ཁྱུང་པོ་བཟོད་པ་རྒྱལ་མཚན་གྱི་སྐུ་པར་དང་འབྲེལ་བའི་པར་རྙིང་འགའ་ཡི་མཚམས་སྦྱོར།

[ཟླ་ཚེས། 2026-05-20 14:52:14][རྩོམ་པ་པོ། ཟླ་བ་དབང་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

༄༅། །ཁྱུང་པོ་བཟོད་པ་རྒྱལ་མཚན་གྱི་སྐུ་པར་དང་འབྲེལ་བའི་པར་རྙིང་འགའ་ཡི་མཚམས་སྦྱོར།
 
ཨེ་མ་ཧོ། གངས་ཅན་ཞིང་དུ་རིག་འཛིན་དངོས་སུ་བྱོན། །
         ཕྱོགས་བཅུ་ཀུན་ཏུ་འགྲོ་དོན་དཔག་མེད་མཛད། །
         ཞལ་མཇལ་གསུང་ཐོས་ཐར་པའི་ལམ་ལ་བཀོད། །
         བཟོད་པ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །
        
          གསོལ་འདེབས་གངས་ཅན་མ་འདིས་ལེགས་དྲངས་ནས། །
          སྐབས་བབས་ཁྱུང་པོ་བཟོད་པ་རིན་པོ་ཆེའི། །
          སྐུ་པར་རྙིང་པ་ངོས་འཛིན་བྱུང་བའི་སྐོར། །
          ཡིད་ཆེས་དང་བ་འདྲེན་ཕྱིར་ཅུང་ཟད་བཤད། །
       དེ་ཡང་ཀུན་བཟང་ཡེ་ཤེས་སྙིང་པོའམ་བྱ་བཏང་ཚེ་དབང་འགྱུར་མེད་ཀྱིས་ཉེ་གནས་རྣམ་པའི་བརྗེད་ཐོ་ཤོག་དྲིལ་ལ་བརྟེན་ནས་མཛད་པའི་ཁྱུང་པོ་བཟོད་པ་རིན་པོ་ཆེའི་༼མེ་སྟག་1866-1957༽རྣམ་ཐར་《སྐལ་བཟང་དད་མོས་ཡིད་ཀྱི་བདུད་རྩི་》ཞེས་པའི་ནང་འཁོད་པ་ལྟར་ན། གོང་གི་གསོལ་འདེབས་གངས་ཅན་མའི་མཛད་བྱང་འདི་ལྟ་སྟེ།  ཅེས་རྩ་བའི་བླ་མའི་གསོལ་འདེབས་འདི་ནི་དད་གུས་མོས་པའི་ངང་ནས་སྨན་རིའི་མཁན་མིང་ཕུན་ཚོགས་བློ་གྲོས་པས་ཚེས་བཟང་པོར་ཕུལ་བ་དགེ།  ཞེས་འཁོད་འདུག  ལོ་མང་གོང་ནས་སྟབས་ལེགས་ཤིག་གི་དབང་། པར་གསུམ་ཤོག་གཅིག་མ་འདི་ལྷ་སའི་དཔེ་ཚོང་ཁང་ཞིག་གི་དཔེ་དེབ་གང་ཡིན་ད་ལྟ་ཞིབ་ཕྲ་བརྗེད་ངེས་སོང་བ་དེའི་ཐོག་ནས་རྙེད་ནས། བདག་གིས་ཁ་པར་ནང་དུ་པར་བླངས་ཏེ་ད་བར་ཉར་ནས་ཡོད། པར་རྙིང་འདི་མཐོང་མ་ཐག་དུས་དང་ཡུལ་དང་གང་གི་དབང་ནས་དཔྱད་ཀྱང་བཟོད་པ་རིན་པོ་ཆེ་ཕལ་ཆེར་ཡོད་དགོས་པའི་སྣང་བ་ཤིག་འཆར། གང་ལགས་ཞེ་ན། ལོ་ངོ་ཉི་ཤུའི་གོང་རོལ་ང་རང་ལྷ་སར་སྤོས་ནས་མི་རིང་བར། སློབ་གྲོགས་ཉི་མ་ཀུན་གྲགས་ཀྱི་ཨ་ཕ་ཨ་ཙེ་དབང་འདུས་ཞེས་པ། ས་ཡོས་ལོ་པ་དེ་ཉིད་སྔར་བཅིང་གྲོལ་དམག་དཔོན་ཝང་སི་ལིང་གི་རྟ་གཡོག་དང་འཕྲིན་སྐྱེལ་བ་བྱེད་མྱོང་ཡོད་པས། ཐེངས་གཅིག་གཡུང་དྲུང་དཔལ་རི་ལ་དབུ་ཁྲིད་དང་མཉམ་དུ་ཕྱིན་པས་བཟོད་པ་རིན་པོ་ཆེ་མཇལ་བ་མ་ཟད། ཁོང་རྣམ་པ་པར་ཡང་བརྒྱབ་པའི་ལོ་རྒྱུས་བདག་ལ་གླེང་མྱོང་ཡོད།  དེ་ནས་འབྲེལ་ཡོད་རྒན་རབས་ལ་བཀའ་འདྲི་ཞུས་པ་ཐོག་མར་རང་གི་ཕ་རྒན་ལ་སྔ་ཕྱི་ཐེངས་གྲངས་འགའ་བསྟན་པས་ཆུང་དུས་མཇལ་མྱོང་ཡོད་ཀྱང་ཞལ་ངོ་ཆོད་ཀྱི་མི་འདུག་ཟེར། དེ་ནས་ལྷ་སར་ཡོད་པའི་ལས་བྱེད་རྒན་གྲས་སྲིད་གྲོས་སྟེང་ཆེན་རྫོང་གི་ཀྲུའུ་ཞི་གནང་མྱོང་ཡོད་པའི་མེ་ཁྱི་ལོ་པ་གཡང་དགེ་དང་།  སྲིད་གྲོས་སྟེང་ཆེན་རྫོང་གི་ཀྲུའུ་ཞི་གཞོན་པ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གནང་མྱོང་ཡོད་པའི་འབྱུང་གནས་ས་ཡོས་ལོ་པ་ལ་བསྟན་ནས། མཉམ་པར་ཆེ་བ་འདི་ཡི་ནང་གི་རྒྱབ་ལོགས་ཀྱི་བོད་རིགས་ཐུང་སི་༼སྐད་བསྒྱུར་༽འདྲ་བ་དེ་ལས་བྱེད་སུ་ཞིག་ཡིན་ས་རེད། དེ་མིན་བཟོད་པ་རིན་པོ་ཆེ་ཡོད་མེད་སོགས་ཀྱི་བཀའ་འདྲི་ཞུས་སྐབས། ཁོང་གཉིས་ཀྱིས་ཡང་ཡང་གཟིགས་ཀྱང་ཤེས་ཀྱི་མི་འདུག་གསུངས། ཡིན་ན་ཡང་གཡང་དགེས་གཡས་རྒྱབ་ཀྱི་མི་སྣ་གཉིས་པ་དེར་ ༼འདི་ཉིད་རྩ་ཆེན་ཞིག་ཡིན་ས་གདའ་༽ གསུངས། དེར་བརྟེན་ད་ལྟ་ཡང་བསྐྱར་བསམ་བློ་གཏང་དུས་གཡང་དགེ་ལགས་ནི་མཁྱེན་ལྡན་དཔྱོད་མཁས་ཅན་ཞིག་ཡིན་པའི་ཚོར་བ་སྐྱེས།
སྤྱི་ལོ་ཉིས་སྟོང་བརྒྱ་མེད་བཅོ་བརྒྱད་ལོའི་སྤྱི་ཟླ་ལྔ་པའི་ཚེས་བརྒྱད་ཉིན། བདག་གིས་སྐད་འཕྲིན་འབྲེལ་ལམ་བརྒྱུད་པར་རྙིང་འདི་ཛེ་ཆུང་བསོད་ནམས་དཔལ་ལྡན་ལ་བསྐུར་བ་དང་། བསོད་ནམས་དཔལ་ལྡན་གྱིས་གཡུང་དྲུང་དཔལ་རིའི་བཙུན་པ་རྨ་ཙ་ཁྱུང་དམར་དང་། ཨ་སྦོ་མཐར་ཕྱིན། རྡོ་རྗེ་གསུམ་ལ་བསྐུར་ནས། དེའི་སྐབས་གཡུང་དྲུང་དཔལ་རི་དགོན་གྱི་བླ་རྒན་བསྟན་འཛིན་གྲགས་པ་ཞལ་བཞུགས་ཡོད་པ་ལ་ཁ་པར་ནང་གི་མཉམ་པར་ཆེན་མོ་དེ་བསྟན་ཀྱང་། བསྟན་གྲགས་དགོང་ལོ་ཆེ་བ་དང་སྤྱན་གསལ་པོ་མེད་པ། དེ་བཞིན་སྐུ་པར་ཡང་དེ་ཙམ་གསལ་པོ་མེད་པའི་རྐྱེན་གྱིས་ཁོང་གིས་བླ་མའི་ཞལ་ངོ་མ་ཆོད་ནས་རེ་ཞིག་ལུས། གཞན་ཡང་། ཉིས་སྟོང་ཉི་ཤུ་རྩ་གཅིག་གི་སྤྱི་ཟླ་དང་པོའི་ཚེས་སུམ་ཅུ་ཉིན། བདག་གིས་གཙོ་དགེ་བཤེས་ཚུལ་ཁྲིམས་དང་པར་རྙིང་འདི་ཚོའི་སྐོར་གླེང་མོལ་བྱུང་ནས་པར་བསྟན་སྐབས། ཁོང་གིས་དེ་སྔོན་ཁྱིམ་པ་རྒན་རབས་ཀྱི་ཞལ་ནས་བཅིང་གྲོལ་དམག་ངེད་ཚང་གི་ཁང་པའི་ནང་འདུག་མྱོང་ཡོད་པ་གསུངས་པ་དང་། པར་གཉིས་པའི་རྒྱ་ཡིག་གི་གསལ་བཤད་ནང་འཁོད་པའི་དབུ་ཁྲིད་རྣམས་ཡོད་སའི་༼སྟེང་ཆེན་ཁ་ཚོ་པ་སོ་དགུའི་གཞུང་ལས་ཁང་དང་པོའི་ས་གནས་རྙིང་པ་༽ཟེར་ས་འདི་ངེད་ཚང་གི་ཁང་རྙིང་དང་འདྲ་འདུག་གསུངས་པས། རང་ཡང་སྔར་གཙོ་ཚང་གི་ཐོག་བརྩེག་གཉིས་པའི་ཁང་རྒན་ནང་ཐེངས་འགའ་འགྲོ་མྱོང་ཡོད་པས་ཁ་ཤར་གཏད་ཀྱི་སྒོ་དང་སྒོ་ཐེམ་བཅས་པ་དེ་འདྲ་པོ་འདུག་བསམ་པ་བྱུང་། དེ་ནས་གཙོ་དགེ་བཤེས་ཁོང་གིས་ཀྱང་ཁང་རྙིང་གི་པར་གཅིག་བསྐུར་བ་དང་ཕན་ཚུན་བསྡུར་བས་ཧ་ལམ་གཅིག་མཚུངས་རེད་འདུག །
         སྐུ་པར་ཐོག་མར་ངོས་འཛིན་བྱུང་བའི་སྐོར་ནི། ན་ནིང་སྟོན་ཁ་སྟོན་འབུམ་འདོན་པའི་སྐབས་ཏེ། ཉིས་སྟོང་ཉི་ཤུ་རྩ་ལྔ་ལོ་སྤྱི་ཟླ་དགུ་པའི་ཚེས་བརྒྱད་ཉིན། དཔལ་རི་དགོན་པའི་དབུ་མཛད་རྡོ་རྗེ་ཡིས་རྨ་བཙུན་ཁྱུང་དམར་ལ་མཉམ་པར་དེའི་ནང་གི་པར་གསུམ་གུད་དུ་ཕྱུང་ནས་བཀྲུས་ཏེ། མང་ཚོགས་རྒན་རབས་ལ་ཞལ་ངོ་ཤེས་མཁན་ཡོད་མེད་འཚོལ་བའི་ཆེད་དུ་སྤྲད། ཁྱུང་དམར་གྱིས་པར་དེ་གསུམ་འཁྱེར་ཏེ་གཡུང་དྲུང་དཔལ་རིའི་ལྷ་སྡེ་བྱུ་ལོག་མགོ་ཕྱིན་ནས་ཉིན་དེའི་དགོང་ཁར་སླེབས། གླ་བ་གླ་ཆེན་ཚང་གི་ཆུ་རྟ་ལོ་པ་ལོ་གྲངས་གྱ་བཞི་ཟིན་པ་སྐལ་བཟང་རྣམ་རྒྱལ་ལ་བསྟན།  ཕ་རྒན་དེས་སྐུ་པར་གསུམ་ལས་གཅིག་བླངས་ཏེ་འདི་རིག་མྱོང་མྱོང་མི་གཟུགས་ལ་བལྟས་ན་བཟོད་པ་རིན་པོ་ཆེ་འདྲ་གདའ། ཡིན་ན་ཡང་ད་དུང་གཞན་ཨ་ནེ་གཱ་རིལ་སོགས་ལ་སྟོན་དང་གསུང་། དེ་ནས་ཕྱི་ཉིན་ཁྱུང་དམར་གྱིས་གླ་ཆེན་ཚང་གི་ཨ་ནེ་གཱ་རིལ་ཟེར་བ་ཤིང་ཁྱི་ལོ་པ་ལོ་གྲངས་གོ་གཉིས་ཅན་དེ་ལ་བསྟན་ནས་འདི་རྣམ་པ་སུ་དང་སུ་རེད་གདའ་དྲིས་པས། ཨ་ནེ་གཱ་རིལ་གྱིས་དབུ་སྐྲ་སེ་བསྡད་པ་འདི་བཟོད་པ་རིན་པོ་ཆེ་རེད་འདུག་གསུང་། དེ་ནས་ཡང་བཟོད་པ་རིན་པོ་ཆེའི་སྲིང་མོ་གནས་ལ་ཕྱིན་པའི་བུ་མོའི་བུ་མོ་འགུ་ནེ་ཚང་གི་ཨ་ནེ་ཚངས་ལྷ་ཟེར་བ་ལོ་རྟགས་ལྕགས་སྟག་ལོ་གྲངས་དོན་བརྒྱད་ཡིན་པར་དྲིས་པས་བླ་མ་བཟོད་པའི་སྐུ་པར་མཐོང་མ་ཐག་༼འདི་ཨ་ཞང་བཟོད་པ་རེད།༽ ཟེར་ཚིག་ཐག་ཆོད་པོས་གསུང་འདུག། དེ་ནས་མེ་བྱི་ལོ་པ་འདམ་བུ་བསོད་ནམས་དོན་གྲུབ་ལོ་གྲངས་དགུ་བཅུ་ཟིན་པ་ལ་བསྟན་པས། སྐུ་བགྲེས་པའི་མཚན་དཔེ་མཇིང་སྒུར་ཅུང་ཡོད་པ་འདི་བཟོད་པ་རིན་པོ་ཆེ་རེད་ཅེས་གསུངས།  ༼སྐབས་འདིར་ཨ་ནེ་ཟེར་བ་ནི་ཁྱུང་པོའི་ཁ་སྐད་དེ་བཙུན་མ་ལ་གོ༽
          སྤྱི་ལོ་ཉིས་སྟོང་ཉི་ཤུ་རྩ་དྲུག་གི་སྤྱི་ཟླ་གསུམ་པའི་ཚེས་དྲུག་ཉིན། ཛེ་ཆུང་བསོད་ནམས་དཔལ་ལྡན་ངེད་སར་ཕེབས་ནས་བཟོད་པ་རིན་པོ་ཆེའི་སྐུ་པར་ངོས་འཛིན་ཐུབ་ཚུལ་གསུངས། དེ་ནས་རྩད་ཆོད་བྱུང་སྟངས་སྐོར་དྲིས་པས། ཁོང་གིས་རྨ་ཙ་ཁྱུང་དམར་དང་བཅས་ནས། མཉམ་པར་ནང་གི་པར་གསུམ་ལོགས་སུ་བཀྲུས་ཏེ་ཞེ་གཞུང་འགི་ནེ་ཚང་གི་ཨ་ནེ་ལ་བསྟན་པས། ལམ་སང་༼འདི་ཨ་ཞང་བཟོད་པ་རེད་༽ ཟེར་བ་སོགས་ཐོས་རྗེས། ང་རང་ཡང་ལོ་མང་སྒྲུབ་པའི་ནོར་བུ་སྙིང་ལ་དམར་བ་ཞིག་རྙེད་པ་དང་འདྲ་བ་དགའ་སྤྲོ་རབ་ཏུ་འཕེལ། དེ་ཡང་ཞིབ་ཕྲ་རྨ་ཙ་ཁྱུང་དམར་དང་ར་སྤྲོད་ལན་འགའ་བྱས་པས་གོང་དུ་བརྗོད་ཟིན་པ་དེའོ། །
སྐུ་པར་ངོས་འཛིན་ཐུབ་མཁན་གཉིས་པ་ནི། སྤྱི་ཟླ་གསུམ་པའི་ཉིན་ཞིག་གི་ཕྱི་དྲོ། ཁྱུང་པོའི་འཚོ་བྱེད་སྐལ་བཟང་ཟླ་བ་ལ་མི་མང་པོས་བཟོད་པ་རིན་པོ་ཆེ་རེད་ཟེར་གང་སར་ཁྱབ་བཞིན་པའི་སྐུ་པར་དེ་སྨན་ཁང་དུ་སྨན་སྤྲད་བཞིན་པའི་སྐབས། ཚེ་སྒྲུབ་ཟླ་བ་ཟེར་བའི་གྲོགས་པོ་ཤིག་གིས་ཕུལ་འདུག། དེ་ནས་ནད་པར་སྨན་སྟེར་ཚར་རྗེས་སྐུ་པར་འཁྱེར་ཏེ་ཡར་སོང་བས་སྒོ་འགྲམ་དུ་མ་རྒན་ནོར་སྒྲོན་༼ཆུ་ལུག་ལོ་གྱ་བཞི་༽དང་འཕྲད། ཁོང་གི་བསམ་པར་དུས་རྒྱུན་ཨ་མས་བཟོད་པ་རིན་པོ་ཆེ་མཇལ་མྱོང་ཟེར་རྒྱུ་ཡོད་པས། ༼ཨ་མ། སྐུ་པར་ནང་གི་བླ་མ་འདི་སུ་རེད་གདའ་༽ ཟེར་དྲིས་པས། ཨ་མས་ལམ་སང་༼ ཨ་ཙི། བཟོད་པ་རིན་པོ་ཆེ་རེད་བསྡད་མི་གདའ་ནས་༽ཟེར་ཧ་ལས་ལས་བྱས། དེ་ནས་ཡང་ཨ་མས་དབུ་ཐོད་ལ་ཕྱག་འབྲུམ་ཞིག་ཡོད་པས་ཨེ་གདའ་ཟེར་བས། གསལ་རྒྱ་ཅུང་ཆེ་སར་སོང་ནས་བལྟས་པས་རབ་རིབ་ཡོད་པ་མཐོང་། དེ་མིན་ཞལ་ངོ་གཡས་གཡོན་ག་རེ་ཡིན་ན་གཅིག་ལ་འབུར་རི་ཞིག་ཀྱང་ཡོད་ཅེས་ཞལ་ངོ་ཆོད་འདུག། གོང་གི་འཚོ་བྱེད་སྐལ་བཟང་ཟླ་བས་ཨ་མར་དྲིས་པའི་གནས་ཚུལ་བདག་གིས་ཤེས་རྟོགས་མ་བྱུང་གོང་། སྤྱི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པ། ལྷ་ས་ནས་མ་རྒན་ནོར་སྒྲོན་གྱི་བུ་མོས་སྤྱིར་བཏང་གི་ཁ་པར་རྒྱགས་སྐབས། ཞོར་དུ་དུས་རྒྱུན་ཨ་མས་སྐྱབས་གནས་འབོད་སྐབས་བཟོད་པ་རིན་པོ་ཆེ་གཟིགས་དང་མཁྱེན་ཞེས་འབྲལ་མེད་འབོད་ཀྱི་ཡོད་པས། གཅིག་བྱས་ན་ཤེས་ཀྱི་ཨེ་ཡོད་ཚོད་མེད་ལབ་པས། དེ་ནས་གོང་གསལ་མ་བུ་གཉིས་ཀྱི་སྐད་ཆའི་གནས་ཚུལ་གཞི་ནས་ཤེས་རྟོགས་བྱུང་། དེ་ཡང་མ་རྒན་ནོར་སྒྲོན་ཆུང་དུས་སྟེང་ཆེན་ཁ་ནས་མྱིང་སྲིང་གཉིས་དང་དེ་མིན་ཁྱིམ་མཚེས་ཀྱི་མིང་སྲིང་གཉིས་བཅས་ཕྲུ་གུ་བཞི་བྲོས་ཤགས་ཕྱིན་ཏེ་གཡུང་དྲུང་དཔལ་རི་ནས་བཟོད་པ་རིན་པོ་ཆེ་མཇལ་མྱོང་འདུག། ༼ཤགས་ནི་ཁྱུང་པོའི་ཁ་སྐད་བྱ་ཚིག་འདས་པ་གསང་ནས་གབ་བྲོས་སོང་བའི་དོན༽ དེ་དུས་མཇལ་ཁ་ཁྲིད་མཁན་ནི་ཉེ་འབྲེལ་ཡིན་པའི་ཞེ་གཞུང་འགྲུ་ཞིག་གི་བླ་མ་འབྲུག་གྲགས་ཞུ་རྒྱུ་དེ་བ་ཡིན་ཟེར། ཉིན་དེ་ནི་གནམ་གཤིས་ཤིན་ཏུ་ལེགས་པ་ཞིག་ལ། མཇལ་སའི་ས་ཆ་ནི་བཟོད་པ་རིན་པོ་ཆེའི་གཟིམ་ཁང་དུས་རྒྱུན་མཚམས་ཁང་ཡར་ནང་ཟེར་བའི་ཕྱི་རོལ་རྡོ་སྐས་འགྲམ་དུ་ཐང་ལ་ཕྱེད་ཉལ་ངང་བཞུགས་པ་དང་འཁེལ། ད་ལྟ་ཡང་མ་རྒན་གྱིས་གསོལ་འདེབས་གངས་ཅན་མ་བློ་ཐོག་ལ་འདོན་ཤེས་ཀྱི་འདུག། དེ་ནས་ལོ་གཉིས་དང་གསུམ་མཚམས་བཟོད་པ་རིན་པོ་ཆེ་ཞིང་ལ་ཕེབས་སོང་ཟེར་བ་ལ་གཞིགས་ན་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བཞི་ང་ལྔ་ཙམ་ལ་མཇལ་ཡོད་ས་རེད། སྐལ་བཟང་མགྲིན་རྒྱན་ལས་བཟོད་པ་རིན་པོ་ཆེ་དགུང་ལོ་གོ་ལྔར་བཞུགས་པ་གསུང་ཡང་ཁྱུང་པོ་ཁོག་ལ་དགུང་ལོ་གོ་གཉིས་ཏེ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་བདུན་ལོར་ཞིང་གཞན་གཟིགས་པ་ཡོངས་གྲགས་ཡིན།  དེར་ཡང་སྒྲུབ་བྱེད་ལྟ་བུ་ཞིག་ཡོད་པ་ནི་དེ་སྐབས་སྟེང་ཆེན་རྫོང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཕྱག་ལས་གནང་མཁན་ཐང་སི་དབང་ཆེན་ཤིང་ཁྱི་ལོ་པ་ནས་བཟོད་པ་རྒྱལ་མཚན་ཞིང་ལ་ཕེབས་དུས་དབང་ཆེན་སྲིད་གཞུང་གི་གཟིགས་སྐྱོང་སྐུ་ཚབ་གྲས་སུ་ཡོད་པ་དང་གཡུང་དྲུང་དཔལ་རི་ལ་ཕྱིན་པ་ཡིན་ཞེས་བདག་ལ་གསུང་མྱོང་ཡོད།
ཡང་། ལྷ་སར་བཞུགས་པའི་རི་ཞིང་ཞུ་རིན་པོ་ཆེ་༼མེ་ཁྱི་དགུང་ལོ་གྱ་གཅིག་༽མདུན་ནས་དེ་སྔོན་ཁྱུང་པོ་བཟོད་པ་རིན་པོ་ཆེའི་སྐོར་ཐོས་མྱོང་ཡོད་པས། སྤྱི་ཟླ་བཞི་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོ་སླར་ཡང་ཞུ་རིན་པོ་ཆེའི་མདུན་དུ་བཅར་ཏེ་བཀའ་འདྲི་ཞུ་སྐབས། ཁོང་གིས་བཟོད་པ་རིན་པོ་ཆེ་མཇལ་མྱོང་མེད་གསུང་། འོན་ཀྱང་གསོལ་འདེབས་གངས་ཅན་མ་མཁྱེན་རྒྱུ་འདུག་ལ་ཚར་གཅིག་ང་རང་ཡོད་སར་གསུང་བྱུང་། ཁོང་གི་རྩ་བའི་བླ་མ་ཨ་ཁུ་དམ་པ་ཚེ་དབང་རབ་བརྟན་གྱིས་སྔར་སྨན་རི་དང་མཁར་སྣ་སོགས་ལ་བཟོད་པ་རིན་པོ་ཆེ་མཇལ་ནས་རྩ་བླར་བསྟེན་པ་ཡིན་གསུངས།
        རྒྱལ་བ་སྨན་རིའི་དགེ་བཤེས་ཁྱུང་ནག་དགེ་ལེགས་སྦྱིན་པ་མཆོག་བརྒྱུད་དེ། བླ་མ་སངས་རྒྱས་སྨོན་ལམ་གྱིས། ཁྱུང་པོ་བྱ་འཕུར་བླ་མ་ཞེས་གྲགས་པ་བཟོད་པ་རྒྱལ་མཚན་སྔར་དོལ་པོ་བདེ་ལྡན་བསམ་གཏན་གླིང་ལ་ཕེབས་སྐབས། ཨ་ཅོ་གྲྭ་རྒན་དཀྱུས་མའི་ཚུལ་མཐོང་ནས་བླ་བྲང་གི་བར་འགག་རྩྭ་ཁང་དུ་གཟིམ་བཅུག་པ་དང། ཕྱི་ཉིན་བླ་མ་སྔར་བཞེངས་མཛད་ནས་ཕེབས་པའི་ཤུལ་དུ་ཞབས་ལྷམ་ཡ་གཅིག་ལུས་ནས་རྟེན་འབྲེལ་འགྲིག་ཚུལ། ཕྱོགས་དེར་འཐུང་ཆུ་ཤིན་ཏུ་དཀོན་པར་ཆུ་མིག་ལ་ཆུ་གཏོར་བཏང་བས་མི་ཟོག་ཀུན་ལ་འདང་ངེས་ཆུ་གཏེར་རྡོལ་བ། བསམ་གླིང་གི་དུས་གསུམ་སྟོན་པའི་སྐུ་གསར་དུ་བཞེངས་པ་ལ་རབ་གནས་ཐོབ་ཡོད་ཚུལ་སོགས་ཡང་སྟོན་རྣམ་རྒྱལ་དབང་འདུས་དང་ཤེས་རབ་བསྟན་འཛིན་ཡབ་སྲས་ནས་གསུང་པ་ད་ལྟའང་ངག་རྒྱུན་དུ་གྲགས་བཞིན་པའི་སྐོར་གསུངས། གོང་ཞུས་རྣམ་གཉིས་ནི་བསམ་གླིང་ལ་དངོས་སུ་ཕེབས་མྱོང་ཡོད། གཞན་ཤར་རྫའི་རྣམ་ཐར་དང་བཟོད་པའི་རྣམ་ཐར་གཉིས་ཀར་སློབ་རྒྱུད་དུ་འཁོད་པའི་དོལ་པོ་ཡུལ་གྱི་ཡང་སྟོན་བསྟན་འཛིན་རྒྱལ་མཚན་ནི། སྐབས་དེར་སྟོད་སྨད་བར་གསུམ་གྱི་སྐྱེས་ཆེན་རྣམས་དང་འབྲེལ་འདྲེས་ཆེ་ཞིང་ཕྱོགས་མཐར་བྱོན་པའི་རྣལ་འབྱོར་པ་གལ་ཆེན་ཞིག་ཡིན་འདུག། ཁོང་གིས་གཡུང་དྲུང་དཔལ་རིའི་ཚོགས་ཟངས་ཆེན་མོ་ཞིག་རྒྱ་ནག་ནས་ཉོས་ཏེ་ཆབ་མདོར་འདྲེན་པ་དང་དེ་ནས་དཔལ་རིའི་གྲྭ་བཙུན་ཆབ་མདོར་ལེན་དུ་ཕྱིན་པའི་སྐོར་ཛེ་ཆུང་བསོད་དཔལ་ས་ནས་ཐོས། ལྔ་པའི་ཚེས་བཅུ་གཅིག་ཉིན། ལྷ་སར་ཡོད་པའི་ཨ་མདོ་ཤར་པ་ཨ་ཁུ་སྐལ་བཟང་ཕུན་ཚོགས་༼ས་ཡོས་ལོ་གྱ་བརྒྱད་༽ལགས་ལ་ཡང་བཀའ་འདྲི་ཞུས་པས། ཁོང་གིས་ཁྱུང་པོ་བཟོད་པ་རྒྱལ་མཚན་མཇལ་མ་མྱོང་གསུང་། ཡིན་ན་ཡང་ལོ་མང་བཙོན་དུ་གཤིབ་པའི་དམུ་དགེ་ཕྱོགས་ཀྱི་དགེ་ལུགས་པའི་སྤྲུལ་སྐུ་ཟུང་ཆུ་ལ་འཁྲུངས་པ་ཨ་ལགས་སྒོ་མང་ཚང་གི་ཞལ་ནས། ཁྱུང་པོ་བཟོད་པ་རྒྱལ་མཚན་ཞེས་རྩ་དང་རླུང་ལ་འབྱོངས་པ་བར་སྣང་ལ་འཕུར་རྒྱུ་ཡོད་ཅེས་གྲགས་པ་གོ་མྱོང་གསུངས།
གཞན་ཡང་། རྣམ་ཐར་ནང་མ་འཁོད་པའི་བཟོད་པ་རིན་པོ་ཆེའི་སློབ་མའི་གྲས་སུ་ད་དུང་དཔལ་རི་དགོན་གྱི་བླ་མ་ཉི་མ་ཚུལ་ཁྲིམས། ཤིང་རོང་མཚམས་ཆུང་གཡུང་དྲུང་ཕུན་ཚོགས། ཛེ་ཆུང་ཀུན་བཟང་རྒྱལ་མཚན་ནམ་མཚན་གཞན་འཆི་མེད་རིག་འཛིན། བསྟན་འཛིན་གྲགས་པ་སོགས་དང་། ལྡོང་རྫོང་ཞུ་ཚང་གི་དཔལ་ལྡན་བཟང་མོ། སེར་ཚ་ཞུ་ཚང་གི་བསོད་ནམས་བསྟན་རྒྱལ། གསའ་མདའ་བོན་དགོན་གྱི་ཞུ་ཉི་ཟླ་ཚེ་དབང་སོགས་ང་རང་གིས་དཔྱད་གཞི་གཞན་ལས་མཐོང་བ་དང་ཐོས་པ་འདིར་བཀོད་པ་ལགས། ཁྱད་པར་དུ་སྤྱི་ལོ་ཉིས་སྟོང་བརྒྱ་མེད་བཅུ་མེད་བཞི་ཡི་ལོ། ཞུ་བཙུན་དཔལ་ལྡན་བཟང་མོ་ལྷ་སར་ཕེབས་ནས་མདུན་དུ་བཅར་སྐབས། བདག་ལ་བཟོད་པ་རིན་པོ་ཆེའི་གདུང་རུས་ནི་ཁ་ལ་ཡིན་ཞེས་གསུངས། ཞུ་བཙུན་ཁོང་རིག་གི་དགོང་སྙིང་ནི་མེ་ཡོས་ཡིན་ཞེས་ཞལ་དྲོད་མོ་ནས་གསུང་པས་ཡིད་ཆེས་གནང་བར་འཚལ། གང་ལགས་ཞེ་ན། གདུང་རུས་གང་ཡིན་རྣམ་ཐར་དུ་འཁོད་མེད་པ་དང་། ཞུ་བཙུན་གྱི་འཁྲུངས་ལོ་མི་འདྲ་བ་གསུང་པའི་རྩོམ་ཡིག་ཞིག་ཀྱང་མཐོང་བས་དོགས་སེལ་ཆེད་དུ་ཞོར་དུ་གླེང་བ་ཙམ་མོ། །
པར་འདི་གསུམ་གྱི་གཡོན་ལྟག་ལ་འཁོད་པའི་རྒྱ་ཡིག་ཡིག་འབྲུ་ཆེ་བ་བཞི་ལ་བརྟག་ན་སྟེང་ཆེན་རྫོང་གི་ས་གནས་ལོ་རྒྱུས་དེབ་ཐེར་ལས་དྲངས་པ་གཏན་འཁེལ། དེ་ཡང་སྟེང་ཆེན་རྫོང་གི་རྫོང་རབས་ལོ་རྒྱུས་བརྩམས་སྒྲིག་སྐོར་རྒྱུས་མངའ་ཅན། དེ་སྐབས་ཆབ་མདོ་ས་ཁུལ་གྱི་སྲིད་གྲོས་ཨུ་ཡོན་ཡིན་པའི་སྟེང་ཆེན་རྫོང་སློབ་འབྲིང་གི་དགེ་རྒན་རྒྱ་ཤུད་འཆི་མེད་དཔལ་ལྡན་༼མེ་བྱ།༽ལ་བཅར་འདྲི་ཐེངས་ཁ་ཤས་ཞུས་པས། ཁོང་གིས་གསུང་དོན་ལ། རྫོང་རབས་ལོ་རྒྱུས་ཐེངས་དང་པོ་དེ་ནི་རྒྱ་རིགས་བློ་མཐུན་ཕ་ཡུལ་ཧོ་ནན་ཀྲེན་ཀྲོའུ་ནས་ཡིན་པའི་ལས་བྱེད་པ་ཝང་ཤིན་ཧྥ། 王心华 ཟེར་མཁན་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རིན་དང་། དགེ་རྒན་ཁོང་བཅས་རྩོམ་སྒྲིག་ཚོགས་ཆུང་གིས་བརྩོམ་བསྒྲིགས་བྱས་པ་ཞིག་ཡོད་ཀྱང་པར་འདི་ཚོ་ཡོད་མེད་དུས་ཚོད་རིང་པོ་ཕྱིན་པས་ཁ་ཚོན་གསལ་ཐག་ཆོད་པ་མ་གནང་།
པར་དང་པོ་ནི། བཅིང་གྲོལ་དམག་དཔོན་ཝང་ཤིང་ཡོ་ཞེས། ཕལ་ཆེར་གྱིས་དེ་སྐབས་གོ་གནས་ཀྱི་མིང་སྦྱར་ནས་ཝང་སི་ལིང་ཞེས་འབོད་པ་དེ་ཡིན། གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གཅིག་ལོའི་ཟླ་བ་དང་པོར་སྟེང་ཆེན་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་སི་ལིང་ཡོན་གྱི་འགན་བཞེས། པར་དེའི་གསལ་ཆ་ལ་བལྟས་ན་རྒྱ་ནག་གི་པར་ཁང་ཆ་རྐྱེན་ལེགས་པ་ཞིག་ཏུ་བླངས་པ་འདྲ།
པར་གཉིས་པ་ནི། གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གཅིག་ལོའི་ཟླ་བ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་། སྟེང་ཆེན་དོན་གཅོད་ལས་ཁུངས་ཨང་དང་པོ་སྟེང་ཆེན་ཁ་ལ་བཙུགས་པ་དང་། ཝང་ཤིང་ཡོ་སོགས་དབུ་ཁྲིད་རྣམ་པའི་མཉམ་པར་རེད་གདའ། རྒྱབ་ཀྱི་ཁང་པ་ནི་གཞུང་ལས་ཁང་རྙིང་པ་ཡིན་ཞེས་རྒྱ་ཡིག་ཐོག་གསལ་པོ་བཀོད་འདུག་པ་འདི་གཙོ་ཚང་གི་ཁང་རྒན་དང་ཤིན་ཏུ་འདྲ།
པར་གསུམ་པ་ནི། ཁྱོན་མི་གྲངས་ཉེར་དྲུག་ཡོད་པའི་མཉམ་པར་ཆེན་མོ་འོག་གི་གསལ་བཤད་དུ་བཀོད་པ་ལྟར་ན། གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གཉིས་ལོར། ཝང་ཤིང་ཡོ་དུས་རྒྱུན་ཏུ་དགོན་པ་ཁག་ལ་ཕེབས་ནས་ཀྲུང་དབྱང་གི་བོད་ཀྱི་མི་རིགས་དང་། ཆོས་ལུགས། འཐབ་ཕྱོགས་གཅིག་གྱུར་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་ནང་བཞིན་བླ་གྲྭ་གོང་འོག་བར་གསུམ་དང་མཐུན་ལམ་རྒྱ་ཆེར་བཙུགས་ཞེས་འཁོད་གདའ། མི་སྣའི་སྐོར་གྱི་གསལ་བཤད་ལ་མདུན་དཀྱིལ་གྱི་དམག་ཆས་ཅན་ནི་ཝང་ཤིང་ཡོ་དང་། དེ་རྒྱབ་གོ་མཚོན་སྤྲས་པའི་དམག་ཆས་ཅན་ནི་ཁོང་གི་སྐུ་སྲུང་། རྒྱབ་ཀྱི་གཡས་ཕྱོགས་མི་གསུམ་ནི་ཚོ་པ་སོ་དགུའི་དཔོན་འགོ་རེད་རྐྱང་པ་ལས་མིང་བཀོད་མི་འདུག། འོན་ཀྱང་བློས་དཔག་ན་རྒྱ་གར་ཞྭ་མོ་དང་རྣ་བ་སོག་བྱིལ་ཅན་ནི་དཀར་རུ་དཔོན་དང་། དེའི་གཡས་ཀྱི་སྐྱ་ཆས་ཅན་ནི་ཕལ་ཆེར་ཁྱུང་པོ་སྤྲུལ་སྐུ་ཡིན་ཤས་ཆེ། ཡང་ན་རྩེ་དྲུག་གར་དབང་ཡིན་ཀྱང་སྲིད། དེ་གཉིས་མདུན་གྱི་ཨོག་ཚོམ་ཅན་ནི་བཟོད་པ་རིན་པོ་ཆེའི་སྐུ་དབོན་ལྡིང་དཔོན་བཀྲ་རྒྱལ་ཡིན་དགོས་འདུག།  ཅི་རེད་ཟེར་ན། ལྡིང་དཔོན་བཀྲ་རྒྱལ་ལ་ཨོག་ཚོམ་ཡོད་པ་དང་དེ་ཡང་སླས་ཡོད་པ་རྒན་རབས་ངག་ནས་ཐོས་པས་སོ། གཞན་ཡང་མཉམ་པར་འདི་ནང་གི་ཕུ་དུང་ཕུད་མཁན་ལ་བལྟས་ན་ཕྲག་གཡས་གཡོན་འཆུགས་བསྡད་པ་ནི་པར་གྱི་སྤིན་ཤོག་མདུན་རྒྱབ་ནོར་ནས་པར་བཀྲུས་པའི་རྐྱེན་གྱིས་རེད་ཟེར་ཤེས་མཁན་ཞིག་གིས་གསུངས། ད་ཕན་བདག་གིས་མཉམ་པར་འདི་ལ་དཔེ་མི་འདྲ་བ་གསུམ་ཡོད་པ་མཐོང་། གཅིག་ནི་ངོ་སྤྲོད་བྱེད་བཞིན་པ་འདི་དང་། གཅིག་ཤོས་ནི་མ་ཕྱི་འདི་རང་ཡིན་པ་ལ་དཀར་དཔོན་དང་ཁྱུང་སྤྲུལ་གཉིས་ཀྱི་དབར་མི་གཅིག་མང་བ་ཕྲག་པ་གཡས་གཡོན་རང་འཇག་འཆུགས་པ་ཞིག་དང་། དེ་མིན་གཅིག་ནི་དཔལ་རིའི་བླ་མ་འུ་རུ་ཚུལ་ཁྲིམས་ཕྱག་ལ་ཡོད་པ་མི་ཉེར་བདུན་དང་། གཡས་གཡོན་མ་འཆུགས་པ་གསལ་ཆ་ཆེ་ཙམ་ཡོད་པ། རྒྱབ་ལྗོངས་ཀྱི་གྱང་དང་དུང་ཕྲེང་སོགས་མཐོང་ཐུབ་པས། པར་བརྒྱག་སའི་ས་ཆ་ནི་གཡུང་དྲུང་དཔལ་རིའི་འདུ་ཁང་མདུན་གྱི་སྐས་རིམ་ཡོད་སར་རེད་འདུག་ཅེས་རྨ་ཙ་ཁྱུང་དམར་ནས་བདག་ལ་གསུང་།
མཚམས་འདིར་ཟུར་དཔུང་གཞན་ཞིག་བརྗོད་པར་འདོད་པ་ནི། བདག་གི་ཕ་རྒན་ཚུལ་ཁྲིམས་དོན་ལྡན་ཤིང་སྤྲེལ་ལོ་པ་ད་ལོ་གྱ་གསུམ་སླེབས་པ་་མདུན་ནས་ཐོས་པ་ལ། ཝང་སི་ལིང་ཀ་ལེགས་དགོན་ལ་ཡང་འཚམས་འདྲི་ཕེབས་ནས་གྲྭ་བཙུན་མི་རེར་དངུལ་སྒོར་དཱ་ཡང་དཀར་པོ་རེ་འགྱེད་པ་དང་། ཁྱུང་པོ་སྤྲུལ་སྐུ་དང་ཝང་སི་ལིང་གི་སྐུ་ཟླ་བུད་མེད་མཉམ་འབྲེལ་གྱི་ཀྲུའུ་རེན་གཞོན་པ་ཡང་ལྷན་དུ་ཡོད་པ། དེ་ནས་མི་རིང་བར་ཝང་སི་ལིང་སྔར་རྨས་སྐྱོན་ཕོག་སྟེ་གཟུགས་པོ་ལ་མདའ་རོ་ལུས་པ་སྨན་བཅོས་བྱེད་དུ་རྒྱ་ནག་ལ་ལོག་པ་རེད་ཟེར་བ་ལ་གཞིགས་ན། གནས་ཚུལ་དེ་ཡང་གོང་ཞུས་མཉམ་པར་གྱི་དུས་ཚོད་ང་གཉིས་ལོ་ཡས་མས་སུ་ཡིན་པ་རྟོགས་སླ། ཡང་ཨ་མྱེས་དར་མཚོ་ལགས་ཀྱིས་རྙེད་པའི་འབྲེལ་ཡོད་པར་རྙིང་ཞིག་ཀུན་གྱི་སྤྱན་ལམ་དུ་འགོད་པར་སྤྲོ་བར། པར་ནང་གི་བུད་མེད་དམག་ཆས་ཅན་ནི་གོང་ཞུས་ཝང་སི་ལིང་གི་སྐུ་ཟླ་དེ་ཡིན་པ་དང་། མ་རྒན་དང་ཕྲུ་གུ་བཅས་པ་ནི་ཚོ་པ་སོ་དགུའི་དཔོན་རྒྱུད་ཁྱིམ་ཚང་ག་གེ་མོ། དཔེར་ན་ཧོར་རྒྱལ་སྲས་ཚང་ལྟ་བུ། ས་ཆ་ནི་ང་རང་ཆུང་དུས་ཀྱི་བག་ཆགས་ནང་དཀར་རུ་ཕོ་བྲང་གི་གྱང་ངོས་ཞིག་ཏུ་རེད་འདུག་སྙམ། དེས་ན་མི་ངོ་ཆོད་པའི་དཔྱོད་ལྡན་བྱུང་ན་ཁོ་བོར་འབྲེལ་བ་ཡོད་པ་ཞུ།
        ད་ནི་རེ་ཞིག་མཚམས་འཇོག་པར་བཅར་འདྲི་ཞུ་ཡུལ་ཞལ་ཁ་་དྲོ་བའི་རྒན་རབས་རྣམ་པ་དང་། ཁྱད་པར་དུ་སྐུ་པར་ཞལ་ངོ་དངོས་སུ་ཆོད་པའི་སྐལ་ལྡན་རྒན་རབས་རྣམ་པ། གཡུང་དྲུང་དཔལ་རིའི་འབྲེལ་ཡོད་རྗེས་རབས་རྣམ་པ། དེ་བཞིན་ཧི་བོན་དྲ་བའི་གཙོ་སྒྲིག་རྩོམ་བཀོད་ཕྱག་ལས་པ་ཡོངས་ལ་ཐུགས་ཆེ་ཞུ་བ་དང་མཇུག་དོན་སྨོས་པ་ལ། ལོ་མང་དྲིས་ཤིང་ཉིན་མང་བྲིས་པ་འདི།། དགེ་ཆ་གང་ཡོད་བྱང་ཆུབ་དོན་དུ་བསྔོ། ཉེས་པའི་ཆ་སྲིད་དབྱིངས་སུ་མཐོལ་ལོ་བཤགས། གང་གི་ཐུགས་རྗེའི་ཆར་གྱིས་རྒྱུད་བརླན་ཤོག །
ཅེས་ཟླ་བ་དབང་རྒྱལ་གྱིས་ཉིས་སྟོང་བརྒྱ་མེད་ཉེར་དྲུག་ལོ་སྤྱི་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ལྷ་ས་ནས་སྤེལ་བ་དགེ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།