གནོན་པ་དང་མར་ཁྱིམ་ཐབ་འདོན་པ་ཙམ་ལས་མེད་ཚུལ་བཤད་པ་དག་བདེན་ན། རྒྱུ་ཡི་ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པར་བརྗོད་བྱའི་གཙོ་བོ་གཞུང་ཆེན་པོ་བཞི་སྟེ། མོ་དང༌། རྩིས། གཏོ་དང༌། དཔྱད་བཅས་བཞི་ཡོད་པས་རྩིས་དང་དཔྱད་སོགས་ཀྱི་ནང་མར་འདྲེ་སྲིན་གནོན་པ་དང་ཁྱིམ་ཐབ་འདོན་པ་ཙམ་དང་བོད་ཀྱི་ལྷ་འདྲེ་རྐྱང་བསྟན་འདུག་གམ། གཞན་ཡང་རྒྱུ་ཐེག་བཞི་པ་སྲིད་གཤེན་ཐེག་པའི་བརྗོད་བྱར་གཤིན་བྱང་དང་གསོན་བྱང་སྟེ་ཚེ་འདས་ཐར་བར་འདྲེན་པའི་འདྲེན་ཆོག་སོགས་སུ་ལུང་དེར་བཤད་པའི་བརྗོད་བྱ་དེ་ཙམ་ལས་བཤད་མི་འདུག་གམ། འདི་དག་ལ་བློ་གྲོས་དང་ལྡན་པ་དག་གིས་ལེགས་པར་དཔྱད་ཚེ། བོན་དང་བོན་གྱི་སྐོར་ལ་བཤད་པའི་གཏམ་དེ་དག་ཁུངས་ཐུབ་པའི་འབེལ་གཏམ་ཞིག་ཡིན་མིན་གྱི་མཚང་ཆེན་གཅེར་གྲོལ་དུ་རིག་པར་མངོན་ནོ། །དེ་ཡང་སྟོན་པ་སངས་རྒྱས་ཀྱིས་མཛད་པའི་བདེར་གཤེགས་བསྐལ་བ་གྲངས་རྩིས་ཀྱི་མདོ་ལས། “སྒོ་བཞི་མཛོད་ལྔའི་བོན་སྒོ་དང༌། །ཐེག་པ་རིམ་དགུའི་དོན་སྟོན་ཏེ། །དེ་ཡིས་ངན་སོང་སྒོ་གཅོད་ཅིང༌། །ཐར་པར་ལམ་འདྲེན་བྱེད་པའོ། །” {15}ཞེས་པའི་གཞུང་དོན་ལའང་ཅུང་ཞིག་ཐུགས་བག་ཏུ་ཕེབས་ཏེ་སོམས་ཤིག་དང༌། ངེས་དོན་རྣལ་མ་ཞིག་ཐུགས་ལ་འཁྲུངས་ངེས་སོ། །འདི་དག་ལས་འཕྲོས་ཏེ་མཁས་པ་དང་ཞིབ་འཇུག་པར་གྲགས་པ་མི་ཉུང་བ་ཞིག་གིས་ཆབ་དཀར་དང་ཆབ་ནག་གི་བོན་སྒོའི་གོ་དོན་ཀྱང༌། ཀོང་པོའི་ཆུ་དཀར་ནག་ལ་དཔྱད་དེ་ཞིབ་འཇུག་བྱེད་པ་ནི་བོན་གྱི་གཞུང་དོན་དཔྱིས་ཕྱིན་པ་ཞིག་མ་མཐོང་པའི་སྐྱོན་ཁོ་ནར་ཟད། གཡུང་དྲུང་བོན་གྱི་བསྟན་པ་བོད་དུ་ཐོག་མར་དར་བའི་དུས་རིམ་ཡང་རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་བཤད་པ་གཏན་ནས་མ་ཡིན་ཏེ། སྟོན་པ་གཤེན་རབ་དགུང་ལོ་བཅོ་བརྒྱད་ཡས་མས་སུ་རྟག་གཟིགས་ནས་བོད་ཡུལ་དུ་ཕེབས་ཏེ་རྒྱུ་ཡི་ཐེག་པ་བཞི་ཐོག་མར་གསུངས། སྐབས་དེའི་བོད་ཀྱི་བོན་པོ་སྟོན་པ་གཤེན་རབ་མི་བོའི་རྒྱུད་འཛིན་གྱི་བོན་པོ་མ་ཡིན་པར་འདོད། རྣམས་ཀྱིས་ལྷ་གསོལ་བ་དང༌། འདྲེ་ཕུད་པ་སོགས་ཡུལ་ལུགས་སྲོལ་རྒྱུན་གྱི་བྱེད་ལས་ཁྲོད། སྒོ་ཕྱུགས་དུད་འགྲོ་དང་རི་དྭགས་གཡུང་དྭགས་སོགས་དངོས་སུ་བསད་དེ་ཡུལ་ལྷ་དང་བཙན་ལྷ་མཚུན་ལྷ་སོགས་ལ་མཆོད་འབུལ་བྱེད་པ་ཡོད་སྲིད་རུང༌། སྟོན་པ་གཤེན་རབ་ཀྱི་བསྟན་པའི་རྗེས་སུ་འཇུག་པ་རྣམས་ནས་དེ་ལྟར་ནམ་ཡང་བྱ་མི་རུང་བ་སྟོན་པ་རང་ཉིད་ཀྱིས་གསུངས་པའི་གསུང་རབ་མཐའ་ཡས་པ་དག་ལས་ཤེས་རྟོགས་ཐུབ་པར་ངེས། དེ་ཡང་མདོ་ལས། “རྒྱུ་ཡི་ཐེག་པ་སྡིག་མ་འདྲེས། །སྡིག་འདྲེས་མཆོད་པས་ལྷ་མི་མཉེས། །” {16}ཞེས་དང༌། སྟོན་པའི་ཞལ་ནས“གཅིག་གསོད་གཅིག་གསོ་བྱ་བའི་བོན་ནི་བདག་མི་ཤེས།”ཞེས་གསུངས་པས་སོ། །དེང་དུས་ཞིབ་འཇུག་པ་འགའ་ཞིག་གིས་བོན་གྱི་གཏོ་ཆོག་སོགས་ཀྱི་ནང་དུ། བྱ་རིགས་དང་གཅན་གཟན་དུད་འགྲོ་སོགས་ཀྱི་གཟུགས་རིས་ཀྱི་ཡས་སྟགས་སོགས་ནི། སྔ་དུས་སུ་བོན་པོས་དམར་མཆོད་འབུལ་བའི་སྲོལ་ཡོད་ཅིང་ཕྱིས་སུ་བཅོས་བསྒྱུར་བྱས་ཚུལ་བཤད་པ་ནི། གཞུང་དོན་གྱི་གནས་ཚུལ་མཐར་ཐུག་པ་མ་རྟོགས་པའི་རང་སྐྱོན་གསལ་བར་བསྟན་པས་སོ། །གཞུང་དོན་ངོ་མ་གང་ཡིན་ཞེ་ན། འགྲོ་བ་མི་རྣམས་ལ་དབང་པོ་ལྔ་ཡི་སྤྱོད་ཡུལ་དུ་གྱུར་བའི་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་ལ་ཆགས་ཤིང་ཞེན་པའི་སེམས་ཡོད་པ་ཇི་བཞིན། འཇིག་རྟེན་གྱི་ལྷ་ཀླུའམ་གཡེན་ཁམས་ཀྱི་ལྷ་མ་སྲིན་སྡེ་བརྒྱད་རྣམས་ལའང་དེ་ལྟར་ཡོད་པའི་རྒྱུ་མཚན་གྱིས་དེ་བཞིན་བསྔོ་བ་ལས། སྔ་དུས་སུ་སེམས་ཅན་དངོས་སུ་སྲོག་བཅད་དེ་འབུལ་བའི་སྲོལ་རྒྱུན་ཆོས་ལུགས་སུ་དར་བའི་རྒྱུ་མཚན་དུ་དྲངས་བ་ནི་མ་བརྟག་མ་དཔྱད་པའི་གཏམ་ཁོ་ནར་མངོན། གཞན་ཡང་ཚེ་འདས་ཀྱི་འདྲེན་ཆོག་སོགས་ཀྱི་སྐབས་སུའང་“གཏད་ཡར”{17}ཞེས་རི་གཡུང་གཅན་གཟན་དང༌། ཕོ་ཏོང་མོ་ཏོང་སོགས་མཛེས་དགུའི་གཟུགས། སྙན་དགུའི་སྒྲ། ཞིམ་དགུའི་དྲི། བདའ་དགུའི་རོ། འཇམ་དགུའི་རེག་བྱ་སོགས་འདོད་པའི་ཡོན་ཏན་སྣ་ལྔ་མཚོན་པའི་གཟུགས་རིས་སུ་ཡུལ་མཁར་ས་ཞིང་སོགས་ཚེ་འདས་ལ་སྦྱིན་པའི་ཚུལ་རྣམས་ཀྱང༌། སྔོན་དུས་བོན་ལུགས་སུ་སེམས་ཅན་དེ་དག་དངོས་སུ་བསད་དེ་ཚེ་འདས་ལ་སྦྱིན་པའི་སྲོལ་རྒྱུན་ཡོད་པ་ཞིག་མིན་པ་ཆོ་ག་དེ་དག་ལ་སྤྱན་དཀྱུས་ཡངས་ཙམ་བྱས་ཏེ་གཟིགས་ན་ངེས་ཤེས་རྙེད་ངེས་ཡོད་པས་དེ་ཙམ་གྱིས་འཐུས་པར་བྱས། དེས་ན་གྲི་གུམ་བཙན་པོའི་སྐབས་བོད་དུ་བོན་ཐོག་མར་དར་ཞེས་ཨུ་ཚུགས་ཀྱིས་ཅི་ཙམ་བསྙད་ཀྱང་ལོ་རྒྱུས་ངོ་མ་ཞིག་གཏན་ནས་མིན་པར་མཐོང༌།

གཉིས་པ། འཁྱར་བོན་ཟེར་བ།

       གྲུབ་མཐའི་གཞུང་དེར“འཁྱར་བོན་ནི་གྲི་གུམ་བཙན་པོའི་གྲི་བཤིད་བོད་ཀྱི་བོན་པོ་རྣམས་ཀྱིས་བྱེད་མ་ཤེས་ནས་ཁ་ཆེ་དང༌། བྲུ་ཤ། ཞང་ཞུང་གསུམ་ནས་བོན་པོ་གསུམ་གྲི་ཤིད་ལ་བོས་པ།”ཞེས་པ་ནས། “དེ་གསུམ་མ་བྱུང་ཕན་ཆད་དུ་བོན་ལ་ལྟ་བ་འདི་ཡིན་བྱ་བ་མེད། དེ་ཕྱིན་ཆད་ནས་བོན་གྱི་ལྟ་བ་གཅིག་ཀྱང་བཟུང་སྟེ། མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པ་ཡིན་སྐད།”{18}ཅེས་གསལ། གྲི་གུམ་བཙན་པོའི“གྲི་བཤིད”བྱེད་མ་ཤེས་ཟེར་བ་རྒྱལ་པོའི་སྐུ་གཤེན་ལ་གོ་བ་ཡིན་ན། གྲི་གུམ་གྱི་སྐུ་གཤེན་གཅོའུ་ཚེམས་དཀར་གྱིས་གནང་ཞིང༌། རྒྱལ་པོའི་བླ་ཡི་སྐུ་གཤེན་ཞིག་ཏུ་གཏོ་ཕྲན་ཆུང་ངུ་དེ་ཙམ་ཡང་མི་དགོངས་མཁན་ཞིག་རྒྱལ་པོའི་དབུ་བླར་ཇི་ལྟར་བཀུར་བ་ཡིན་ནམ། རྒྱལ་པོ་ལོ་ན་ཉེར་བརྒྱད་ཐོག་གཡུང་དྲུང་བོན་གྱི་བསྟན་པ་ལ་ཆགས་འཇིག་ཆེན་པོ་བྱུང་མོད། དེ་སྐབས་སམ་སྤྱིར“གྲི་བཤིད”ཟེར་བའི་ཐ་སྙད་དེ་འདྲ་བོན་དང་འབྲེལ་བ་ཞིག་ཡིན་ཚེ་བོན་ལུགས་ཀྱི་གཏོ་ཆོག་དང༌། རྒྱལ་རབས་ལོ་རྒྱུས་སོགས་སུ་ཡོད་དགོས་པ་ལས་དེ་ལྟར་གྲོང་པའི་ཁ་སྐད་ཙམ་དུའང་མ་གྲགས་པས། མི་བདེན་རྫུན་བསྒྲིགས་ཁོ་ན་བྱས་པའི་གཏམ་ལས་ཁུངས་ལྡན་གྱི་གཏམ་ཞིག་སུ་ཞིག་གིས་ཀྱང་ཡིད་མི་ཆེས་སོ། །དེ་དང་དེ་འདྲ་བའི་རྫུན་ཚིག་གི་ཕུང་པོ་མང་དག་ཅིག་བོན་པོར་མཐོང་ཆུང་དང་མ་ཉེས་ཁ་གཡོག་གི་ཚུལ་དུ་བྲིས་པ། དཔེར་ན། བདུད་འཇོམས་ཀྱིས་བྲིས་པའི་བོད་ཀྱི་ལོ་རྒྱུས་ནང་དུ། “བཀྲུ་བོན། ནག་བོན། ཞུ་བོན། བཤིག་བོན། གསེ་བོན། གྲངས་བོན། ཁྲག་བོན།”{19}ཅེས་པའི་ཐ་སྙད་ཀྱི་ཚིག་འདི་དག་ནི་ལྷ་འདྲེས་བདུད་འཇོམས་ལ་སྙན་དུ་བརྒྱུད་པའམ། གནམ་ཡིག་དང་ལུང་བསྟན་དུ་བྱུང་ན་ལས། དེ་མིན་འབྲེལ་ཡོད་བོན་གཞུང་གང་དུ་བལྟས་ཀྱང་ཐ་སྙད་ཀྱི་ཚིག་འདི་ལྟར་རྙེད་རྒྱུ་མེད་པའི་ཕྱིར། དེ་ལྟར་ན་དེ་འདྲའི་བོན་པོ་ཡོད་ཆོག་པར་བཟའ་བོན་མེད་དགོས་པའི་རྒྱུ་མཚན་མེད་པས། དེས་ན་བཟའ་བོན་སོགས་བོན་ལ་གནག་པའི་སྒོ་ནས་ཡིད་ལ་ཤར་ཚད་ཐམས་ཤོག་ཐོག་ཏུ་ཁོད་ཅིག
       བན་དེའི་ལོ་རྒྱུས་ཁག་ཅིག་ཏུ་བོན་ལ་དམའ་འབེབས་ཀྱི་ཚུལ་གྱིས། “བོན་གྱི་ལྟ་བ་གཅིག་ཀྱང་བཟུང་སྟེ་མུ་སྟེགས་དབང་ཕྱུག་པའི་གྲུབ་མཐའ་འཁྱར་བ་བོན་དང་འདྲེས་པས”ཞེས་པར། དུང་དཀར་ཚིག་མཛོད་དུ། “ཧིན་དུའི་ལོ་རྒྱུས་སོགས་ཀྱི་ནང་སྟོན་པ་ཤཱཀྱ་ཐུབ་པ་མཆོག ཁྱབ་འཇུག་གི་འཇུག་པ་བཅུ་ལས་དགུ་པ་དེ་ཡིན་པར་ས་སྟེང་གི་རྒྱལ་རིགས་དང་རང་ཉིད་ཀྱི་སྤུན། ལྷ་མ་ཡིན། སྲིན་པོ་སོགས་མང་པོ་བསད་པའི་སྡིག་པ་སྦྱང་པའི་ཆེད་དུ། སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་མི་རྣམས་ལ་དགེ་བ་བཅུ་ཡི་ཆོས་བསྟན་པ་ཞེས།”{20}སངས་རྒྱས་ཤཱཀྱ་ཐུབ་པ་དེ་ཉིད། ཁྱབ་འཇུག་གི་འཇུག་པ་བཅུ་ཡི་ཁོངས་སུ་དྲངས་པ་ལས་སྟོན་པ་གཤེན་རབ་བམ་བོན་དང་བོན་བསྟན་སོགས་ཧིན་དུའི་གྲུབ་མཐའ་འམ་ཕྱི་རོལ་བའི་ཆོས་ལུགས་དང་འབྲེལ་བ་ཡོད་པ་ཞིག་མཐོང་ཐོས་མེད་པས་བོན་གྱི་བསྟན་པ་ཇི་ལྟར་བྱས་ནས་ཧིན་ངྷུ་སོགས་མུ་སྟེགས་པའི་གྲུབ་མཐའ་དང་འདྲེས་པ་ཡིན་ནམ། འོན་ཀྱང་ལོ་རྒྱུས་ཀྱི་བྱུང་རིམ་འདི་རིགས་བན་དེས་དམ་པའི་ཆོས་དང་བོད་ཀྱི་ཡི་གེ་ཆུང་ས་ནས་བོད་ལུགས་ཐུན་མོང་མ་ཡིན་པའི་འཚམས་རྟགས་ཁ་བཏགས་འབུལ་བའི་སྲོལ་ཡང་རྒྱ་གར་ནས་བྱུང་བར་འདོད་པ་སོགས་དམ་པའི་ཆོས་མ་ཡིན་པའི་བོད་དུ་དར་བའི་ཆོས་ལུགས་རྣམས་ཀྱང་ལྟ་བ་ལོག་པ་དང་འཁྲུལ་བ་ཡིན་པར་འདོད་པ་མ་ཟད། ལྟ་ངན་དེ་དག་ཀྱང་རྒྱ་གར་ནས་མཆེད་པའམ་འཁྱར་ཏེ་བྱུང་བས་འཁྱར་བོན་ཅེས་བཤད། དེས་ན་དེ་དག་ཀུན་མི་བདེན་རྫུན་བཟོ་བྱས་པ་ལས་བོན་རང་ལུགས་ཀྱི་གཞུང་ནས་དེ་ལྟ་བུའི་རྣམ་བཤད་ཀྱི་ལུང་ཚིག་གཅིག་ཀྱང་འདྲེན་རྒྱུ་མེད་པའི་ཕྱིར་རོ། །

གསུམ་པ། བསྒྱུར་བོན་ཞེས་ཁག་གསུམ་དུ་ཕྱེས་ཡོད།

       དང་པོ་ནི། གཞུང་དེར“པཎྚི་ཏ་ཤམ་ཐབས་སྔོན་པོ་ཅན་གྱིས་ཆོས་ལུགས་གཏེར་དུ་བཅུག་ནས་ཁོ་རང་གིས་བཏོན་པ་བོན་དང་འདྲེས་པ་ལ་ཟེར།”{21}ཞེས་གསལ། པཎྚི་ཏ་ཤམ་ཐབས་སྔོན་པོ་ཅན་ཞེས་པའི་བོན་གྱི་གཏེར་སྟོན་ཞིག་བྱུང་ཡོད་ཚེ། བོན་གཞུང་ཁག་ཏུ་རྣམ་ཐར་རམ་བྱུང་རབས་ཀྱི་ལོ་རྒྱུས་རྒྱས་པ་མ་བྱུང་ནའང་མདོར་བསྡུས་ཤིག་ཡོད་དགོས་པ་ལས་དེ་ལྟར་ཕར་ཞོག དེ་ལྟའི་གཏེར་སྟོན་གྱི་མཚན་ཙམ་ཡང་གསལ་འཁོད་མེད་པས་དེས་ན་པཎྚི་ཏ་ཤམ་ཐབས་སྔོན་པོ་ཅན་ཞེས་པའི་གཏེར་སྟོན་ཞིག་བགྲངས་འདུག་པ་དེ་ནི་ཐུའུ་བཀྭན་ཚང་གིས་རང་བཟོས་བསླད་པའི་རྟོག་བཏགས་ཀྱི་གཏེར་སྟོན་ཞིག་ཏུ་ངོས་འཛིན་རྒྱུའམ། འདི་འདྲའི་ལོ་རྒྱུས་ཤིག་སྔ་དུས་རྒྱ་གར་ན་ཡང་བྱུང་ཚུལ་དེབ་རང་དུ་ཡོད་པས་གཞན་ལ་ལད་ཟློས་བྱས་སྙམ། དེ་ཡང་བོན་ལུགས་ཀྱི་གཏེར་སྟོན་རྣམས་ནི་མ་འོངས་ལུང་གིས་ཟིན་ཞིང་སངས་རྒྱས་ཀྱི་རྣམ་སྤྲུལ་ལམ་རིག་འཛིན་གོང་མས་བྱིན་གྱིས་རླབས་ཤིང༌སྐལ་བ་དང་ལྡན་པའི་སྐྱེས་བུ་ཁྱད་འཕགས་ཞིག་ངེས་པར་དུ་དགོས་པས། དེས་ན་དེ་ལྟ་བུའི་སྐྱེས་མཆོག་གི་མཚན་ལོ་རྒྱུས་དང་གཞུང་ལུགས་གང་དུའང་མི་གསལ་བའི་རྒྱུ་མཚན་ཅིས་ནོངས་པ་ཡིན་ནམ།
        གཉིས་པ་ནི། གཞུང་དེར“ཁྲི་སྲོང་ལྡེའུ་བཙན་གྱི་དུས་བོན་རྣམས་ཆོས་ལ་འཇུག་དགོས་པའི་བཀའ་ཁྲིམས་བྱས་ཏེ།”ཞེས་པ་ནས། “རྒྱལ་པོས་གསན་ནས་དེ་བཞིན་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་བ་རྣམས་ཀྱི་སྐེ་ཆོད་གསུངས་ནས་མང་རབས་ཀྱི་སྐེ་བཅད་པས་བོན་པོ་རྣམས་སྐྲག་ནས། བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས་པ་རྣམས་ཕྱིས་སུ་བཏོན་པ་ལ་བོན་གཏེར་མ་ཡིན་ཟེར།”{22}ཞེས་གསལ། ཕྱོགས་གཅིག་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཉིད། བདེར་གཤེགས་ཀྱི་རྣམ་སྤྲུལ་དང་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞེས་གནམ་གྲགས་ས་གྲགས་ཀྱིས་བསྟོད་པ་བྱེད་ཅིང༌། ཕྱོགས་གཞན་ཞིག་ནས་རྒྱལ་པོ་དང་བློན་པོ་བཅས་རང་ལྟ་ལ་ཆགས་ཤིང་གཞན་ལྟ་ལ་སྡང་པའི་ཆགས་སྡང་གིས་རབ་ཏུ་མྱོས་ཏེ། ཤཱཀྱ་ཐུབ་པའི་ཆོས་བྱེད་དུ་མི་ཉན་པའི་བོད་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་མི་རིགས་བོན་པོ་རྣམས་ཀྱི་སྐེ་ཆོད་ཅེས། གནམ་གྱི་བཀའ་བཙན་པོས་མང་རབས(མང་པོའི་དོན་དུ་གོ་སྙམ)ལ་བོན་པོ་རྣམས་ཀྱི་སྐེ་གཅོད་དུ་བསྐུལ་བའི་ངོ་གདོང་ལ་བལྟས་ཚེ། བོད་ཀྱི་བོན་པོ་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་མྱོང་དགོས་པའི་གནས་ཚུལ་ཐབས་སྡུག་ཅིག་བྱུང་བ་ཁྱེད་རང་གིས་གསལ་བཤད་བྱས་པ་ལྟར་ཡིན། འདི་འདྲའི་ཆོས་ཀྱི་རྒྱལ་པོ་ཞིག་གིས་བྱེད་སྟངས་ལ་ཕྱི་མིག་ཅིག་བལྟས་ཚེ། དམ་ཆོས་ཁ་ལ་ཁྱེར་ཏེ་འབངས་མི་མང་སྡེབ་གསོད་གཏོང་བའི་དེང་དུས་ཀྱི་འཇིགས་སྐུལ་རིང་ལུགས་པའི་གཏེ་བོ་ཞིག་དང་ཅིས་མི་འདྲ་འམ། ལར་ནས་ལོ་རྒྱུས་འདི་རིགས་རྒྱལ་བློན་རྣམས་ཀྱི་མཛད་རྗེས་སུ་བརྩིས་ཏེ་ངོམས་ཁུལ་བྱེད་པ་ལས། ལོ་རྒྱུས་ཀྱི་ཁོང་ནས་ནག་བསུབ་དུ་གཏོང་བའམ། མེ་ལྷའི་ཞལ་དུ་བསྟབས་ཀྱང་ལེགས་ཏེ་འདིའི་རིགས་ཀྱིས“ང་ཚོས་བརྗོད་བཞིན་པ་བོད་མི་རིགས་ནི་ཡ་རབས་ཀྱི་སྤྱོད་པ་དང་ལྡན་པ་སྟེ། བྱམས་བརྩེ་དང་དྲང་བདེན་གྱི་ཁོར་ཡུག་ཅེས་ཇི་ལྟར་བརྗོད་ཀྱང་རུང་”བོད་ཀྱི་མཐོ་རིམ་མི་སྣ་མང་པོའི་ཕྱོགས་ཞེན་གྱི་རང་གཤིས་དམར་པོའི་རྫོབ་རྟགས་འཛམ་གླིང་མི་མང་གི་མདུན་སར་ལྷང་ངེར་བསྟན་དང་སྟོན་བཞིན་པ་ཤེས་པར་གྱིས། སྐབས་དེར་བོན་པོ་རྣམས་སྐྲག་སྟེ་བདེ་བར་གཤེགས་པའི་གསུང་རབ་བོན་དུ་བསྒྱུར་འཕྲོ་དང་བཅས་པ་གཏེར་དུ་སྦས་པ་རྣམས་ཕྱིས་སུ་བཏོན་པ་ལ་བོན་གཏེར་མ་ཡིན་ཟེར་བའི་དོད་དུ། དངོས་དོན་དུ་རྒྱལ་པོས་བོན་གྱི་གསུང་རབ་ཀྱིས་གཙོས་པའི་རྟེན་གསུམ་རྣམས། བསྐལ་བ་གསུམ་གྱིས་བརླག་པར་བྱས་པ་མ་ཟད། བཙན་གནོན་གྱིས་བོན་པོ་རྣམས་ཀྱི་སྐེ་ཆོད་ཅིག་ཅེས་བཙན་བཀའ་བཏང་བར་བོན་པོ་རྣམས་སྐྲག་སྟེ་བོད་རུ་བཞི་ལས་བརྒལ་ནས་བྲོས་སྐབས། བོན་གྱི་གསུང་རབ་ལྷག་ལུས་འཁྱེར་འཕྲོ་རྣམས་གཏེར་དུ་སྦས་པ། ཕྱིས་བོད་དུ་མི་དགེ་བའི་ལྟས་སྣ་ཚོགས་བྱུང་སྟེ། རྒྱལ་པོས་འདི་དག་ནི་ཡབ་མྱེས་ཀྱི་བསྟན་པ་བསྣུབས་པ་ལས་བྱུང་བ་ཡིན་པར་ཤེས་ཏེ་བོན་གཤེན་རིག་འཛིན་རྣམས་སླར་བོད་ཡུལ་དུ་གདན་དྲངས་པར་བརྟེན་ནས། བོན་གཤེན་རིག་འཛིན་རྣམས་ཀྱིས། སྔར་གྱི་བོན་འཁྱེར་འཕྲོར་ལུས་པའི་བོན་གཏེར་དུ་སྦས་པ་རྣམས་དེ་དུས་གཏེར་ནས་བཏོན་པ་ལ་གཏེར་མ་ཞེས་སྨྲས་ན་ལོ་རྒྱུས་དངོས་དང་ཆེས་འཚམས་པར་རིགས་སོ། །
        གཞན་ཡང་བོན་པོས་བསྒྱུར་འཕྲོ་ལུས་པ་རྣམས་གཏེར་དུ་སྦས་ཁོམ་མེད་པར་ཐལ། རང་ཉིད་ལ་དབང་པའི་གསུང་རབ་རྣམས་ཀྱང་འཁྱེར་བའི་དབང་ཆ་མེད་པའི་ཕྱིར་ཏེ། རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས། “བོན་གྱི་དཔེ་ཕལ་ཆེར་ཀ་བའི་འོག་ཏུ་སྦས། རི་མོ་རྣམས་མ་འོངས་པ་ན་ཉམས་པ་གསོ་བའི་ཆེད་དུ། ཕྱི་མོ་བེ་བུམ་དུ་བྱས་ཏེ་དཀོར་མཛོད་དང་ཀེ་ཚང་དུ་བཞག་གོ །”{23}ཅེས་གསལ། འདི་ལྟར་བསམ་ཚེ་ནང་པ་བ་ཞེས་པ་ནི་སྐྱབས་འགྲོའི་བསླབ་བྱ་ལ་བླང་དོར་མ་ལྡོག་པ་ཞིག་ངེས་པར་དགོས་པས། ཡི་གེ་ཀ་ཡན་ཆད་འགོམ་ཡུག་བྱ་མི་རུང་ན། བོད་ཡིག་གླེགས་བམ་མང་པོ་ཀ་བའི་འོག་ཏུ་སྦས་པ་ནི་ཀླ་ཀློ་ལས་ཀྱང་ཐ་ཆད་དུ་སྣང་ངོ་། །གོང་དུ་སོང་བ་བཞིན་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ཁྲིམས་འོག་བོན་པོ་རྣམས་གནམ་འོག་ཏུ་འཚོ་བར་ཆེས་སྙིང་ནད་ཆེ་ཚུལ་བཤད་པ་བོན་གྱི་ལོ་རྒྱུས་དང་མཐུན་ན་ཡང༌། བོན་གཏེར་མ་ཞེས་བཤད་པ་ནི། གཙོ་བོ་རྒྱལ་པོ་གྲི་གུམ་བཙན་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་བོན་གཤེན་རྣམས་ལ་བོན་སྐྱོང་དམ་ཅན་རྒྱ་མཚོས་ལུང་བསྟན་བྱུང་བ་ལྟར་གཏེར་དུ་སྦས་པ་རྣམས། ཕྱིས་ལུང་གིས་ཟིན་པའི་གཏེར་སྟོན་རྣམས་ཀྱིས་བཏོན་པར་བོན་གཏེར་མ་ཞེས་གྲགས་པ་ལས། དེ་མིན་རྒྱུ་མཚན་ཆུང་ངུ་རྟོག་གེ་བས་བསླད་དོགས་ཀྱིས་གཏེར་ལ་སྦས་པར་བཤད་པ་ནི་བོན་པོའི་ལུགས་སུ་མ་གྲགས་སོ། །
       གསུམ་པ་ནི། གཞུང་དེར“གླང་དར་གྱིས་བསྟན་པ་སྣུབ་རྗེས་གཙང་ཉང་སྟོད་ན་གཤེན་སྒུར་ཀླུ་དགའ་བྱ་བས་དར་ཡུལ་སྒྲོ་ལག་བྱ་བ། དབུས་ཀྱི་བོན་གནས་གཅིག་ཏུ་སངས་རྒྱས་ཀྱི་བཀའ་མང་པོ་བོན་དུ་བསྒྱུར་ཏེ།”ཞེས་པ་ནས། “ཚོ་ལྔ་འབྲིའུ་ཆུང་གི་བྲག་ལ་གཏེར་དུ་སྦས། ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན། དེ་རྗེས་ཁྱུང་པོ་བོན་ཞིག་ལ་སོགས་པས་ཀྱང་དེ་འདྲ་མང་དུ་བསྒྱུར། བསྒྱུར་བོན་སྔ་ཕྱི་བར་གསུམ་དེ་ལ། ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ཅེས་མིང་བཏགས།”{24}ཞེས་གསལ་བར། སྤྱིར་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་ནི། དེ་ལྟ་བུར་བསྒྱུར་ཐུབ་པའི་རྩོམ་རིག་གི་ཤེས་བྱ་ཡོན་ཏན་ཡོད་མེད་ཐག་ཀྱང་མི་ཆོད་སྟེ། གཤེན་ཆེན་ཀླུ་དགས་མཛད་པའི་རྒྱ་ཆེ་བའི་གཞུང་ལུགས་བཀའ་བརྟེན་གང་ཡང་མཐོང་ཐོས་མ་བྱུང་བས། དེ་ལྟར་བསྒྱུར་བར་བཤད་པ་ནི་ཡིད་ཆེས་པའི་རྒྱུ་མཚན་གང་ཡང་མ་མཐོང༌། ལར་ནས་གཤེན་ཆེན་ཀླུ་དགས་གཏེར་ནས་སྟོན་པ་ཇི་སྙེད་ཅིག་བོན་ཕྱོགས་སུ་ད་ལྟ་དངོས་སུ་བཞུགས་ཡོད་པས། དེ་དང་དེ་བསྒྱུར་བའི་ལུང་རིགས་ཀྱིས་རྒྱུ་མཚན་རྣམ་དག་ཅིག་དགོས་པ་ལས། གྲུབ་མཐའི་ཆགས་སྡང་གིས་བཤད་པར་ཡིད་རྟོན་སུ་ཡིས་བྱེད། ཕྱོགས་གཅིག་ནས་སྤྲུལ་སྐུ་གཤེན་ཆེན་ཀླུ་དགའ་མ་བྱོན་པའི་སྔོན་ནས་འབྲས་བུའི་བོན་ལ་སྤྱོད་པའི་མཁས་གྲུབ་གནམ་ས་གང་བ་བྱོན་ཟིན་པས་འབྲས་བུའི་བོན་དེ་ནས་བྱུང་བ་མི་བདེན་ནོ། །གཞན་ཡང་གཤེན་ཆེན་ཀླུ་དགས་གཏེར་ནས་དྲངས་པ་གཙོ་བོ་ཞིག་བོན་གྱི་ཁམས་ཆེན་དུམ་པ་བཅུ་དྲུག་གི་བདག་ཉིད་ཅན་དེ་ཡིན་པས། དེ་ནི་བན་དེའི་ཡུམ་དུམ་པ་བཅུ་གཉིས་ལས་ཧ་ཅང་གི་རྒྱས་ཤིང་བོན་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ལྟ་སྒོམ་སྤྱོད་གསུམ་སྟོན་པའི་གཞུང་ཆེན་ཞིག་ཡིན། དེས་ན་ཐུའུ་བཀྭན་ལྟར་ན་བསྒྱུར་གཞི་ལས་བསྒྱུར་འཕྲོ་མང་བར་བྱུང་བས་བདེན་སྟོན་གྱི་གཏམ་ཞིག་འདུག་གམ།
       གཞན་ཡང་བོན་གྱི་ཀླུ་འབུམ་དཀར་ནག་ཁྲ་གསུམ་གྱིས་མཚོན་པའི་གཞུང་ཆེན་དག་བན་དེའི་གཞུང་གང་ཞིག་གི་བསྒྱུར་འཕྲོ་ཡིན་ནམ། བོན་གྱི་གཏོ་ཆོག་སོགས་ཀྱིས་མཚོན་པའི་རྒྱུ་ཡི་བོན་དེ་དག་བསྒྱུར་འཕྲོ་ཡིན་ནམ་བསྒྱུར་གཞི་ཡིན་ཁ་ནང་དུ་འཁོར་ནས་ལེགས་པར་སེམས་ཚེ་བསྒྱུར་གཞི་དང་བསྒྱུར་འཕྲོ་གང་ཡིན་བདེན་དོན་གྱི་ངེས་པ་རྙེད་ངེས་མཆིས། ཆབ་དཀར་དྲག་པོ་སྔགས་ཀྱི་བོན་རྣམས་འབྲས་བུའི་བོན་གྱི་ཁོངས་སུ་གཏོགས་པ་བདེན་མོད། འབྲས་བུའི་བོན་རྣམས་བན་དེའི་ཆོས་དཔེ་བསྒྱུར་སྔ་ཕྱིར་བསྒྱུར་བ་ཞིག་མིན་པ་སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བོད་དུ་བྱོན་སྐབས་སུ་ཐ་སྙད་དེ་ལྟར་གྲུབ་ཟིན་པའི་ཕྱིར། དེ་ལྟར་ཡོད་པ་སྟོན་པའི་མཛད་རྣམ་རྒྱས་འབྲིང་བསྡུས་པ་རྣམས་ལས་གསལ་པའི་ཕྱིར། གཞན་ཡང་ཆབ་དཀར་དྲག་པོ་སྔགས་ཀྱི་བོན་བསྒྲུབ་སྟེ་གྲུབ་པ་ཐོབ་པའི་སྐྱེས་བུ་བན་དེ་བོད་ལ་མ་བྱུང་བའི་སྔོན་ནས་ཡོད་པའི་ཕྱིར། དེར་ཐལ། རྒྱལ་པོ་གཉའ་ཁྲི་བཙན་པོ་དེ་ཡིན་པའི་ཕྱིར། དེར་ཐལ། རྒྱལ་པོ་གཉའ་ཁྲི་བཙན་པོ་དེ་ཉིད་དབལ་རམ་ལ་བསྒྲུབ་པ་བསྐྱལ་ཏེ་གྲུབ་པ་ཐོབ་པ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་བྱུང་བ་བོན་གྱི་ལོ་རྒྱུས་རྣལ་མ་རྣམས་ལས་བཤད་པའི་ཕྱིར་རོ། །དེར་མ་ཟད་འབྲས་བུའི་བོན་རྫོགས་པ་ཆེན་པོའི་གདམས་པ་ཉམས་སུ་བླངས་ཏེ་གྲུབ་པ་ཐོབ་ཅིང༌། སྐུ་གསུམ་གྱི་གོ་འཕང་མངོན་དུ་བརྙེས་པའི་འཇའ་ལུས་འཕོ་ཆེན་ཉི་ཤུ་རྩ་བཞི་སོགས་དུས་རབས་བདུན་པའི་སྔོན་དུ་བྱུང་ཟིན་པའི་ཕྱིར། དེས་ན་ཆབ་དཀར་དང་ཆབ་ནག་གི་གོ་དོན་དང་དེ་དག་དུས་ནམ་ཞིག་ཏུ་བྱུང་མིན་སོགས་བོན་གྱི་གཞུང་ལུགས་ལ་འདྲིས་ཤིང་དཔྱད་པ་སྔོན་དུ་བཏངས་ནས་འབྲི་བར་བྱ་དགོས་པ་ལས་བོན་གཞུང་ལ་རྒྱུས་མངའ་གང་ཡང་མེད་པར་བོན་གྱི་ལོ་རྒྱུས་བཤད་ཁུལ་གྱིས་ཡིག་ཐོག་ཏུ་བཀོད་པ་ནི་ཤིན་ཏུ་ནས་ཚབས་ཆེའི་བླུན་རྟགས་སོ། །དེ་ལྟར་བོན་གྱི་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ཀྱི་གཙོ་བོ་སྤྲུལ་སྐུ་གཤེན་ཆེན་ཀླུ་དགས་འབྲིག་མཚམས་མཐའ་དཀར་ནས་གཏེར་ཞལ་ཕྱེས་པའི་བོན་གྱི་གསུང་རབ་རྣམས། “ཕྱིས་སུ་ཁོ་རང་གིས་ཐོན་པ་ལྟར་བྱས་ནས་བཏོན”པ་མིན་པའི་རྒྱུ་མཚན་དེ་ཙམ་གྱིས་འཐུས་པར་བྱོས། གཞན་ཡང་བོན་དཔེ་དེ་རྣམས་བོད་རྒྱལ་གྲི་གུམ་གྱི་སྐབས་སུ་སྦས་པ་ཤས་ཆེ་བས“ཕྱིས་གླང་དར་སྐབས་བསྒྱུར་བར་བཤད་པ་ནི་སྔ་ཕྱིའི་དུས་མི་མཉམ་པས་བསྒྱུར་བོན་སྔ་ཕྱི་བར་གསུམ་དེ་ལ་ཆབ་དཀར་ཟེར་ཏེ་འབྲས་བུའི་བོན་ཅེས་བཏགས”ཞེས་པའི་བཤད་སྲོལ་དེ་ནི་ལོ་རྒྱུས་རྫུན་མ་གུང་སྒྲིག་ཚུལ་བྱས་ཀྱང་རྫུན་ཕུགས་རྡོལ་བ་མིན་ནམ། དེས་ན་བོན་གཞུང་ནང་གསལ་བའི་ཆབ་དཀར་དྲག་པོ་སྔགས་དང༌། ཆབ་ནག་སྲིད་པ་རྒྱུད། འཕན་ཡུལ་རྒྱས་པ་འབུམ། མཐོ་ཐོག་སྤྱི་རྒྱུག་མཛོད་སོགས་ཀྱི་གོ་དོན་ཏིལ་འབྲུ་ཙམ་ཡང་མ་ཁྲོལ་བར་འོལ་ཚོད་གནང་བ་ཤ་སྟག་ཏུ་གྱུར།

བོན་པོའི་ཆོས་ལུགས་ཞེས་པར་བལྟ་བ།

       གཞུང་དེར“བོན་གྱི་ཆོས་ལ་བཀའ་འགྱུར་བྱིང་གི་ཚབ་ཡོད་ཅིང་ལྟ་བ་སྟོན་པའི་གཞུང་རྫོགས་པ་ཆེན་པོ་རིན་ཆེན་གསེར་གྱི་ཕྲེང་བ། རྩ་འགྲེལ་རླུང་གི་སྤུ་གྲི། མན་ངག་འཁོར་ལོ་འོད་གསལ།”{25}ཞེས་སོགས་བོན་གྱི་གཞུང་ལུགས་འགའ་ཞིག་གི་མཚན་བྱང་རགས་ཙམ་བགྲང་སྟེ་མཐོང་རྒྱ་དང་ཐོས་རྒྱ་ཆེ་བའི་ཁུལ་གནང་འདུག་ཀྱང༌། བོན་གྱི་བཀའ་འགྱུར་ནི་ཐུའུ་བཀྭན་གྱིས་འདོད་པའི་ཆོས་པའི་བཀའ་འགྱུར་གྱི་ཚབ་ཏུ་མི་འོས་ཏེ། བོན་གྱི་བཀའ་འགྱུར་གླེགས་བམ་ཉིས་བརྒྱ་མ་ཟིན་ཙམ་ད་ལྟའང་བཞུགས་པ། ཆོས་པའི་བཀའ་འགྱུར་མ་བྱུང་བའི་སྔ་རོལ་དུ་མི་ལོ་སྟོང་ཕྲག་མང་པོའི་ཡར་སྔོན་དུ་སྟོན་པ་གཤེན་རབ་ཉིད་ཀྱིས་གསུངས་པའི་བོན་ཁོ་ནར་ངེས་པ་མ་ཟད། དཔེར་ན་རིན་ཆེན་གཉེན་འབུམ་ལས་སོགས་འབུམ་བཞི་དང༌། གཟུངས་སྡེ་ལྔ་པ་དང༌། ཀ་བ་ནག་པོའི་རྒྱུད་སོགས་ཀྱི་ཐུན་མོང་མ་ཡིན་པའི་བརྗོད་བྱ་དང་ཚིག་གི་སྡེབ་སྦྱོར། བརྡ་དག་ཐ་སྙད་སོགས་བན་དེའི་བཀའ་འགྱུར་གྱི་ཁོངས་ནས་བསྐལ་བརྒྱར་བཙལ་ཡང་རྙེད་དུ་མི་གཏུབ་པ་དག་གིས། བན་དེའི་བཀའ་འགྱུར་བྱིང་གི་ཚབ་བམ་དཔེ་བཤུས་བྱས་པ་མིན་པའི་ཁུངས་སྐྱེལ་བྱེད་ཐུབ། དེས་ན་བོན་གྱི་བཀའ་འགྱུར་མི་ལོ་ཆིག་ཁྲིའི་གོང་ནས་རྟག་གཟིགས་དང༌། ཞང་བོད། རྒྱ་དཀར་ནག་གི་ཡུལ་དུ་རིམ་གྱིས་དར་ཞིང་རྒྱས་ཕྱིར། བོན་གྱི་བཀའ་འགྱུར་བན་དེའི་བཀའ་འགྱུར་གྱི་ཚབ་ཅེས་བརྗོད་ན་ཅིས་ཀྱང་མི་འགྲིག་པས། དངོས་གནས་བྱས་ན་བན་དེའི་བཀའ་འགྱུར་ལ་བོན་གྱི་བཀའ་འགྱུར་བྱིང་གི་ཚབ་ཡོད་ཅེས་བྲིས་ན་ལོ་རྒྱུས་ཀྱི་བྱུང་རིམ་དང་མཐུན་ནོ། །
      གཞུང་དེར“བཤད་ཚུལ་སངས་རྒྱས་ཀྱི་ཆོས་དང་དབྱིབས་མཚུངས་དང་མི་མཐུན་པ་ཅི་རིགས་དང༌། སངས་རྒྱས་ཡེ་གཤེན་ཏེ་གཤེན་རག ཆོས་སྐུ་ལ་བོན་སྐུ། ཡུམ་ཆེན་མོ་ལ་ས་ཏྲིག་ཨེར་སང༌། ལོངས་སྐུ་ལ་ཀུན་ཏུ་བཟང་པོ། སྤྲུལ་སྐུ་ལ་སྲིད་པ་སང་པོ། དགྲ་བཅོམས་ལ་གཤེན་སྲས། བྱང་སེམས་ལ་གཡུང་དྲུང་སེམས་དཔའ། བླ་མ་ལ་དཔོན་གསས། སྟོང་ཉིད་ལ་འ་མེ་ཉིད།”{26}སོགས་གཅིག་བྱས་ན་ཐུའུ་བཀན་ཚང་བོན་དཔེའི་དག་ཆ་ཙམ་ལ་ཡང་རྨོངས་པའམ། ཡང་ན་བོན་གཞུང་ཁག་ཏུ་མི་གསལ་བའི་ཐ་སྙད་མང་པོ་ཨུ་ཚུགས་དང་བཙན་གྱིས་བཀོད་འདུག་པ་སྟེ། དཔེར་ན། “སངས་རྒྱས་ཡེ་གཤེན་ཏེ་གཤེན་རག སྟོན་ཉིད་ལ་འ་མེ་ཉིད”སོགས་ཚིག་དོན་གཉིས་ཀར་གོ་རྒྱུ་གང་ཡང་མེད་པའི་རིགས། གཅིག་བྱས་ན་དཔེ་སྐྲུན་སྐབས་ཀྱི་སྐྱོན་ཡང་ཡིན་ལས་ཆེ་བས་རང་སོར་འཇོག་ཐབས་ལ་འབད་ན་ཡང༌། ཚིག་དེའི་ཤུགས་ལས་དོན་གྱི་སྔ་ཕྱི་ཕན་ཚུན་གོ་འཁྲུགས་པའི་སྐྱོན་དུ་མཐོང་སྟེ། དོགས་བསལ་གྱི་ཚུལ་གྱིས་ཚིག་རེ་ཟུང་སྤྲོས་ན། བོན་རང་ལུགས་ཀྱི་གཞུང་དུ་ཡེ་གཤེན་ལ་སངས་རྒྱས་སུ་བཏགས་པ་གང་ཡང་མེད་པ་ནི། དཔེར་ན་ཡེ་གཤེན་གཡུང་དྲུང་སེམས་དཔའ། ཆོས་སྐུ་ལ་བོན་སྐུ་ཞེས་བཏགས་པ་མ་ཡིན་པར་ཐལ། བོན་སྐུ་ཞེས་པའི་ཐ་སྙད་འཛམ་བུའི་གླིང་འདིར་བན་དེ་མ་བྱུང་བའི་སྔོན་རོལ་ཆོས་ཀྱི་སྒྲ་ཙམ་ཡང་མེད་པའི་སྐབས་ནས་ཡོད་པས་དེ་མི་བདེན་ཅིང༌། བོན་སྐུ་ལ་ཕྱིས་སུ་ཆོས་སྐུ་ཞེས་པའི་ཐ་སྙད་བཏགས་པའི་ཕྱིར། དེ་བཞིན་བོད་སྟོད་སྨད་གང་དུའང་ཡུལ་སྐད་དུ་ནས་ཀྱི་རྒྱུ་ལ་ས་བོན་དང༌། སྒྲིབ་པ་ཤིན་ཏུ་ཕྲ་བའམ་བདེན་འཛིན་གྱིས་བཞག་པའི་བག་ཆགས་ལ། བག་ཆགས་ས་བོན་ཞེས་བརྗོད་པར། ཆོས་ཀྱི་གཞུང་ལུགས་འགའ་ཞིག་ཏུ་ས་ཆོས་ཞེས་བསྒྱུར་བའང་མཐོང་བས། དེས་ན་རང་རང་གི་ལྟ་བར་དད་བསམ་ཆེ་བས་བོད་ཀྱི་སྤྱི་སྐད་ལའང་ལྷད་བཅུག་བྱེད་པ་ནི། བོད་ཀྱི་རིག་གཞུང་ལས་རང་གི་ཆོས་ལུགས་རྩ་ཆེར་འཛིན་པ་ནི་བོད་ཞེན་མེད་པའི་དན་རྟགས་ཡིན། དེས་ན་བོད་ཀྱི་བརྡ་སྐད་དུ་བོན་ཞེས་པའི་ཚིག་ཡོ་ཀ་ནག་བསུབ་གཏོང་སེམས་འཆང་བ་ཞིག་ཏུ་མཐོང༌། དེ་བཞིན་ཡུམ་ཆེན་མོ་ལ་ས་ཏྲིག་ཨེར་སངས་ཞེས་བཏགས་པ་མ་ཡིན་པར་ཐལ། ས་ཏྲིག་ཨེར་སངས་ལ་ཡུམ་ཆེན་མོ་ཞེས་ཕྱིས་སུ་བཏགས་པའི་ཕྱིར། ལོངས་སྐུ་ལ་ཀུན་ཏུ་བཟང་པོ་ཞེས་བཏགས་པའང་མ་ཡིན་ཏེ། ཁྱེད་ཀྱིས་འདོད་པའི་ལོངས་སྐུ་ཞེས་པ་སྐུ་གསུམ་གྱི་ནང་ཚན་རྫོགས་སྐུ་ཡིན་ངེས་པས་དེ་ནི་ངེས་པ་ལྔ་ལྡན་གྱི་སྐུ་ཞིག་ཡིན་དགོས་ལ། བོན་སྐུ་ནི་མེད་པ་ལྔ་ལྡན་གྱི་སྐུ་ཞིག་ཡིན་དགོས་པས་བཏགས་པའི་བོན་གསུམ་གང་ཡང་མ་ཚང་པའི་ཕྱིར། 
      དེས་ན་ལོངས་སྐུ་ལ་བོན་སྐུ་ཞེས་བཏགས་པ་བོན་གཞུང་གང་དུའང་མ་གྲུབ་པའི་ཕྱིར་རོ། །སྤྲུལ་སྐུ་ལ་སྲིད་པ་སངས་པོ་ཞེས་མ་བཏགས་པར་ཐལ། སྲིད་པ་སངས་པོ་ཞེས་པ་ནི་ལྷ་བྱེ་བྲག་པ་ཞིག་ཡིན་ལ། སྤྲུལ་སྐུ་ནི་སྐུ་གསུམ་གྱི་ནང་ཚན་དུ་གྱུར་བའི་མཐའ་མ་སྤྲུལ་སྐུ་དེ་ཡིན་ན་ནི་མ་ངེས་ལྔ་ལྡན་གྱི་སྐུ་སྤྱི་ཙམ་པ་ཞིག་ཡིན་དགོས་པས། དེས་ན་སྤྲུལ་སྐུ་ལ་སྲིད་པ་སངས་པོ་ཞེས་ཐ་སྙད་དེ་ལྟ་བུ་ནི་བོན་གཞུང་གང་དུའང་མ་གྲུབ་པའི་ཕྱིར། དགྲ་བཅོམ་ལ་གཤེན་སྲས་ཞེས་བཏགས་པ་མེད་པར་ཐལ། དགྲ་བཅོམ་གཤེན་སྲས་ཡིན་མིན་ཅི་རིགས་ཡོད་པའི་ཕྱིར། ཐེག་ཆེན་གྱི་དགྲ་བཅོམ་གཤེན་སྲས་མ་ཡིན་པའི་ཕྱིར། མ་གྲུབ་ན། ཐེག་ཆེན་དགྲ་བཅོམ་བོན་ཅན། ཁྱོད་གཤེན་སྲས་མ་ཡིན་པར་ཐལ། རྒྱལ་སྲས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱལ་དང་རྒྱལ་སྲས་གཉིས་ཀྱི་ནང་ནས་རྒྱལ་བ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་བྱང་སེམས་ལ་གཡུང་དྲུང་སེམས་དཔའ་ཞེས་བཏགས་པ་མ་ཡིན་པར་ཐལ། བྱང་སེམས་ནི་ཐེག་པ་ཆེན་པོའི་སེམས་བསྐྱེད་ཡིན་པས་ཤེས་པ་ཡིན་དགོས་ལ། གཡུང་དྲུང་སེམས་དཔའ་ནི་ཐེག་པ་ཆེན་པོའི་ལམ་ལ་ཞུགས་པའི་གང་ཟག་ཡིན་པའི་ཕྱིར། ཤེས་པ་དང་གང་ཟག་གི་གཞི་མཐུན་མི་སྲིད་པ་འུ་ཅག་ནང་པ་ཀུན་གྱི་རིགས་པའི་སྤྱི་ལུགས་ཡིན་པའི་ཕྱིར་དང༌། དེ་ལྟར་འདོགས་པ་ལ་བཏགས་པའི་བོན་གསུམ་ཚང་ཚུལ་མེད་པའི་ཕྱིར་རོ། །དེས་ན་ལམ་དང་ལམ་ཞུགས་ཀྱི་གང་ཟག་གཉིས་གཞི་མཐུན་མི་སྲིད་པས་དེ་ལྟར་བཏགས་པའི་དགོས་པ་མེད་པའི་ཕྱིར། འདིའི་རིགས་ཀྱིས་བོན་དཔེ་རྙིང་པ་ཁག་གི་ཐ་སྙད་ཚུན་ཆད་ལའང་གཏོར་བཤིག་གཏོང་འདོད་ཀྱི་བསམ་ཚུལ་ཡོད་པ། བརྩམས་ཆོས་ཀྱི་སྤྱི་ཁོག་ལས་ཤུགས་ཀྱིས་མཐོང་བར་འདོད། སྤྱིར་སྟོན་པ་གཉིས་ཀྱི་གསུང་རབ་གང་དུའང་མཐར་ཐུག་ངེས་ལེགས་སྒྲུབ་བྱེད་ཀྱི་གདམས་པ་ཟབ་མོའི་དོན་སྙིང་ལྡན་པས། ཐ་སྙད་ཀྱི་ཚིག་སྤྱི་ཙམ་གྱིས་དོན་གྱི་ངོ་བོར་འཇིག་པ་མི་འབྱུང་བར་སེམས་ཀྱང༌། གྲུབ་མཐའི་གཞུང་ལུགས་ཀྱི་གནས་བབ་ཕན་ཚུན་གོ་བསྡུར་གནང་སྐབས། གཞུང་ལུགས་ཁག་རང་དུ་གསལ་བའི་ཚིག་དོན་གཉིས་ཀའི་ཕྱོགས་སུ་ཞིབ་བལྟ་བྱ་དགོས་པ་གལ་ཆེ་ཡང༌། ཐུའུ་བཀྭན་ཚང་གིས་ཐུགས་སྣང་དེ་ཙམ་མ་བྱས་པའི་སྐྱོན་གནད་དུ་མ་ཞིག་ཡོད་པ་གསལ་བོར་གྱུར།

བོན་པོའི་ལྟ་སྒོམ་སོགས་ཀྱི་འདོད་ཚུལ་ཟེར་བར་བལྟ་བ།

        གཞུང་དེར“མཐར་སྣོད་བཅུད་ཐམས་ཅད་སྒོ་ང་ལས་སྐྱེས་པའི་ལུགས་དང༌། ཕྱྭ་དང་དབང་ཕྱུག་སོགས་ཀྱིས་བྱས་པའི་ལུགས་སུ་སྣང་བ་རྣམས་མུ་སྟེགས་ཀྱི་ལྟ་བ་འཁྱར་བ་ཡིན་ཅེས། འབྲི་གུང་འཇིག་རྟེན་མགོན་པོས་གསུངས་ཤིང༌། དེང་སང་ཀུན་ལ་དར་ཆེ་བའི་གཏོ་ཆོག་རྣམས་སུ་ཡང་གོང་གི་ཚིག་དེ་འདྲ་བ་མང་པོ་སྣང༌།”{27}ཞེས་སྐབས་འདིར་དངོས་སུ་བོན་པོས་དེ་ལྟར་བྲིས་མི་འདུག་ཀྱང་འབྲི་གུང་འཇིག་རྟེན་པས་གྲུབ་མཐའ་འཁྱར་བས་འཁྱར་བོན་ཞེས་པ་ཞིག་འཇིག་རྟེན་མགོན་པོ་རང་གི་གསུང་རྩོམ་དུ་གསལ་བས་དེ་ལའང་གསལ་བཤད་ཉུང་ངུ་ཞིག་བྱེད་ན་བསམ། གོང་དུ་གསལ་བའི་སྣོད་བཅུད་གཉིས་ཀྱི་གྲོལ་ཚུལ་སྔ་ཕྱིའི་རྣམ་བཞག་གང་ཡང་བོན་པོའི་འདོད་ཚུལ་མ་ཡིན། བོན་གཞུང་སྲིད་པའི་མཛོད་ཕུགས་སོགས་སུ་སྣོད་བཅུད་ཀྱི་འཇིག་རྟེན་བྱེད་བྱས་སུ་གྲུབ་པར་གསུང་བ་ནི། གདུལ་བྱའི་བློ་རབ་འབྲིང་ཐ་གསུམ་གྱི་ཐ་མའི་བློ་ལ་གདུལ་བྱ་བཀྲིད་དྲངས་ཀྱི་དབང་དུ་གསུངས་པ་ལས་ངེས་དོན་དུ་དེ་ལྟར་མི་འདོད་པའི་ཕྱིར། དེ་ཡང་སྲིད་པ་གསུམ་སྟེ་རང་བཞིན་ཡེ་སྲིད་དང༌། བྱེད་བྱས་དང༌། རྒྱུ་མཐུན་གྱི་སྲིད་པ་གསུམ་གང་ཟག་གི་བློ་དང་ཐེག་པའི་རྟོགས་ཚད་དང་ལོག་རྟོག་བཟློག་པ་ལ་ལྟོས་ནས་འབྱེད་པ་ཡིན་པར་གསལ་སྟེ། “དང་པོ་ནི། སྐྱེས་བུ་བློ་རབ་ཀྱིས་རང་བཞིན་ལ་བྱེད་པ་མེད་པ་དང༌། འབྲིང་གིས་ཐུགས་རྗེ་ལས་ལས་གྲུབ་པ་དང༌། ཐ་མས་རྒྱུ་རྐྱེན་ལས་གྲུབ་པས་རྟོགས་པས་རིམ་པ་བཞིན་ཕྱེ་ལ། གཉིས་པ་ནི་དྲང་སྲོང་དབང་པོ་རབ་ཀྱིས་སྣོད་བཅུད་རྡུལ་ཕྲན་དང་སྐད་ཅིག་གི་རང་བཞིན་ལ་བྱེད་པ་མེད་པ་དང༌། འབྲིང་གིས་ལྷ་ཡེ་སྲིད་འཕྲུལ་གྱི་རྒྱལ་པོའི་ཐུགས་རྗེ་དང་སེམས་ཅན་གྱི་ལས་ལས་གྲུབ་པར་བལྟ་ལ། དགེ་བསྙེན་པས་རྒྱུ་རྐྱེན་ལས་གྲུབ་པར་ལྟ་བས་རིམ་པ་བཞིན་ཕྱེས་ལ། གསུམ་པ་ནི་ཕྱི་རོལ་པས་སྣོད་བཅུད་ཕྱྭ་དང་དབང་ཕྱུག་གིས་བྱས་པ་དང༌། བྱས་པ་མེད་པར་རྟག་པ་དང༌། ལས་འབྲས་ལས་སོགས་མེད་པར་འདོད་པ་བཟློག་པའི་ཕྱིར་གསུམ་དུ་རིམ་པ་བཞིན་ཕྱེའོ། །”{28}ཞེས་མུ་སྟེགས་ཀྱི་འདོད་ཚུལ་དང་མི་མཐུན་པ་གསལ་བོར་གསུངས་པའི་ཕྱིར། གཞན་ཡང་འདི་ལྟར་གསུངས་ཏེ། “དགོས་པ་ནི་ཆད་ལྟ་དགག་པའི་ཕྱིར་ན་བསྟན་ཏེ། འབུམ་ཏིག་ལས། སྐྱེས་བུ་བཅུ་གཉིས་སྲིད་པའི་གཉེན་པོ་ཡིན་ཞེས། ལྷ་རིགས་ཆད་པའི་ལྟ་བ་ཅན་ཞིག་གི་ངར་གཅོག་པའི་ཕྱིར། ཐ་སྙད་ཙམ་དུ་བྱེད་པ་པོ་ཡང་ཡོད་པ་མི་འགལ་བར་བཤད་དེ། གསལ་བྱེད་སེམས་ཀྱི་མེ་ལོང་ལས་ཀྱང༌། །དངོས་འཛིན་ཞེན་པའི་བློ་ཅན་ལ། །བོན་རྣམས་སྟོང་ཞེས་བརྗོད་མོད་ཀྱི། །ཀུན་ནས་ཤིན་ཏུ་སྟོང་པ་རུ། །ངེས་པ་ཉིད་དུ་གང་འཛིན་པ། །ཆད་པའི་མཐའ་སྟེ་གོལ་པའི་ལམ། །”ཞེས་པ་ལྟ་བུའོ། །འོ་ན་མཛོད་ཀྱི་འགྲེལ་བ་ལས། མངོན་རྫོགས་ཁྲི་ཁུགས་ཀྱི་ལྗགས་ལས་འོད་ཀྱི་འཁོར་ལོ་བསྐོར་བའི་རྫུ་འཕྲུལ་ལས་སྣོད་ཀྱི་འཇིག་རྟེན་ཆགས་པར་འདོད་པ་དེ། ཕྱི་རོལ་པས་དབང་ཕྱུག་གིས་བྱས་པར་འདོད་པ་དང་ཁྱད་མེད་དོ་ཞེ་ན། དེས་ནི་དབང་ཕྱུག་རྟག་པ་ཞིག་གིས་སྐྱེ་དགུ་བྱས་པར་འདོད་ལ། འདིར་ནི་ཁྲི་ཁུགས་རྟག་པར་མི་འདོད་པས་མི་མཚུངས་སོ། །ཞེས་དང༌། ལྷ་འགྲེལ་ལས། “འདི་ནི་ཐེག་པ་འོག་མ་ལྟ་བ་དམན་པའི་བཞེད་ལུགས་སོ། །ཞེས་གསལ། དེས་ན་ལྷ་མི་གཞན་བརྟེན་ལྟ་བུའི་བཞེད་ལུགས་དང་སྒོ་བསྟུན་པར་མངོན་ནོ། །”{29} ཞེས་གསུངས་པ་ལྟར། ཕྱི་རོལ་བས་ཕྱྭ་དང་དབང་ཕྱུག་གིས་བྱས་པ་ལྟར། བོན་རང་ལུགས་ལ་དེ་ལྟར་མི་འདོད་པ་གཞུང་ཀུན་ནས་རྒྱས་པར་བཤད་པས་སོ། །གྲུབ་མཐའ་རང་གཞུང་དུ་ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་རྣམས། བྱེད་མཁན་གྱི་རྩོལ་བ་ལ་མ་ལྟོས་པར་ནམ་མཁའ་སྟོང་པའི་དབྱིངས་ནས་འབྱུང་བའི་རྡུལ་རྫས་རིམ་གྱིས་ཆགས་པ་ལས་གྲུབ་ཅིང༌། ནང་བཅུད་སེམས་ཅན་རྣམས་ཀྱང་གཙོ་བོ་སྔ་མའི་ལས་ཉོན་གྱི་འདུ་བྱེད་ཕྲ་རགས་ཀྱི་དབང་གིས་སྐྱེ་སྲིད་གྲུབ་ཅེས་གསལ་བས། མདོར་ན་སྣོད་དང་བཅུད་གཉིས་སྒོང་སྐྱེས་སུ་མི་འདོད་པར་མ་ཟད། དམིགས་བསལ་གྱིས་ཕྱྭ་དང་དབང་ཕྱུག་གིས་བྱས་ཟེར་བ་སོགས་ལ་དམིགས་ནས། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། “ཕྱི་ནང་གི་སྲིད་པ་རྣམས་སྟོང་ཉིད་ཀྱི་རང་བཞིན་དུ་གནས་པ་ལ་སོགས་བོན་ཅན། རང་བཞིན་ཡེ་སྲིད་ཀྱི་སྲིད་པ་ཡིན་ཏེ། བྱེད་མཁན་གྱི་རྩོལ་བ་ལ་མི་ལྟོས་པའི་ཡོད་པ་ཡིན་པས་སོ། །དེས་ཕྱྭ་དང་དབང་ཕྱུག་ལ་སོགས་ཀྱིས་བྱས་པ་ཡང་དེས་ཁེགས་སོ། །”{30}ཞེས་ཕྱི་རོལ་པའི་འདོད་ཚུལ་ལ་དངོས་སུ་དགག་པ་མཛད་དེ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐོག་མར་རང་བཞིན་ཡེ་སྲིད་ཀྱི་ཚུལ་གྱིས་གྲུབ་པར་འདོད་པ་གསལ་བར་བསྟན་པས་སོ། །ལར་ནས་བོན་གྱི་ལྟ་གྲུབ་སོགས་ཀྱི་སྐོར་ལ་དགག་དང་སྒྲུབ་པའི་རྣམ་དབྱེ་བྱ་འདོད་ཚེ། ཐོག་མར་བོན་རང་གི་ལོ་རྒྱུས་དང་གཞུང་ལུགས་ལ་དཔྱད་དེ་དགག་སྒྲུབ་བྱེད་དགོས་པ་ལས། བོན་པོར་ངན་སྨྲས་ཀྱིས་བཟི་བའི་གཞན་གཞུང་ཞིག་ནས་བོན་དང་བོན་པོར་དགག་སྒྲུབ་བྱེད་པར་རྒྱབ་བརྟེན་གྱི་ལུང་དྲངས་པ་ནི་དཔྱད་པ་ལེགས་པའི་འབེལ་གཏམ་ཞིག་ནམ་ཡང་རྙེད་པར་མི་རིགས་སོ། །ཕྱོགས་གཅིག་ནས་ཁྱེད་ཀྱིས་འདོད་པ་ལྟར་དེང་སང་བན་བོན་ཀུན་གྱིས་ཐུན་མོང་དུ་སྤྱོད་བཞིན་པའི་མོ་རྩིས་གཏོ་དཔྱད་ཀྱི་གཞུང་ལུགས་ཁག་ཏུ་གོང་གི་ལུང་ཚིག་དེ་འདྲ་བ་མང་ཡང་དགོས་ཏེ། རྒྱལ་པོ་ཁྲི་སྲོང་གིས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པར་རྙིང་གཏོར་གསར་བཅོས་ཀྱི་གོད་ཆག་ཚབས་ཆེན་གཏོང་སྐབས། གཏོ་ཆོག་སོགས་རྒྱུན་ལྡན་གྱི་ཉེར་མཁོའི་རིགས་འགའ་ཞིག་བཙན་པོ་རང་ཉིད་ལ་དགོས་མཁོ་ཧ་ཅང་ཆེ་བར་བརྟེན། དེའི་རིགས་ལ་བཙན་པོའི་གདུག་རྩུབ་འོག་ཅུང་ཙམ་གུ་ཡངས་བྱུང་བས་དམངས་ཁྲོད་དུའང་མ་ཉམས་པར་གནས་ཏེ། “དེར་ཁྲི་སྲོང་ལྡེ་བརྩན་བྱ་བ་ཡིས། བོད་དུ་བོན་གྱིས་མངའ་ཐང་བསྣུབ་པར་ཆད་སྟེ། འབྲས་བུའི་བོན་རྣམས་ཐང་གཅིག་བསྣུབ།”{31}ཅེས་པས། འབྲས་བུའི་བོན་རྣམས་བསྣུབས་པ་ལས་རྒྱུ་ཡི་བོན་རྣམས་མ་བསྣུབ་པ་ཤུགས་ལས་བསྟན་པའི་ཕྱིར། དེས་ན་ད་ལྟའི་ཆར་ཡང་ཆོས་པའི་རང་གཞུང་དུ་གནས་ཡོད་པ་ལོ་རྒྱུས་འཕེལ་འགྱུར་གྱི་བབ་དེ་འདྲ་ལས་བྱུང་བར་སེམས།
        གཞུང་དེར“ཡང་བོན་གཞུང་འདུས་པ་རིན་པོ་ཆེའི་རྒྱུད་བྱ་བ་ན། ཀུན་རྫོབ་ནི་དངོས་རྣམས་ཞེན་པས་མེད། དམ་པའི་དོན་དུ་ཆགས་པ་སྤངས་པས་མེད།”{32}ཅེས། གཡུང་དྲུང་བོན་གྱི་མདོ་རྒྱུད་གཉིས་ཀའི་གཞུང་ན་གསལ་བའི་བདེན་གཉིས་ཀྱི་རྣམ་བཞག་སོགས་གཞི་ལམ་འབྲས་གསུམ་གྱི་སྐོར་དང༌། རྟོགས་པའི་ལྟ་བ། སྲུང་བའི་དམ་ཚིག སྒོམ་པའི་རིམ་པ། སྒྲུབ་པའི་ཐབས། སྤྱོད་པའི་འཕྲིན་ལས། གྲུབ་པའི་འབྲས་བུ་སོགས་ཆོས་པའི་བཀའ་དང་བསྟན་བཅོས་ནས་བཤད་པ་དང་འདྲ་ཞེས། བོན་གྱི་ཐེག་པ་རིམ་དགུའི་རྣམ་བཞག་ཀྱང་རྙིང་མའི་རྫོགས་ཆེན་དང་མཚུངས་ཞེས། སྤྱན་སྔ་བློ་གྲོས་རྒྱལ་མཚན་དང༌། ཀུན་མཁྱེན་ཤེས་རབ་འོད་ཟེར། སྟག་ཚང་ལོ་ཙཱ་བ་སོགས། ཆོས་ཕྱོགས་ཀྱི་མཁས་པའི་མཚན་བྱང་གསེར་རིའི་ཕྲེང་བཞིན་བསྒྲིགས་ཏེ་དཔྱད་པའི་ཁུངས་བརྟན་པའི་ཐབས་ལ་འབད་འདུག་ཀྱང༌། བོན་པོའི་ལྟ་སྒོམ་གྱི་སྐོར་ཁག་ཅིག་བོན་གཞུང་གཅིག་ཙམ་ལ་གཞིར་བཅོལ་ནས་དཔེ་བཤུས་པ་ཙམ་ལས། ཐུའུ་བཀྭན་རང་གི་འདོད་གཞུང་འདི་ཞེས་མི་གསལ་བས་ངོ་སྤྲོད་དང་གསལ་བཤད་ཞུ་དགོས་རིགས་མ་མཆིས་ཀྱང༌། བོན་ཆོས་གཉིས་ཀྱི་ལྟ་བ་དང་གྲུབ་མཐའི་དམིགས་ཡུལ། མངོན་མཐོ་སངས་རྒྱས་བསྒྲུབ་ཐབས་ཡིན་པ་གཅིག་ཏུ་གནས་པས། ཐེག་པའི་རིམ་པ་དང་ས་ལམ་གྱི་རྣམ་བཞག་སོགས། སྤངས་རྟོགས་ཡོན་ཏན་གྱི་ཕྱོགས་སུ་དོན་སྟེང་ནས་ཁྱད་པར་ཆེར་ཡོད་མེད་གང་ལྟར། ཐ་སྙད་བརྡ་ཆད་དེ་ཙམ་གྱིས་མཐར་ཐུག་གི་དོན་གནད་ལ་ཕོག་ཐུག་ཆེར་མི་འབྱུང་སྙམ་སྟེ་ཁག་ཅིག་བཏང་སྙོམས་སུ་བོར། གཞུང་དེར“བོན་ཇི་ལྟར་དར་བ་དང་འདོད་ཚུལ་རྣམས་ཞིབ་ཏུ་བཤད་པའི་གཞུང་མ་རྙེད་པར་བོད་དུ་སྔ་ཕྱི་བར་གསུམ་དུ་བྱུང་ཚུལ་རྣམས་འབྲི་གུང་དགོངས་གཅིག་ལས་གསུངས་པ་ལྟར་ཡིན།”{33}ཞེས་བཤད་པས་ངོ་མ་བཤད་ན། བོན་ཇི་ལྟར་དར་ཚུལ་དང་བོན་པོའི་འདོད་ཚུལ་སོགས་ཇི་ལྟར་ཡིན་པ་བོན་རང་གི་གཞུང་ལུགས་ལ་ཞིབ་ཏུ་དཔྱད་དགོས་པའི་ཚབ་ཏུ། བོན་པོར་ངན་སྨྲས་ཀྱི་གཏམ་གྱིས་ཁེངས་པའི་འབྲི་གུང་འཇིག་རྟེན་པས་གསུངས་པའི་གསུང་བཞི་བཅུ་བར་གཞི་བཅོལ་ཏེ། བོན་དང་བོན་གྱི་སྐོར་ལ་བཤད་པ་ལོག་རྟོག་གིས་ཆར་ནག་དཀྲུགས་པ་ལྟར་བྱས་པ་ནི་ཞིབ་ཀྱིས་བརྟགས་ན། བོན་པོའི་གཞུང་ལུགས་མ་རྙེད་པའི་གནད་དོན་མ་ཡིན་ཏེ། བཤད་འདོད་པའི་བོན་པོར་སྒྲོ་བསྐུར་གྱི་ཚིག་དེ་དག་བོན་རང་གི་གཞུང་ནས་མི་རྙེད་པའི་རྒྱུ་མཚན་གྱིས་འབྲི་གུང་འཇིག་རྟེན་པར་སྐྱབས་བཙལ་བ་ཁོ་ནར་ཟད་དོ། །དེས་ན་བོད་ཀྱི་ཆོས་དང་རྒྱལ་རབས་སྨྲ་བ་ལ་འདུན་པ་ཆེ་བའི་ཕྱིས་བྱུང་བོད་ཀྱི་ཞིབ་འཇུག་པ་ཁས་འཆེ་བ་མང་པོས་བོན་གྱི་སྐོར་བཤད་འགྲེལ་མི་ཉུང་བ་ཞིག་མཆིས་ནའང༌། རྒྱབ་རྟེན་གྱི་དཔེ་ཁུངས་འདི་ལྟའི་གཞན་གཞུང་འགའ་ཞིག་བྱེད་པ་ལས་བོན་རང་གི་གཞུང་ལས་བཤད་པ་ཇི་བཞིན་པར་དགག་བཞག་གནང་བ་རུས་སྦལ་གྱི་སྤུ་ཡི་རྗེས་སུ་གྱུར། འཇིག་རྟེན་གྱི་གཏམ་དཔེར། “ཕ་རོལ་འདོད་པ་མ་གོ་བར། དགག་པའི་ཉི་མ་ཅི་ལ་ཤར།”ཞེས་པ་ལྟར། བོན་དང་བོན་པོར་དགག་འདོད་པའི་མཁས་པ་དང་ཞིབ་འཇུག་པ་རྣམས་ཀྱིས་ཐོག་མར་རང་ཉིད་བོན་གྱི་ལོ་རྒྱུས་སྐོར་ལ་འདྲིས་པའམ་ཆ་རྒྱུས་ཡོད་པར་བྱས་ཏེ་གཞི་ནས་དགག་དགོས་པ་ལས་གོ་ལོ་ཐོས་ལོ་ཙམ་གྱིས་དངོས་གཞིའི་བྱ་བར་འཇུག་པ་ནི་ཅོལ་ཆུང་བའི་ལས་སུ་ཤེས་པར་བྱོས་ཤིག

བོན་གྱི་དགོན་སྡེ་ཞེས་པར་བལྟ་བ།

        གཞུང་དེར“བོད་ན་གཤེན་དར་སྡིང་དང༌། རྒྱལ་མོ་རོང་དུ་གཡུང་དྲུང་ལྷ་སྡིང་སོགས་ཡོད་པ་དུས་ཕྱིས་རྒྱ་ནག་གོང་མའི་དམག་གིས་བཤིགས་ནས། ལྷ་སྡིང་དུ་དགའ་ལྡན་བྱ་བའི་དགེ་ལུགས་པའི་དགོན་སྡེ་གསར་དུ་འཛུགས་པ་མཛད། བོན་ལུགས་མི་ཆོག་པའི་བཀའ་ཡམ་ཙམ་ཞིག་བསྒྲགས་ནའང་ད་དུང་རྒྱལ་རོང་དང་ཚ་ཁོ་སོགས་ན་བོན་གྱི་སྡེ་མང་ཙམ་ཡོད་པ་སྣང་ངོ༌། །”{34}ཞེས་བོད་དུ་བོན་གྱི་དགོན་སྡེ་བརྒྱ་ཕྲག་མང་པོའི་ཁོངས་ནས་དགོན་པ་གཉིས་ཙམ་གྱི་མིང་ལས་མི་གསལ་མོད། བོན་དགོན་དེ་རྣམས་དམག་གིས་བཤིགས་ནས་དགེ་ལུགས་པའི་དགོན་སྡེར་བསྒྱུར་ཟེར་བ་ནི་ཤིན་ཏུ་བདེན་ཏེ། གྲུབ་མཐའ་དེ་ཉིད་ལས། “སྐབས་འདི་འདྲ་ཙམ་དུ་གོང་མའི་དཔུང་ཤུགས་ཀྱིས། རྒྱལ་མོ་རོང་པའི་མི་བསྲུན་པ་རྣམས་ཚར་བཅད་ནས་ས་ཆ་མི་སྡེ་མཐའ་དག་མངའ་ཞབས་སུ་བསྡུས་པས། ཡུལ་དེ་ན་སྔ་མ་གྲུབ་མཐའ་གཞན་ཕྱོགས་ཀྱི་དགོན་སྡེ་རེ་གཉིས་ལས་དགེ་ལུགས་པ་སྟོབས་ཆེན་མེད་ཅིང་བོན་ཤིན་ཏུ་དར་བར་ཡོད་པ་ལ། གོང་མ་ཆེན་པོས་དེང་ཕྱིན་ཆད་ནས་བོན་ལུགས་བྱེད་མི་ཆོག་པའི་དྲིལ་བསྒྲགས་ཤིང༌། ཡུལ་གྱི་ལྟེ་བར་གཡུང་དྲུང་ལྷ་སྡིངས་ཟེར་བའི་བོན་གྱི་སྡེ་དགོན་ཡོད་པ་གཏོར་ནས་ལྷ་ཁང་སོགས་རང་བབས་སུ་བཞག་པ་ལ། དགེ་འདུན་མང་པོ་བསྡུས་ཏེ་ཞྭ་སེར་ཅོད་པཎ་འཛིན་པའི་ཆོས་སྡེ་ཆེན་པོ་དགའ་ལྡན་གླིང་བྱ་བ་བཙུགས། དེར་འཆད་ཉན་གྱི་སློབ་དཔོན་དུ་བླ་མ་བཟང་བོ་ཞིག་གཏོང་རྒྱུ་རྗེ་བླ་མར་བཀའ་ཕེབས་པ་བཞིན་པཎྚི་ཏ་མཁན་པོ་སངས་རྒྱས་འོད་ཟེར་གཏོང་བ་གནང་ཞིང༌། ཁོ་པ་ལ་ཕྱོགས་དེའི་བསྟན་འགྲོར་གང་ཕན་བྱེད་ལུགས་ཀྱི་བསླབ་བྱ་རྒྱས་པར་གནང༌། དེ་དུས་གོང་མ་ནས་རྗེ་བླ་མ་མཆོག་ལ་བོན་ལུགས་ཀྱི་ཁུངས་དང་འདོད་ཚུལ་རྣམས་ཞིབ་ཏུ་བཀའ་འདྲི་གནང་བར། གཤེན་བོན། བརྡོལ་བོན། བསྒྱུར་བོན་སོ་སོའི་ལོ་རྒྱུས་རྣམས་དང༌། བོན་གྱི་སྟོན་པ་གཤེན་རབ་རྒྱ་ཡི་ལོའུ་ཀྱུན་བྱ་བ་ཡིན་པས། བོན་དང་རྒྱ་ཡི་དོའུ་སི་གཉིས་ཁུངས་གཅིག་ཚུལ་སོགས་ཞིབ་ཏུ་ཞུ་བ་མཛད།”ཅེས་དང༌། “ཤར་རྒྱལ་མོ་རོང་གི་ཁམས་པའི་སྡེ་རྒྱ་མི་ཆུང་ཙམ་ལ། དབང་བྱེད་པའི་སྡེ་དཔོན་ཁོ་རང་གི་འབངས་རྣམས་ཀྱིས་རབ་བརྟན་རྒྱལ་པོ་ཞེས་འབོད་ཅིང༌། སྡེ་རྣམས་དཔའ་རྩལ་དང་གཏུམ་དྲག་ཆེ་ཞིང་ཡུལ་ཕྱོགས་རོང་ཤིན་ཏུ་དོག་ཅིང་རྩུབ་པ། ཆུ་བོ་རབ་མེད་ཀྱིས་འཁྱུད་པས་བགྲོད་ཤིན་ཏུ་དཀའ་བ། དགེ་ལུགས་པ་མ་གཏོགས་པའི་གྲུབ་མཐའ་ཐམས་ཅད་དར་ཞིང་མཆོད་གནས་གཙོ་བོ་བོན་ལ་བྱེད་པ་ཞིག་ཡོད་པ་དེ། ཉེ་འཁོར་གྱི་རྒྱ་ཡི་ས་དཔོན་འགའ་ཞིག་གིས་ཟ་འདོད་ཀྱིས་སྙད་གཙེར་ལ་བརྟེན་ནས་ངོ་ལོག་པས། གོང་ནས་དཔུང་འཇུག་རིམ་པས་མཛད་ཀྱང་ས་བཙན་པ་སོགས་ཀྱིས་ལོ་རེ་ཞིག་གི་བར་དུ་མ་ཐུབ་པས། དེ་ནས་མི་རིང་བར་རྒྱལ་མོ་རོང་གི་སྡེ་རྣམས་གཡུལ་ཕམ་སྟེ་བཙན་རྫོང་ཐམས་ཅད་ཤོར་བས་དཔོན་བློན་མི་དྲག་ཐམས་ཅད་རྒྱ་ལག་ཏུ་ཆུད་ཅིང་ཡུལ་ཁམས་ཐམས་ཅད་སྟོང་ཆམ་གྱིས་སོང་འདུག དམག་གིས་ས་ཆར་མཐུ་རྟགས་བྱུང་བ་རྣམས་གོང་མ་ཆེན་པོས་བློན་པོ་མང་པོ་ཚོགས་པའི་དབུས་སུ་བཀའ་གནང་སྟེ། དགྲ་སྡེ་ཆམ་ལ་ཕབ་པ་འདི་ངེད་རང་གི་སྟོབས་ཤུགས་ཙམ་གྱིས་མ་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་གུས་མཆོད་ལྷུར་ལེན་བགྱིས་པས་བསྟན་སྲུང་རྣམས་ཀྱིས་འཕྲིན་ལས་སྒྲུབ་པའི་ནུས་མཐུ་ཡིན་ཞེས་ཕེབས་འདུག ཨོས་རོད་ཇུན་གར་འདི་གེ་སར་དམག་གི་རྒྱལ་པོ་ཞེས་གྲགས་པ་དེ་ཡིན་པས་དགྲ་ཐབས་ལ་མཁས་ཤིང༌། ཨོ་རོ་སུ། ཧ་སག་ཧོ་ཐོན་སོགས་ཡུལ་ཁམས་གཞན་རྣམས་ཀྱིས་ཟོན་བྱེད་པའི་གནས་ཡིན་ལ། རྒྱ་ཡུལ་དང་ས་ཐག་ཤིན་ཏུ་རིང་ཞིང་ཆུ་ཆེན་པོས་ཆོད་པ་སོགས་ཀྱིས་མངའ་ཞབས་སུ་བསྡུ་དཀའ་བ་དང༌། རྒྱལ་མོ་རོང་འདི་ས་ཆ་ཤིན་ཏུ་བཙན་པས་སྔོན་གྱི་དུས་སུ་ཧོར་དང་རྒྱ་ཡི་རྒྱལ་པོ་འགའ་ཞིག་གིས་དམག་དྲངས་ཀྱང་ལེན་མ་ཐུབ་པ་ཞིག་ཡིན་པ་ལ། ཕྱོགས་གཉིས་ཀ་འཇམ་དབྱངས་གོང་མ་ཆེན་པོའི་མངའ་ཞབས་སུ་མ་བསྡུས་པ་དང༌།”ཞེས་དང་དེས་འཕྲོས་སུ། “གོང་མ་ཆེན་པོ་ངེས་པའི་དོན་དུ་རྗེ་བཙུན་འཇམ་པའི་དབྱངས་དང་གཉིས་སུ་མེད་པར་མ་ཟད། དྲང་དོན་གདུལ་བྱའི་སྣང་ངོར་ཡང་སྟོབས་ཀྱིས་འཁོར་ལོ་བསྒྱུར་བ་ཆེན་པོ་ཡིན་པས་ན། སྐུ་ཚེ་སྔ་མ་རྣམས་སུ་རླབས་པོ་ཆེའི་བསོད་ནམས་དཔག་ཏུ་མེད་པ་བསགས་པའི་ལག་རྗེས་ལས། བཟོད་པར་དཀའ་བའི་གཟི་བརྗིད་ཉི་མ་སྟོང་གི་འོད་ཟེར་ལྟར་འབར་ཞིང༌། མཐུ་སྟོབས་ནུས་པ་གནམ་ལྕགས་ཐོག་ཆེན་དང་མཚུངས་པས་གཞན་སྡེ་དེ་དག་སྤ་བཀོང་སྟེ། རང་དབང་མེད་པར་གུས་འདུད་ལྷུར་ལེན་པར་གྱུར་པ་ཡིན་མོད་ཀྱང༌། གཙོ་བོར་སྔར་གོང་མ་རང་གིས་བཀའ་ཕེབས་པ་ལྟར། རྗེ་བཙུན་བླ་མ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་བསྟན་སྲུང་ཁྱད་པར་ཅན་ལས་ལ་བསྐུལ་ཏེ། རྦད་པའི་མཐུ་ལ་བརྟེན་པ་ལོ་རྒྱུས་འདི་དག་གིས་ཤེས་སོ། །”{35}དེ་དང་དེ་འདྲ་བར་གངས་ཅན་པའི་ལྗོངས་འདིར་རང་རང་གི་ཆོས་ལུགས་སྲ་བརྟན་བཟོ་ཕྱིར་ཆོས་བྱེད་ཀྱི་མི་སྣས་ཡུལ་ལུང་གཞན་གྱི་སྟོབས་ཤུགས་བཙལ་ཏེ། བོད་རང་གི་རིག་གཞུང་ལ་དོ་ཕོག་ཚབས་ཆེན་བཏང་བ་ནི་ལོ་རྒྱུས་འདི་དག་ལས་ཤེས་ཐུབ་བོ། དེས་ན་ལུང་དེ་དག་གི་དངོས་ཤུགས་གང་ལས་ཀྱང་ཐུའུ་བཀྭན་གྱིས་བོན་པོར་གཟིགས་ཕྱོགས་ག་འདྲ་ཞིག་ཡོད་མེད་དཔོག་ཐུབ་པ་འདུག་སྙམ།
      དེ་བཞིན་རྒྱལ་རབས་དོན་ཆེན་རེའུ་མིག་ཏུ་གསལ་བ། “རྗེ་ཙོང་ཁ་བ་བློ་བཟང་གྲགས་པས། ལྷ་སའི་དབང་པོ་རིའི་འདབས་ཞོལ་གྱི་བོན་པོའི་དགོན་སྡེ་གཏོར་ཤུལ་དུ། དགེ་ལུགས་པའི་གདན་ས་འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དགོན་ཕྱག་བཏབ”{36}ཅེས་པ་ནི་བོན་གྱི་དགོན་སྡེ་དགེ་ལུགས་པར་བསྒྱུར་བ་ཐོག་མ་ཡིན་ཞེས་བཤད་ཆོག་ཅིང༌། རིམ་པས“རྒྱལ་རོང་ཕྱོགས་ཀྱི་གཡུང་དྲུང་ལྷ་རྟིང་དགོན་སྲིད་དབང་གི་དབང་ཚད་འོག་དགེ་ལུགས་པར་བསྒྱུར”{37}བ་དང༌། “ཅོ་ནེའི་དཔོན་བློ་བཟང་དོན་འགྲུབ་དང༌། བདེ་ཐང་མཁན་པོ་ཚངས་དབྱངས་པ་མཆོད་ཡོན་གྱི་བོན་སྡེ་ཁག་ལྔ་དགེ་ལུགས་པར་བསྒྱུར། རབ་བྱུང་བཅུ་གཉིས་པའི་ས་འབྲུག་ལ་དགེ་དགོན་དགའ་ལྡན་ཕུན་ཚོགས་གླིང་ཚུགས།”{38}ཞེས་པ་སོགས་ལོ་དུ་མའི་སྔོན་དུ་བོད་ཀྱི་བོན་དགོན་ཕལ་ཆེ་བར། ཆོས་ལུགས་བསྒྱུར་བཅོས་ཀྱི་གསར་བརྗེའི་ལས་འགུལ་སྤེལ་བ་དངོས་བདེན་ལགས་ཀྱང༌། ད་ལྟའི་ཆར་ཡང་བོད་དང་ཧི་མ་ལ་ཡའི་རི་རྒྱུད་སོགས་ལ་བོན་དགོན་ཉིས་བརྒྱ་ལྷག་ཡོད་པ་མཁས་དབང་མཁར་རྨེའུ་བསམ་གཏན་དང༌། ཉི་ཧོང་པ་ནཱ་འགའ་ནོ་སོགས་ཀྱིས་པར་བསྐྲུན་བྱས་པའི་ཞིབ་འཇུག་དེབ་ཕྲེང་སོ་བརྒྱད་པ«A Survey of Bonpo Monasteries and Temples in Tibet and the Himalaya»ཞེས་པའི་ནང་གསལ་བཀོད་བྱས་འདུག་པར་མ་ཟད། གཡུང་དྲུང་བོན་གྱི་གདན་ས་ཆེན་པོ་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དྲན་དེབ་ཆེན་མོར།{39} བོད་དང་རི་བོ་ཧི་མ་ལ་ཡི་རི་རྒྱུད་དུ་བོན་གྱི་དགོན་སྡེ་སུམ་བརྒྱ་ལྷག་གི་མཚན་གཞུང་བཅས་བཀོད་ཅིང་དེའི་ནང་གི་དགོན་སྡེ་མང་པོ་ཞིག་དུས་རབས་བདུན་པ་དང༌། བཅོ་ལྔའི་གོང་དུ་ཡིན་པ་དགོན་སྡེ་སོ་སོའི་ལོ་རྒྱུས་དང་དཀར་ཆག་སོགས་ལས་གསལ་བས་ཞིབ་པར་མ་སྤྲོས་སོ། །

གསུམ་པ། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དུ་གསལ་བའི་བོན་གྱི་སྐོར།{40}

       རྣམ་ཐར་དེར“བོད་འདིར་རྒྱ་གར་ཤཱཀྱའི་རིགས་ལས་གདུང་ཆད་པའི་གཉའ་ཁྲི་ནས་བོད་སྤྱིའི་རྗེ་བོར་མངའ་གསོལ་ཏེ༔ ཆོས་ལུགས་ནི་བོན་དར༔”{41}ཞེས་གསལ། རྒྱལ་ཐོག་གཉའ་ཁྲི་བཙན་པོའི་རིགས་རྒྱུད་ཡབ་བླ་གདལ་དྲུག་གི་གདུང་ལས་གྲོལ་ཚུལ་དང༌། ཤཱཀྱའི་རིགས་ལས་མཆེད་ཚུལ་སོགས་བོད་བཙན་པོའི་གདུང་རྒྱུད་ཀྱི་ཐོག་མའི་ལོ་རྒྱུས་སྨྲ་བར་འདོད་པ་མི་མཐུན་ཡང༌། ལྷ་ཡབ་བླ་གདལ་དྲུག་གི་ཁྲི་བར་བདུན་པ་ཡིན་ཚུལ་ཏུན་ཧོང་ཡིག་རྙིང་དང་བོན་ཕྱོགས་ཀྱི་རྒྱལ་རབས་ཡིག་ཆ་ཕལ་ཆེར་དུ་གསལ། འོན་ཀྱང་རྒྱ་གར་ཤཱཀྱའི་རིགས་ལས་མཆེད་ཚུལ་སོགས། བཤད་ཚུལ་མི་མཐུན་པ་གཙོ་བོ་གསུམ་ཙམ་འདུག་པས་འདི་ཞེས་མཐའ་གཅིག་ཏུ་བཤད་དཀའ་ན་ཡང༌། བོད་རྒྱལ་གཉའ་ཁྲིའི་སྐོར་ལ་ཕྲན་གྱི་བསམ་ཚུལ་ཙམ་ཟུར་བཀོད་བོད་བཙན་པོའི་གདུང་རྒྱུད་ཅེས་པར་ཅུང་གསལ་ཡོད། རྩ་བའི་འཕྲོས་གཉའ་ཁྲིའི་སྐབས་ཆོས་ལུགས་ནི་བོན་དར་ཟེར་བ་བདེན་པར་ངེས་ཏེ། རྒྱལ་པོ་གཉའ་ཁྲི་བཙན་པོ་དང་སྲས་མུ་ཁྲི་སོགས་ཀྱི་རིང་གཤེན་ནམ་མཁའ་སྣང་བ་མདོག་ཅན་སོགས་བོན་གཤེན་གྲུབ་ཐོབ་རིག་འཛིན་རྣམས་ཞང་ཞུང་ནས་བོད་དུ་གདན་དྲངས། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ལ་ཉམས་ལེན་བྱ་བའི་དབུ་ཚུགས། གཙོ་བོ་བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་དེ་ལྟ་བ་དབྱིངས་ནས་ཡས་ཕུབ། སྤྱོད་པ་མས་འཛེགས་ཀྱི་ཚུལ་གྱིས་ལམ་རིམ་ཉམས་སུ་བླངས་ཏེ་མཐར་ཐུག་བདེ་བ་ཆེན་པོའི་གནས་སམ་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མཐོན་པོར་གཤེགས་པའི་གྲུབ་ཐོབ་རིག་འཛིན་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་བ་བོན་གྱི་བླ་མ་རྒྱུད་པའི་རྣམ་ཐར་ཁག་ཏུ་གསལ་བ་ལྟར་རོ། །
      རྣམ་ཐར་དེར“དེ་ནས་རིམ་བརྒྱུད་པའི་ཐ་མ་ལྷ་ཐོ་ཐོ་རི་ནས་ཆོས་ཀྱི་དབུ་བརྙེས༔ རྒྱ་གར་ཤཱཀྱའི་མཚན་གྱིས་བོད་རུ་བཞིར་ཁྱབ༔ ཆོས་དགེ་བ་བཅུ་སྒྲུབ་པའི་ལུང་ཐོབ་སྟེ༔ འདིའི་སྐབས་བོན་ནང་པའི་བསྟན་པ་དར་བས་ཆོས་དང་ཚུལ་མཐུན༔”{42}ཞེས་གསལ། གནམ་གྱི་ཁྲི་བདུན་དང་ས་ལ་ལེགས་དྲུག་སོགས་བོད་ཀྱི་རྒྱལ་པོ་རིམ་པར་བརྒྱུད་པའི་རྒྱལ་རབས་ཉེར་ལྔ་པ་ཐོ་ཐོ་རི་སྙན་ཤལ་སྐབས། སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་བོད་དུ་ཐོག་མར་དར་ཞིང༌། རིམ་གྱིས་ཁྱབ་གདལ་ཕྱིན་པ་བདེན་ཡང༌། སྐབས་དེར་བོད་ཡུལ་དུ་ཆོས་ཀྱི་ཐོག་མ་དབུ་བརྙེས་པ་དང་དགེ་བཅུ་བསྒྲུབ་པའི་དབང་ལུང་གསར་དུ་ཐོབ་པ་ག་ལ་ཡིན་ཏེ། བོན་གྱི་ཐུན་མོང་མ་ཡིན་པའི་གཏོ་ཆོག་མཁའ་ཀློང་གསང་མདོས་ལས། “རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །”ཅེས་པའི་ཚིག་དེས་ཀྱང་གསལ་བོར་བསྟན་པའི་ཕྱིར། ལར་ནས་བོད་ཡུལ་དུ་རྒྱལ་བ་གཤེན་རབ་མི་བོས་གསུངས་པའི་དགེ་བཅུའི་རིམ་པ་མི་ལོ་ཁྲི་ཕྲག་ལྷག་གི་སྔོན་ནས་དར་བར་གསལ་བ་སྟེ། སྟོན་པ་གཤེན་རབ་ཀྱི་གསུང་མཐའ་དག་ནས་དགེ་བ་དང་དུ་བླངས་ཏེ་སྡིག་པ་མི་དགེ་བའི་ལས་མཐའ་དག་ཡོངས་སུ་སྤོང་བར་གསུངས་པས་སོ། །
      དེ་བཞིན་བོན་ལ་ནང་པ་དང་ཕྱི་བ་ཞེས་བོན་གྱི་གཞུང་གང་དུའང་མེད་པའི་བཙན་བསྒྲིགས་ཀྱི་ཐ་སྙད་འདི་ཡང་ཡིག་ཐོག་ཏུ་ཐོག་མར་འགོད་མཁན། དཔའ་བོ་སྟག་ཤམ་རྡོ་རྗེ་ཞེས་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་འབྲི་མཁན་དེ་ཕལ་ཆེར་ཡིན་ངེས་སྙམ། ཐ་སྙད་དེའང་དོན་ཐོག་ཏུ་གནས་པ་ཞིག་ག་ལ་ཡིན་ཏེ། ནང་པ་དང་ཕྱི་པ་ཞེས་པའི་ཐ་སྙད་ཀྱི་འཇུག་གཞིའི་ཁྱད་པར། བོན་གྱི་བཀའ་འགྱུར་མངོན་རྟོགས་རིག་པའི་རྩེ་འབུམ་དུ་གསལ་བ། བཀའ་རྟགས་ཕྱག་རྒྱའི་མདོ་བཞིའི་སྒོ་ནས་འབྱེད་པ་སྟེ། “བོན་ཐམས་ཅད་ཀྱི་མདོ་བདག་མེད་པ་དང༌། འདུས་བྱས་ཐམས་ཅད་ཀྱི་མདོ་མི་རྟག་པ། ཟག་བཅས་ཀྱི་མདོ་ཐམས་ཅད་སྡུག་བསྔལ་བ། མྱ་ངན་ལས་འདས་པའི་མདོ་ཐམས་ཅད་ཞི་བ”{43}དང་བཅས་དེ་བཞི་ཁས་ལེན་མི་ལེན་གྱིས་ཕྱི་ནང་གི་དབྱེ་བ་འཇོག་པ། བན་བོན་གྱི་གྲུབ་མཐའ་སྨྲ་བ་མཐའ་དག་གིས་བཞེད་པའི་ཕྱིར། དེ་མིན་དེང་དུས་ཀྱི་བློ་ཆུང་བ་འགའ་ཞིག་གིས་ལྷ་ཁང་དང་མཆོད་རྟེན་སོགས་ལ་སྐོར་བ་གཡས་སྐོར་དང་གཡོན་སྐོར་བྱེད་ཚུལ་ཙམ་གྱིས་ཕྱི་བ་དང་ནང་པ། བན་དེ་དང་བོན་པོའི་དབྱེ་བ་འཇོག་པ་ནི། ལུང་རིགས་དང་གཞུང་ལུགས་ཀྱི་རྣམ་བཞག་གང་ཡང་མི་ཤེས་པའི་ལྐུགས་པའི་རང་རྟགས་སུ་རིགས་པར་བྱའོ། །
      རྣམ་ཐར་དེར“སངས་རྒྱས་ཤཱཀྱ་ཐུབ་པ་དང་སྟོན་པ་གཤེན་རབ་གཉིས་ངོ་བོ་གཅིག་ལ་རྣམ་པ་གཉིས་སུ་འདོད༔”{44}ཅེས་གསལ། སངས་རྒྱས་དམ་པའི་ཡང་སྤྲུལ་དང་ཆེ་བའི་ཡོན་ཏན་གདུལ་བྱའི་བློ་འདྲ་མིན་ལ་ལྟོས་ཏེ་མཛད་པ་མི་འདྲ་མི་གཅིག་སྣ་ཚོགས་སུ་འཆར་ངེས་པས། སྟོན་པ་ཤཱཀྱ་ཐུབ་པ་དང་གཤེན་རབ་མི་བོ་གཉིས་མཐའ་གཅིག་ཏུ་ངོ་བོ་གཅིག་ལ་རྣམ་པ་གཉིས་སུ་སྣང་ཞེས་བཤད་དཀའ་ཡང༌། ཕྱོགས་གཅིག་ནས་དེ་ལྟར་མི་སེམས་ཏེ། བདུད་འཇོམས་ཀྱིས་མཛད་པའི་རྒྱལ་རབས་ལས་ཀྱང༌། “གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཟེར་བ་དབུས་ཀྱི་འོན་དུ། རུས་གཤེན་གྱི་བྱིས་པ་བོང་བུ་རྣ་བ་ཅན་ཞིག་བྱུང་བ་ལོ་བཅུ་གཉིས་ལོན་ཚེ་ལྷ་འདྲེས་ཁྲིད་ནས་ལོ་བཅུ་གཉིས་ཀྱི་བར་དུ་མི་ཁྱུར་མ་ཚུད། ལོ་བཅུ་གཉིས་འདས་པ་ན་ལོག་བྱུང་བའི་ཚེ་ཡུལ་འདི་ན་ལྷ་འདྲེ་འདི་ཡོད་དང་འདི་ལྟར་མཆོད་ཐམས་ཅད་ཤེས་པ་ཞིག་བྱུང་ནས། དེས་བོང་བུའི་རྣ་བ་སྒྲིབ་པའི་ཕྱིར་བལ་ཐོད་བཅིངས་ཏེ་ལྷ་འདྲེ་མཆོད་པའི་ལས་བྱེད་པ་ལས་རྡོལ་བོན་དར་ཞིང༌།”{45}ཞེས་གསལ་བ་བཞིན་དེ་ལྟར་ན་སྟོན་པ་ཐུབ་པའི་དབང་པོ་ཤཱཀྱའི་རྒྱལ་པོ་མཆོག ཐུའུ་བཀྭན་དང་བདུད་འཇོམས་སོགས་ཀྱིས་བཟོས་པའི་བོང་བུའི་རྣ་བ་ཅན་གྱི་བྱིས་པ་ལོ་བཅུ་གསུམ་ཅན་དེ་དང་ངོ་བོ་གཅིག་ཏུ་འགྱུར་བའི་ཕྱིར། འདི་ལྟར་བརྗོད་ཚེ་ཕལ་ཆེར་མཁའ་འགྲོའི་ལུང་བསྟན་དེ་ལ་དགོངས་གཞི་གཞན་ཞིག་ཡོད་ཅེས་འགྲེལ་བཤད་རྒྱག་དགོས་པ་ལས་ལུང་ཚིག་དེ་ཁྱོད་ཚོས་ཁས་ལེན་བྱ་ཐབས་མ་མཆིས་སོ། །
       རོང་སྟོན་གྱི་བོན་ཆོས་རྣམ་འབྱེད་ལས། “བོན་ཆོས་གཉིས་རང་རང་གི་སངས་རྒྱས་སྟོང་རྩ་གཉིས་རེ་ཡོད་པ་ནི་རིམ་བཞིན་འབྱུང་སྟེ། གཉིས་གཉིས་དུས་གཅིག་ཏུ་མི་འབྱུང་ཟེར་བ་ཡོད་ཨང་ང་ཡི་སངས་རྒྱས་བསྟན་པ་འདིའི་རིང་ལ་གཞན་ནས་བྱོན་ཐབས་མེད་ཟེར་བ་དམན་པའི་ཤེས་པ་སྟེ། སངས་རྒྱས་སེམས་ཅན་གྱི་དོན་མཛད་པ་སྐར་ཚོགས་ཙམ་གྱིས་ཁེངས་ནས། ཐུབ་པ་ནི་སྟོན་པ་གཤེན་རབ་ཀྱི་སྤྲུལ་པ་ཡིན་ཟེར་བ་ཆོས་ཀྱི་ཏོག་དཀར་མདོ་དང་བོན་གྱི་སེམས་ལུང་ལས་གསུངས་སོ། །འདི་སངས་རྒྱས་མ་ཡིན་ལ་སེམས་དཔའ་ཆེན་པོ་ནུས་ཅན་གཅིག་ཏུ་འདུག་ཀྱང༌། འདས་གྲོངས་ལ་རང་དབང་མ་ཐོབ་པས་ཡོས་ལོ་ཡིན་པས་ལོའི་འགོར་མ་བཞེས་སོ། །”{46}ཞེས་གསལ་བར་མ་ཟད། སྟོན་པ་ཤཱཀྱ་ཐུབ་པ་སྟོན་པ་གཤེན་རབ་ཀྱི་གསུང་གི་བསྟན་པའི་ཟུར་སྡོང་གི་སྟོན་པར་བྱོན་པ། བོན་གྱི་བསྟན་རྩིས་དོགས་བསལ་པཎ་ཙ་ལི་ཀའི་ཆུན་པོ་སོགས་ལའང་གསལ་བས།{47} སྟོན་པ་ཐུབ་པའི་དབང་པོ་སྟོན་པ་གཤེན་རབ་ཀྱི་གསུང་གི་སྤྲུལ་པར་བརྗོད་ཀྱང་རིགས་སོ་སྙམ།
      རྣམ་ཐར་དེར“སྐུ་ཐུགས་རྗེ་ཆེན་པོས་བོད་ཁམས་རྒྱ་ནག་ཡན་ཁྱབ༔ བོན་ནང་པ་དང་ཆོས་གཉིས་ཀ་དར༔ འདིའི་སྐབས་བོན་ཆོས་གཉིས་རིས་མེད་པས༔ སྐོར་བ་སོགས་ལ་གཡས་སུ་སྐོར་བ་ཕྱག་རྒྱ་ཆེན་པོ༔ གཡོན་དུ་སྐོར་བ་རྫོགས་པ་ཆེན་པོ༔ ཕྱག་འཚལ་བ་ནི་དབུ་མ་ཆེན་པོ་ཞེས་གླེང་ནས་ཁྱད་མེད་དུ་འབད་དོ༔”{48}ཞེས་གསལ། སྐབས་དེར་བོན་ཆོས་གཉིས་རིས་མེད་དུ་དར་ཞེས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་རྟེན་ལ་སྐོར་བ་བྱེད་ཚུལ་གཡས་སྐོར་ཕྱག་རྒྱ་ཆེན་པོ་དང༌། གཡོན་སྐོར་རྫོགས་པ་ཆེན་པོ། ཕྱག་འཚལ་བ་ནི་དབུ་མ་ཆེན་པོ་ཞེས་གསལ་ཡང༌། གཡས་སྐོར་དང་གཡོན་སྐོར་བྱེད་པ་ཙམ་གྱིས་བོན་ཆོས་རིས་མེད་དུ་སྤྱད་པའི་དོན་མ་ཡིན་ཏེ། “ཕྱི་ལྟར་ན་ཐབས་ཆེན་ཡབ་ཀྱི་དཀྱིལ་འཁོར་གཡས་སུ་བསྐོར་བ། ནང་ལྟར་ན་ཤེས་རབ་ཡུམ་གྱི་དཀྱིལ་འཁོར་གཡོན་དུ་བསྐོར་བ། གསང་བ་ལྟར་ན་གཉིས་མེད་ལས་ཀྱི་འོད་ཟེར་ཐབས་ཤེས་དབྱེར་མེད་ཀྱི་ཚུལ་དུ་འཁོར་བའང་ཡོད། དེ་ལྟར་དུ་ཕྱི་ཡི་བསྐོར་བ་འདི་ལ། གཡས་བསྐོར་ཐབས་ཀྱི་བསྐོར་བ་འདི་རྒྱུ་ཡིས་ཚོགས་གཉིས་རྫོགས་ཤིང་ཉོན་མོངས་པའི་སྒྲིབ་པ་འབྱང༌། གཡོན་བསྐོར་ཤེས་རབ་ཀྱི་སྐོར་བ་འདི་ཡིས་ལམ་གྱི་སྒྲིབ་པ་གཉིས་འབྱང་ཞིང༌། འབྲས་བུ་ཡེ་ཤེས་ཀྱི་མཆོག་འཐོབ་པ་ཡིན་པས་དབྱེར་མེད་དུ་སྤྱད་ཆོག་པ་ཞུ། རང་རེའི་བོན་དང་ཆོས་ཀྱི་རང་གཞུང་གི་རྒྱུད་སྡེ་རྣམས་ལའང༌། བདག་མདུན་དཀྱིལ་འཁོར་གྱི་བསྐྱེད་ཆོག་སྒོམ་བཟླས་ཀྱི་འཕྲོ་འདུའི་རིམ་པ་སོགས་ལ། ཕོ་རྣམས་ཟླ་བའི་དཀྱིལ་འཁོར་དུ་གཡས་སྐོར། མོ་རྣམས་ཉི་མའི་དཀྱིལ་འཁོར་དུ་གཡོན་སྐོར་དགོས་པ་རྒྱུད་ལས་གསལ་ཞིང༌། ལུང་དང་མི་འགལ་བས་དེ་ཡང་བོན་ཆོས་རང་རང་གི་གྲུབ་མཐའ་ནང་བཞིན་གྱིས་ཕྱག་དང་སྐོར་བ་དགེ་སྦྱོར་གང་ཐུབ་སྨོན་ལམ་དང༌། སེམས་བསྐྱེད་བཟང་པོའི་སྒོ་ནས་བསྒྲུབ་ན་ནང་པ་སངས་རྒྱས་སུ་ཡིན་པར་བསྒྲུབ་ན་རིགས་ལགས།”{49}ཞེས་གསལ། ལར་ནས་བདེ་བར་གཤེགས་པའི་ལྷ་ཁང་དང་མཆོད་རྟེན་ལས་སོགས་རྟེན་གསུམ་རྣམས་ལ་ཆོས་ལུགས་རང་རང་སོ་སོའི་རྟེན་གསུམ་ནང་དུ་གཟུངས་གཞུག་འབུལ་བའི་མགོ་གཞུག་མ་ལོག་པར་སྐོར་བ་བྱེད་དགོས་པ་ལས། བན་དེས་བོན་པོའི་རྟེན་གསུམ་སོགས་ལ་བན་སྐོར་རམ་གཡོན་སྐོར་དུ་འགྲོ་བ་དང༌། བོན་པོས་བན་དེའི་རྟེན་གསུམ་དང་དགོན་པར་བོན་སྐོར་རམ་གཡས་སྐོར་བྱེད་དེ་འགྲོ་བ་ནི་སྐོར་བ་བྱས་པའི་ཕན་ཡོན་ལྟ་ཅི། དམྱལ་བ་རྡོ་རྗེ་གདན་དུ་ལྟུང་བྱེད་ཀྱི་ཚོགས་ངན་བསགས་པའི་རྒྱུ་རུ་མི་འགྲོ་བའི་ངེས་པའང་མེད་པས་སོ། །
        རྣམ་ཐར་དེར“ལྷ་འདི་གཤེགས་ནས། ལོ་ཉི་ཤུ་རྩ་ལྔ་ཙམ་ནས་རྒྱུ་བོན་ལོག་པ་རྣམས་དར་ཏེ༔ ཆོས་དང་བོན་ནང་པ་གཉིས་ཀ་བསྣུབས༔ བོན་ནང་པ་ནི་ད་ལྟ་ཡང་སྐད་མེད་དུ་སྡོད་དགོས་བྱུང་བ་ཡིན་ཏེ༔ ལ་ལ་ནི་ཁམས་སུ་སྤྱུགས༔ ལ་ལ་ཀོང་པོར་སྤྱུགས༔ ལ་ལ་གཙང་༔”{50}ཞེས་གསལ། ལྷ་དེ་གཤེགས་ནས་མི་ལོ་ཉེར་ལྔ་ཙམ་གྱི་རྗེས་སུ་རྒྱུ་ཡི་བོན་རྣམས་དར་ཏེ། ཆོས་དང་བོན་ནང་པ་གཉིས་ཀ་བསྣུབས་པ་བདེན་ན། བོད་ཀྱི་རྒྱལ་པོ་ལེག་དྲུག་དང་སྡེ་བརྒྱད་བར་གྱི་བཙན་ལྔ་སོགས་ཀྱིས་བོད་ཀྱི་བསྟན་པ་ཆོས་ལུགས་དང་སྲིད་ལུགས་ཟུང་འབྲེལ་གྱི་སྒོ་ནས་བསྐྱངས་པའི་ཚུལ་ཡང་མེད་དེ། ཆོས་དང་བོན་ནང་པ་གཉིས་ཀའི་བསྟན་པ་བསྣུབས་པའི་ཕྱིར། རྒྱུ་ཡི་བོན་རྣམས་དེ་དུས་ཙམ་ནས་དར་བ་མ་ཡིན་པར་ཐལ། གཉའ་ཁྲི་བཙན་པོའི་གོང་ནས་དར་ཟིན་པའི་ཕྱིར། དེར་ཐལ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བོད་ལ་ཐོག་མར་ཕེབས་དུས་སུ་བོད་ཀྱི་བོན་པོར་རྒྱུ་ཡི་བོན་རྣམས་གསུངས་ཏེ། འབྲས་བུའི་བོན་རྣམས་ཕྱིས་ནས་དར་བའི་སྨོན་ལམ་བཏབ་པའི་ཕྱིར། ཕྱོགས་གཅིག་ནས་བསམ་ན་སྐབས་དེར་མཁའ་འགྲོ་འཁོར་དང་བཅས་པ་འབྲུ་ཆང་གིས་མྱོས་པའི་ཚད་དུ་གདའ་སྟེ། བོད་དུ་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཞེས་པའི་ལོ་རྒྱུས་ཀྱི་ཐོག་མ་རྒྱལ་པོ་ཁྲི་དར་མའམ། ཡོངས་གྲགས་གླང་དར་མའི་སྐབས་ནས་ཡིན་པ་ལོ་རྒྱུས་ཡིག་ཆ་ཁག་གྲགས་ཆེ་བའི་ཕྱིར། འོན་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་བཀས་བཀོད་འོག་བོན་གྱི་གནད་ཡོད་མི་སྣ་ལ་ལ་ཁམས་སུ་སྤྱུགས་པ་དང༌། ལ་ལ་ཀོང་པོར་སྤྱུགས་པ་སོགས་ནི། བན་བོན་གཉིས་ཀའི་ལོ་རྒྱུས་སུ་གསལ་བ་ལྟར་སྐབས་དེའི་ཡ་ང་བའི་གནས་སྟངས་ངོ་མ་དེ་རེད། ཡང་ཅིག་བཤད་ན། རྒྱུའི་བོན་རྣམས་ལ་ལོག་པའི་ཆོས་སུ་བགྲང་བ་ཡང་མི་རུང་སྟེ། ད་ལྟའི་ཆར་བོན་ཆོས་གཉིས་ཀའི་ཕྱོགས་ནས། སྣང་སྲིད་གསལ་བའི་མོ་དང༌། སྐྱེ་བ་སྔ་ཕྱི་དང་ཆགས་འཇིག་སྟོན་པའི་རྩིས། དགྲ་སྲི་འཇོམས་ཐབས་གཏོ། ཕན་བདེ་བསྐྱེད་པའི་དཔྱད་བཅས། མདོར་ན་མོ་རྩིས་གཏོ་དཔྱད་བཞིའི་ལག་ལེན་ཡང་སྟོན་པ་གཤེན་རབ་ཀྱིས་སྲོལ་བཏོད་པའི་རྒྱུ་ཡི་བོན་ནམ་ཐེག་པ་དང་པོ་ཕྱྭ་གཤེན་ཐེག་པའི་གཞུང་ཆེན་པོ་བཞི་དེ་ཡིན་པ་ལོ་རྒྱུས་ས་ཁྱབ་རྡོ་ཁྱབ་ལྟར་ཡིན་ན་ཡང༌། ལོག་པའི་ཆོས་ཀྱིས་ལོག་ལམ་དུ་འཁྲིད་པ་གཤིས་སུ་གྲུབ་པས་དེས་ན་དེ་བཞི་ཡང་དོར་བར་མཛོད། དེ་དག་བཞི་ནི་བོད་ཙམ་དུ་མ་ཟད་ཧི་མ་ལ་ཡ་ཡི་རི་རྒྱུད་དུ་གཏོགས་པའི་བོད་རིགས་ཡོད་དོ་ཅོག་ལ་མེད་ཐབས་མེད་པའི་གལ་གནད་ཅན་གྱི་ཆ་ལག་ཞིག་ཡིན་པར་བརྟེན། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཀྱང་མ་བསྣུབ་པར་རང་སར་བཞག་པ་ལོ་རྒྱུས་རྣམས་སུ་གསལ་བས་སོ། །
       སྟོན་པ་སངས་རྒྱས་ཀྱིས་ཀྱང་རྒྱུ་ཡི་ཐེག་པ་ནི། གཙོ་བོ་འཇིག་རྟེན་གྱི་ཕན་བདེ་བསྒྲུབ་པའི་ཆེད་དུ་གསུངས་པའི་ཕྱིར་ན། བོད་རིགས་ཀྱི་འཚོ་བ་དང་ནམ་ཡང་ཁ་འབྲལ་ཐབས་མེད་ཅིང་དར་ནུབ་ཀྱང་དེ་ཙམ་མ་བྱུང༌། དེ་དག་གི་ཕྱིར་ན་ཐུའུ་བཀྭན་གྱིས་ཀྱང༌། བོན་ཞེས་སྨོད་ཀྱང་གལ་ལ་ཐུག་པའི་ཚེ། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི། །བོན་གྱི་བཅོས་ཀས་ཕན་པ་ཀུན་གྱིས་རེ། །{51}ཞེས་བཤད་པ་ལྟར་དོན་ལའང་དེ་ལྟར་གནས། དེ་མིན་བོན་པོར་གཟིགས་ཕྱོགས་མི་ལེགས་པ་ཞིག་གིས་དེ་ལྟ་བུར་ནམ་ཡང་བརྗོད་པར་མི་རིགས་སོ། །ལར་ནས་སྟོན་པ་ཤཱཀྱ་ཐུབ་པའི་རྗེས་སུ་འཛིན་པའི་རྒྱ་གར་དང་སིང་ག་པུར་ལས་སོགས་རྒྱལ་སྤྱིའི་ནང་པ་བ་གཞན་དང་མི་འདྲ་བའི་བོད་བརྒྱུད་ནང་བསྟན་གཅིག་པུར་མོ་རྩིས་གཏོ་དཔྱད་དང་གསང་བ་སྔགས་རྫོགས་སོགས་འབུར་དུ་དོད་པ་དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་གང་གིས་ཡིན་མིན་ལའང་བསམ་གཞིགས་གཏོང་རན། ཞང་བོད་ཀྱི་ལོ་རྒྱུས་གཏམ་ནོར་བུ་དོ་ཤལ་ལས། “ཕྱི་རྒྱལ་གྱི་མཁས་པ་ཚོས་བོད་ཀྱི་ཆོས་པར་བོན་འདྲེས་པས་བླ་མའི་རིང་ལུགས།”{52}ཞེས་གསུངས་པ་དང་སྒོ་ཀུན་ནས་མཐུན་ནོ། །གོང་འཕྲོས་སྐབས་དེར་གཡུང་དྲུང་གི་བོན་ཉམས་སུ་ལེན་པའི་གང་ཟག་རྣམས་ལ། འགྲོ་བ་མི་ཡི་ཐོབ་ཐང་བཙན་འཕྲོག་བྱས་པས་གྲགས་མེད་འགུལ་མེད་དུ་སྡོད་དགོས་བྱུང་བ་དང༌། གལ་སྲིད་རྒྱལ་བློན་གང་ཞིག་གི་མདུན་དུ་ཆོས་ལུགས་རང་མོས་ཀྱི་རྣམ་པ་ཕྱི་རུ་མངོན་གསལ་བསྟན་ཚེ། སྲོག་ཁྲིམས་གཅོད་པ་དང་ས་མཐར་སྤྱུགས་པ་སོགས་དམངས་ལ་རང་དབང་མེད་སྐོར་རྣམ་ཐར་དེ་ལས་གསལ་འདུག་པས། ཅི་ལྟར་བཤད་ཀྱང་རུང་བོད་དུ་ཆོས་ལུགས་རང་མོས་ཀྱི་ཐོབ་ཐང་ཐད། བོད་བཙན་པོའི་གདུང་རྒྱུད་རང་གི་སྐབས་ནས་བཟུང་རྡོག་པས་བརྫིས་ཤིང་མི་རིགས་ནང་ཁུལ་དང་ཆོས་ལུགས་གྲུབ་མཐའི་དབར་དུ་ཕྱོགས་ཞེན་གྱི་ཧ་ལ་ནག་པོའི་ས་བོན་ཡང་དེ་དུས་ནས་བཏབ་ཟིན་པ་རེད་སྙམས་སོ། །དེས་ན་བླ་མ་རོང་སྟོན་ཆེན་པོས། “གཡུང་དྲུང་བོན་གྱི་བསྟན་པ་ཐབས་ཀྱིས་བཤིགས། བོན་རྣམས་ཆོས་སུ་བསྒྱུར། དེ་དུས་ཆོས་རང་གི་བསྟན་པ་ཆེར་མེད་པས་ཚུགས་མི་ཚུགས་ལ་རག་ལས་པས། ལས་དགེ་སྡིག་ལ་མ་འཛེམས་ནས་སྙིང་ཁམས་བསྐྱེད་པས། རྒྱལ་བློན་རྣམས་ཀྱིས་མགོ་གཡོག་ཐུབ་ནས་བསྟན་པ་བསྣུབས་པ་ཡིན་ནོ། །ཡིན་ཡང་མི་མ་ཡིན་མགོ་གཡོག་མ་ཐུབ་ནས་མི་དགེ་བ་སྣ་ཚོགས་བྱུང༌། ཆོས་ཀྱི་བསྟན་པ་གསར་ཡང་མ་ཕན་པས་རྒྱུའི་བོན་བཞི་མ་བསྣུབས་པར་བཞག”{53}ཅེས་གསལ་བ་གཟུ་བོར་གནས་པའི་གཏམ་འབའ་ཞིག་ཏུ་ཟད། 
        རྣམ་ཐར་དེར“དེ་ནས་བོད་ཀྱི་ལོ་ཟད་ཟླ་ཟད་ཟེར་བའི་དུས་ལ་སླེབས་ནས༔ བོད་ཀྱི་ཆོས་རྒྱལ་ཆེན་པོའི་སྐུ་རིམ་དུ། བན་བོན་གཉིས་ཀ་བསམ་ཡས་སུ་འཚོགས་པས༔ བོན་གྱི་མཁས་པ་མི་ལྔ་བསམ་ཡས་སུ་སྤྱན་འདྲེན་པས༔ སྐུ་གསུང་ཐུགས་རྟེན་རྣམས་ངོ་མ་ཤེས་ཤིང༌། ཆོས་དགེ་བ་བཅུ་བློར་མ་ཤོང་ནས༔”{54}ཞེས་བཤད། བོད་ཀྱི་ལོ་ཟད་ཟླ་ཟད་ཟེར་བའི་དུས་རབས་ནི་ཆོས་རྒྱལ་ཁྲི་སྲོང་སྐབས་ཡིན་འདུག་པས། བོད་དུ་བོན་པོ་རྣམས་ལ་ཆེས་གདུག་རྩུབ་ཆེ་བའི་དུས་སྐབས་ཤིག་རེད། ཆོས་རྒྱལ་ཆེན་པོའི་ཞབས་རིམ་ཆེད་བོན་པོ་རྣམས་བསམ་ཡས་སུ་འཚོགས་སྐབས། སྐུ་གསུང་ཐུགས་རྟེན་རྣམས་ངོ་མ་ཤེས་པར་བཤད་པའང་འཆལ་གཏམ་ཁོ་ན་ལས་མེད་དེ། བོན་གྱི་མཁས་པ་ཡིན་པ་བདེན་ནམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་ཞལ་མ་འཕྲོད་ཅིང་དགེ་བ་བཅུའི་ཉམས་ལེན་ཙམ་བློར་མ་ཤོང་བ་བདེན། སྐབས་དེའི་བོན་གྱི་མཁས་པ་མི་ལྔ་བྱ་བའང་བླ་ཆེན་དྲན་པ་ནམ་མཁའ་དང༌། ཞང་ཞུང་སྟོང་རྒྱུང་མཐུ་ཆེན། གཤེན་པོ་གྱེར་ཆེན་ཟླ་མེད། གྲུབ་ཐོབ་ཇོ་བཟའ་བོན་མོ་སོགས་ཡིན་འདུག་པས་སྐུ་གསུང་ཐུགས་རྟེན་ཞལ་མི་འཕྲོད་པའི་བླུན་པོ་གླང་ལྟ་བུའི་གྲལ་དུ་སྨྲས་ཀྱང་ག་ལ་འོས་ཏེ། དེ་རྣམས་ཀྱིས་དུས་དེར་གཡུང་དྲུང་བོན་གྱི་བསྟན་པར་ཉམས་སུ་བླངས་ཏེ་མི་ལོ་གང་འཚམས་འདས་ཤིང༌། ལྷག་པར་དུ་དེ་རྣམས་གྲུབ་པ་ཐོབ་པའི་རིག་འཛིན་དཔའ་བོ་དང་དཔའ་མོའི་གྲལ་དུའང་བཞུགས་པར་མ་ཟད། བན་བོན་ཤག་འགྱེད་སྐབས་མཁས་པ་དེ་རྣམས་བན་དེའི་འགྲན་ཟླར་ཀྱང་ཡོད་པས་དགེ་བཅུ་སྤྱོད་པའི་བསམ་པ་བློར་མ་ཤོང་ཞེས་བླུན་རྟགས་ཀྱི་དབུ་ཞྭ་ནག་པོ་རང་གིས་རང་ལ་སྐོན་པ་མ་ཡིན་ནམ།
        རྣམ་ཐར་དེར“བོན་པོ་རྣམས་ཀྱིས་ན་རེ༔ རྒྱལ་པོ་ཆེན་པོའི་སྐུ་རིམ་ཡིན་པས༔ ཤ་བ་ཕོ་རྭ་རྒྱས་དང་༔ ཡུ་མོ་གཡུ་མཐུར་ཅན༔ གཡག་ལུག་ར་གསུམ་ཕོ་སྟོང་༔ མོ་སྟོང་༔ རྒྱལ་པོའི་སྐུ་ཆས་ཡོངས་རྫོགས་དགོས་ཟེར་བས༔ དེ་ཐམས་ཅད་རྒྱལ་པོའི་མྱུར་མར་སྤྲད༔” {55}ཅེས་བོན་པོ་རྣམས་ཀྱིས་རྒྱལ་པོའི་སྐུ་རིམ་ཆེད་ཤ་བ་ཡུ་མོ་དང་གཡག་ལུག་ར་གསུམ་སྟོང་ཕྲག་བྱས་ནས་སྲོག་བཅད་དེ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་གྲིབ་གཟུགས་སྐྱི་གཡའ་ཞིང་སྐྱུག་བྲོ་བ་ཞིག་ཡིག་ཐོག་ཏུ་ཐོག་མར་བཀོད་པའི་བན་ཕྱོགས་ཀྱི་ལོ་རྒྱུས་ཡིག་རིགས་ཕལ་ཆེར་རྣམ་ཐར་འདི་ཡིན་འདུག་ཀྱང༌། བོན་ཆོས་ཚུལ་བཞིན་སྤྱོད་པའི་གང་ཟག་ཅིག་ཡིན་ཕྱིན་སེམས་ཅན་ལ་གནོད་འཚེའི་བྱ་བ་སྤོང་དགོས་པ་བོན་སྤྱོད་ཉམས་ལེན་སྐབས་ཀྱི་ཐོག་མའི་རྨང་གཞི་ལྟ་བུར་ངེས་ཤིང༌། ལྷག་པར་དུ་རྒྱལ་པོའི་སྐུ་རིམ་དུ་ཕེབས་པའི་བོན་པོ་དེ་དག་བོན་གྱི་གྲུབ་པ་ཐོབ་པའི་མཁས་པ་མི་དགུ་སོགས་བོན་གྱི་ལོ་རྒྱུས་ནང་གི་གལ་ཆེའི་མི་སྣ་ཤ་སྟག་ཡིན་སྟབས། སེམས་ཅན་ལ་འཚེ་བའི་ལས་སྤྱོད་དེ་བཞིན་བྱ་བར་བློས་མི་ཐོང་བ་གདོན་མི་ཟ་ལ། ལར་ནས་བོན་གྱི་ལོ་རྒྱུས་ལྟར་ན་གཤེན་པོ་དེ་རྣམས་ཀྱི་དྲག་པོའི་འཕྲིན་ལས་ཀྱིས་བསྐུལ་ཏེ། ཡར་ཀླུང་བཙན་པོའི་གདུང་རྒྱུད་ཀྱི་རྒྱལ་སྲིད་འཁོར་དང་བཅས་པ་རྡུལ་དུ་བརླག་པའི་སྦྱོར་སྒྲོལ་གྱི་མཐུ་དང་ནུས་རྩལ་ལྡན་ཡང༌། བོན་གཤེན་རྣམས་ཀྱིས་བཟོད་པའི་གོ་གོན་ནས། བོན་གཤེན་རྣམས་ཀྱི་དགོངས་པར། ནམ་མཁའི་ཉི་ཟླ་ལའང་ཤར་ནུབ་འབྱུང་ཕྱིར་གཡུང་དྲུང་གི་བོན་ལའང༌། བདུད་ཀྱིས་དམོད་པ་བཏབ་པ་སོགས་ཀྱི་རྐྱེན་པས་ལན་གཅིག་འཆར་རེས་འབྱུང་བར་འགྱུར་ཏེ། དེ་ཡང་“བསྟན་པ་ཅུང་ཞིག་ནུབ་པ་དེ། ཉི་ཟླའི་འཆར་རེས་འབྱུང་བ་བཞིན། ལན་ཞིག་འཆར་རེས་བྱེད་པར་འགྱུར། གཏན་དུ་ནུབ་པར་ག་ལ་སྲིད། བདུད་ཀྱིས་དམོད་པ་བཏབ་བཙན་ཡིན།” {56}ཞེས་གསུངས་པ་ལྟར། ཕྱོགས་གཅིག་ནས་བཤད་ན་ཤ་བ་སྟོང་ཕྲག་དུ་མ་དུས་གཅིག་ཏུ་འཛིན་པ་ལ། མཚོན་དང་རྙི་སོགས་ཀྱང་དེང་དུས་ལྟར་མེད་པར་ཆ་རྐྱེན་གང་འཚམས་ཤིག་མེད་པར། ཇི་ལྟར་བྱས་ནས་འཛིན་བཟུང་བྱ་ཐུབ་བམ། རང་རེའི་མེས་པོའི་སྐབས་ཡུ་རོབ་བམ་ནུབ་ཕྱོགས་ཀྱི་ཡུལ་གྲུ་འགའ་ཞིག་ལྟར། ཤ་བ་སྒོ་ཕྱུགས་སུ་ཉར་བའི་སྲོལ་རྒྱུན་ལོ་རྒྱུས་གང་ཡང་གྲགས་མེད་པར་མ་ཟད། དེ་སྐབས་བོད་ཀྱི་བཙན་པོས་རི་དྭགས་ལ་བརྔོན་བྱེད་པར་ཤིན་ཏུ་ནས་དམ་དྲག་གི་བཀའ་ཁྲིམས་ཡོད་པའང༌། ཏུན་ཧོང་ཤོག་དྲིལ་{57}དུ་གསལ་འདུག་ན། རང་གི་ཆོས་ལུགས་ཙམ་ལའང་སྤྱོད་དབང་མེད་པའི་བོན་པོ་རྣམས་ལ་རི་དྭགས་སྟོང་ཕྲག་མང་པོ་གསོད་པའི་ཐོབ་ཐང་དང་གོ་སྐབས་ཇི་ལྟར་འབྱུང་ངམ།
       དེ་ལྟར་བཤད་པ་ལ་འདི་ལྟར་བསམ་དགོས་པའང་ཡོད། གལ་སྲིད་རྒྱལ་པོའི་སྐུ་དབང་འོག་དེ་ལྟར་ཐོབ་ཐང་སྤྲད་དེ་གསོད་པའི་དབང་དུ་གཏོང་བ་ལ་བསམ་ཡས་ཀྱི་ཁོར་ཡུག་ཏུ་མ་མཐའ་ཤ་བ་ཁྲི་ཕྲག་མང་པོ་ཡོད་དགོས་པས་ཡིད་མི་ཆེས་པ་ཞིག་རེད། འདི་འདྲའི་རྡོ་ཆག་བཙན་སྒྲིག་གི་ལོ་རྒྱུས་ཡིག་ཐོག་ཏུ་བཀོད་པ་འདིས་བོད་དང་བོད་ཀྱི་ཆོས་རིག་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མིར་མགོ་བོ་རྨོངས་སུ་བཅུག་པ་མ་ཟད། མི་རིགས་དང་ཆོས་ལུགས་སྤྱི་ཚོགས་དང་བཅས་པའི་མཐུན་སྒྲིལ་ལ་རྨ་ཁ་ཆེན་པོ་ཞིག་བཟོས་པ་ཡིན་པར་དོན་གྱིས་གྲུབ། དེ་ལྟར་བསྒྲགས་གཏམ་ཐེངས་མང་སྤེལ་བའི་འཁྱོག་བཤད་ལོ་རྒྱུས་ལ་དམིགས་ཏེ། དེང་རབས་ཀྱི་མཁས་པ་ཞིག་གིས་གསུངས་པ“ཕྱིས་བྱུང་སངས་རྒྱས་ཆོས་ལུགས་ཀྱི་དཔེ་དེབ་གཏེར་མའི་རིགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཞེས་པར། བཙན་པོ་རིམ་གྱི་དུས་སྐབས་སུ་བོན་ཆོས་བྱེད་མཁན་གྱིས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་རེ་རེ་ལ་སེམས་ཅན་ཤ་བ་སྟོང་ཕྲག་མང་པོ་བསད་ནས། ལྷ་ལ་མཆོད་ཚུལ་བཤད་ཡོད་ལ། བཙན་པོ་རྣམས་ཀྱི་དུས་སུ་ཤ་བ་སོགས་རི་དྭགས་གང་བྱུང་གིས་བསད་མི་ཆོག་པའི་ཁྲིམས་གཏན་འབེབས་བཟོས་པའི་ཡིག་ཆ་དེང་སང་ཏུན་ཧོང་ཡིག་རྙིང་གྲས་སུ་ཡོད། ཤ་བ་སྒོ་ཕྱུགས་བྱས་པ་བོད་ཀྱི་ལོ་རྒྱུས་ཐོག་མེད་ལ་རི་དྭགས་ཡིན་ན་སྟོང་ཕྲག་མང་པོ་དུས་གཅིག་ཏུ་བསད་པ་ཕུད། ཉུང་ཤས་བསད་པ་ཡང་ཁག་པོ་ཡིན།”{58}ཞེས་གསལ་བས་ཀྱང༌། བོན་པོ་རྣམས་ཀྱིས་ཤ་བ་ཡུ་མོ་དང་གཡག་ལུག་སྟོང་ཕྲག་མང་པོའི་སྲོག་བཅད་ཅེས་སྒྲོ་སྐུར་གྱིས་དྲངས་པའི་ཁུངས་མེད་ཀྱི་མདའ་རྩེ་དེ་དག་ལུང་རིག་གསེར་གྱི་ཕ་བོང་གིས་བཅག་འདུག་སྙམ། དེ་བཞིན་བོད་བཙན་པོའི་དུས་རབས་ཀྱི་ལོ་རྒྱུས་ཁག་ཅིག་ཏུ་མ་ཉེས་ཁ་གཡོག་གི་ལྭ་བ་ནག་པོས་བོན་གྱི་མཁས་པ་མི་དགུའི་སྐུ་ལུས་ཡོངས་སུ་བཏུམ་ཞིང༌། ཡང་དག་པའི་གནས་ལུགས་རེ་རེ་གྲིབ་གཟུགས་སུ་བརྫུས་པར། གསལ་བཤད་འདི་དག་བདེན་རྫུན་འོ་ཆུ་འབྱེད་པའི་གཏན་ཚིགས་ངང་པའི་རྒྱལ་པོ་ལྟ་བུ་ཞིག་ཀྱང་ཡིན་པར་སེམས། 
       རྣམ་ཐར་དེར“བོན་པོའི་གྲལ་ཕྱོགས་སུ་སེར་བ་དང་རྡོ་ཆར་ཕབ་པས་བདེན་རྟགས་ལྷ་ཡིས་ཕྱེས་པ་ཡིན་འདུག་ཟེར་ནས་བོན་བློན་རྣམས་ཀྱིས་ཆོས་ལ་ཕྱག་བྱས༔ ད་དུང་ལོ་ཙཱ་བ་རྣམས་དང་བོན་རྣམས་རྩོད་པ་ལ་ཤོགས་ཤིག་གསུངས་པས༔ ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་ཐང་ནག་གཉིས་བརྩོད༔ སྟོང་རྒྱུང་དང་ནམ་མཁའི་སྙིང་པོ་གཉིས་བརྩོད༔ དེ་བཞིན་དུ་བོན་རེ་དང་ལོ་ཙཱ་བ་རེ་བརྩད་པས་བོན་གང་གིས་ཀྱང་ལོ་ཙཱ་བའི་ཞལ་ཡ་མ་བྱུང་སྟེ༔”{59}ཞེས། བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་ལོ་ཆེན་བཻ་རོ་ཙ་ན་དང༌། སྟོང་རྒྱུང་མཐུ་ཆེན། གྱེར་སྤུངས་སྣང་བཞེར་ལོད་པོ། བླ་ཆེན་དྲན་པ་ནམ་མཁའ་སོགས་ཀྱིས་ཆོས་ཕྱོགས་ཀྱི་མཁས་པ་རྣམས་ལ་རྫུ་འཕྲུལ་དང་གྲུབ་རྟགས་ཀྱི་རྩལ་འགྲན་སྐབས། ངོ་མཚར་བའམ་དགོད་བྲོ་བོའི་གཏམ་རྒྱུད་ཀྱི་རྣམ་པ་དེ་དང་དེ་འདྲ་བ་མང་པོ་ཞིག བོན་པོའི་ཕྱོགས་ནས་བལྟས་ཚེ་བན་བོན་གྱི་འགྲན་རྩོད་སྐབས་བོན་པོའི་མཁས་པ་རྣམས་ལ་རྒྱལ་ཁ་ཐོབ་ཚུལ་བཤད་ཅིང༌། བན་དེའི་ཕྱོགས་ནས་བལྟས་ཚེ་བན་དེའི་ལོ་ཙཱ་བ་རྣམས་བོན་ལས་རྒྱལ་ཏེ་བོན་པོའི་ཕྱོགས་སུ་ཐན་ལྟས་དུ་མ་ཞིག་བྱུང་རབས་བཤད་སྟངས་བཅས། འདི་དག་ནི་ཕྱོགས་གཉིས་ཀར་སྣང་བ་འགྲན་བཟོད་རེ་བཤད་རྒྱུ་འདུག་ན། ལོ་ངོ་སྟོང་ཕྲག་གཅིག་གི་གོང་དུ་བྱུང་བའི་བཤད་རྒྱུན་འདི་རིགས་ལ་འདི་བདེན་དང༌། འདི་མི་བདེན་ཞེས་དམར་ཐག་ཆོད་པ་ཞིག་སུས་ཀྱང་བཤད་དཀའ་བས། དེའི་རིགས་བསྐྱར་བཤད་ཡང་བཤད་ཀྱི་ལམ་ནས་ཨ་ལོང་ཅི་ཙམ་བསྐོར་ཀྱང་དགོས་པ་ཆུང༌། ལར་ནས་བྱིས་པའི་ཡིད་ལ་མཚར་སྣང་བསྐྱེད་ཅིང་གཟུར་གནས་མཁས་པས་ཐུགས་ཡིད་མི་ཆེས་པའི་གཏམ་རྒྱུད་ཅིག་བྱུང་འདུག་སྟེ། དཔེར་ན“བོན་པོའི་གྲལ་ཕྱོགས་སུ་སེར་བ་དང་རྡོ་ཆར་ཕབ་པས་བདེན་རྟགས་ལྷ་ཡིས་ཕྱེས་པ་ཡིན་འདུག་ཟེར་ནས་བོན་བློན་རྣམས་ཀྱིས་ཆོས་ལ་ཕྱག་བྱས”ཞེས་བཤད་ཀྱང༌། ཚིག་དེ་དག་གི་ངོ་གདོང་ལས་ང་ཚོར་ངོ་འཕྲོད་ཡོང་བ་ནི། འཇིག་རྟེན་པའི་ཁ་དཔེར“རྒྱལ་བོའི་བཀའ་ལས་བློན་པོའི་དབྱུག་པ་བཙན”ཞེས་པའི་དཔེ་བཞིན། བོན་པོ་རྣམས་ཀྱིས་བན་དང་བན་ཆོས་ལ་ཕྱག་བཙལ་ཏེ་སྐྱབས་མ་ཞུས་ཚེ་རྡོ་དང་དབྱུག་པའི་དྲག་ཆར་རྒྱལ་བློན་གདུག་པ་ཅན་གྱི་ལག་ནས་དབང་མེད་དུ་གཟེད་དགོས་བྱུང་བའི་རིགས། མཐོ་སྒང་གི་མི་རིགས་དེ་ཉིད་ཆགས་འཇིག་གི་གཡང་ཁར་ལྷུང་ཞིང༌། གོད་ཆག་ཁྲོད་ཀྱི་མནར་གཅོད་གཉིས་པ་དེ་ཡིན་པས“བོན་གང་གིས་ཀྱང་ལོ་ཙཱ་བའི་ཞལ་ཡ་མ་བྱུང་”ཞེས་པའི་ལུང་དོན་ཀྱང༌། གནད་འགག་དེ་ལས་འདས་མེད་པར་སྙམ། ལར་ནས་བསམ་ན་ཆོས་དཔེ་མང་རབ་ཅིག བོན་ལས་བཤུ་འབྲི་གྲུབ་པའི་དུས་དེར་བོད་བཙན་པོའི་རྒྱལ་ཁྲིམས་འོག བོན་པོས་ཆོས་བཅོས་པའི་གོ་སྐབས་རྙེད་མེད་པར་མ་ཟད། བོན་གྱི་རྟེན་གསུམ་སྔར་ཡོད་རྣམས་ཀྱང་རྒྱལ་པོའི་སྐུ་དྲུང་དུ་བཙན་གྱིས་བསྡུས་ཏེ་ས་སྟེང་དུ་རྩ་མེད་བཏང་ཟིན་པས་ན། གནས་སྟངས་དེ་ལྟ་བུའི་འོག་བོན་པོ་རྣམས་ཀྱིས༌། ཆོས་པའི་ལོ་ཙཱ་བར་རྫུ་འཕྲུལ་རྩལ་སྟོབས་འགྲན་པའི་གོ་སྐབས་ལེན་ཐུབ་པ་ལྟ་ཅི། ཐ་ན་ལོ་ཙཱ་བའི་ཞལ་ཡ་ཡང་མ་བྱུང་ཟེར་བའི་རྐྱེན་གཙོ་བོའང༌། ཆོས་རྒྱལ་ཆེན་པོའི་བཙན་གནོན་གྱི་དབང་ཤུགས་བོན་འབངས་ཡོངས་ཀྱི་མགོ་ཐོག་ཏུ་ཆེས་བརྣག་པས་ཡིན་པར་སོམ་ཉི་བྲལ། གང་ལྟར་འདི་དག་ནི་བོད་བཙན་པོའི་དུས་སྐབས་དང་འབྲེལ་ཞིང༌། ཡར་ཀླུང་རྒྱལ་པོ་དང་བན་ཕྱོགས་ཀྱི་བློན་པོའི་སྐུ་དབང་འོག་མི་རིགས་ནང་ཁུལ་དུ་འཁྲབ་པའི་ཡར་ལུང་སོག་ཁའི་སྐྱུག་བྲོ་བའི་གཏམ་རྒྱུད་ལེའུ་གཉིས་པའི་ཁོངས་སུ་འདུས་པའོ། །

མཇུག་མཐའི་ཚིག་གསུམ།

       བདུད་འཇོམས་ཆོས་འབྱུང་དང༌། རྒྱལ་རབས། ཐུའུ་བཀྭན་གྱི་གྲུབ་མཐའ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་སོགས། བན་ཕྱོགས་ནས་ཆེས་རྩ་ཆེན་དུ་བརྩི་བའི་ལོ་རྒྱུས་ཡིག་ཆའི་ཁོངས་ནས་ཚིག་རེ་གཉིས་ཤིག་ཟུར་དུ་བཀོལ་ཁུལ་གྱིས། དེ་དག་ལ་གསལ་བཤད་ཐན་ཐུན་རེ་བྱེད་རྒྱུའི་ངལ་བ་ཁུར་དུ་ལེན་དོན་ནི། སྤྱི་བཤད་ཕྲན་བུའི་སྐབས་སོང་བ་ལྟར་ལགས་ཀྱང༌། ལར་ནས་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་སྨྲ་བར་དུང་ཀ་ཆེ་བའི་ལས་དང་པོ་བ་སྤྱི་དང༌། སྒོས་སུ་རང་རེའི་སྤྱི་ཚོགས་ཁྲོད། བོན་ཕྱོགས་ཀྱི་ཡིག་ཆའི་དགོངས་དོན་དང༌། བོན་པོའི་འདོད་པ་རེ་གཉིས་ཙམ་ལས་མ་ཤེས་ཀྱང༌། བོན་པོའི་ལྟ་སྤྱོད་ཆེས་མུན་ནག་ཞིག་ཏུ་ངོས་འཛིན་པའི་བལྟ་ཚུལ་གྱི་བག་ཆགས་ནག་པོ་ད་ལྟའང་བོད་ཀྱི་སྤྱི་ཚོགས་ཁྲོད་རང་ཆས་སུ་ཡོད་པས། དམིགས་པ་གོ་བསྐོན་གསེད་འགྲོལ་གྱི་ཚུལ་གྱིས་དེ་དག་ལ་ཕན་ཐོགས་ཅུང་རེ་ཡོང་སྲིད་པར་ཀུན་སློང་གིས་བསྐུལ་ཏེ། གནས་སྐབས་རིང་བཤད་འདོད་པ་ཞིག་བཤད་ཟིན་པའི་ཁུལ་ཡིན།
       དེ་བཞིན་མཁྱེན་དགོས་པ་ཞིག་ལ་སྟོན་པ་སངས་རྒྱས་ཀྱིས། “ལུང་ནི་འདམ་གྱི་ཕུར་བ་དང་འདྲ་སྟེ་གར་དྲང་དྲང་དུ་འོང་བས་རིགས་པས་རྒྱབ་རྟེན་མེད་པར་ཡིད་མི་ཆེས་སོ། །”{60}ཞེས་གསུངས་པར་ལྟར། རྒྱལ་བའི་གསུང་ལའང་དྲང་ངེས་ཀྱི་ཤན་འབྱེད་དུ་མ་ཞིག་ཡོད་པས། མཁའ་འགྲོའི་བརྡ་ཡིག་དང་གྲུབ་ཆེན་པའི་གཏེར་མ་སོགས་ལུང་གི་ཕུང་པོ་རི་ལྟར་བརྩིགས་ཀྱང༌། རིག་ལམ་གསེར་གྱི་མདའ་མོ་ལྟ་བུ་ཞིག་མེད་ན་གཟུར་གནས་དགྱེས་པའི་གཏམ་དུ་མི་འགྱུར་བར་གྲགས་པ་བཞིན། བླུན་པོ་རང་གིས་ཀྱང་ལུང་རིགས་ཟུང་དུ་སྦྲེལ་བའི་ཁུལ་གྱིས། གསལ་བཤད་དམར་མོ་འཛུབ་སྟོན་གྱི་ལམ་ནས་སྨྱུ་གུའི་གར་ཆུང་རོབ་ཙམ་བསྒྱུར་བ་ལས། བན་ཕྱོགས་ཀྱི་མཁས་གྲུབ་སྐྱེས་ཆེན་ཁག་ཅིག་གི་མཚན་གྱི་བ་དན་དཀར་པོ་གནམ་ལ་ཕྱར་ཏེ། དུམ་བུར་གཅོག་འདོད་བླུན་པོ་སྙིང་ཁམས་པའི་ལུགས་བཟུང་བ་མིན་ན་ཡང༌། ཁ་ཅིག་གིས་སྐུ་ངལ་གང་ཡོད་གཡས་དཀྲིས་གཡོན་དཀྲིས་བྱས་པའི་རྒྱུད་རིམ་ནག་པོའི་གྲིབ་མ་གང་ཞིག དུས་རབས་གསར་པའི་སྲང་ལམ་དུ་བསྟན་ཏེ། མ་འོངས་པའི་གཞོན་སྐྱེས་རྣམས་ལོག་ལམ་དུ་མི་འཕྱན་པའི་ཐབས་ཤེས་འཚོལ་བཞིན་པ་ཤེས་དགོས། 
        དེ་བཞིན་གངས་ཅན་པའི་ཡབ་མྱེས་ཀྱི་ཆོས་དང་ཐུན་མིན་གྱི་རིག་གཞུང་སྨྲ་བར། ངག་སྒོ་དོག་པོའི་འཕྲང་ལས་བརྒལ་འདོད་ཚེ། “རྒྱུ་མ་ཕུ་འདེད”ཀྱི་ཚུལ་ཅུང་ཙམ་མ་བྱས་ན། སྤྱིར་འཇིག་རྟེན་ཁམས་ཀྱི་རིག་གཞུང་ལོ་རྒྱུས་ལ་འཕེལ་འགྲིབ་དང་གོད་ཆག་མང་ཞིང༌། སྒོས་སུ་ཁ་བ་ཅན་པའི་ཆོས་དང་རིག་གཞུང་གི་ངོ་གདོང་“དུས་ངན་ལོའི་ནམ་ཟླ”ལྟར། ཆགས་འཇིག་ཧ་ཅང་ཆེ་བ་བཞིན་བོད་ཀྱི་བྱུང་རབས་བརྗོད་སྐབས་ཁུངས་མེད་ལོ་རྒྱུས་ཁག་ལ་གཞི་བཅོལ་ཚེ་འདི་ལྟར་བསམ། དྭངས་ཤིང་བསིལ་བའི་གནའ་བོའི་ལོ་རྒྱུས་ཀྱི་ཆབ་རྒྱུན་རིང་མོ་ཞང་བོད་མཐོ་སྒང་གི་གངས་རི་ལས་བབས་པ་གནའ་བོའི་ལོ་རྒྱུས་ཀྱི་འགྲོས་དང་མཐུན་ན་ཡང༌། འདི་ལྟའི་ལམ་ནས་བ་ཚྭའི་རྒྱུན་གྱིས་རྙོག་པ་ཞིག་ཏུའང་འགྱུར་སྲིད་པས། སྔ་རབས་པའི་གསུང་སྒྲོས་ཚུན་ཆད་ལ། གསལ་བཤད་ཐན་ཐུན་རེའི་ལམ་ནས་ཡོ་བསྲང་བྱ་དགོས་པ་གཟུར་གནས་ལོ་རྒྱུས་སྨྲ་བ་དག་གི་ཕྲག་ཏུ་འཁྲི་བའི་འོས་འགན་ཉག་གཅིག་ཏུ་མཐོང༌། གོང་དུ་ཞུས་པ་རྣམས་ཕྲན་གྱིས་འོལ་ཚོད་དང་གཡམ་རྒྱུགས་ལྟ་བུ་མ་ཡིན་པར། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་ལ་ཧུར་བརྩོན་ལོ་མང་བྱས་པའི་ཉམས་མྱོང་རིམ་གསོགས་ལས་བྱུང་བའི་ཡོང་བབ་ལྟ་བུ་ཡིན། རྩ་བའི་ཆ་ནས་ཆོས་ལུགས་དང་ཆོས་བརྒྱུད་ཕན་ཚུན་དབར་དག་སྣང་འོ་ཆུ་ལྟར་དགོས་པའི་དགོངས་པ་ཟབ་མོ་དམིགས་ཡུལ་དུ་བཟུང་ཡོད་ཀྱང༌། ཚིག་གི་སྡེབ་སྦྱོར་དང་དོན་བཞིན་མ་མཐོང་བའི་ཆ་གང་ཡོད་ལ་བཟོད་གསོལ་ཞུ་རྒྱུ་དང་བློ་གཟུ་བོར་གནས་པ་རྣམས་ཀྱིས་ཀྱང་དེ་བཞིན་དུ་དགེ་འདོན་སྐྱོན་སེལ་གྱི་དགོངས་འཆར་ལྷུག་སྩོལ་གནང་ཚེ་གུས་པས་ཡིད་གཏིང་ནས་བསུ་བ་ཞུ་ཞུ། །

གསལ་བཤད་སྐབས་ཀྱི་དཔེ་ཁུངས་ཁག་ཅིག
① «མཁས་དབང་དཔལ་ཚུལ་གྱི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌།
② «བདུད་འཇོམས་ཀྱི་རྙིང་མའི་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས།» ཆོས་སྤྱོད་དཔེ་བསྐྲུན་ཁང༌། འོག་ཏུ་བདུད་འཇོམས་ཆོས་འབྱུང་ཞེས་འབོད་རྒྱུ།
③ «བདུད་འཇོམས་ཆོས་འབྱུང༌།» ཤོག་ངོས། 607པར་གསལ།
④⑤ «བདུད་འཇོམས་ཆོས་འབྱུང༌།» ཤོག་ངོས། 627པར་གསལ།
⑥ «བྱང་སེམས་གབ་པའི་འགྲེལ་བ།» ཤོག་ངོས། 427དུ་གསལ།
⑦ «རླངས་ཀྱི་པོ་ཏི་བསེ་རུ།» ལྡི་ལི་དཔར་མ། ཤོག་ངོས། 208ན་གསལ།
⑧ «གསས་ཞེས་པ་བོན་གྱི་ཐུན་མོང་མ་ཡིན་པའི་ཚིག་ཅིག་སྟེ། རྒྱལ་པོའི་སྐུ་མཁར་ལ། གསས་མཁར་ཞེས་འབོད་ཅིང༌། རྟེན་མདའ་དར་ལ་གསས་མདའ་དང༌། གཙུག་ལག་ཁང་ལ་གསས་ཁང༌། མདོར་ན་མི་མཐུན་ཕྱོགས་འཇོམས་པའི་སྒྲ་ཞེས་གསལ་ལོ། །
⑨ «ཐུའུ་བཀྭན་ཆོས་ཀྱི་ཉི་མའི་གྲུབ་མཐའ།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། ཤོག་ངོས། 389རུ་གསལ།
⑩ «བདུད་འཇོམས་ཆོས་འབྱུང༌།» ཤོག་ངོས། 628ན་གསལ།
⑾ «བདུད་འཇོམས་ཆོས་འབྱུང༌།» ཤོག་ངོས། 428ན་གསལ།
⑿ «བདུད་འཇོམས་ཆོས་འབྱུང༌།» ཤོག་ངོས། 629ན་གསལ།
{13} ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་མཛད་པའི«གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང༌།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། འོག་ཏུ་ཐུའུ་བཀྭན་གྲུབ་མཐའ་ཞེས་བཀོད།
{14}{18}{21}{22}{24}{25}{26}{27}{32}{33}{34}{51} «ཐུའུ་བཀན་གྲུབ་མཐའ།» (p381) (p381) (p382) (p382) (p382) (p383) (p384) (p385) (p385) (p389) (p389) (p389)
{15} «བདེར་གཤེགས་བསྐལ་བ་གྲངས་རྩིས་ཀྱི་མདོ།» (p179)
{16} «སྟོན་པའི་མཛད་རྣམ་དྲི་མེད་གཟི་བརྗིད།» པོད་ཨང་བདུན་པ། (p230)
{17} «དུ་ཏྲི་སུའི་སྒྲིབ་སྦྱོང་ཞེས་ཚེ་འདས་འདྲེན་ཆོག་གི་ཁོངས་སུ་གཏད་ཡར»ཞེས་ལོགས་སུ་གསལ།
{19}{23}{45} «བདུད་འཇོམས་རྒྱལ་རབས།» (p190) (p88) (p169)
{20} «དུང་དཀར་ཚིག་མཛོད་ཆེན་མོ།» ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། (p323)
{28} «འགྲོ་མགོན་གྱི་མཛོད་འགྲེལ།» གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། (p63)
{29} «སྒ་སྟོན་གྱི་མཛོད་འགྲེལ།» སི་ཁྲོན་མི་རིགས་དཔེ་སྐྲུན་ཚོགས་པ། (p63)
{30} «རྗེའི་མཛོད་འགྲེལ།» གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། (p21)
{31} «སྲིད་པ་རྒྱུད་ཀྱི་ཁ་བྱང་ཆེན་མོ།» ལྡི་ལི་དཔར་མ། (p358)
{35} « ཀྲུང་བོད་ས་གནས་ཀྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བསྡུས།» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། (p1057-p1060)
{36} ཕུན་ཚོགས་ཚེ་རིང་གིས་བརྩམས་པའི«བོད་ཀྱི་ལོ་རྒྱུས་དོན་ཆེན་རེའུ་མིག» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། (p35)
{37} འབར་ཁམས་ནང་བསྟན་མཐུན་ཚོགས་ཀྱིས་བསྒྲིགས་པའི«དགོན་སྡེ་ཁག་གི་དཀར་ཆག» རྒྱལ་རོང་བྷོ་ལ་དགོན་གྱི་གདན་རབས་ལོ་རྒྱུས་སུ་གསལ།
{38} «མདོ་སྨད་ཆོས་འབྱུང༌།» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། (p625)
{39} «གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེ་དབུ་བརྙེས་ནས་མི་ལོ་ཉེར་ལྔ་འཁོར་བའི་དྲན་དེབ།» དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས། (p14)
{40} «སྟག་ཤམ་རྡོ་རྗེས་གཏེར་ལས་དྲངས་སྐད། ཇོ་མོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་དྲི་ཟའི་གླུ་ཕྲེང༌།» སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། འོག་ཏུ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཞེས་འགོད་རྒྱུ།
{41}{42}{44}{48}{50}{54}{55}{59} «ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར།» (p128) (p128) (p129) (p129) (p129) (p136) (p139) (p148)
{43} གཡུང་དྲུང་བོན་གྱི་བཀའ་འགྱུར་གྱི་ཁོངས། «མངོན་རྟོགས་རིག་པའི་རྩེ་འབུམ།» ཁྲིན་ཏུའུ་དཔར་མ། (p245)
{46}{53} ས་སྐྱའི་བླ་མ་རོང་སྟོན་ཤེས་བྱ་ཀུན་གསལ་གྱི«བོན་ཆོས་རྣམ་འབྱེད།» ལྡི་ལི་དཔར་མ།
{47} ཀུན་མཁྱེན་ཉི་མའི«བསྟན་རྩིས་དོགས་བསལ་པཎ་ཙ་ལི་ཀའི་ཆུན་པོ།» ལྡི་ལི་དཔར་མ། (p59)
{49} གྲུབ་དབང་བསྟན་འཛིན་རིན་ཆེན་གྱི«གངས་རིའི་དཀར་ཆག» ཞང་ཞུང་རིག་གནས་དེབ་ཕྲེང་དང་པོ། (p38)
{52} ནམ་མཁའི་ནོར་བུས་མཛད་པའི«གཏམ་ནོར་བུའི་དོ་ཤལ།» རྡ་ས་དཔེ་མཛོད་ཁང༌། (p19)
{56} «དྲན་པའི་ལུང་བསྟན་དང་རྣམ་ཐར་ཉམས་མགུར་ཕྱོགས་བསྒྲིགས།» ལྡི་ལི་དཔར་མ། (p333)
{57} བསོད་ནམས་སྐྱིད་དང་དབང་རྒྱལ་གྱིས་བསྒྲིགས་པའི«ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ།» མི་རིགས་དཔེ་སྐྲུན་ཁང༌། (p12)
{58} མཁར་རྨེའུ་བསམ་གཏན་གྱིས་བྲིས་པའི«ལྷ་སྲས་དར་མ་དང་དེའི་རྗེས་སུ་བྱུང་བའི་རྒྱལ་རབ་མདོར་བསྡུས།» རྡ་ས་དཔེ་མཛོད་ཁང༌། (p26)
{60} སྟོན་པ་གཤེན་རབ་ཀྱིས་མཛད་པའི«ཐེག་འགྲེལ་མེ་ལོང་དགུ་སྐོར།» གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔེ་བསྐྲུན་ཞུས། (p55)

2010--2012ལོའི་«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བདུན་པ་ནས་དགུ་བའི་བར་ལས་བཤུས། 

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།