སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པའི་བར་གྱི་གསང་བ་ལ་བཏབ་པའི་སྔོན་འགྲོའི་དཔྱད་གླེང་།
[ཟླ་ཚེས། 2026-04-14 11:42:35][རྩོམ་པ་པོ། ཏཱ་དབེན་ཤེར་དབང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྔོན་དུ་གླེང་སློང་བ།
བྷང་གྷ་ལའི་མཁས་དབང་ས་ར་ཏི་ཅཱན་དྷ་ར་དྷ་སི་(Sarat Chandra Das)(1849–1917)ཡིས། ཐུའུ་བཀྭན་ཆོས་ཀྱི་ཉི་མའི་(1737–1802)«གྲུབ་མཐའ»རུ་གསལ་བའི་བོན་པོའི་སྐོར་ཚན་པ་དེ་དབྱིན་ཡིག་ཏུ་བསྒྱུར་ཏེ་སྤྱི་ལོ1881ལོར་དཔར་སྐྲུན་1བྱས་པ་ནས་བཟུང་། ད་ལྟའི་བར་དུ་ནུབ་གླིང་ལ་བོན་ཞེས་པ་འདི་ཉིད་ངོས་འཛིན་བྱེད་སྟངས་སྣ་ཚོགས་ཤིག་བྱུང་ཡོད་ཅིང་། རྩ་བའི་ཆ་ནས་ཆེས་སྟབས་བདེའི་ཆོས་ལུགས་ཤིག་ནས་ཧ་ཅང་རྙོག་འཛིང་དང་དཀའ་ཁག་ཆེ་བའི་རིག་གཞུང་ཅན་ཞིག་ཏུ་ལྟ་ཚུལ་འགྱུར་འགོ་ཚུགས་ཡོད།
གུས་པའི་བསམ་འཆར་བྱས་ན་བོན་གྱི་སྐོར་ནས་ང་ཚོས་མུ་མཐུད་ཞིབ་འཇུག་གཏིང་ཆོད་པ་ཞིག་བྱ་དགོས་ཚེ། གནའ་རྫས་རྟོག་ཞིབ་གཞི་རྩར་བཟུང་ཐོག་མི་རིགས་རང་གི་དམངས་ཁྲོད་ཀྱི་འཚོ་བའི་རྣམ་པ་དང་ཆོ་ག་ཕྱག་ལེན། གཉེན་སྲོལ་སྟོན་མོ། ལ་གླུ་གཞས་གསུམ་ཡན་ཆོད་ལ་དོ་སྣང་དགོས་པ་མ་ཟད། མིག་སྔར་མཇལ་ཡུལ་དུ་ཡོད་པའི་བོན་གྱི་དཔེ་གཞུང་རྣམས་ལ་ཞིབ་ཚགས་ཀྱིས་དཔྱད་པ་གནད་དུ་ཕིགས་པ་གཏང་དགོས་པ་ནི་གལ་པོ་ཆེར་མཐོང་།
དེ་ཡང་དུས་རབས་བཅུ་བཞི་པའི་ནང་བོད་བརྒྱུད་ཐུབ་བསྟན་པས་བཀའ་འགྱུར་དང་བསྟན་འགྱུར་གྱི་སྡེ་ཚན་བསྒྲིགས་ཏེ་དཀར་ཆག་བཏབ་ལྟར། བོན་དཔེ་རྣམས་ཀྱང་བཀའ་དང་བཀའ་བརྟེན་ཞེས་ཁྱད་པར་ཕྱེས་ནས་རིག་གཞུང་གི་རྣམ་བཞག་ཅིག་ཆགས་ཡོད་ལ། དཀར་ཆག་དང་འབྲི་བཞེངས་བྱས་པའི་ལོ་རྒྱུས་ཀྱང་ཐུབ་བསྟན་དང་བསྡུར་ཐབས་མེད་ཀྱང་མི་ཉུང་པ་ཞིག་འཆད་རྒྱུ་ཡོད། དེའི་སྐོར་གུས་སྤྱི་ལོ2019ལོ་ནས་བཟུང་ད་ལྟའི་བར་དུ་དཔྱད་དེབ་ཅིག་གི་ཚད་ཙམ་བྲིས་ཡོད། འོན་ཀྱང་། བོན་དཔེ་རྙིང་གྲས་ཕོན་ཆེ་བ་ནི་གཏེར་མ་དང་སྙན་རྒྱུད་གཉིས་ཀྱིས་གྲུབ་ཡོད་པས། གཏེར་མ་ཞེས་པ་ཇི་ལྟར་བྱུང་མིན་དང་སྙན་རྒྱུད་ཅེས་པ་ཅི་ལྟར་ཡིན་མིན་གྱི་ཐད་ནས་ཞིབ་འཇུག་གནང་རྒྱུ་གལ་འགོངས་ཆེན་པོར་གྱུར་ཡོད།
སྤྱིར་འདི་གཉིས་ཀྱི་སྐོར་དཔྱད་གཞིའི་རྒྱུ་ཆ་ཏོག་ཙམ་ཡོད་ཀྱང་ད་ལྟའི་བར་དུ་དཔྱད་ཞིབ་ཚགས་ཚུད་བྱས་པའི་འབྲས་བུ་ནི་མཐོང་རྒྱུ་དཀོན། གུས་པས་དེ་སྔོན་བོན་ལུགས་ཀྱི་གཏེར་མ་དང་གཏེར་དཔེ་ཁག་ལ་དཔྱད་ཞིབ་ཀྱི་རྩོམ་ཡིག་ཅིག་བྲིས་ཡོད་ཀྱང་དེའི་མཇུག་ད་དུང་གྲུབ་མེད། བོན་ལུགས་སྙན་རྒྱུད་ཀྱི་སྐོར་དཔྱད་གཞིའི་རྒྱུ་ཆ་གཏེར་མ་དང་བསྡུར་ན་ཉག་ཕྲ་ཞིང་ཁ་འཐོར་དུ་གནས་པ་མ་ཟད། ལྷག་དོན་སྙན་རྒྱུད་བླ་མ་ཞེས་པ་ནི་ཤིན་ཏུ་གསང་བ་ལྐོག་གྱུར་ཞིག་ཡིན་པས། བོད་རིག་པའི་ཁྱབ་ཁོངས་སུ་འདིའི་སྐོར་དཔྱད་བརྗོད་ཀྱི་འབྲས་བུ་དགུན་གྱི་ཞིང་ས་སྐྱ་བོ་བཞིན་ལུས་ཡོད། དེས་ན་ད་ཐེངས་གུས་པས་འདིར་བོན་ལུགས་ཀྱི་སྙན་རྒྱུད་བླ་མ་དང་། དེང་དུས་བོད་རིག་པ་བ་རྣམས་ལ་ངོ་མཚར་དུ་བཅུག་པའི་གེ་སར་སྒྲུང་པའི་དབར་གྱི་གསང་བ་ལ་ཐོག་མར་སྔོན་འགྲོའི་ཚུལ་དུ་གླེང་རྒྱུ་ཡིན། ཆོས་ལུགས་མི་སྣ་ཕལ་ཆེ་བའི་ངོས་ནས་མཚོན་ན་སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པ་གཉིས་བསྡུར་བ་ནི་ཡོང་ཐབས་མེད་པ་ཞིག་ཏུ་འདོད་སྲིད། རྒྱུ་མཚན་ནི་ཆོས་ལུགས་དད་པའི་ངོས་ནས་སྙན་རྒྱུད་བླ་མ་རྣམ་པ་ནི་སྔོན་གྱི་རིག་འཛིན་གོང་མའི་རྣམ་སྤྲུལ་དང་། ཡང་ན་སངས་རྒྱས་དངོས་བྱོན་ལྟ་བུའི་འདུ་ཤེས་ཤིག་བཟུང་ཡོད། སྒྲུང་པ་ནི་དེ་ལས་ལྡོག་སྟེ་འཆར་ཡན་རང་བཞིན་གྱི་མི་མདོ་མེད་ཅིག་གམ་སློང་མོ་བ་ལྟ་བུ་དང་། རྫུན་གཏམ་རྒྱུད་སྒྲོག་བྱེད་མཁན་ཞིག་ཏུ་འདོད་ཅིང་སྒྲུང་ནི་རྫུན་པ་འབའ་ཞིག་ཏུ་སེམས་བཞིན་ཡོད།
འོན་ཀྱང་། བོད་རིག་པའི་ངོས་ནས་མཚོན་ན་གླིང་སྒྲུང་དང་གེ་སར་སྒྲུང་པ་ལ་དམིགས་བསལ་གཙིགས་མཐོང་དང་ཞིབ་འཇུག་གི་གདན་ཐོབ་ཆེན་པོ་ཞིག་རག་ཡོད་ལ། ཞིབ་འཇུག་དཔྱད་འབྲས་ཀྱང་འབུལ་དུ་ཐོན་པ་དང་གྲངས་འབོར་ཐད་ནས་གཞན་དང་བསྡུར་ཐབས་མེད་པའི་མཚམས་སུ་སླེབས་ཡོད། ལྷག་དོན་དུ་གེ་སར་སྒྲུང་པ་ལ་རིགས་མང་དུ་དབྱེ་བ་ལས་བབས་སྒྲུང་པ་དང་པྲ་སྒྲུང་པ་ཡི་ངོ་མཚར་གྱི་གསང་བའམ་སྣང་ཚུལ་ལ་ཀུན་གྱིས་འགྲེལ་དཀའ་བའི་ལྐོག་གྱུར་གྱི་འཇིག་རྟེན་ཞིག་མཐོང་ཡོད། བོན་གྱི་སྙན་རྒྱུད་བླ་མ་ཁག་ཅིག་གི་རྣམ་ཐར་ལ་མཇལ་ན་བབས་སྒྲུང་པ་དང་སྣང་ཚུལ་འདྲ་བའི་ཆ་མང་པོ་བྱུང་ཡོད་ཀྱང་། མིག་སྔར་བོད་རིག་པའི་ཞིབ་འཇུག་གི་ལྡིངས་ཆེན་དུ་གདན་དྲངས་ནས། གེ་སར་སྒྲུང་པ་ལྟ་བུའི་ཞིབ་འཇུག་གི་ཚུལ་བཟུང་མ་མྱོང་ལ་དཔྱད་འབྲས་ཀྱང་དེ་བས་དཀོན་པོ་ཆགས་ཡོད། དེར་བརྟེན། ཐེངས་འདིར་གེ་སར་སྒྲུང་པ་དང་གོ་བསྡུར་གྱི་ལམ་ནས་དཔྱད་ཞིབ་ཅིག་བྱས་ན། བོད་རིག་པའི་ཞིབ་འཇུག་པ་རྣམས་ཀྱིས་གོ་བ་ལེན་སྟབས་བདེ་བ་སོགས་ཀྱི་དགེ་མཚན་ཅུང་ཟད་མཐོང་བས། གཤམ་དུ་རྩ་བའི་ཆ་ནས་དོན་ཚན་རྣམ་པ་གསུམ་གྱི་ལམ་ནས་སྙན་འབུལ་ཞུ་རྒྱུ་ཡིན།
སྡེ་ཚན་དང་པོ། བོན་ལུགས་ཀྱི་སྙན་རྒྱུད་བླ་མ་ཞེས་པ་ཡང་སྙིང་ག་འདྲ་ཞིག་ཡིན་མིན་གླེང་པ།
དང་པོ། བོན་ལུགས་ཀྱི་སྙན་རྒྱུད་བླ་མའི་སྐོར་སྤྱིར་བཤད་པ།
ཐོག་མར་གསལ་བཤད་ཞུ་དགོས་པ་ཞིག་ལ། བོན་ལུགས་སུ་སྙན་རྒྱུད་མི་འདྲ་བ་གཉིས་དབྱེ་རྒྱུ་ཡོད་དེ། མཁར་རྨེའུ་བསམ་གཏན་རྒྱལ་མཚན་མཆོག་ནས“གོང་གསལ་སྙན་རྒྱུད་དུ་གྲགས་པའི་དཔེ་ཆ་རྣམས་ཕུད། ད་དུང་སྙན་རྒྱུད་གཤའ་མ་ཞེས་པའི་དཔེ་ཆ་ཡང་ཡོད་ལ། དེར་ཁོ་བོས་དངོས་བདེན་གྱི་སྙན་རྒྱུད་ཅེས་འབོད་ཀྱི་ཡོད”2ཅེས་གསུངས་པ་ལྟར། མཁར་རྨེའུ་བསམ་གཏན་ལགས་ཀྱིས་དངོས་བདེན་གྱི་སྙན་རྒྱུད་དུ་འདོད་པའི་སྙན་རྒྱུད་ནི་སྐབས་འདིར་འཆད་འདོད་པའི་སྙན་རྒྱུད་དེ་མ་ཡིན། འདིར་དངོས་བདེན་གྱི་སྙན་རྒྱུད་ཅེས་པ་ནི་མཁས་དབང་ནམ་མཁའི་ནོར་བུ(1938–2018)སོགས་ཀྱིས་གཙིགས་མཐོང་ཆེན་པོར་གནང་མྱོང་བའི་ཞང་ཞུང་སྙན་རྒྱུད་ཅེས་པ་དེ་ཡིན་ལ། དེ་ནི་གང་ཟག་གཅིག་གིས་གཅིག་ལ་དངོས་སུ་འཕྲད་ནས་གདམས་པ་ཆིག་བརྒྱུད་ཀྱི་རྣམ་པས་སྙན་ཁུང་དུ་བརྒྱུད་དེ་བྱུང་བ་ཞིག་ལ་གོ་དགོས། འོན་ཀྱང་། སྐབས་འདིར་གླེང་བྱའི་སྙན་རྒྱུད་ཅེས་པ་ནི་དེ་ཙམ་མིན་ཏེ། སྙན་རྒྱུད་བླ་མ་ཕལ་ཆེ་བ་དུས་རབས་བཅུ་གཉིས་པའི་གཡས་གཡོན་དུ་བྱུང་བ་ཡིན་ཡང་། ཁོང་རྣམ་པའི་སྙན་ཁུང་དུ་བརྒྱུད་མཁན་ནི་སྟོན་པ་གཤེན་རབ་དང་། སྟོང་རྒྱུང་མཐུ་ཆེན། དྲན་པ་ནམ་མཁའ་སོགས་མི་ལོ་སྟོང་ཕྲག་དུ་མའི་ཡར་སྔོན་གྱི་སྐྱེས་བུ་ཤ་སྟག་ཏུ་གྱུར་ཡོད། དཔེར་ན། སྙན་རྒྱུད་བླ་མ་གླིང་གཤེན་ནམ་མཁའ་མཐོང་གསལ་ལྟ་བུར་མཚོན་ན། སྟོན་པ་གཤེན་རབ་མི་བོ་ཆེ་དང་སྟོང་རྒྱུང་མཐུ་ཆེན་སོགས་ཀྱིས་ཐད་ཀར་སྙན་དུ་བརྒྱུད་པ་ཡིན་ཚུལ་བཤད་ཡོད་ལ། དེ་བཞིན་བོན་ཞིག་ཁྱུང་ནག(1103–1183)ནི་སྲིད་པ་རྒྱལ་མོ་དང་ཡེ་ཤེས་དབལ་མོ་སོགས་ལྷ་དང་སྲུང་མས་ཐད་ཀར་སྙན་དུ་བརྒྱུད་པ་ཡིན་ཚུལ་འཁོད་ཡོད།
གླིང་གཤེན་ནམ་མཁའ་མཐོང་གསལ་གྱི་མཚན་གཞན་ལ་གླིང་གཤེན་མུ་ལ་ཐོགས་མེད་3ཅེས་ཞུ་གི་ཡོད་པ་མཁན་ཉི་མ་བསྟན་འཛིན་གྱིས་གསུངས་ཤིང་། མུ་ལ་ནི་ཞང་སྐད་ཡིན་པ་དང་བོད་སྐད་དུ་ནམ་མཁའི་བརྡ་ཡིན། མཐོང་གསལ་དང་ཐོགས་མེད་གང་ཡིན་ཡང་གཉིས་ཀ་ནམ་མཁའི་ཁྱད་བོན་ཏེ། ནམ་མཁའི་མཐོངས་གསལ་ཞིང་དྭངས་པ་དང་ནམ་མཁའ་རྒྱ་ཆེ་བ་ཐོགས་པ་མེད་པ་སོགས་ལ་འཇུག བླ་མ་འདིའི་སྙན་རྒྱུད་ཆེས་གྲགས་ཆེ་བ«གསེར་འོད་ནོར་བུ་འོད་འབར»གྱི་མཇུག་ཏུ་གླིང་གཤེན་ནམ་མཁའ་བློ་གྲོས་ཞེས་གསལ་བ་དང་། ཡང«གསེར་འོད་ནོར་བུ་འོད་འབར་གྱི་ཕྱག་བཞེས་ལྡེ་མིག»ཅེས་པར། གླིང་གཤེན་བློ་གྲོས་རྒྱལ་མཚན་ཞེས་ཀྱང་བཀོད་འདུག་4པས་ཁོང་གི་མཚན་གྱི་རྣམ་གྲངས་ཤིན་ཏུ་མང་།
བོན་གྱི་བསྟན་རྩིས་རྣམས་སུ་གླིང་གཤེན་ནམ་མཁའ་མཐོངས་གསལ་ལམ་གླིང་གཤེན་མུ་ལ་ཐོགས་མེད་ཀྱི་འཁྲུངས་འདས་ལོ་ཚིགས་གསལ་པོ་མེད་ཀྱང་། ཁོང་གི་སྙན་རྒྱུད་དཔེ་ཆ«གླིང་གཤེན་སྐལ་བཟང»གི་མཇུག་བྱང་ལ་བལྟས་ན་ཁྲོ་གཉེན་རྒྱལ་མཚན་དང་དུས་མཉམ་ཡིན་པ་ཤེས་ཐུབ། ཧོར་པ་དྲུང་རམས་པའི་བསྟན་རྩིས་ལྟར་ན“བུ་གས་༩དམན་པའི་མེ་གླང་ལ། །མཚུངས་མེད་བསོད་ནམས་བློ་གྲོས་བལྟམས། །༦༧༨ སྤྲུལ་སྐུ་ཁྲོ་གཉན་དག་དང་མཚུངས། །”5ཞེས། ཁྲོ་གཉན་རྒྱལ་མཚན་དང་མཚུངས་མེད་བསོད་ནམས་བློ་གྲོས་གཉིས་ལོ་གཅིག་ལ་འཁྲུངས་པར་བཞེད་ཅིང་། མཁན་ཉི་མའི་བསྟན་རྩིས་ལས་“ལྟོ་འགྲོས་༨དམན་པའི་མེ་གླང་ལ། །མཚུངས་མེད་བསོད་ནམས་བློ་གྲོས་བལྟམས། །(༦༨༤) (སྤྱི་ལོ་1277)”ཞེས། མཚུངས་མེད་བསོད་ནམས་བློ་གྲོས་སྤྱི་ལོ 1277 ལོར་སྐུ་འཁྲུངས་པར་གསུང་6པས། ཁྲོ་གཉན་རྒྱལ་མཚན་དང་མཚུངས་མེད་བསོད་ནམས་བློ་གྲོས་གཉིས་དུས་མཉམ་ཡིན་ན། ཁྲོ་གཉན་རྒྱལ་མཚན་དུས་རབས་བཅུ་གསུམ་ནང་འཁྲུངས་པ་གསལ་པོར་ཤེས་ཐུབ་ལ། འཁྲུངས་ཡུལ་ནི་ཤར་རྫ་ཁོག་ཡིན་པར་གྲགས།
བོན་ཞིག་ཁྱུང་ནག་ནི་སྟོན་པ་གཤེན་རབ་དང་རིགས་རུས་གཅིག་ཅིང་། བོན་གྱི་གཏེར་སྟོན་གྲགས་ཅན་གཤེན་ཆེན་ཀླུ་དགའ(996–1035)ནས་བརྩིས་པའི་མི་རབས་ལྔ་པ་ཡིན། མཚན་གཞན་ལ་གཤེན་སྒོམ་ཞིག་པོའང་ཟེར། ཁོང་གི་ཡབ་ཀྱི་མཚན་ལ་ཇོ་འཁོར་རམ་གཤེན་གཡུང་དྲུང་འཁོར་ལོ་དང་། ཡུམ་གྱི་མཚན་ལ་བྲེ་བཟའ་བསོད་དགེ་ཞེས་འབོད། སྤྱི་ལོ1103ལོར་འཁྲུངས་ཤིང་རབ་བྱུང་གསུམ་པའི་ཆུ་ཡོས་སྤྱི་ལོ 1183 ལོར་སྐུ་མྱ་ལས་འདས་པས། དུས་རབས་བཅུ་གཉིས་པའི་ནང་གི་བླ་མ་ཞིག་ཡིན། སྐུ་མདོག་ནག་ཅིང་སྤྱན་འབུར་དོད་པ་དང་སྤྱན་རྩ་དམར་བ་ཞིག་ཡོད་པར་གྲགས། མེ་སྟོན་ཤེས་རབ་འོད་ཟེར་སོགས་སློབ་དཔོན་དུ་བསྟེན་མྱོང་། བླ་མ་འདིའི་རྣམ་ཐར་ཤོག་ངོས་བཅུ་གྲངས་ཅན་བྲིས་མ་ཞིག་འདུག་7ཀྱང་། དགུང་ལོ་ཉེར་ལྔ་ནས་སྒོམ་སྒྲུབ་བྱས་པའི་ལོ་རྒྱུས་ཙམ་ལས་སྙན་རྒྱུད་བབས་པའི་དུས་ཚོད་ཁ་གསལ་འཁོད་མེད།
བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་(1935–2018)ཡི«བསྟན་རྩིས་ཡིད་ཀྱི་མུན་སེལ་སྒྲོན་མེ»ལས། “བོན་ཞིག་ཁྱུང་ནག་སྙན་རྒྱུད་བབས་པའི་དུས་ནི་རབ་བྱུང་གཉིས་པའི་ནང་ཡིན་དགོས་འདུག”8ཅེས་གསུང་འདུག་ཀྱང་གསལ་ཁ་གང་ཡང་བསྟན་ཐུབ་མེད། ཚོད་དཔག་གིས་བཤད་ཆོག་པ་གཅིག་ནི་སྙན་རྒྱུད་བླ་མ་ཕལ་ཆེ་བ་སྒོམ་སྒྲུབ་དབེན་སར་འགྲིམ་པའི་སྐབས་སུ་སྙན་རྒྱུད་བབས་པ་ལྟ་བུར་སྣང་བས། བོན་ཞིག་ཁྱུང་ནག་ཀྱང་དགུང་ལོ་ཉེར་ལྔའི་རྗེས་ཙམ་དུ་སྙན་རྒྱུད་བབས་ཡོད་པ་མིན་ནམ་སྙམ། ཉེ་ལམ་རྒྱལ་རོང་ཆུ་ཆེན་རྫོང་ལི་ཝེར་རི་ཁྲོད་བྲག་བརྐོས་རི་མོའི་ཁྲོད་དུ། བླ་མ་འདིའི་སྐུ་བརྙན་ཞིག་ཐོན་ཡོད་ཅིང་དེའི་སྐོར་མཁས་དབང་སྟོང་སྐོར་ཚེ་རིང་ཐར་ལགས་ནས་དཔྱད་ཞིབ་བྱས་འདུག9
གཞན་ཡང་མིག་སྔར་གུས་པས་བོན་དཔེ་ཁག་ཆ་ཚང་རེ་རེ་བཞིན་མཇུག་བྱང་དང་བཅས་པར་ཞིབ་འཇུག་བྱ་ཐུབ་མེད་ཀྱང་། «བོན་གྱི་བཀའ་འགྱུར»གསུང་པོད་ཉིས་བརྒྱའི་10མཇུག་བྱང་དང་བོན་དཔེའི་དཀར་ཆག་རེ་རུང་ཟུང་ལ་ཞིབ་ཏུ་བལྟས་པས། བོན་དཔེ་ཁག་གི་དཀར་ཆག་ཁྲོད་ནས་ཀུན་མཁྱེན་ཉི་མ་བསྟན་འཛིན་(1813–1870)གྱི«བཀའ་འགྱུར་བརྟེན་འགྱུར་གྱི་སྡེ་ཚན་སྒྲིག་ཚུལ་བསྟན་པའི་མེ་རོ་སྤར་བའི་རླུང་གཡབ»11ལས་སྙན་རྒྱུད་བླ་མའི་མཚན་དངོས་སུ་གསལ་བ་ཉི་ཤུ་རྩ་གསུམ་དང་། བདེ་ཆེན་གླིང་པ་(1833–?)ཡི«གཤེན་རབ་བཀའ་འབུམ་དཀར་ཆག»12ཏུ་བཅུ་དགུ། སློབ་དཔོན་བསྟན་འཛིན་རྣམ་དག་(1926–)གི«བཀའ་བརྟེན་བོད་ཡུལ་དངོས་སུ་བཞུགས་བྱང»དང«གཡུང་དྲུང་བོན་གྱི་བཀའ་བརྟེན་སྔ་དར་བོད་བཞུགས་རིན་པོ་ཆེ»13གཉིས་ཀྱི་ནང་བཅུ་དགུ། ཡབ་གཞིས་དགེ་བཤེས་ཤེས་རབ་མཐར་ཕྱིན་གྱིས་བསྒྲིགས་པའི«བཀའ་འགྱུར་དཀར་ཆག»14ལས་བཅུ་དྲུག་བྱུང་ཡོད་ཅིང་། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་གིས་བསྒྲིགས་པའི«བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དཀར་ཆག་རྒྱས་པ»ལས་15སྙན་རྒྱུད་བླ་མ་སུམ་ཅུ་སོ་བརྒྱད་བྱུང་ཡོད་པས། གོང་གི་བཀའ་བརྟེན་འགྱུར་དང་འབྲེལ་ཡོད་ཡིག་ཆ་རྣམས་སུ་གསལ་བའི་སྙན་རྒྱུད་བླ་མ་ཕལ་ཆེ་བ་འདིར་འདུས་ཡོད།
«བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་དཀར་ཆག་རྒྱས་པ»རུ་གསལ་བའི་སྙན་རྒྱུད་བླ་མ་སུམ་ཅུ་ལྷག་ནི། གཙང་གཤེན་སྙན་ངག་རང་གྲོལ་དང་། སྟང་ཆེན་དམུ་ཚ་གྱེར་མེད། སེ་དཀར་སྟོན་པ། བོན་ཞིག་ཁྱུང་ནག ལྷ་རྗེ་བཞོད་སྟོན་ནམ་ལྷ་རྗེ་བར་སྒོམ།(1075–) ལུང་བོན་ལྷ་གཉེན།(1088–1126) འགྲོ་མགོན་མར་སྟོན་རྒྱལ་ལེགས་སམ་མཚན་ལྡན་སྨན་གོང་པ།(1123–) དམ་པ་རང་གྲོལ།(1149–) དཔོན་གསས་ཁྱུང་རྒོད་རྩལ།(1175–) མཚན་ལྡན་དྲུང་མུ་ཧ་ར། ཤར་པ་རྣལ་འབྱོར་རམ་རྣལ་འབྱོར་གཡུང་དྲུང་ཐོགས་མེད། གོ་ལྡེ་འཕགས་པའམ་དབང་ལྡན་གཤེན་སྲས་སམ་གཤེན་སྲས་ལྷ་རྗེ། བོན་ཞིག་གཡུང་དྲུང་གླིང་པ།(1228–) འདུལ་བ་རྒྱལ་མཚན།(1239–1294) ཁྲོ་གཉེན་རྒྱལ་མཚན།(1277–) ཁོད་པོ་བློ་གྲོས་ཐོགས་མེད།(1280–1353) གླིང་གཤེན་ནམ་མཁའ་མཐོང་གསལ། རྫིའུ་རིག་པ་རང་ཤར། གཤེན་ཉི་མ་རྒྱལ་མཚན།(1360–) གཡུང་དྲུང་རྒྱལ་པོའམ་མི་ཤིག་རྡོ་རྗེ་ཡང་ན་རཏྣ་གླིང་པ།(1595–) ཀུན་གྲོལ་གྲགས་པ།(1700–1766) སྐུ་མདུན་ཤེས་རབ་དགོངས་རྒྱལ།(1784–1835) སྤྲུལ་སྐུ་དྲུང་མུ་མུ་ཏྲི་ཝེར་ལོ། ནམ་མཁའ་རྒྱལ་པོ། སེ་སྙོན་གཡུང་དྲུང་མཚན་ཅན། གཏེར་སྲས་བསྟན་འཛིན་ཚུལ་ཁྲིམས། བཙུན་པ་ཀུན་དགའ་ཚུལ་ཁྲིམས། འཕྲོག་མའི་འཕགས་བཙུན་པདྨ་རྗེ། དབལ་འབར་སྟག་སླག་ཅན།(1832–1909) གསང་སྔགས་བདེ་ཆེན་གླིང་པ་(1833–)པ་བཅས་སོ། །
དེས་ན་འདིར་མ་འཁོད་ཅིང་བོན་དཔེ་གཞན་དུ་བྱུང་བའི་བླ་མ་ཁ་ཤས་ཤིག་བགྲངས་ན། གུ་རུབ་སྣང་བཞེར་ལོད་པོ། གྱེར་མི་ཉི་འོད། དགོངས་མཛོད་རི་ཁྲོད་ཆེན་པོ།(1038–1096) རྨ་སྟོན་སྲོལ་འཛིན།(1092–1138) བླ་མ་ལྷ་སྒོམ་མམ་སུམ་སྟོན(1135–) དྲང་སྲོང་འོད་ཟེར་རྒྱལ་མཚན། རང་གྲོལ་ཡེ་ཤེས་རྒྱལ་མཚན།(1327–) མུ་ལ་རིན་ཆེན་ནམ་བློ་ལྡན་སྙིང་པོ།(1360–1397) སྟག་ཟ་རིན་ཆེན་མཚོ་མོ། དབུ་ཟ་རིན་ཆེན་གསལ། རྣལ་འབྱོར་ནམ་མཁའ་ལྷུན་གྲུབ། རོང་བོན་གཡུང་དྲུང་འོད་ཟེར། རྨ་ལོ་རང་གྲོལ། ཀྱུ་ར་རིན་ཆེན་རྒྱལ་མཚན། སངས་རྒྱས་གླིང་པ།(1705–1735) གཤེན་སྤྲུལ་ཐུགས་རྗེ་ཉི་མ།(1901–1951) ལ་སོགས་པ་16ལྟ་བུའོ། །
ངས་འདིར་མཚན་དངོས་སུ་བཀོད་ཐུབ་པའི་སྙན་རྒྱུད་བླ་མ་བཞི་བཅུ་ཞེ་གྲངས་17ཡོད་པ་དག་ལས་མིང་གྲགས་ཆེ་ཤོས་ནི་གྱེར་མི་ཉི་འོད་དང་། སྤྲུལ་སྐུ་བློ་ལྡན་སྙིང་པོ། རྫིའུ་རིག་པ་རང་ཤར། དབལ་འབར་སྟག་སླག་ཅན་སོགས་རེད། དེ་ལྟར་ན་ཡང་འདི་དག་སྙན་རྒྱུད་ཁོ་ནའི་ཐད་མིང་གྲགས་ཆེ་བ་ལས། གཞན་གུ་རུབ་སྣང་བཞེར་ལོད་པོ་དང་དགོངས་མཛོད་རི་ཁྲོད་པ་སོགས་ནི་སྤྱིར་བོན་གྱི་བླ་མ་བྱིངས་ལས་གོ་ས་མི་དམན་པ་ཡོད། ཁོད་པོ་བློ་གྲོས་ཐོགས་མེད་དང་དཔོན་གསས་ཁྱུང་རྒོད་སོགས་ནི་སྙན་རྒྱུད་ཙམ་མ་ཡིན་པར་གཏེར་སྟོན་ཡང་ཡིན་པས་སྐད་གྲགས་ཤིན་ཏུ་ཆེ། མཁར་རྨེའུ་བསམ་གཏན་སོགས་ཀྱིས་སྙན་རྒྱུད་བླ་མ་ཆེས་ཐོག་མ་གྱེར་མི་ཉི་འོད་ཡིན་པའི་ངོས་འཛིན་བྱས་ཡོད་18ཀྱང་། གྱེར་མི་ཉི་འོད་ཀྱི་འཁྲུངས་འདས་ལོ་ཚིགས་གསལ་པོ་ཞིག་ད་བར་མ་མཐོང་། ཁོང་གི་སྐོར་རྒྱས་ཤོས་དང་ཁུངས་བཙན་དུ་བརྩི་ཆོག་པ་ནི་《བླ་མ་གྱེར་མི་ཉི་འོད་དང་རྨ་སྟོན་མཇལ་རབས་》ཞེས་པ་དེ་ཡིན། དེའི་མཇུག་བྱང་དུ་“བླ་མ་རྨ་སྟོན་ཤེས་རབ་སེང་གེ་ལ། ཡ་ངལ་དྲང་སྲོང་མས་རྣམ་ཐར་ཞུས་པས་གནང་བ་ལགས་སོ། །”19ཞེས་གསལ་བར་བརྟགས་ན། རྣམ་ཐར་འདི་རྨ་སྟོན་རང་གིས་གསུངས་པར་ཤེས་ཐུབ། རྨ་སྟོན་སྤྱི་ལོ་1092ལོར་འཁྲུངས་པ་མཁན་ཆེན་ཉི་མ་བསྟན་འཛིན་གྱི་«བསྟན་རྩིས་ངོ་མཚར་ནོར་བུའི་འཕྲེང་བ་»20རུ་གསལ་བས། རྨ་སྟོན་གྱི་བླ་མར་གྱུར་པའི་གྱེར་མི་ཉི་འོད་ནི་དུས་རབས་བཅུ་གཅིག་པའི་ནང་གི་མི་ཡིན་པ་ལེགས་པར་རྟོགས་ཐུབ།
མཁས་དབང་དཔལ་ཚུལ་(1900–1973)གྱི«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས། གྱེར་མི་ཉི་འོད་དགུང་ལོ་ཉི་ཤུ་རྩ་གཉིས་སྐབས་སུ་གཏེར་བཏོན་ཚུལ་གསལ།21 ནམ་རྒྱུན་ཁོང་གི་མཛད་རྣམ་གླེང་སྐབས་སྙན་རྒྱུད་བབས་པ་དང་གཏེར་བཞེས་པ་གཉིས་ལས། སྙན་རྒྱུད་སྔོན་དུ་གླེང་སྲོལ་ཡོད་པ་དེ་མཛད་རིམ་གྱི་ཆ་ནས་བཞག་པ་ཡིན་ཚེ། སྐུ་ན་ཆུང་དུས་ནས་སྙན་རྒྱུད་བབས་པ་ཡིན་དགོས། འོན་ཀྱང་། གྱེར་མི་དང་རྨ་སྟོན་མཇལ་ཐེངས་བཞི་ཙམ་བྱུང་བ་ལས་མཇལ་ཐེངས་དང་པོའི་སྐབས་སུ་གྱེར་མི་ཉི་འོད་འཁར་བ་ལ་བརྟེན་པའི་བགྲེས་པོ་ཞིག་ཡོད་པ«རྨ་སྟོན་མཇལ་རབས»22སོགས་ཁོང་གི་རྣམ་ཐར་ཁག་ལས་གསལ། ཐེངས་དང་པོར་མཇལ་སྐབས་རྨ་སྟོན་དགུང་ལོ་བཅུ་བདུན་ཡིན། མཇལ་ཐེངས་གཉིས་པའི་སྐབས་སུ་སྙན་རྒྱུད་བབས་ཤིང་རྨ་སྟོན་དགུང་ལོ་ཉེར་ལྔ་ཡིན་པ་མཁས་དབང་བོན་བརྒྱ་མཆོག་གིས་བཞེད།23 དེ་ནི་སྤྱི་ལོ1117ཡིན་པས་མཁར་རྨེའུ་བསམ་གཏན་གྱིས་ཀྱང་སྙན་རྒྱུད་ཅེས་པ་དེ་དུས་རབས་བཅུ་གཉིས་པའི་ནང་དུ་གྱེར་མི་ཉི་འོད་ཀྱིས་སྲོལ་བཏོད་པར་གསུངས་པའང་མཁས་པའི་ཚིག་ཡིན་པས་རྒྱུ་མཚན་ངེས་ཅན་ཡོད་པར་མཐོང་།
ཡིན་ནའང་གྱེར་མི་ཉི་འོད་སྙན་རྒྱུད་བླ་མ་ཆེས་ཐོག་མ་ཡིན་མིན་ད་དུང་དཔྱད་པར་བྱ་བའི་གནས་ཡིན་ཏེ། གཙང་གཤེན་སྙན་ངག་རང་གྲོལ་དང་གུ་རུབ་སྣང་བཞེར་ལོད་པོ་སོགས་བོད་སིལ་བུའི་སྔོན་གྱི་མི་ཡིན་པ་དང་། བསྟན་པ་ཕྱི་དར་ལ་གོ་བར་བྱས་ཀྱང་དགོངས་མཛོད་རི་ཁྲོད་པ་ཆེན་པོ་ནི་སྤྱི་ལོ1038ལོར་འཁྲུངས་ཤིང1096ལོར་སྐུ་གཤེགས་པ་བོན་གྱི་བསྟན་རྩིས་སུ་གསལ་24བས་གྱེར་མི་ལས་སྔ་བ་ཡིན། གལ་ཏེ་དཔལ་ཚུལ་གྱི་དགོངས་པ་ལྟར་གྱེར་མི་ཉི་འོད་དགུང་ལོ་ཉེར་གཉིས་སྟེང་གཏེར་བཞེས་པ་དང་སྙན་རྒྱུད་བབས་པ་སོགས་བྱུང་ཡོད་ཚེ། བསྟན་པ་ཕྱི་དར་ལ་གྱེར་མི་ཉི་འོད་སྔ་ཤོས་མ་ཡིན་པའི་ངེས་པ་མེད་མོད་ཀྱང་། གནས་སྐབས་ད་དུང་སྒྲུབ་བྱེད་ཀྱིས་སྟོངས་པས་བཤད་ཐབས་བྲལ་ལོ། །
ངེས་དགོས་པ་ཞིག་ལ་བོན་ལུགས་ཀྱི་སྙན་རྒྱུད་བླ་མ་ཐོག་མ་གྱེར་མི་ཉི་འོད་ཡིན་པའི་ལྟ་ཚུལ་དེ་མཁར་རྨེའུ་ལགས་ཀྱི་ལྟ་བ་གསར་པ་ཞིག་མ་ཡིན་པར། བོན་གྱི་བསྟན་འབྱུང་དག་ཏུའང་དེ་ལྟར་འབྱུང་25བས། གྱེར་མི་ཉི་འོད་དགུང་གྲངས་སུམ་བརྒྱར་བཞུགས་ཟེར་བའི་དབང་དུ་བྱས་ཏེ། ལོ་ཚིགས་ཀྱི་ཐད་ནས་དགོངས་མཛོད་རི་ཁྲོད་པ་ལས་སྔ་བ་ཡིན་ནམ། ཡང་ན་སྙན་རྒྱུད་ཅེས་པ་དེ་ལ་སྔོན་གྱི་མཁས་པ་རྣམ་པས་ས་མཚམས་འཇོག་སྟངས་གཞན་ཞིག་ཡོད་པ་གང་ཡིན་ཆ་མ་འཚལ། བླ་མ་འདིས་སྙན་དུ་བརྒྱུད་པའི་བོན་དཔེ་ནི«ཉམས་ལེན་ལྔ་སྐོར»དང་། «མན་ངག་ཚིག་བཞི།» «ལྡེ་མིག་དགུ་སྐོར།» «ཨ་གསལ་འཕྲིན་ལས»སོགས་ཡོད་ཅིང་། སྙན་དུ་བརྒྱུད་མཁན་བླ་ཆེན་དྲན་པ་ནམ་མཁའ་ཡིན་སྐད། གཞན་གོང་དུ་གསལ་བའི་སྙན་རྒྱུད་བླ་མ་ཡོད་ཚད་གྱེར་མི་ཉི་འོད་རྗེས་སུ་བྱུང་བ་ཤ་སྟག་ཡིན། གུས་པས་གོང་གི་སྙན་རྒྱུད་བླ་མ་རྣམ་པའི་མཛད་རྣམ་གྱི་ཟུར་རེ་དང་སྙན་གང་ཞིག་རྒྱུད་པ་སོགས་ཅུང་ཟད་ཞིབ་འཇུག་བྱས་ཡོད་ཀྱང་། གཤམ་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་དང་། རྫིའུ་རིག་པ་རང་ཤར། དབལ་འབར་སྟག་སླག་ཅན། གཤེན་སྤྲུལ་ཐུགས་རྗེ་ཉི་མ་བཅས་ཀྱི་སྐོར་དཔེར་མཚོན་གྱིས་རོབ་ཙམ་ཞིག་ཞུས་ན་འཐུས་པར་འདོད།
གཉིས་པ། དཔེ་མཚོན་ཙམ་དུ་སྙན་རྒྱུད་བླ་མ་ཁག་གཅིག་ངོ་སྤྲོད་རོབ་ཙམ།
གཅིག སྤྲུལ་སྐུ་བློ་ལྡན་སྙིང་པོ།
སྤྲུལ་སྐུ་བློ་ལྡན་སྙིང་པོ་ནི་སྤྱི་ལོ 1360 ལོར་སྐུ་འཁྲུངས་ཤིང་། ཡབ་ཀྱི་མཚན་ལ་ཚུལ་ཁྲིམས་སེང་གེ་ཟེར། རུས་དབྲ་རིགས་ཡིན་པར་གྲགས། ཡུམ་ནི་ནང་ཆེན་ཀར་མ་ཟུར་མང་ནས་ཡིན་པའི་ལྡོང་རིགས་རིན་ཆེན་མཚོ་ཞེས་པ་དེ་ཡིན། ཁོང་གི་ཡབ་ཡུལ་གང་ནས་ཡིན་མིན་དེ་སྔ་སུས་ཀྱང་བཤད་ཐུབ་མེད་ཀྱང་། ཡུམ་རིན་ཆེན་མཚོ་ཕ་ཡུལ་ནང་ཆེན་ནས་དབུས་ཕྱོགས་སུ་གནས་མཇལ་ཕེབས་སྐབས། ཀོང་པོ་རྒྱ་མདའ་རུ་ཚུལ་ཁྲིམས་སེང་གེ་དང་འཕྲད་དེ་མངལ་ཆགས་ཀྱང་ལམ་ཁའི་འགྲུལ་པ་ཙམ་ལས་ལྷན་གཅིག་འགྲོག་པའི་གྲོས་མེད་པས། རིན་ཆེན་མཚོ་རང་ཡུལ་དུ་ལོག་པའི་ལམ་ཞོར་ཆབ་མདོ་གྲོང་ཁྱེར་གྱི་མངའ་ཁོངས་ཁྱུང་པོ་སྟེང་ཆེན་རྫོང་གི་འབྲོག་སྡེ། བྱེ་མ་དབྱི་ཕུག་གམ་གཤེ་མ་གཡུ་ཕུག་ཅེས་པའི་ས་དེར་ཡུལ་སྡེ་གཅིག་གི་ར་ལུག་རྫི་བོར་སྡོད་སྐབས་ཟླ་བ་གཅིག་གཉིས་སོང་བ་ན་སྲས་འཁྲུངས། འོན་ཀྱང་། མོ་ནི་གཡོག་མོ་ཞིག་ཡིན་པས་ཡུལ་སྡེའི་ཁྱིམ་ནང་དུ་ཉལ་མ་བཅུག་པར་ཡུལ་དེའི་བྲག་དཀར་གྱི་ཕུག་པ་ཞིག་ཏུ་ཉལ་དགོས་བྱུང་། དེ་ལྟར་ཁོང་མ་བུ་གཉིས་ཡ་ང་བའི་འཚོ་བ་སྐྱོ་པོ་ཞིག་ལོ་གཉིས་གསུམ་རོལ་རྗེས་ཁྱུང་པོ་རི་བོ་རྩེ་དྲུག་གི་གཡོན་ཞོལ་གདོང་ཡུལ་ཞེས་པར་སླར་ཡང་རྫི་བོ་བྱས་ཤིང་། ཕྲུ་གུ་ལོ་ན་ཆུང་ཡང་ར་རྫིར་མངགས་པ་སོགས་ཤིན་ཏུ་ཉམ་ཐག་པའི་གནས་སྟངས་ཀྱི་འོག་ཏུ་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་མང་པོ་མྱོང་བཞིན་འཚོ་བ་བསྐྱལ།
སྤྲུལ་སྐུ་བློ་ལྡན་སྙིང་པོ་ཁོང་ལོ་ན་ཧ་ཅང་ཆུང་ཡང་རྫི་བྲོ་ཞེས་ཡོས་ཁུག་ཅིག་རྒྱབ་ལ་ཁུར་ནས་ར་ལུག་འཚོ་རུ་ཉིན་ལྟར་རི་འགོར་སྐྱོད་བཞིན་ཡོད་ལ། ཕྱུགས་འཚོ་སྟངས་ཡོང་གི་མི་འདུག་ཅེས་སྦྱིན་བདག་གིས་ཉིན་ལྟར་བཤེ་བར་གྲགས། འོན་ཀྱང་། ཁོང་རིག་གནས་ལ་ཞེ་ནས་དགའ་མཁན་ཞིག་ཡིན་པས་དགུང་ལོ་ལྔ་ཙམ་སླེབས་པ་ན་རི་མགོའི་རྡོ་ལེབ་ཀྱི་སྟེང་དུ་ཡི་གེ་འབྲི་ཀློག་དང་རི་མོ་འབྲི་བ་སོགས་བྱས་ནས། རང་བརྩོན་རང་སྦྱོང་གིས་རིག་གནས་ཀུན་ལ་དོ་ནན་བགྱིས་ཏེ་དགུང་ལོ་བཅུ་གཉིས་སུ་ཕེབས་སྐབས། ཁྱུང་པོ་དཀར་རུ་དཔོན་གྱིས་ཁམས་ཆེན་འཛམ་གླིང་རྒྱན་ཆེན་ཞེས་པ་གསེར་བྲིས་པོད་རེར་གཡག་ཁལ་དོ་ཡ་རེ་ལོན་པ་དེ་ཉིད་བཞེང་རྒྱུ་ཡིན་པའི་གཏམ་ཐོས། དཀར་རུ་དཔོན་དུ་སོང་ནས་གཉེར་པ་ལ་ཁོང་བྲིས་པར་བསྡུ་རོགས་ཞུས་པ་དང་གཉེར་པས་ཁྱེད་ཀྱི་བྲིས་ཚད་ལ་བལྟ་དགོས་གསུང་ནས་བྲིས་རྒྱུགས་བླངས་པ་ན། ཁྱོད་རང་ལོ་ན་ཆུང་བ་དང་བྲིས་ཚད་རན་ཙམ་འདུག་ཅེས་ཀུན་གྱི་གྲལ་མཐར་བཞག་པ་སོགས་བཤད་སྒྲོས་མང་ཡང་། སྐབས་འདིར་དགོས་དབང་གིས་འདི་ཙམ་ལས་མི་སྤྲོ། དེ་ལྟར་རྫི་བོ་སོགས་འཁྱམ་པོའི་འཚོ་བར་རོལ་བཞིན་པའི་སྐབས་སུ། ཅི་ཡིན་འདི་ཡིན་མི་ཤེས་པའི་འཆར་སྣང་སྣ་ཚོགས་ཤིག་འབྱུང་གི་ཡོད་ལ། རྟ་ཤོད་བུ་མོ་པདྨ་མཚོ་མཁའ་འགྲོ་ཡིན་པ་དང་ལས་ཀྱི་ཕྱག་རྒྱ་མར་བསྟེན་དགོས་ཚུལ་སོགས་ལུང་བསྟན་ཡང་བབས་པས། དངོས་སུ་རྟ་ཤོད་བུ་མོ་པདྨ་མཚོ་བཙལ་ཡང་། སྟབས་མ་ལེགས་པ་ཞིག་ལ་ཟླ་ཤོད་བུ་མོ་པདྨ་མཚོ་དང་ནོར་ནས་རྟེན་འབྲེལ་མ་འགྲིག་པར་གྲགས།26 དུས་དེ་ནས་བཟུང་འཁོར་བ་ལ་ངེས་འབྱུང་སྐྱེས་ཏེ་ཁྱུང་པོ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་སོ་ཐར་གྱི་གཙང་ཁྲིམས་བཞེས་ཤིང་མཚན་ལ་ནམ་མཁའ་རིན་ཆེན་གསོལ། རྗེས་སུ་ཉམས་སྣང་དང་མཁའ་འགྲོའི་བརྡ་ལུང་མང་པོ་བྱུང་བས་གསང་མཚན་དུ་བློ་ལྡན་སྙིང་པོར་ཞུ་གི་ཡོད།
སྤྱི་ལོ1385གཡས་གཡོན་ཏེ། དགུང་ལོ་ཉེར་ལྔ་ཙམ་ཕེབས་སྐབས་ཁྱུང་པོ་དཀར་རུ་དང་སེར་ཚའི་བར་དུ་ཁྱུང་གཉིས་ལ་ཞེས་པ་དེའི། ཤར་དཀར་རུའི་ཕྱོགས་ནས་ཆིབས་སྐྱོད་གནང་བཞིན་པའི་ལམ་བར་དུ་27སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་སྟོན་པ་གཤེན་རབ་ཀྱི་མཛད་རྣམ་རྒྱས་པ«མདོ་དྲི་མེད་གཟི་བརྗིད»གློ་བུར་དུ་སྙན་རྒྱུད་བབས་ཤིང་། ཤོག་བུའི་ཐོག་བྲིས་པས་ཤོག་བུ་མ་འདང་ནས་ལུང་པ་དེའི་གཞུང་ཆུ་ཕར་ཀའི་ལྷོ་ཕྱོགས་གསའ་ཡི་བྲག་ར་གཡུ་རྩེ་ཟེར་བའི་བྲག་རིའི་གསེབ་ཏུ་གཡའ་མ་ཡོད་པའི་སར། གཡའ་ལེབ་ཐོག་ཏུའང་བྲིས་ཤིང་སྙན་རྒྱུད་ཀྱི་བར་མཚམས་ཡོད་པའི་གསེང་ན་ཕྱག་བྲིས་ཟིན་པ་རྣམས་བཀླགས་པས། སྟོན་པའི་རྣམ་ཐར་དུ་སྣང་བའི་མོད་བར་མཚམས་ཤིག་ལ་འཇིག་རྟེན་དུ་མཁོ་བའི་གྲི་མཚོན་དང་དམག་ཆས་བཟོ་སྟངས་པོད་བཞི་ཙམ་བྱུང་བས། ཡུལ་དེའི་གཞི་བདག་གིས་བྱས་པར་བསམ་ནས་གཞི་བདག་ལ་བཀའ་བསྒོ་མཛད་དེ་སླར་ཡང་གོང་གི་འཕྲོར་སྙན་རྒྱུད་དུ་ཕབ་པར་གྲགས། ཡང་བཤད་ཚུལ་གཞན་ཞིག་ལ་28སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས«མདོ་དྲི་མེད་གཟི་བརྗིད»པོད་བཅུ་དྲུག་བདག་ཉིད་ཅན་ཞིག་སྙན་རྒྱུད་དུ་འབབ་པ་ཐུགས་ལ་ཤར་བས། ཤོག་བུ་དང་སྣག་ཚ་སོགས་སྟ་གོན་བྱས་ཏེ་དཀྱིལ་འཁོར་ཉག་ཟེར་བའི་ས་རུ་རིན་ཆེན་སྒྲོན་མེའི་དཀྱིལ་འཁོར་བཤམས་ནས་བཞུགས་སྐབས། གློ་བུར་དུ་དཀྱིལ་འཁོར་གསའ་ཡི་བྲག་རའི་ངོས་སུ་རླུང་གིས་ཁྱེར་བས་ས་དེར་གུར་ཕུབ་སྟེ་བཞུགས་ཤིང་། «མདོ་དྲི་མེད་གཟི་བརྗིད»སྙན་དུ་བརྒྱུད་པའི་བར་མཚམས་ཤིག་ལ་ཡུལ་སས་འགལ་རྐྱེན་བཟོས་ཏེ་གྲི་མཚོན་དང་ཁྲབ་རྨོག་སོགས་དམག་ཆས་བཟོ་སྟངས་བྱུང་བ་ཀུན་གཤེགས་བསྐྱོད་མཛད། སླར་གསོལ་བ་བཏབ་པས་གོང་གི་འཕྲོར་འབབ་པ་ན་ཤོག་བུ་ཟད་ནས་བྱེ་མ་དང་གཡའ་ལེབ་ཏུ་བྲིས་པར་གྲགས། ད་ལྟ་དངོས་སུ་བཞུགས་པ་ནི«དྲི་མེད་གཟི་བརྗིད»པོད་བཅུ་གཉིས་ལས་མེད།
གསའ་ཡི་བྲག་ར་ཟེར་བ་ནི་ཁྱུང་གཉིས་ལ་ཡི་ཞོལ། སྟེང་ཆེན་རྫོང་གི་ནུབ་ཕྱོགས་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་ཅིང་། ད་སྐབས་གསའ་ཡི་བྲག་རའི་ཉེ་སྐོར་བྲག་ངོས་དང་གཡའ་ལེབ་ཐོག་ཏུ་ཡིག་འབྲུ་རེ་འགའ་མཐོང་རྒྱུ་ཡོད་སྐད། རྗེས་སུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་ཁོང་ཞལ་བཞུགས་བཞིན་པའི་སྐབས་སུ«མདོ་དྲི་མེད་གཟི་བརྗིད»གསེར་གྱིས་འབྲི་བར་དགོངས་ཏེ། རྟ་ཤོད་བུ་མོ་ལ་གསེར་སློང་དུ་ཞབས་ཕྱི་མངགས་པས་རྟ་ཤོད་བུ་མོས་ཆབ་གཡག་རྭ་གང་སྤྲད་པ་གསེར་དུ་གྱུར་ཚུལ་སོགས་ངོ་མཚར་བའི་གཏམ་རྒྱུད་སྣ་ཚོགས་བཤད་རྒྱུ་ཡོད་ཀྱང་། སྐབས་དེ་དུས་ནས«མདོ་དྲི་མེད་གཟི་བརྗིད»དུ་བསྟན་པ་གཉེར་གཏད་ཀྱི་མདོ་ཡི་མཚམས་ལས། སྟོན་པ་མྱ་ངན་འདས་ཚུལ་ཡོད་པར་མི་འདུག་ལ་དེའི་སྐོར་ངག་རྒྱུན་བཤད་སྒྲོས་མཚར་པོ་འགའ་ཡང་ཡོད།
ཟེར་སྒྲོས་ཤིག་ལ་ཁོང་དགུང་ལོ་སོ་བདུན་ཏེ། སྤྱི་ལོ1397ལོར་ཁྱུང་ཡུལ་ནས་ཚ་བ་སྒང་དུ་ཆིབས་སྐྱོད་ལམ་བར་སྐུ་གཤེགས་པར་བཤད་ཅིང་། འགྲུ་བཙུན་ཤེས་རབ་འོད་ཟེར་གྱིས་མཛད་པའི«རྣམ་ཐར་གསོལ་འདེབས»ལྟར་ན་དགུང་ལོ་བཞི་བཅུ་ཞེ་བདུན་བཞུགས་ཡོད། ཁོང་གིས་དགོན་སྡེ་མང་པོ་ཞིག་ཕྱག་བཏབ་ཡོད་པ་མ་ཟད། དེ་དག་གི་བཀོད་པ་ནི་སྔར་བོད་བཙན་པོའི་དུས་སྐབས་ཀྱི་མཁས་པ་མི་བཞིས་བཞེངས་པའི་འདུ་ཁང་དང་། སྐུ་གསུང་ཐུགས་རྟེན་གྱི་བཀོད་པ་སྣང་ངོར་ཤར་བ་ཇི་བཞིན་བཞེངས་པར་གྲགས། དེ་ལྟར་གློ་བུར་དུ་སྣང་ངོར་ཤར་བའམ་སྙན་དུ་བརྒྱུད་པའི་བོན་སྡེ«མདོ་དྲི་མེད་གཟི་བརྗིད»ལྟ་བུ་བོན་ཚན་ལྔ་བཅུ་ང་གྲངས་བྱུང་ཡོད་ལ། དེ་དག་གི་ཁྲོད་དུ«མདོ་དྲི་མེད་གཟི་བརྗིད»གཅིག་པུར་པོད་བཅུ་གཉིས་དང་། «མི་ནུབ་མཚན་མདོ»ལ་པོད་ཆེན་བཅུ་བདུན་ཡོད་པ་བཅས་ཁྱོན་པོ་ཏི་བརྒྱ་མ་ཟིན་ཙམ་སྙན་བརྒྱུད་བབས་པ་དཔེ་ཐོ་ཁོང་གི་རྣམ་ཐར་དག་ཏུ་གསལ།
གཉིས། རྫིའུ་རིག་པ་རང་ཤར།
རྫིའུ་རིག་པ་རང་ཤར་ནི་རྒྱལ་རོང་ཁྲོ་སྐྱབས་འོ་བཟེ་ཕུ་མདའ་ལུང་གསུམ་དུ་གྲགས་པར་འཁྲུངས་ཤིང་རུས་ནི་སྒ་རིགས་ཡིན། འོན་ཀྱང་། ད་ལྟའི་བར་དུ་ཁོང་གི་འཁྲུངས་འདས་ལོ་ཚིགས་སོགས་ལོ་རྒྱུས་ཞིབ་ཕྲ་གང་ཡང་མ་མཐོང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་(1859–1934)གྱི«ལེགས་བཤད་མཛོད»སོགས་བོན་གྱི་དཔེ་ཆ་ཁག་གཅིག་ལ་བལྟས་ན། རྫིའུ་རིག་པ་རང་ཤར་ནི་བྲུ་མཚུངས་མེད་བསོད་ནམས་བློ་གྲོས་ཀྱི་སློབ་མ་ཡིན་ཚུལ་འཁོད་ཡོད་པས། མཚུངས་མེད་བསོད་བློ་སྤྱི་ལོ1277ལོ་དང1341ལོའི་བར་དུ་བཞུགས་29པའི་བོན་གྱི་མཁས་པ་ཞིག་ཡིན། ལོ་ཚིགས་འདི་ལས་དཔག་སྟེ་ང་ཚོས་ཤེས་ཐུབ་པ་ནི་རྫིའུ་རིག་པ་རང་ཤར་ཡང་སྐབས་དེའི་གཡས་གཡོན་གྱི་མི་ཡིན་པར་རྟོགས་ཐུབ། ཁོང་གི་མཚན་དངོས་ལ་གཡུང་དྲུང་རྒྱལ་མཚན་ཟེར་ཞིང་། ཆུང་ནས་དགུང་ལོ་བཅུ་གསུམ་གྱི་བར་དུ་སྨྱོན་པའི་ཚུལ་དུ་གནས་པས་གཉེན་ཉེ་འབྲེལ་དང་ཁྱིམ་མི་དག་གིས་བྱིས་པ་འདིའི་སེམས་ལ་གདོན་ཞུགས་པར་སེམས་ཏེ། པྲ་ཕབས་ཤིང་མོ་དང་གཏོ་དཔྱད་ཅི་རིགས་བྱས་ཀྱང་ཕན་ནུས་མ་བྱུང་། སྐབས་རེར་སྐྱེ་བ་སྔ་ཕྱི་དྲན་པ་དང་ལྷ་ཞལ་མཇལ་བ་སོགས་འཆར་སྣང་སྣ་ཚོགས་བྱུང་བར་ཅུང་ཟད་གབ་པའི་ཚུལ་དུ་བཞུགས་ན་ཡང་། བྱིས་པ་རྩེད་གྲོགས་དག་ལ་ཆོས་ཀྱི་སྙིང་དོན་བཤད་པ་དང་བོན་སྤྱོད་ཚིག་འཐོར་མགུར་དབྱངས་སུ་གྱེར་བ་སོགས་རྟག་ཏུ་ཡོང་བས། ཡུལ་དེའི་མི་རྣམས་ཀྱིས་སྨྱོ་གཏམ་དང་འདྲེ་གཏམ་ལ་ཉན་རིན་མེད་ཅེས་སྣང་མེད་དུ་བཏང་སྐད།
དགུང་ལོ་བཅོ་བརྒྱད་ནས་ཆགས་མེད་རྟུལ་ཞུགས་ཀྱི་སྤྱོད་པ་ཅི་རིགས་སུ་བྱས་ཏེ་འཇིག་རྟེན་གྱི་སྣང་བ་རྒྱབ་ཏུ་བོར། དགུང་ལོ་ཉེར་གཉིས་སྐབས་སྟོད་གངས་རིན་པོ་ཆེ་དང་གཙང་སྟོད་དབལ་རོང་གསང་གནས་ཕྱོགས་སུ་གནས་མཇལ་ཕྱིན། སླར་ཕ་ཡུལ་དུ་བསླེབས་སྐབས་རྒྱལ་རོང་ཡུལ་སྐད་དུ་གཡའ་ཕ་རུ་འབོད་པའི་ཉག་ཁར། རྒྱབ་ལ་སླེ་བོ་ཁུར་ཞིང་ངོ་གདོང་རྔུལ་ཆུས་གཡོགས་ཏེ་མིག་མཐར་མིག་སྐྱག་གིས་གང་བ། གོས་ཧྲུལ་གྱི་ལྭ་བ་གྱོན་པའི་བུད་མེད་ཅིག་འཕྲད་པས་རིག་པ་རང་ཤར་གྱིས་རུམ་ནས་ཁ་བཏགས་དཀར་པོ་ཞིག་བླངས་ཏེ་མོའི་སྐེ་ལ་བསྐོན་ཞིང་རྟེན་འབྲེལ་ཆེན་པོ་འགྲིག་ཚུལ་སོགས་བརྗོད་པས། ནམ་རྒྱུན་བུད་མེད་མཛེས་མ་སུ་ལའང་གདོང་གི་འཛུམ་མི་གཡོ་བའི་བླ་མ་འདི་དེ་རིང་འདི་འདྲ་ཅི་ཡིན་སྙམ་སྟེ། རོགས་པ་རྣམས་ངོ་མཚར་བ་དང་ལ་ལས་ལྐོག་ལབ་བྱས་ཤིང་རེ་འགས་འཕྱ་སྨོད་ཀྱང་བྱས་སྐད། བུད་མེད་དེ་ཕྱིས་སུ་རིག་པ་རང་ཤར་གྱི་གསང་ཡུམ་དུ་བཞེས་ཏེ་མཚན་ལ་མཁའ་འགྲོ་གཡུང་དྲུང་སྒྲོལ་མ་རུ་གསོལ།
ཆུང་ནས་སྙུང་གཞི་ཕོག་པ་ལྟ་བུར་གྱུར་ཏེ་སྐབས་རེར་བོན་ཚིག་ཐར་ཐོར་ངག་ནས་སྨྲ་བ་སོགས་ཀྱིས་དགུང་ལོ་བཅུ་གསུམ་བར་དུ་ཡུལ་མི་རྣམས་ཀྱིས་སྨྱོན་པ་རུ་ངོས་བཟུང་། དེ་རྗེས་དགེ་བའི་ཕྱོགས་ལ་གཞོལ་ཏེ་སྒོམ་སྒྲུབ་སོགས་མཛད། དགུང་ལོ་ཉེར་ལྔ་ཕེབས་པའི་འབྲུག་ལོ་དཔྱིད་ཟླ་ར་བའི་ཡར་ཚེས་གསུམ་ཉིན་ཚེ་དབང་རིག་འཛིན་གྱིས་ཁོང་ལ་《རྫོགས་ཆེན་ལྟ་བ་ཐོག་བབ་》སྙན་རྒྱུད་དུ་བབས་པས། སྐབས་དེར་ཁོང་གི་སྣང་བ་ལ། “བྱ་རི་གཙུག་ལྡན་གསང་བའི་ཡང་ཕུག ཀུན་དགའ་འོད་འཕྲོའི་གཞལ་ཡས་ན། ཁོད་སྤུངས་དྲན་པ་ཐུགས་ཉིད་མི་གཡོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཙམ་ན། མདུན་གྱི་བར་སྣང་ལ་ཤེལ་གྱི་ཁྱེའུ་ཆུང་སྐུ་ཚད་ཁྲུ་གང་བ་གཅིག་ལས་མེ་བྱུང་སྟེ། དུང་གི་ཤོག་ཤོག་ལ་གཡུའི་ཡིག་འབྲུ་བཀྲ་བ། དེ་ལ་ཤེལ་གྱི་དྲིལ་ཤིང་བཅུག་པའི་ཤོག་དྲིལ་གཅིག་ཁོད་སྤུངས་ལ་གནང་སྟེ། འདི་སྐད་གསུངས་སོ། །ང་ནི་འགྲོ་བ་ཡོངས་ལ་བདལ། །གཤེན་ལྷ་དཀར་པོ་མཚན་དུ་གྲགས། །ཁོད་སྤུངས་རྒྱལ་རིགས་དམུའི་གཤེན། །རྫོགས་ཆེན་ལྟ་བ་ཐོག་བབ་ལུང་། །དབང་ལྡན་བཀའ་བབས་རྒྱུད་ལ་སྦྱོར། །ཕྱི་རབས་རིམ་བཞིན་དར་བ་དང་། །དུས་མཐའི་བར་དུ་རྒྱས་པར་ཤོག །ཅེས་གསུངས་ནས་འཇའ་ལྟར་དུ་ཡལ་”30བ་བྱུང་ཟེར།
《རྫོགས་ཆེན་ལྟ་བ་ཐོག་བབ་》ནི། དེང་སང་བོན་ལུགས་ཀྱི་རྫོགས་ཆེན་དཔེ་ཆ་གལ་ཆེན་དུ་གྱུར། ནམ་རྒྱུན་སློབ་གཉེར་པ་དང་སྒོམ་སྒྲུབ་པ་རྣམས་ཀྱིས་སྦྱང་བྱའི་གཞུང་ཆེན་གྱི་གྲས་ཤིག་ལགས། རྗེ་བཙུན་ཚེ་དབང་རིག་འཛིན་གྱིས་དཔེ་ཆ་འདི་མི་ལོ་བདུན་གྱི་རིང་གཞན་ལ་བཤད་མི་རུང་བའི་བཀའ་རྒྱ་གདམས་ཀྱང་དགོས་དབང་གིས་དེའི་སྔོན་ཙམ་དུ་སྤེལ་བས་ཁོང་གི་སྐུ་ཚེ་ལ་ཅུང་ཟད་གནོད་པར་གྲགས། ཁོང་ལ་སྲས་གསུམ་འཁྲུངས་པ་ལས་ཐ་ཆུང་དྲན་པ་བདུད་འདུལ་ནི་ཡབ་ཀྱི་རྗེས་སུ་འབྲངས་པའི་གྲུབ་ཐོབ་རྣལ་འབྱོར་པ་ཞིག་བྱུང་འདུག
གསུམ། དབལ་འབར་སྟག་སླག་ཅན།
དབལ་འབར་སྟག་སླག་ཅན་ནི་ཁྱུང་པོ་གསེར་ཚ་སྒར་ཁང་དཔོན་གྱི་སྲས་པོ་སྟེ། མཆོག་ཆེན་སངས་གླིང་པདྨ་གར་དབང་དང་ཡུམ་ཟླ་བཟའ་དགའ་འདེགས་ཨ་ཏིང་མ་གཉིས་ཀྱི་སྲས་སུ་སྤྱི་ལོ1833ལོར་འཁྲུངས། ཁོང་གི་ཁྱིམ་རྒྱུད་ནི་འབྱོར་ལྡན་དཔོན་གནས་ཅན་དེ་འདྲ་ཡིན་པས། སྙན་རྒྱུད་བླ་མ་གོང་མ་གཉིས་དང་མི་འདྲ་བར་ཆུང་དུས་ནས་འཚོ་བ་ཡག་པོ་ཡོད་པ་མ་ཟད། ཡབ་པདྨ་གར་དབང་གིས་སྟག་ལ་མེ་འབར་གྱི་སྤྲུལ་སྐུ་ཡིན་པའི་ངོས་འཛིན་ཡང་བྱས། དགུང་ལོ་ལྔ་རུ་ཕེབས་པའི་དུས་སུ་ཉིན་ཞིག་བྱིས་པ་རྣམས་དང་རོལ་རྩེད་བྱེད་བཞིན་བཞུགས་སྐབས། གློ་བུར་དུ་ཉི་འོད་ཀྱིས་ཡོངས་སུ་ཁྱབ་སྟེ། དམར་སྨུག་གི་རུས་རྒྱན་བཏགས་ཤིང་གར་གྱི་འགྱིང་བག་དང་ལྡན་པ་ཞིག་གིས་མ་བུའི་བརྩེ་གདུང་གི་ཚུལ་གྱིས། “འོ་འགྲོ་བའི་དོན་ལ་མངོན་སྤྲུལ་ཞིང་། །གང་འདུལ་སྐྱེས་མཆོག་བྱིན་རླབས་བུ། །ནང་དུ་སངས་རྒྱས་མངོན་པར་འཕགས། །ཕྱི་རུ་འཇིག་རྟེན་སྣང་ཡུལ་དུ། །བྱི་སྦའི་ཚུལ་འཆང་ལས་ལྡན་ཁྱོད། །འཇིགས་སྐྲག་མ་བྱེད་ཚུར་ལྟོས་དང་། །མ་བུ་ལྟ་བུ་མི་ཤེས་སམ། །ཁྱོད་ལ་བདག་གིས་མཆིད་ཞུ་བ། །ཁྱོད་ནི་བོད་ཡུལ་འགྲོ་དོན་དུ། །གནས་འདིར་བཞུད་ལ་སེམས་ཅན་དོན། །མཐར་ཕྱིན་དོན་གྱི་བོན་མཆོག་སྟེ། །དེ་ཉིད་གཤེན་པོ་ཁྱོད་ལ་དབང་། །གང་ལ་མ་སྨྲ་ལེགས་པར་འཆང་།"31 ཞེས་གསུངས་ནས་སྐར་མདའ་ནམ་མཁར་ཡལ་བ་ལྟར་མངོན་མེད་དུ་སོང་སྐད།
དེ་ནས་བཟུང་དགུང་ལོ་དྲུག་དང་དགུ་སོགས་སུ་སྔར་བཞིན་མཇལ་སྣང་སྣ་ཚོགས་བྱུང་ཞིང་། ཡབ་ཡུམ་གཉིས་ཀྱིས་ཡི་གེ་འབྲི་ཀློག་ཇི་ཙམ་བསླབ་ཀྱང་བྱིས་པའི་རྩེད་མོར་གཡེངས་ནས་བཞུགས། སྐབས་དེ་དག་ཏུ་ཡི་དམ་སྲུང་མ་དང་མཁའ་འགྲོ་སོགས་མཇལ་སྣང་མང་པོ་བྱུང་ཡོད་འདུག་ལ། དགུང་ལོ་བཅུ་གསུམ་ཐོག་ཤིང་སྦྲུལ་ཟླ་བ་བཅུ་གཅིག་པའི་ཚེས་ཉི་ཤུ་གསུམ་ཉིན་《སྲིད་རྒྱལ་མཆོད་བསྐུལ་》དང་། 《བོན་སྐྱོང་སྲུང་མའི་རྒྱུན་བསྐུལ་དབྱར་རྔའི་སྒྲ་དབྱངས།》 《ཤམ་བུ་འདོད་འབྱུང་》སོགས་བོན་ཚན་དྲུག་བདུན་ཞིག་ཡེ་ཤེས་དབལ་མོས་སྙན་དུ་བརྒྱུད་པ་དང་། དགུང་ལོ་བཅུ་བཞིར་ཕེབས་སྐབས་མཁའ་འགྲོ་འོད་ལྡན་འབར་མས་བོན་ཚན་འགའ་ཞིག་སྙན་དུ་བརྒྱུད་པ་སོགས། “རྨ་བྱའི་ཕོད་ལྡེམ་གཅིག་ཕྱག་གིས་བཟུང་ནས། བདག་ལ་ལན་གསུམ་གཡུག་པའི་ཚུལ་འཆམ་མཛད་པས། བདག་ཀྱང་རིག་པ་གསལ་བར་གྱུར་ཏོ། །”32 ཞེས་ཉམས་སྣང་སྣ་ཚོགས་བྱུང་སྟེ་སྙན་རྒྱུད་ཀྱི་བོན་མང་པོ་སྤེལ། ཁོང་སྙན་དུ་བརྒྱུད་མཁན་ཕལ་ཆེ་བ་ཡེ་ཤེས་དབལ་མོ་དང་སྟག་ལྷ་མེ་འབར་གཉིས་ཡིན།
དགུང་ལོ་སུམ་ཅུ་སོ་དྲུག་བཞེས་སྐབས་གདན་ས་གཡུང་དྲུང་གླིང་དུ་ཕེབས་ནས་མཁན་ཆེན་ཉི་མ་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་གཙོས། གྲྭ་ས་གོང་འོག་གི་བླ་གྲྭ་རྣམས་དང་ཐུགས་འདྲེས་མཛད་ནས་དབང་ལུང་མན་ངག་ཇི་སྙེད་ཞུས་ཤིང་། སྐབས་དེར་བོན་གྱི་བླ་གྲྭ་སྐྱ་སེར་ཕལ་ཆེ་བས་སྙན་རྒྱུད་བླ་མ་དངོས་བྱོན་ཡིན་པའི་ཁས་ལེན་ཐོབ་པར་བྱུང་འདུག ཁོང་གི་གསང་ཡུམ་གྱི་མཚན་ལ་མཁའ་འགྲོ་སྐལ་བཟང་ལྷ་མོ་ཟེར་ཞིང་། སྲས་བླ་མ་བཙན་བགྱིས་དང་། ཁྱུང་སྤྲུལ་གཡུང་དྲུང་འཇིགས་མེད། སངས་གླིང་སྤྲུལ་སྐུ་བསོད་ནམས་བློ་གྲོས་བཅས་གསུམ་ཡོད། དགུང་ལོ་བདུན་ཅུ་དོན་དྲུག་སྟེ་སྤྱི་ལོ1909ས་སྤྲེལ་ཟླ་བ་བཅུ་གཉིས་པའི་ཚེས་སུམ་ཅུ་ཉིན་དགོངས་པ་བོན་དབྱིངས་སུ་གཤེགས།
བཞི། གཤེན་སྤྲུལ་ཐུགས་རྗེ་ཉི་མ།
གཤེན་སྤྲུལ་ཐུགས་རྗེ་ཉི་མ་ནི་ཡབ་བསྟན་འཛིན་གཙུག་ཕུད་དང་། ཡུམ་ཁ་བཟའ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྤྱི་ལོ1901ལོར་བོད་ལྗོངས་སྦྲ་ཆེན་རྫོང་སྦྲ་ཆེན་ཤང་ཡོག་ཆེན་ནང་། སྐམ་ཚང་སྦྲ་ཚང་དུ་སྐུ་འཁྲུངས། ཁོང་ལ་སྐུ་མཆེད་བདུན་ཡོད་པ་ལས་ཆུང་ཤོས་ཡིན་ཞིང་། ཆུང་དུས་གཤེན་སྟོན་བསྟན་འཛིན་བཀྲ་ཤིས་ཞེས་པའི་ཡང་སྲིད་དུ་ངོས་འཛིན་བྱས་པས་གཤེན་སྤྲུལ་ཞེས་ཐོགས། དམངས་ཁྲོད་ངག་རྒྱུན་ལ་གཤེན་ལུག་ལོའི་རྣམ་སྤྲུལ་ཡིན་ཟེར་སྲོལ་འདུག གཤེན་ལུག་ལོ་ཡི་དངོས་མིང་ལ་བསྟན་འཛིན་བཀྲ་ཤིས་ཟེར་བ་ཡིན་ནམ། ཡང་ན་བཤད་ཚུལ་གཞན་ཡིན་དཔྱད་དགོས་པར་འདུག་སྟེ། གཤེན་སྟོན་བསྟན་འཛིན་བཀྲ་ཤིས་ཀྱི་ཡང་སྲིད་ཡིན་ཚེ་གཤེན་སྟོན་བསྟན་འཛིན་བཀྲ་ཤིས་ནི་ཐོག་མར་སྦྲ་ཆེན་རྫོང་དམར་རུ་ཤང་རག་ཆེན་དུ་བཞུགས་ཤིང་། རག་ཆེན་ནས་རྫ་སྲིབ་ཤང་ཁོངས་ན་བཀྲ་ཞེས་པར་གནས་སྤོ་བྱས་པ་རེད་འདུག འོན་ཀྱང་། གཤེན་ལུག་ལོ་ཞེས་པ་གཙང་ཡུལ་གཤེན་དར་སྡིངས་ནས་ཕེབས་ཡོང་བར་གྲགས་ལ་བཞུགས་གནས་འདི་ཞེས་གཏན་འཁེལ་ཞིག་མེད་པ་འདྲ་ཡང་། གཙོ་བོ་ཁྱུང་པོའི་ཕྱོགས་སུ་བཞུགས་ཤིང་དགོན་པ་ཞིག་ཆགས་བཏབ་པ་སོགས་བཤད་རྒྱུན་འདུག་33པས་གཅིག་ཡིན་པ་བཤད་དཀའ།
གང་ལྟར་ཁོང་ཆུང་དུས་ནས་ར་རྫི་སོགས་ཕེབས་སྐབས་ཉམས་སྣང་སྣ་ཚོགས་ཤར་གྱི་ཡོད་པ་མ་ཟད་ངག་ནས་ཀྱང་གང་བྱུང་ཐོན་ཡོང་བས། ནམ་རྒྱུན་ཡུལ་མི་དག་གིས་གཤེན་སྤྲུལ་ཐུགས་རྗེ་ཉི་མས་ར་ལུག་ལའང་བོན་གསུང་གི་ཡོད་པ་དང་བོན་མནོས་ཚུལ་སོགས་བཤད་རྒྱུན་བྱུང་། ཁོང་གི་སྐུ་མཆེད་ཆེ་བ་སྒོ་སྟོན་ཉི་མ་རྒྱལ་མཚན་ཀླུ་ཕུག་དགོན་གྱི་བླ་རབས་བདུན་པ་དང་སོ་བརྒྱད་མཁན་པོ་ཞེས་པའི་མཚན་གནས་ཡོད་ཅིང་། མཁས་པ་ཆེན་པོའི་སྙན་པ་མཐོ་བས་གཤེན་སྤྲུལ་ཐུགས་རྗེ་ཉི་མས་སློབ་དཔོན་དུ་བསྟེན་མྱོང་བར་མ་ཟད། སྒོ་སྟོན་ཉི་མ་རྒྱལ་མཚན་གྱི་སྐུ་ཚེའི་སྨད་ལ་ཀླུ་ཕུག་དགོན་གྱི་ཟུར་དུ་སྤྱི་ལོ1911ལོར་ཀླུ་དགོན་རི་ཁྲོད་བསམ་གཏན་སྨིན་གྲོལ་གླིང་ཆགས་བཏབ་སྟེ་བཞུགས།
སྐབས་དེར་གཤེན་སྤྲུལ་ཡང་གནས་དེར་སྒྲུབ་པ་མཛད་ནས་དགུང་ལོ་ཉེར་གཅིག་བཞེས་པའི་ལོ་སྟེ། སྤྱི་ལོ1922ལོར་མུན་མཚམས་སུ་བཞུགས་པའི་ནུབ་ཅིག་ལ། “དབང་པོ་བརྒྱལ་བ་ལྟར། །འདིར་སྣང་འགགས་ཏེ་རིག་པ་གཅིག་པུར་འཁྱམས། །འདི་ཡིན་འདི་མིན་ངང་་་་་འཁྲུལ་པའི་མཚམས། སྐབས་ཤིག་འོད་ལམ་དཀར་ནག་ཁྲ་བོ་གསུམ་ཙམ་མཐོང་། །ཁྲ་བོ་དེ་རུ་སོང་བའི་སྣང་བ་ལ། །ལམ་གྱི་སྣེ་མོ་ལམ་ཆེན་གཅིག་ལ་ཟུག །ལ་ཐོག་དེ་རུ་སླེབས་ནས་བལྟས་པའི་ཚེ། །ལ་བཙས་བྱ་རྟ་གླང་་་་་མི་མགོ་ཡིས། །རང་རང་སྒྲ་སྐད་རྔམ་པ་རེ་རེ་སྒྲོག །མི་གཟུགས་སྐྱ་སེར་ཕོ་མོ་རེ་འགའ་ཡིས། །ལག་གི་དོམ་ར་བྱེད་ཏེ་ཧྲིག་གེ་བལྟ། །སྐད་རིགས་འདྲ་མིན་འབོད་སྒྲ་དི་རི་རི། །རང་གིས་ཅི་ཡིན་བསམ་ནས་སྐྲག་པའི་མཚམས། །གར་བྱུང་མེད་པའི་ཊཀྐི་སེང་ཞལ་ཅན། །དལ་གྱིས་བྱུང་ནས་བདག་ལ་འདི་སྐད་གསུངས། །ང་ནི་མ་གཅིག་བདུད་འདུལ་དྲག་མོ་ཡིན། །སྔོན་ཚེ་ཁྱོད་ཉིད་ཟབ་ཆོས་འགྲོ་དོན་སྐབས། །བརྟེན་ཞིང་མཆོད་སྒྲུབ་དམ་དུ་བཅའ་བ་བཞིན། །སྔོན་གྱི་དམ་བཞིན་འཁོར་འདས་ས་མཚམས་ན། །ཐེ་ཚོམ་གསལ་དང་ལམ་གྱི་སྣ་འདྲེན་ཕྱིར། །ད་ལྟ་འདི་རུ་འོང་བ་དེ་དོན་ཡིན། །”34ཞེས་སོགས་བཤད་པ་དང་ཁོང་གིས་ཀྱང་ལན་ཕུལ་བའི་སྣང་བ་བྱུང་བར་གྲགས།
ནམ་རྒྱུན་ཡོངས་གྲགས་སུ་བླ་མ་འདིའི་གསུང་རྩོམ་རྣམས་དེ་ཙམ་ཁྱབ་སྤེལ་མ་ཐུབ་པས། འདས་ལོག་ཕེབས་པའི་བཤད་སྒྲོས་ཙམ་ལས་སྙན་རྒྱུད་བླ་མ་ཡིན་པའི་ངོས་འཛིན་ཐོབ་མེད་ཀྱང་། དོན་ལ་ཁོང་ནི་དགོངས་གཏེར་གྱི་གསུང་རྩོམ་ཤིན་ཏུ་མང་བའི་བླ་མ་ཞིག་ཡིན་ལ། ས་གཏེར་བཞེས་མྱོང་བའི་བླ་མ་ཞིག་ཀྱང་ཡིན་ཏེ། ཐེངས་ཤིག་ཁྱུང་སེར་སྒར་ཁང་ཕུག་ལེབ་འོ་མ་སྟག་རྩེ་བྲག་ཅེས་པ་ནས་ཛྭོ་ཐིས་སྐོར་པོད་གཅིག་གཏེར་དུ་བཞེས་པར་གྲགས། ལྷག་དོན་དུ་《འཁོར་འདས་གཉིས་ཀྱི་གྲོལ་འཁྲུལ་དགེ་སྡིག་འབྲས་བུའི་རྣམ་དབྱེ་མི་རྟག་འཆི་བ་དྲན་སྐུལ་》ཞེས་པ། ནམ་རྒྱུན་ཡོངས་གྲགས་སུ《གཤེན་སྤྲུལ་འདས་ལོག་བྱོན་ཚུལ་》ཞེས་འབོད་པའི་དཔེ་ཆ་དེར་གོང་དུ་ཞུས་ཟིན་པ་ལྟ་བུའི་ཉམས་སྣང་ཐེངས་དྲུག་གི་སྐོར་ཁ་གསལ་ཞིབ་རྒྱས་སྤྲོས་ཡོད་ཅིང་། དཔེ་ཆ་དེ་ནི་དེ་སྔ་ཚད་ལྡན་དཔེ་སྐྲུན་ཁང་གིས་དཔར་སྐྲུན་ཐུབ་མེད་རུང་སྙན་རྒྱུད་བླ་མ་དང་། གེ་སར་སྒྲུང་པ། དམིགས་བསལ་སྐྱེ་བ་སྔ་ཕྱི་དྲན་པ་སོགས་ངོ་མཚར་བའི་གསང་བ་ལྐོག་གྱུར་གྱི་རིགས་ལ་དོ་སྣང་བྱེད་མཁན་ཚོས་ངེས་པར་བཀླག་དགོས་པའི་དཔེ་ཆ་རིན་ཐང་ཅན་ཞིག་རེད།
དཔེ་ཆ་དེ་སྤྱི་ལོ1922ལོ་ནས1926བར་ལོ་རེ་ཟུང་གི་འཆར་སྣང་ཟིན་ཐོ་བཀོད་པ་ཞིག་ཡིན་ཞིང་། དེ་ཡང་ཐོག་མར་མི་དབང་སྦྲ་མཛོད་བསོད་ནམས་བསྟན་དར་ཞེས་པས་ཤོག་བུ་དང་སྣག་ཚ་སོགས་ཕུལ་བ་དང་། ཀླུ་དགོན་གྲྭ་པ་ཨོ་བཙུན་ཕུན་ཚོགས་དབང་རྒྱལ་གྱིས་ཀྱང་ཡང་ཡང་བསྐུལ་ནས། ཀླུ་ཕུག་དགོན་གྱི་དགེ་རྒན་ཆེན་མོ་ཤེས་རབ་གྲགས་པ་དང་ཉེ་གནས་ཁ་བཙུན་ཡེ་ཤེས་ཚུལ་ཁྲིམས་སོགས་ཀྱིས་ནན་སྐུལ་བྱས་པར་བརྟེན། ཀླུ་དགོན་རི་ཁྲོད་བསམ་གཏན་སྨིན་གྲོལ་གླིང་དུ་དངོས་སུ་གཏན་ལ་ཕབ་ཚུལ་མཇུག་བྱང་དུ་གསལ། ཕྱིས་སུ་ན་བཀྲའི་གཤེན་ཚང་ལ་སྲས་མ་འཁྲུངས་པས་ཁོང་གཤེན་སྒར་བཀྲ་ཤིས་ལྷ་སྟེང་དུ་གདན་དྲངས་ཏེ། ཁྱུང་པོ་སྒར་ཁང་གི་སྲས་མོ་མཁའ་འགྲོ་སྐལ་བཟང་ལྷ་མོ་ཕྱག་རྒྱ་མར་བསྟེན། སྤྱི་ལོ1951ལོར་དགུང་ལོ་ལྔ་བཅུ་བཞེས་པའི་ལྕགས་ཡོས་ལ་སྐུ་ཞི་བར་གཤེགས།
སྡེ་ཚན་གཉིས་པ། གེ་སར་གྱི་སྒྲུང་པ་ཞེས་པ་ཡང་སྙིང་ག་འདྲ་ཞིག་ཡིན་མིན་གླེང་བ།
དང་པོ། གེ་སར་གྱི་སྒྲུང་པའི་སྐོར་སྤྱིར་བཤད་པ།
གླིང་སྒྲུང་ཉམས་ཞིབ་པ་དག་གིས་ནམ་རྒྱུན་གེ་སར་གྱི་སྒྲུང་པ་ལ་སྒྲུང་འབབ་སྟངས་དང་བསྟུན་ནས་རིགས་མི་འདྲ་བ་ལྔའམ་བརྒྱད་སོགས་དབྱེ་སྟངས་མི་འདྲ་བ་རེ་ཟུང་བྱུང་འདུག དཔེར་ན། གླིང་སྒྲུང་ཉམས་ཞིབ་པ་ནོར་བུ་དབང་ལྡན་ལགས་ཀྱིས་སྒྲུང་པའི་རིགས་ལ་བབས་སྒྲུང་དང་རྟོག་པ་ཉམས་ཤར་གྱི་སྒྲུང་། གཏེར་སྒྲུང་དང་པྲ་སྒྲུང་། དག་སྣང་གི་སྒྲུང་བཅས་ལྔར་དབྱེ་35ཞིང་། གླིང་སྒྲུང་ཆེད་མཁས་པ་སྐུ་ཞབས་གཅོད་པ་དོན་འགྲུབ་ལགས་ནས་བབས་སྒྲུང་། འབྲི་སྒྲུང་། པྲ་སྒྲུང་། གཏེར་སྒྲུང་། བསླབ་སྒྲུང་། ཐོས་སྒྲུང་། བརྒྱུད་སྒྲུང་། ཐང་སྒྲུང་སྟེ། བརྒྱད་དུ་ཕྱེས་ཡོད།36 འདི་གཉིས་ལས་ཕྱི་མ་འདི་ཅུང་རྒྱུགས་ཆེ་ཞིང་སྟབས་ཀྱང་བདེ་བར་མཐོང་། འོན་ཀྱང་། ང་ཚོས་སྒྲུང་པའི་རིགས་དབྱེ་ཇི་ལྟར་བྱས་ཀྱང་སྒྲུང་པ་ཁག་གཅིག་གི་ངོ་མཚར་བའི་གསང་བ་ལྐོག་ཏུ་གྱུར་པ་ལ་ད་དུང་དཔྱད་པ་གནད་སྨིན་བྱུང་མེད། སྐབས་འདིར་གུས་པས་ཀྱང་སྒྲུང་པ་རྣམས་ངོ་སྤྲོད་ཙམ་ལས་གསང་བའི་མཐིལ་བརྟོལ་བའི་སྤོབས་པ་དེ་བས་ཀྱང་མེད་དོ། །
དེ་ཡང་ད་ལྟའི་སྒྲུང་པའི་རིགས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། བབས་སྒྲུང་གི་རིགས་ཕལ་ཆེ་བ་ནི་ཆུང་དུས་ཡུལ་ལུང་འདྲ་མིན་འཁྱམས་ཉུལ་བྱས་ཤིང་བཀྲེས་སྐོམ་འཁྱགས་ལྟོགས་ཀྱི་འཚོ་བ་བསྐྱལ་མྱོང་ཡོད་འདུག་ལ། གནས་རི་ཕྱག་སྐོར་སོགས་སུ་ཕེབས་པ་དང་ལྷ་དཀོན་མཆོག་ལ་དད་འདུན་ཆེ་ཞིང་། དམིགས་བསལ་གླིང་སྒྲུང་ལ་མོས་པ་ཡང་ཡོད་མཁན་གྱི་རིགས་སུ་འདུ་བར་གྲགས། དེ་བཞིན་བབས་སྒྲུང་གི་སྒྲུང་པ་རྣམ་པ་ལ་ཆུང་དུས་རྨི་ལམ་ཡ་མཚན་རྨིས་པ་དང་གློ་བུར་དུ་སྣང་བ་སྣ་ཚོགས་ཤར་བ། ཡང་ན་ཅི་ཡིན་འདི་ཡིན་མེད་པར་དབང་པོ་བརྒྱལ་བ་དང་ན་ཚ་ལྗིད་མོ་ཕོག་པ་སོགས་ཕལ་ཆེར་ལ་ཡོད་ཅིང་། ཁོ་ཚོས་སྒྲུང་འབབ་ཁ་མཆོད་ཡུལ་ཐམས་ཅད་ལ་ཇ་ཕུད་དང་ཆང་ཕུད་སོགས་ལན་མང་མཆོད་དེ་གསོལ་བ་སྨོན་ལམ་བྱེད། དངོས་སུ་སྒྲུང་འབབ་སྐབས་ཐོགས་པ་མེད་པར་ཤར་མར་འབབ་ཐུབ་པ་མ་ཟད་བར་སྐབས་སུ་དྲི་བ་དྲིས་ཚེ་ལན་ཡང་ཐད་ཀར་སྐྱོན་ནུས། འགའ་རེས་སྒྲུང་སྣ་ཆིག་བརྒྱ་དང་ཉིས་བརྒྱའི་བར་བཤད་ཐུབ་ཟེར། དུང་དཀར་བློ་བཟང་འཕྲིན་ལས་མཆོག་(1927–1997)གིས་བབས་སྒྲུང་གི་སྐོར་ལ་དཔྱད་རྩོམ་ཡག་པོ་ཞིག་བྲིས་ཡོད། ཁོང་གིས་“བབས་སྒྲུང་བཤད་མཁན་ནི་སྒྲུང་མཁན་ནང་ནས་ཅུང་ཟད་དཀོན་པའི་གྲས་ཡིན་པ་དང་། བཤད་པའི་སྒྲུང་ནི་སྒྲུང་མཁན་གཞན་དག་གིས་བཤད་པའི་སྒྲུང་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད”37ཅེས་གསུངས་འདུག་པས། པྲ་སྒྲུང་དང་བསྡུར་ན་བབས་སྒྲུང་གི་སྒྲུང་པ་རེ་ཟུང་མང་བ་ལས་སྤྱིར་བཏང་བབས་སྒྲུང་པ་ནི་དེ་ཙམ་མང་པོ་མེད།
སྐུ་ཞབས་གཅོད་པ་དོན་འགྲུབ་ལགས་ཀྱིས་མི་ལོ་ཉི་ཤུའི་ནང་གླིང་སྒྲུང་ལ་ཉམས་ཞིབ་བྱས་ཏེ། སྤྱི་ལོ2013ལོར་དམིགས་བསལ་སྒྲུང་པའི་རིགས་ལ་དཔྱད་པའི་ཞིབ་འཇུག་ཆེད་དེབ་ཅིག་སྤེལ་འདུག་པ་ལྟར་ན། མིག་སྔར་བོད་ཁམས་སུ་བོད་རང་སྐྱོང་ལྗོངས་མངའ་ཁོངས་ལ་སྒྲུང་པ་ཉི་ཤུ་རྩ་དྲུག མཚོ་སྔོན་དུ་སྒྲུང་པ་བརྒྱད་ཅུ་གྱ་གཉིས། སི་ཁྲོན་དུ་སྒྲུང་པ་བཅོ་བརྒྱད། ཀན་སུའུ་ལ་སྒྲུང་པ་ལྔ། ཡུན་ནན་དུ་སྒྲུང་པ་བཞི། བསྡོམས་པས་སྒྲུང་པ་བརྒྱ་དང་སུམ་ཅུ་སོ་ལྔ་ཡོད་པ་གསལ། སྒྲུང་པ་བརྒྱ་ལྷག་གི་འདྲ་པར་དང་ལོ་རྒྱུས་ཟིན་ཐོར་བཏབ་པ་ལས་བབས་སྒྲུང་གི་སྒྲུང་པ་བཅུ་གཉིས་ཀྱི་ལོ་རྒྱུས་དངོས་སུ་བཀོད་ཡོད།38 ཁོང་གི་དཔྱད་དེབ་ཏུ་འཁོད་པའི་བབས་སྒྲུང་གི་སྒྲུང་པ་བཅུ་གཉིས་ནི། ནག་ཆུའི་སྒྲུང་པ་ཚེ་རིང་དབང་འདུས་དང་། ཆབ་མདོའི་སྒྲུང་པ་གྲགས་པ། ནག་ཆུ་སོག་རྫོང་གི་སྒྲུང་པ་གཡུ་སྨན། བོད་ལྗོངས་ནག་ཆུའི་སྒྲུང་པ་བསམ་འགྲུབ། ཡུལ་ཤུལ་རྫ་སྟོད་ཀྱི་སྒྲུང་པ་ཟླ་བ་གྲགས་པ། ནག་ཆུ་ཤན་རྩའི་སྒྲུང་པ་ཚེ་རིང་དགྲ་འདུལ། ཡུལ་ཤུལ་རྫ་སྟོད་ཀྱི་སྒྲུང་པ་ཐུབ་བསྟན་འབྱུང་གནས། ཡུལ་ཤུལ་འབྲི་སྟོད་ཀྱི་སྒྲུང་པ་ཚེ་རིང་བསོད་ནམས། བོད་ལྗོངས་ཆབ་མདོའི་སྒྲུང་པ་སྲི་ཐར་རྡོ་རྗེ། བོད་ལྗོངས་ནག་ཆུའི་སྒྲུང་པ་དཔའ་དགའ། ཡུལ་ཤུལ་འབྲི་སྟོད་ཀྱི་སྒྲུང་པ་བསོད་ནམས་ནོར་བུ། མངའ་རིས་རུ་ཐོག་གི་སྒྲུང་པ་རྡོ་རྗེ་དབང་འདུས་བཅས་ཡིན།
འབྲི་སྒྲུང་པ་ཞེས་པ་ནི་སྤྱིར་གོང་དུ་ཞུས་པ་ལྟར་བབས་སྒྲུང་པ་ལ་ཡོད་པའི་ཁྱད་བོན་ཕལ་ཆེ་བ་འདྲ་ཡང་། ཁོ་ཚོས་ལག་པས་བྲིས་ཚར་རྗེས་ངག་ནས་སྒྲུང་ཤོད་པ་ལས་ལག་གིས་མ་བྲིས་པར་སྒྲུང་འཆད་མི་ནུས་ཟེར། དེའི་དཔེ་མཚོན་ནི་མགོ་ལོག་དགའ་སྡེ་རྫོང་གི་སྒྲུང་པ་གུ་རུ་རྒྱལ་མཚན་ཡིན། ཁོང་སྤྱི་ལོ1967ལོར་མགོ་ལོག་ཏུ་སྐྱེས་ཤིང་། ཐེངས་ཤིག་སི་ཁྲོན་ནས་ཕེབས་པའི་མཇལ་སྐོར་བླ་མ་ཞིག་དང་འཕྲད། བླ་མ་དེས་དཀོན་མཆོག་ལ་སྐྱབས་འཇུག་དང་གསོལ་བ་སྨོན་ལམ་བཏབ་སྟེ་ཁོང་ལ་ཐུགས་དགྱེས་སྣང་བྱས་པས། གུ་རུ་རྒྱལ་མཚན་ཡང་ཚོར་སྣང་དུ་སྔར་དང་མི་འདྲ་བར་ཡིད་ངོར་གཏམ་རྒྱུད་སྣ་ཚོགས་འཆར་ཡོང་བ་དང་། གཏམ་རྒྱུད་དེ་དག་འབྲི་འདོད་སྐྱེ་ཡོང་བ་སོགས་བྱུང་བས། དུས་དེ་ནས་བཟུང་གླིང་སྒྲུང་གི་གཏེར་སྒོ་ཕྱེས་པ་བཞིན་གླིང་སྒྲུང་ཐོགས་མེད་དུ་འབྲི་ཐུབ་པ་བྱུང་་ཡིན་ཟེར།39
འོན་ཀྱང་། ངོ་མཚར་བ་ཞིག་ལ་སྒྲུང་འབྲི་ཁ་སེམས་ནང་དུ་འདི་འབྲི་བ་དང་འབྲི་སྟངས་འདི་ཟེར་བ་ཅི་ཡང་ཡིད་ལ་ཤར་རྒྱུ་མེད་ཀྱང་། སྨྱུ་གུ་ལག་པས་བཟུང་སྟེ་འབྲི་བར་རྩོམ་ཚེ་གློག་བརྙན་བལྟས་པ་བཞིན་གང་འབྲི་བ་དང་གོ་རིམ་སོགས་གཅིག་རྗེས་གཉིས་མཐུད་དུ་ཤར་ཡོང་སྐད། ད་དུང་བྲིས་སྒྲུང་པ་གཞན་ཞིག་ནི་རྨ་ལྷོ་ཁུལ་གྱི་སྒྲུང་པ་ཨ་ཇོ་ཡིན་ཏེ། ཨ་ཇོ་ཡང་གླིང་སྒྲུང་འབྲི་བ་ལ་ཐོགས་པ་མེད་ཅིང་དེ་སྔོན་སྒྲུང་ཁག་བཅུ་ལྷག་ཙམ་བྲིས་ཟིན་ཡོད་འདུག ཁོང་ལ་དམིགས་བསལ་ཁྱད་བོན་ཞིག་འདུག་པ་ནི་སྒྲུང་འབྲི་སྐབས་གཟུགས་པོ་སྒུར་ནས་འབྲི་དགོས་པར་གྲགས་ལ། དེ་ཡང་ཁོང་ནི་གླིང་གེ་སར་རྒྱལ་པོའི་སྒོ་ཁྱིའི་སྤྲུལ་པ་ཡིན་པས་དེ་ལྟར་མ་བྱས་ན་སྒྲུང་འབྲི་མི་ཐུབ་ཟེར་རོ། །
གློ་བུར་དུ་བསམས་ན་འདི་ནི་དགོད་བྲོ་བ་དང་ཡ་མཚན་གྱི་གནས་ཡིན་ཀྱང་སྒྲུང་པ་རྣམས་ལ་མཚོན་ན་དེ་འདྲའི་ཡ་མཚན་སྐྱེ་དགོས་པ་ཞིག་མིན་ཏེ། ཁོ་ཚོས་ནམ་རྒྱུན་སྒྲུང་འབབ་སྐབས་རྒྱབ་ལོགས་ནས་མི་མངོན་པའི་སྟོབས་ཤུགས་ཤིག་གིས་རོགས་རམ་བྱེད་བཞིན་ཡོད་པ་དང་། དེ་ནི་གླིང་གི་དཔའ་བརྟུལ་གང་རུང་ཞིག་ཡིན་པའི་ངོས་འཛིན་བྱེད་པ་མ་ཟད། སྒྲུང་ཤོད་སྐབས་སུ་ཞིག་གིས་རམ་འདེགས་བྱེད་ཀྱིན་ཡོད་པ་དེའི་གར་སྟབས་སྒྱུར་ཡོང་བར་བཤད། ཁོ་ཚོ་ནི་དེའི་རྣམ་སྤྲུལ་ཡིན་པའི་ངོས་འཛིན་བྱེད། ལྷག་པར་པྲ་སྒྲུང་པ་དག་གིས་དེ་ལྟར་བཤད་ཀྱིན་ཡོད་དེ། པྲ་སྒྲུང་པ་ནི་མེ་ལོང་དང་། ཤོག་དཀར། ཀར་ཡོལ། ཡང་ན་རང་གི་སེན་མོ་སོགས་ལ་བལྟས་ཏེ་སྒྲུང་བཤད་ཀྱི་ཡོད་ཅིང་། གལ་ཏེ་ཁ་རོག་མི་ཞིག་གིས་མེ་ལོང་དེར་ཇི་ཙམ་བལྟས་ཀྱང་རང་གཟུགས་ཙམ་ལས་མཐོང་མི་ཐུབ་མོད། ཁོ་ཚོས་མེ་ལོང་དེ་ལ་བརྟེན་ནས་སྒྲུང་ཤར་ཡོང་བ་དང་སྒྲུང་བཤད་སྐབས་གཞན་གྱིས་ཚོད་འཛིན་མ་བྱས་ཚེ། སྒྲུང་རྫོགས་མཐའ་མེད་པ་བཤད་ཐུབ་ཟེར། འདིའི་དཔེ་མཚོན་ཡག་པོ་ཞིག་ནི་ཆབ་མདོ་རི་བོ་ཆེ་རུ་སྤྱི་ལོ1923ལོར་སྐུ་འཁྲུངས་པའི་ཁ་ཚ་པྲ་པ་ངག་དབང་རྒྱ་མཚོ་40འཇོག་ཆོག
དེ་བཞིན་དུས་ཀྱི་འགྱུར་བ་སྣ་ཚོགས་ཁྲོད་གཏེར་དུ་སོང་བའི་སྒྲུང་དཔེ་རྣམས། ལས་འཕྲོ་ལྡན་པའི་གང་ཟག་ཆེ་གེ་མོས་རྙེད་ནས་བཤད་ཐུབ་པ་ལ་གཏེར་སྒྲུང་དང་། ཆུང་ནས་ཡི་གེ་ཤེས་པ་དང་ཕ་མས་སྒྲུང་བཤད་པ། རང་གིས་སྒྲུང་བཀླགས་ཏེ་སྦྱོང་པ་བྱས་ནས་བཤད་པའི་སྒྲུང་ལ་བསླབ་སྒྲུང་། ཡི་གེ་མི་ཤེས་ཀྱང་གཞན་གྱིས་བཤད་པ་ཐོས་ནས་བཤད་པའི་སྒྲུང་ལ་ཐོས་སྒྲུང་། ཕ་མེས་ཡང་མེས་ནས་སྒྲུང་བཤད་རྒྱུན་ཡོད་པ་དང་བུ་ཕྲུག་གིས་བརྒྱུད་འཛིན་བྱས་ནས་བཤད་པའི་སྒྲུང་ལ་བརྒྱུད་སྒྲུང་། གླིང་སྒྲུང་གི་ཐང་ག་སོགས་ལ་བལྟས་ནས་བཤད་ཐུབ་པའི་སྒྲུང་ལ་ཐང་སྒྲུང་ཞེས་སོགས་རིགས་མང་དུ་དབྱེ་རྒྱུ་ཡོད། འོག་མ་འདི་དག་ལ་དམིགས་བསལ་ཁྱད་བོན་གང་ཡང་མེད་ཀྱང་བབས་སྒྲུང་དང་། འབྲི་སྒྲུང་། པྲ་སྒྲུང་གསུམ་ནི་བློ་ངོར་འཆར་དཀའ་བའི་གསང་བ་ཅན་ཞིག་ཡིན་ལ། ཚན་རིག་གི་དཔྱད་ཐབས་ལ་བརྟེན་ནས་སྟབས་བདེ་པོར་འགྲེལ་ཐུབ་པ་ཞིག་ཀྱང་མིན། དེ་ཡང་འདི་དག་གི་མིང་འདོགས་སྟངས་ནི། འབྲི་སྒྲུང་ཞེས་པ་གོང་དུ་ཞུས་ཟིན་པ་བཞིན་ཤོག་ངོར་ཡི་གེ་བྲིས་ན་མ་གཏོགས་བཤད་མི་ཐུབ་པས་དེ་ལྟར་བཏགས་པ་ཡིན་འདུག་ཅིང་། པྲ་སྒྲུང་ཞེས་པ་ནི་ཆེས་གདོད་མའི་བོད་ཀྱི་བོན་པོའི་ཆོས་ལུགས་སུ་མོ་དང་པྲ་ཕབ་ཟེར་བ་ཞིག་ཡོད་པ་དེ་དང་འབྲེལ་ནས་པྲ་པ་དང་ཆ་འདྲ་བའི་སྒྲུང་ཤོད་མཁན་རིགས་ལ་པྲ་སྒྲུང་པ་ཞེས་མིང་བཏགས་པ་ཡིན་འདུག བབས་སྒྲུང་ཞེས་པ་ཡང་ཐོག་མར་རྨི་ལམ་སོགས་རྟགས་དང་མཚན་མ་ཁ་ཤས་བྱུང་རྗེས་ཐད་ཀར་འབབ་ཆོག་པ་བྱུང་བས་དེ་ལྟར་ཐོགས་པ་འདྲ་ལ། སྐབས་འདིར་ངས་གླེང་བྱ་སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པའི་དབར་ལ་འབྲེལ་བ་ཡོད་མེད་བལྟ་རྒྱུ་དེ་ཡང་བབས་སྒྲུང་པ་ཡིན་པས། འོག་ཏུ་གླིང་སྒྲུང་ཉམས་ཞིབ་པ་གཅོད་པ་དོན་གྲུབ་ལགས་ཀྱིས་སྒྲུང་མཁན་དག་ལ་དངོས་སུ་བཅར་འདྲི་བྱས་པའི་ཟིན་ཐོ་རྣམས་གཞིར་བཟུང་སྟེ། བབས་སྒྲུང་པ་ཁ་ཤས་ཀྱི་ལོ་རྒྱུས་མདོར་བསྡུས་རེ་ངོ་སྤྲོད་བྱ་རྒྱུ་ཡིན།
གཉིས་པ། དཔེ་མཚོན་ཙམ་དུ་གེ་སར་གྱི་བབས་སྒྲུང་པ་ཁག་ཅིག་གི་ངོ་སྤྲོད།
གཅིག ཚེ་རིང་དབང་འདུས།41
སྒྲུང་པ་ཚེ་རིང་དབང་འདུས་ནི་བོད་ལྗོངས་ནག་ཆུ་ཨ་མདོ་ནས་ཡིན་ཞིང་། ཁོང་ལ་ཕ་མ་གཉིས་དང་མིང་སྲིང་དགུ་བསྡོམས་པས་ཁྱོན་ཁྱིམ་མི་བཅུ་གཅིག་ཡོད། ཡིད་ཕངས་པ་ཞིག་ལ་ཁོ་རང་ལོ་བརྒྱད་ཙམ་ཟིན་སྐབས་གློ་བུར་དུ་ཇག་ཚོགས་ཤིག་བསླེབས་ནས། རྟ་ནོར་ལུག་གསུམ་གཙོས་པའི་ཕྱི་ནང་གི་རྒྱུ་ནོར་ཡོད་ཚད་འཕྲོག་བཅོམ་བྱས་ཏེ་ཕ་རྒན་དང་ཕུ་བོ་ཆེ་བ་གཉིས་ཚེ་སྲོག་ཤོར། དེ་ནས་བཟུང་ཕྱི་ནང་གི་རྒྱུ་ནོར་ཡོད་ཚད་མེད་པར་ཆགས་པས་ཤུལ་ལུས་མིང་སྲིང་ཚོ་རང་རང་སོ་སོར་འཚོ་བ་བསྐྱལ་དུ་སོང་། ཁོང་དང་མ་རྒན་གཉིས་གཅིག་པུར་ལུས་པ་ལ་མི་འགྱང་བར་མ་རྒན་ཡང་བཀྲེས་སྐོམ་གྱིས་གདུང་བ་དང་ན་ཚས་མནར་ཏེ་མཐར་འཇིག་རྟེན་ཕྱི་མར་གཤེགས། ལོ་དགུ་ཙམ་ལས་མ་བསླེབས་པའི་ཚེ་རིང་དབང་འདུས་དེ་ལྟར་ཕ་མེད་མ་མེད་ཀྱི་དྭ་ཕྲུག་ཅིག་ཏུ་གྱུར་པས། མ་རྒན་འཆི་ཁའི་ཁ་ཆེམས་ལྟར་ཕ་ཡུལ་དང་བྲལ་ཏེ་དབུས་ལ་གནས་མཇལ་དང་དེ་ནས་རིམ་བཞིན་ལྷོ་ཁ། གཞིས་རྩེ། ཆབ་མདོ། རྒྱལ་རྩེ། སྟོད་མངའ་རིས་སོགས་སུ་འཁྱམས་ནས་སློང་མོ་བྱེད་ཞོར་ལོ་དུ་མ་ཞིག་གི་རིང་གནས་སྐོར་སོང་། སླར་ནག་ཆུར་ཡོང་ནས་གནམ་མཚོ་ཕྱུག་མོར་སྐོར་བ་སུམ་བརྒྱ་བསྐོར་ཏེ་གནམ་མཚོའི་ཁྲུས་སྒོ་ཟེར་སར་མགོ་ལུས་ཡོངས་རྫོགས་ཁྲུས་ཤིག་བྱས་རྗེས། རོགས་པ་ཁ་ཤས་དང་མཉམ་དུ་ངལ་གསོ་བཞིན་བསྡད་པས་ས་རུབ་ལ་ཉེ་བའི་མཚམས་དེར། གློ་བུར་དུ་གནམ་མཚོ་ཕྱུག་མོ་ལས་ཁྲབ་རྨོག་འཁོར་གསུམ་གྱིས་བརྒྱན་པའི་དཔའ་རྒོད་ཅིག་རྟ་མཆོག་རྐྱང་དམར་བཞོན་ཏེ། དཀར་སེར་དམར་མདངས་ཀྱི་འཇའ་འོད་སྤྲས་པ་གློག་བཞིན་ཕེབས་ཡོང་ནས། ཁོང་ལ་སྐོར་བ་གསུམ་གནང་རྗེས་གཉན་ཆེན་ཐང་ལྷའི་གངས་ནང་དུ་འཐིམ་པ་ཞིག་མཐོང་བའི་ཚོར་སྣང་སྐྱེས་པ་དང་། དེ་མཚམས་དབང་མེད་དུ་བརྒྱལ་ཏེ་ཉིན་ཞག་བདུན་ལ་གཉིད་ལས་སད་མ་ཐུབ། ཉིན་བདུན་གྱི་རྗེས་གཉིད་ལས་སད་པ་ན་འཁོར་གསུམ་གྱིས་བརྒྱན་པའི་རྟ་དམག་ཁྲི་སྟོང་མང་པོ་གཡུལ་ངོར་མཆོང་བའི་རྣམ་པ་དང་། དཔའ་བརྟུལ་འགྲན་ཟླ་དང་བྲལ་བ་རྣམས་རྟ་འདེད་ནོར་འགྱེད་ཀྱི་རྣམ་པ་དང་། སྨན་མཛེས་ཤིང་ལྟ་ན་སྡུག་པ་མང་པོས་ཇ་འདྲེན་ཆང་འདྲེན་བྱེད་པ་སོགས་ངོ་མཚར་བའི་རྣམ་པ་སྣ་ཚོགས་ཤར་བ་མ་ཟད། འཆར་སྣང་དེ་ལ་བརྟེན་ནས་ངག་སྒོ་ཡངས་ཤིང་བདེ་བར་གྱུར་ཏེ་གཏམ་རྒྱུད་སྣ་ཚོགས་ཐོགས་མེད་དུ་བབས་པས། རོགས་པ་རྣམས་ཧང་སང་སྟེ་ཐག་ཉེའི་དགོན་པ་ཞིག་ལ་ཁྲིད་དེ་རྒྱུ་མཚན་རྣམས་གསང་བ་མེད་པར་བླ་མ་ལ་ཡར་ཞུ་བྱས་པས། བླ་མས་ཁོང་གིས་གང་བཤད་ཐུབ་པ་ཐད་ཀར་བཤད་དུ་བཅུག་པ་ན། ཁོས་བཤད་པའི་གཏམ་རྒྱུད་དག་ནི་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིན་པ་དང་། ཁོང་ལ་གེ་སར་གྱིས་མགོན་སྐྱབས་བྱེད་པ། གླིང་གི་དཔའ་བརྟུལ་འབྲུ་དགའ་སྡེའི་སྤྲུལ་པ་ཡིན་ཚུལ་སོགས་གསུང་པས། དུས་དེ་ནས་བཟུང་མི་རྣམས་ཀྱིས་ཀྱང་ལྟ་སྟངས་ཅུང་ཟད་འགྱུར་བ་ཕྱིན་ཡོད་འདུག
ཚེ་རིང་དབང་འདུས་ཀྱིས་སྒྲུང་བཤད་སྐབས་གླིང་གེ་སར་ལ་བློ་གཅིག་སེམས་གཅིག་གིས་གསོལ་བ་སྨོན་ལམ་དང་མཆོད་པ་བྱས་ན། སྒྲུང་བཤད་སྐབས་བར་ཆད་མེད་པ་དང་མི་རྣམས་ཀྱིས་ཀྱང་ཁོང་གི་སྒྲུང་རྩལ་ལ་ཧ་ལས་ཤིང་། ཉན་པར་སྤྲོ་བ་དང་དམིགས་བསལ་ཁྱད་བོན་ཡོད་ཅེས་སྨྲ་སྐད། ཁོང་གིས་བཤད་ཐུབ་པའི་སྒྲུང་སྣ་བརྒྱ་དང་ཉི་ཤུའི་མིང་དངོས་སུ་གཅོད་པ་དོན་འགྲུབ་ལགས་ནས་བཀོད་འདུག་པ་42མ་ཟད། ད་དུང་དེ་ལས་མང་བ་བཤད་ཐུབ་པ་དང་སྒྲུང་བཤད་སྐབས་ཡུལ་དུས་ཀྱི་ཆ་རྐྱེན་དང་བསྟུན་ནས་རྒྱས་བསྡུས་ཅི་རིགས་བྱེད་ཐུབ་པར་གྲགས། ཁོང་གིས་ཕབ་པའི་《གནམ་ཐེའུ་གཏེར་རྫོང་》ནི་རྒྱས་པར་བཤད་པ་དང་《བཀྲ་ཤིས་སྨོན་ལམ་ལྔ་》ཞེས་པ་ནི་བསྡུས་ནས་ཕབ་པ་རེད་ཟེར།
གཉིས་པ། གྲགས་པ།43
སྒྲུང་མཁན་གྲགས་པ་ནི་བོད་ལྗོངས་ཆབ་མདོ་དཔལ་འབར་རྫོང་ཁོངས་སུ་སྤྱི་ལོ1906ལོར་སྐུ་འཁྲུངས། ཁྱིམ་ཚང་ཆ་རྐྱེན་དེ་ཙམ་མེད་པས་ཆུང་དུས་ཞིང་ལས་སོགས་ཕྲུ་གུ་གཞན་དང་མི་འདྲ་བར་དཀའ་ལས་རྒྱག་དགོས་བྱུང་། འོན་ཀྱང་། དེས་བཟའ་མི་ཐམས་ཅད་བཟའ་བཏུང་འདང་ངེས་ཤིག་མ་བྱུང་པས། དགུང་ལོ་བཅུའི་སྟེང་ནས་རང་ཡུལ་དང་ཁ་བྲལ་ཏེ་དབུས་ཕྱོགས་སུ་འཁྱམ་ཉུལ་བྱས། སྐབས་དེར་སྟོད་གངས་དཀར་ཏི་སེ་ཚུན་ཆད་གནས་རི་བླ་མཚོ་ཀུན་མཇལ་སྐོར་བྱུང་ཞིང་དབུས་ལ་འགྲོ་ཁའི་སྔ་ལོ་སྟེ། དགུང་ལོ་བརྒྱད་ལ་སོན་པའི་སྐབས་སུ་ཉིན་ཞིག་ཕྱུགས་རྫིར་སོང་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར། ཡུལ་མི་རྣམས་ཀྱིས་ཉིན་མཚན་ལྟོས་མེད་ཉིན་བདུན་རིང་བཙལ་ཡང་རྗེས་ཤུལ་ཙམ་མ་རྙེད། ཕ་མ་གཉིས་སེམས་སྡུག་དང་ཡིད་ཐང་ཆད་ནས་འཇིག་རྟེན་ཁམས་ལ་བསྡད་མེད་པར་སྙམ་ཞིང་། དགོན་པའི་བླ་མར་བསྔོ་སྨོན་ཞུས་ཏེ་གྲ་སྒྲིག་བྱེད་པའི་སྒང་ལ་གློ་བུར་དུ་རང་ཁྱིམ་དང་མི་རིང་བའི་ལུང་ཀྱོག་ཅིག་ལ། རྡོ་ཕ་བོང་ཞིག་གི་འགྲམ་དུ་གཉིད་མ་སད་པར་ཡོད་པ་རྙེད་ཅིང་ལུས་ཧྲིལ་པོ་འདམ་གྱིས་སྦག་པ་དང་གླལ་བ་མཚམས་མེད་རྒྱག་བཞིན་ཡོད་འདུག
འོན་ཀྱང་། ཁོང་རང་ལ་རེ་ཞིག་གཉིད་ཐུན་གཅིག་ཁུག་ནས་རྨི་ལམ་ཅུང་ཙམ་རྨིས་པའི་སྣང་བ་ལས། ཉིན་བདུན་ཇི་ལྟར་འདས་པ་ཡེ་ནས་མ་ཚོར་ཟེར། སྐབས་དེར་རྨི་ལམ་དུ་ཉིན་ཞིག་ཁོང་ཁྲབ་རྨོག་དཀར་པོ་ཅན་དང་འཕྲད་ཅིང་། མི་དེས་ཁྱོད་ལམ་སང་བྲོས་དང་། མ་བྲོས་ན་ཁོང་ཚོས་ཁྱོད་གཟུང་རྒྱུ་རེད་ཅེས་དང་། བཟུང་ན་ཁྱོད་ཀྱི་མགོ་ལེན་ངེས་ཟེར་བས། ཁོང་དེ་མ་ཐག་འཇིགས་བཞིན་བྲོས་པའི་མཐར་མཛེས་ཤིང་ཡིད་དུ་འོང་བའི་སྤང་ལྗོངས་དང་སྦྲ་གུར། སྦྲ་གུར་སྟེང་དུ་སྟག་ལྤགས་དང་། གཟིག་ལྤགས། དྲེད་ལྤགས། སྤྱང་ལྤགས་སོགས་ཀྱིས་བརྒྱན་པ། ད་དུང་མི་མང་པོ་འདུག་པར་མ་ཟད་སེང་གེའི་གཟུགས་རིས་ཡོད་པའི་དར་ཞིག་བཙུགས་འདུག་པ་སོགས་མཐོང་ནས། ངོ་མཚར་སྐྱེ་བཞིན་པའི་ངང་ལ་གློ་བུར་དུ་མི་སྨུག་པོ་རྟ་སྔོན་ཁྲིད་པ་ཞིག་གམ་དུ་བསླེབས་པ་དང་། གྲགས་པ་བྲོས་མ་ཐུབ་པར་བཟུང་སྟེ་སར་བསྒྱེལ་ནས་བཙན་གྱིས་གྱོན་གོས་ཡོད་ཚད་ཕུད་ཅིང་། ཁོས་རུམ་ནས་མདེའུ་ཞིག་བླངས་ཡོང་སྟེ་ཕོ་བ་བཤས་པ་དང་དོན་ལྔ་སྣོད་དྲུག་ཐམས་ཅད་ཕྱིར་བླངས། ད་དུང་ཁྱོད་ཀྱི་ཁོག་པ་མི་གཙང་བས་ཁེངས་འདུག་པས་ངས་གསར་པ་བརྗེ་ཆོག་ཟེར་ནས། དཔེ་ཆ་མང་པོ་ཁོག་པའི་ནང་དུ་བརྫངས་ཤིང་ཕོ་བའི་གཡས་གཡོན་སྟོད་སྨད་ཀུན་ཁེངས་བཅུག་རྗེས། ཁབ་སྐུད་དཀར་པོ་ཞིག་གིས་བཙེམས་ཏེ་ང་གླིང་གི་དཔའ་བརྟུལ་རྒྱ་ཚ་ཞལ་དཀར་ཡིན། ཁྱོད་ཀྱི་ཁོག་ནང་བཅུག་པའི་དཔེ་ཆ་རྣམས་གེ་སར་སྒྲུང་དཔེ་ཡིན་པ་སོགས་ལབ་ནས་གློ་བུར་གར་སོང་མེད་པར་གྱུར་པ་རྨིས་སོང་ཟེར།
སྒྲུང་མཁན་གྲགས་པ་དེ་ལྟར་བདུན་ཕྲག་གཅིག་གར་སོང་ཆ་མེད་དུ་གྱུར་རྗེས། སླར་ཡང་རྙེད་དེ་ཨ་མས་འོ་མའི་ནང་དུ་རྩམ་པ་བཏབ་པ་ཞིག་བླུད་ཅིང་། ཁོང་ནི་སྔར་དང་མི་མཚུངས་པར་ཁ་ནས་གསལ་ལ་མི་གསལ་བའི་སྐད་ཆ་སྣ་ཚོགས་བཤད་ཀྱི་ཡོད་འདུག་པས། ཡུལ་མི་འགས་བྱིས་པ་འདི་འདྲེས་ཁྲིད་སོང་བ་དང་ཁོང་གི་བླ་ཁྱེར་བ་སོགས་བཤད་སྒྲོས་བྱུང་། དེ་ལྟར་ཉིན་གསུམ་བསྒུགས་ཀྱང་སྔར་བཞིན་དུ་གནས་པས། ཕ་རྒན་སེམས་འཚབ་སྐྱེས་ཏེ་གྲགས་པ་ཁྲིད་ནས་དཔལ་འབར་དགོན་པར་སོང་། དགོན་པའི་བླ་མ་ལ་གྲགས་པའི་ལོ་རྒྱུས་ཞིབ་ཕྲ་ཞུས་པ་ན་བླ་མས་ཁྱོད་སེམས་བདེ་མོ་གྱིས། བྱིས་པ་འདིར་ཉིན་འགའ་འདུག་ཏུ་བཅུག་གསུངས་ཤིང་། དགོན་དེའི་བླ་མ་ཡང་གེ་སར་སྒྲུང་ལ་དགྱེས་མཁན་ཞིག་ཡིན་པས། གྲགས་པས་གསལ་ལ་མི་གསལ་ཤོད་བཞིན་པ་ནི་གེ་སར་སྒྲུང་ཡིན་པར་རྟོགས། ངག་ནས་གསལ་ལ་མི་གསལ་ཞིག་མ་གཏོགས་ཤོད་མི་ཐུབ་པ་དེར་ཤེས་རབ་ཀྱི་སྒོ་འབྱེད་པའི་ཆོ་ག་ཐེངས་ཁ་ཤས་བསྒྲུབས་རྗེས། གྲགས་པའི་ངག་ཡོངས་སུ་ཁྲོལ་ཏེ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ཐོགས་མེད་དུ་འཆད་ཐུབ་པར་གྱུར།
སྤྱི་ལོ1981ལོར་ཁོང་བཟའ་ཚང་ཐམས་ཅད་ལྷ་ལྡན་གྲོང་དུ་གདན་ཞུ་བྱས་ནས། རང་སྐྱོང་ལྗོངས་ངལ་རྩོལ་མི་དོན་ཅུས་ཀྱི་སྒྲུང་མཁན་གྱི་མཚན་སྙན་གསོལ་བ་སོགས་གོ་གནས་ཁ་ཤས་སྤྲད། ཁོང་གིས་སྒྲུང་སྣ་མི་འདྲ་བ་བཞི་བཅུ་ཞེ་དྲུག་བཤད་ཤེས་ཟེར་ཞིང་། དེ་དག་གི་དཀར་ཆག་གཅོད་པ་དོན་འགྲུབ་ཀྱིས་རེ་རེ་བཞིན་བཀོད་ཡོད། ཁོང་སྐུ་མ་གཤེགས་སྔོན་《ལྷ་གླིང་》དང་། 《སུམ་པ་མཛོ་རྫོང་།》 《བྷ་ཀ་ལ་འཕྲུལ་གྱི་རྒྱལ་པོ་》སོགས་སྒྲུང་སྣ་བཅོ་ལྔ་བཤད་དེ་སྒྲ་ཕབ་པ་དང་། དེ་རྗེས་བོད་ལྗོངས་དང་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་སྒྲུང་ཁག་བཅུ་ཙམ་དཔར་སྐྲུན་བྱས་ཡོད། ལྷག་པར་དུ་ཁོང་སྐུ་གཤེགས་ཁར་བཤད་པའི་《བྷ་ཀ་ལ་འཕྲུལ་གྱི་རྒྱལ་པོ་》ཞེས་པ་ནི་ཁོང་ལས་གཞན་སུ་གང་གིས་བཤད་མ་མྱོང་བ་མ་ཟད། སྒྲུང་འདི་ནི་དུས་རབས་བརྒྱད་པའི་དཀྱིལ་དུ་བོད་བཙན་པོ་དང་འབའ་ཤག་ལོ་རྒྱལ་པོའི་བར་བྱུང་བའི་དམག་འཁྲུག་གི་ལོ་རྒྱུས་དང་འབྲེལ་བ་ཡོད་ཚུལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་དཔྱད་ཞིབ་གནང་ཡོད།44 མཐར་དགུང་ལོ་བརྒྱད་ཅུ་གྱ་གཅིག་པ་སྟེ་སྤྱི་ལོ1986ལོའི་ཟླ་བ11པའི་ཚེས3གྱི་སྔ་དྲོར་སྐུ་གཤེགས།
གསུམ། གཡུ་སྨན།45
སྒྲུང་མཁན་གཡུ་སྨན་ནི་སྤྱི་ལོ1957ལོར་བོད་ལྗོངས་ནག་ཆུ་སོག་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོ་མོའི་གཟུགས་སྟོབས་ཧ་ཅང་ཆེ། ཁོ་མོ་ལ་དམིགས་བསལ་གྱི་ཁྱད་བོན་ཞིག་ཡོད་པ་ནི་གཟའ་འཁོར་གཅིག་གི་སྔོན་བཤད་པའི་སྒྲུང་གི་ནང་དོན་དང་། རྗོད་བྱེད་ཚིག མིང་བརྡ་ལ་སོགས་པ་གཟའ་འཁོར་གཅིག་གི་རྗེས་སུ་ཇི་བཞིན་བརྗོད་ཐུབ་ཅིང་། སྒྲུང་བཤད་སྐབས་ཟུར་དུ་མི་གང་རུང་ཞིག་གིས་བརྡ་བསྟན་ན་མ་གཏོགས་ཟད་རྒྱུ་མེད་པར་འཆད་ནུས་སྐད། དེ་ཡང་ཁོ་མོ་ལོ་བཅུ་དྲུག་སོན་པའི་དཔྱིད་ཀ་ཞིག་ལ། ལོ་དུས་བཞིན་ཁོ་མོའི་གྲོགས་མོ་ཚེ་རིང་སྐྱིད་ཟེར་བ་དང་མཉམ་དུ་མཛེས་པའི་རྩྭ་ཐང་དུ་ནོར་ལུག་འཚོ་བཞིན་བསྡད་པ་དང་། བར་སྐབས་ཤིག་ལ་གཉིད་ཅུང་ཟད་ཁུག་པའི་རྨི་ལམ་དུ། སྒྲུང་པ་གཞན་དང་འདྲ་བར་ཁོ་མོའི་མདུན་དུ་མཚོ་དཀར་ནག་གཉིས་འདུག་པ་ལ་མཚོ་ནག་ནང་ནས་བཞིན་རས་དམར་པོ་ཅན་གྱི་བུད་མེད་ཅིག་གིས་ཁོ་མོ་བཙན་གྱིས་མཚོ་ནག་ཏུ་འདེད་པའི་སྐབས་སུ། མཚོ་དཀར་དཀྱིལ་ནས་མཛེས་སྡུག་ལྡན་པའི་ལྷ་མོ་ཞིག་བྱུང་སྟེ། འདི་ནི་ངེད་ཅག་གེ་སར་རྒྱལ་པོའི་རྗེས་ཀྱི་མི་ཡིན་ཞེས་ལབ་པ་དང་། ཅུང་མ་འགོར་བར་མཚོ་དཀར་ནས་ད་དུང་གྱོན་པ་དཀར་པོ་ཅན་གྱི་ཕོ་གསར་ཞིག་ཡོང་ཞིང་། རིན་པོ་ཆེ་མཐོང་མ་མྱོང་བ་མང་པོ་ཁོ་མོར་གནང་ནས་ཁྱོད་ནི་ངེད་ཅག་གི་མི་ཡིན། ད་ཕྱིར་སོང་ཟེར་ནས་མེད་པར་གྱུར། དེ་རྗེས་སླར་མཚོ་ནང་ནས་བྱ་ཞིག་འཕུར་ཡོང་སྟེ་མོ་རང་གི་དཔུང་ཤ་བཅད་དེ་ལྷ་ལ་མཆོད་པ་བྱས་པས། ན་ཟུག་གིས་མི་བཟོད་པར་ཡོད་སྐབས་གློ་བུར་གཉིད་ལས་སད་ཅིང་། ཕྱིར་ཡུལ་ལ་བསླེབས་པ་ན་གཡུ་སྨན་ན་ཚ་ཆེན་པོ་ཞིག་བྱུང་ནས་ཟླ་བ་གཅིག་ཙམ་རིང་ནད་ལས་གྲོལ་མ་ཐུབ། སྐབས་དེར་ཁོ་མོའི་མིག་ལམ་དུ་གླིང་གེ་སར་དང་གླིང་གི་དཔའ་བརྟུལ་རྣམ་པའི་གཟུགས་བརྙན་སྣ་ཚོགས་ཤར་ཞིང་། ངག་ནས་ཀྱང་ལྡབ་ལྡིབ་མང་དུ་སྨྲ་བཞིན་ཡོད་པས། ཨ་ཕས་རབ་བརྟན་དགོན་དུ་བླ་མར་ཞུས་པ་ན། བླ་མས་ཉིན་བཞི་ལྔ་ཙམ་ཆོས་འདོན་བཅུག་རྗེས་ནད་ལས་གྲོལ་ཏེ་གླིང་གེ་སར་རྒྱལ་པོའི་སྒྲུང་ཐོགས་མེད་དུ་བཤད་ཐུབ་པ་བྱུང་སྐད། ཁོ་མོས་སྒྲུང་སྣ་མི་གཅིག་པ་བདུན་ཅུ་ལྷག་བཤད་ཐུབ་པར་གྲགས་ཤིང་། སྒྲུང་སུམ་ཅུའི་མིང་དངོས་སུ་གཅོད་པ་དོན་འགྲུབ་ལགས་ནས་བཀོད་ཡོད། ད་དུང་ཁོ་མོས་སྒྲུང་ཤོད་སྐབས་མིག་བཙུམ་ཚེ་མིག་ལམ་དུ་གེ་སར་དང་གླིང་གི་དཔའ་བརྟུལ་རྣམས་ཀྱིས་གཡུལ་འགྱེད་བྱེད་པའི་གཟུགས་བརྙན་ཤར་ཐུབ་ཟེར།
བཞི། སྲི་ཐར་རྡོ་རྗེ།
ན་ཆུང་སྒྲུང་པ་སྲི་ཐར་རྡོ་རྗེ་ནི་ཡབ་བསོད་ནམས་རྒྱལ་པོ་དང་ཡུམ་བསྟན་ཆུང་གཉིས་ཀྱི་སྲས་སུ། སྤྱི་ལོ1990ལོར་ཆབ་མདོ་དཔལ་འབར་རྫོང་ཁོངས་སུ་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། འོན་ཀྱང་། སྲི་ཐར་རྡོ་རྗེའི་ཁྱིམ་དེ་ཙམ་འབྱོར་བ་མེད་པ་མ་ཟད། ཁོང་གི་ཕ་མ་གཉིས་ཀྱང་སྐྱིད་སྡུག་མཉམ་སྐྱེལ་བྱས་ནས་ཡོད་པ་ཞིག་རེད་མི་འདུག སྤྱི་ལོ1997ལོར་ཆབ་མདོ་དཔལ་འབར་རྫོང་སློབ་ཆུང་དུ་སློབ་གྲྭར་སོང་ཞིང་། སྤྱི་ལོ2000ལོ་སྟེ། ལོ་རིམ་གསུམ་པ་བསླེབས་པའི་མཚན་མོའི་ནམ་སྨད་མཚམས་ན་རྨི་ལམ་ཞིག་རྨིས། རྨི་ལམ་དུ་མཛེས་ཤིང་ལྟ་ན་སྡུག་པའི་རྩྭ་ཐང་ཞིག་ལ་རྟ་ནོར་ལུག་གསུམ་གྱིས་ཁྱབ་པའི་ས་ཆར། ལུས་ལ་ཁྲབ་རྨོག་འཁོར་གསུམ་གྱིས་བརྒྱན་པའི་མི་གཉིས་གམ་དུ་ཡོང་ནས། རྟ་ལས་བབས་ཏེ་མི་ཆུང་ཆུང་ཟེར་བ་དེ་འདི་རེད་ཟེར་བཞིན་བཟུང་སྟེ་སྦྲ་གུར་ནང་དུ་འགྲོ་ཞེས་ཁྲིད་ཅིང་། དམག་མི་དང་དམག་རྟ་མང་པོས་སྐོར་བའི་སྦྲ་གུར་ཆེན་པོ་ཞིག་ཏུ་བསླེབས། སྦྲ་གུར་ནང་དུ་འཛུལ་བ་ན་དམག་དཔོན་ཞིག་གིས་གླེགས་བམ་སྣ་རིང་མང་པོ་ཁྱེར་ཡོང་ནས་འདི་ཁྱོད་ཀྱིས་བཟའ་དགོས་ཟེར་བ་དང་། ངས་བཟའ་མི་ཐུབ་ཟེར་བ་ན། མ་ཟོས་ན་མི་ཆོག་ཅེས་ལབ་ནས་རེ་རེ་བཞིན་གླེགས་བམ་ཐམས་ཅད་ཁ་ནང་དུ་བརྫངས། དེ་ལྟར་ཡོད་ཚད་ཟོས་ཚར་རྗེས་རྟེན་འབྲེལ་ཆེན་པོ་འགྲིག་སོང་ཟེར་བཞིན་འཇའ་ཚོན་ཞིག་ཤར། ཁྱོད་རང་འཇའ་ལམ་དེ་བརྒྱུད་ནས་ལྷ་ཡུལ་དུ་སོང་ཞེས་བཤད་འཕྲལ་རྐང་པ་ཡ་གཅིག་འཇའ་ཚོན་སྟེང་དུ་སྤོས། རྐང་ཡ་གཅིག་ས་ཐོག་ཏུ་ཡོད་སྐབས་གློ་བུར་ཁོང་གི་བོད་ཡིག་དགེ་རྒན་གྱིས་ཉལ་ཁང་སྒོ་བརྡུངས་ཏེ་སློབ་མ་རྣམས་མལ་ལས་བསླངས་པས་གཉིད་ལས་སད། ཡར་ལངས་རྗེས་ཕིང་ཕོང་སྤོ་ལོ་(pingpong)རྩེ་སའི་སྒྲོམ་སྟེགས་སུ་བསྡད་ནས་རྨི་ལམ་དེར་བསམ་བློ་བསྐོར་ཏེ་བསྡད་དུས། མིག་ལམ་དུ་མི་རྟ་མང་པོ་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་སྣང་བརྙན་དང་། དཔེ་ཆའི་ཡི་གེ་འདྲ་མིན་མིག་ལམ་དུ་ཤར། ཉིན་དེར་ཁོག་པ་ཡོངས་སུ་གང་བ་ནང་བཞིན་ཞོགས་ཟས་ཀྱང་བཟའ་འདོད་མ་བྱུང་བ་མ་ཟད། ལུས་ཡོངས་རྫོགས་མི་བདེ་བའི་ཚོར་སྣང་བྱུང་བ་དང་། སྔ་དྲོའི་སློབ་ཚན་འཚོགས་ཐེངས་གཉིས་པའི་སྐབས་སུ་ངོ་གདོང་ཅུང་ནམ་རྒྱུན་དང་མི་འདྲ་བར་གྱུར་ནས། ཅི་ཞིག་འཆད་འདོད་པར་ཡོད་པ་ན་སློབ་གྲོགས་ཤིག་གིས་མཐོང་སྟེ་དགེ་རྒན་ལ་ཞུས་པ་དང་། དགེ་རྒན་གྱིས་ཁྱོད་ཀྱིས་ཅི་བཤད་འདོད་དམ་ཞེས་དྲིས་པས། གོ་སྐབས་དེ་དང་བསྟུན་ཏེ་ངག་ནས་གང་བཤད་འདོད་ཚད་ཤར་མར་བཤད་པ་ན། དགེ་རྒན་གྱིས་དེ་ནི་གེ་སར་སྒྲུང་གི་《འཁྲུངས་གླིང་》ཡིན་པ་ཤེས།
དེ་ལྟར་ཁོང་ལོ་རིམ་གསུམ་པའི་སྐབས་རྨི་ལམ་ཞིག་ལ་བརྟེན་ནས་རང་གི་འཛིན་གྲྭའི་ནང་གེ་སར་སྒྲུང་བཤད་པ་ནས། ད་ལྟའི་བར་དུ་ཁོང་གིས་ཤོད་ཐུབ་པའི་སྒྲུང་སྣ་མི་འདྲ་བ་ཉི་ཤུ་རྩ་དྲུག་གི་མིང་གཅོད་པ་དོན་འགྲུབ་ལགས་ནས་བཀོད་ཡོད་ལ། དེ་རྗེས་ཞིབ་འཇུག་པ་གཞན་པས་ཁོང་གིས་འཆད་ཐུབ་པའི་སྒྲུང་མི་འདྲ་བ་བརྒྱ་དང་ལྔ་ཡི་མཚན་ཐོ་རེ་རེ་བཞིན་བྲིས་འདུག་པ་མ་ཟད། ཁོང་གིས་འཆད་གནང་བའི་《ནགས་གླིང་གཡུལ་འགྱེད་》དང་《སྲིད་པ་མཐའ་རྫོང་》གཉིས་ནི། དེ་སྔ་སྒྲུང་པ་སུས་ཀྱང་བཤད་མ་ཐུབ་པའི་སྒྲུང་གཉིས་ཡིན་ཞེས་གླིང་སྒྲུང་ཉམས་ཞིབ་པ་སྤེན་པ་དགྲ་འདུལ་ལགས་ནས་གསུང་། འོན་ཀྱང་། 《ན་གཞོན་སྒྲུང་པ་སྲི་ཐར་རྡོ་རྗེ་དང་ཁོང་གི་གླིང་སྒྲུང་འཆད་གྱེར་གྱི་ཁྱད་ཆོས་སྐོར་གླེང་བ་》ཞེས་པར། མིག་སྔར་སྒྲུང་པ་གཞན་གྱིས་བཤད་མི་ཐུབ་པའི་སྲི་ཐར་རྡོ་རྗེའི་སྒྲུང་《འབྱུང་བཞི་བདེ་བཀོད་》དང་། 《བོན་གླིང་དཀར་རྫོང་།》 《བོན་གླིང་ནག་འགྱེད།》 《བོན་ཆོས་རྫོང་།》 《ཤིང་བྱ་གོ་བོ་གཤོག་རྫོང་།》 《ཐེའུ་བྲང་རྫོང་།》 《ནུབ་ཏི་སེ་རྒྱལ་པོ།》 《ནང་གླིང་སེམས་རྫོང་།》 《གསོན་མཆོད་དམར་རྫོང་།》 《བླ་རི་ཟངས་རྫོང་།》 《འཛམ་གླིང་མཐའ་རྫོང་།》 《ཨ་བ་གླ་རྫོང་།》 《གཡུ་ལུང་ཟངས་རྫོང་།》 《འཕྲུལ་གཉེན་ཏོ་ར་རྒྱལ་པོ།》 《ཐེའུ་བྲང་དཀར་ནག་ཁྲ་གསུམ་》སོགས་ཀྱང་ཡོད་པར་གླེང་འདུག46 ད་ལྟའི་ཆར་ཁོང་གི་སྒྲུང་བཤད་གྱེར་གྱི་ཐུན་མོང་མ་ཡིན་པའི་ཁྱད་བོན་སོགས་ཁོང་གི་སྐོར་ཞིབ་འཇུག་བྱས་པ་ཤིན་ཏུ་མང་བས། སྐབས་འདིར་ཡིག་ཚོགས་ལ་དོགས་ཏེ་སྐབས་དོན་འབྲེལ་བ་རེ་ཟུང་དཔེར་བཀོད་ཙམ་ལས་མང་པོར་སྤྲོས་པའི་དགོས་པ་མ་མཐོང་ངོ་། །
སྡེ་ཚན་གསུམ་པ། སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པ་གཉིས་ཕན་ཚུན་བསྡུར་ཏེ་གླེང་བ།
གོང་དུ་བོན་ལུགས་ཀྱི་སྙན་རྒྱུད་བླ་མ་བཞི་བཅུ་ཞེ་གྲངས་དང་གེ་སར་སྒྲུང་པ་བརྒྱ་ལྷག་ཙམ་ཡོད་པའི་སྐོར་ནས་ཅུང་ཟད་གླེང་སྟེ། ཕྱོགས་གཉིས་ཀའི་དཔེ་མཚོན་མི་སྣ་རེ་ཟུང་ཆེད་དུ་ངོ་སྤྲོད་ཞུས་པ་ཇི་བཞིན། སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པ་གཉིས་ཀའི་ཁྲོད་དུ་དཔེར་ན། སྙན་རྒྱུད་བླ་མ་སྟག་ཟ་རིན་ཆེན་མཚོ་མོ་དང་། དབུ་ཟ་རིན་ཆེན་གསལ། སྒྲུང་པ་གཡུ་སྨན་དང་ཌཱ་ཀི། མནའ་མ་རྡོ་རྗེ་ལ་སོགས་པ་ལྟ་བུ་བུད་མེད་ཀྱང་ཁ་ཤས་ཤིག་ཡོད་པ་ལྟར། ང་ཚོས་ཞིབ་ཀྱིས་བལྟས་ན་འདི་གཉིས་ལ་རྟེན་ཕོ་མོ་དང་སྐྱ་སེར་གྱི་ཁྱད་པར་མེད་པར། ཕྱོགས་གཉིས་ཀར་འདྲ་བའི་ཆ་ཧ་ཅང་མང་པོ་ཡོད་པ་མཐོང་ཐུབ།
དེ་ཡང་སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པ་ཕལ་ཆེ་བ་ཆུང་དུས་ཀྱི་འཚོ་བ་སྐྱོ་པོ་ཡིན་པ་དང་ཡང་ན་ཕ་མ་ཁ་འཛོམས་མེད་པ་སོགས་ཀྱི་སྣང་ཚུལ་ཡོད་ལ། སྤྲུལ་སྐུ་བློ་ལྡན་སྙིང་པོ་ལྟ་བུར་མཚོན་ན་ཆེས་ཐོག་མར་སྙན་རྒྱུད་འབབ་ཁ་རྟགས་དང་མཚན་མ་གང་འདྲ་བྱུང་མིན་གསལ་ཁ་མེད་ན་ཡང་། 《མདོ་དྲི་མེད་གཟི་བརྗིད་》སྙན་རྒྱུད་འབབ་ཁ་མཆོད་བཤམས་སོགས་བྱས་པ་དང་། སྒྲུང་པ་ཚོས་རང་རང་གི་མཆོད་ཡུལ་ལ་མཆོད་བཤམས་བྱེད་པ། སྙན་རྒྱུད་བབས་པའི་ཚེ་ན《དྲི་མེད་གཟི་བརྗིད་》དང་《མི་ནུབ་མཚན་མདོ་》ལྟ་བུ་ཧ་ཅང་རིང་པོ་འབབ་ཐུབ་པ། འབབ་སྐབས་བར་མཚམས་ཅུང་ཟད་བྱས་ནས་ཡང་སྐྱར་བབས་པ་སོགས་ཀྱི་ཁྱད་བོན་གེ་སར་བབས་སྒྲུང་པ་དག་ལའང་ཡོད་ཅིང་། རྫིའུ་རིག་པ་རང་ཤར་ལྟ་བུར་མཚོན་ན་ཆུང་ནས་དགུང་ལོ་བཅུ་གསུམ་བར་སྨྱོན་པའི་ཚུལ་དུ་གནས་པ་དང་། གློ་བུར་མིག་ལམ་ན་གང་བྱུང་ཤར་ཡོང་བ་སོགས་སྲི་ཐར་རྡོ་རྗེ་དང་མཐུན་པའི་ཆ་ཇི་སྙེད་ཅིག་མཆིས།
དེ་བཞིན་གཤེན་སྤྲུལ་ཐུགས་རྗེ་ཉི་མ་ཉམས་སྣང་སྐྱེ་ཁར་དྲན་མེད་དུ་ཐེངས་གཉིས་བརྒྱལ་འདུག་པ་སོགས་ཀྱང་། བབས་སྒྲུང་པ་གྲགས་ཅན་ཚེ་རིང་དབང་འདུས་བདུན་ཕྲག་གཅིག་གི་རིང་དྲན་མེད་དུ་བརྒྱལ་བ་དང་། སྒྲུང་མཁན་གྲགས་པ་བདུན་ཕྲག་གཅིག་བོར་བརླག་ཕྱིན་པ་སོགས་དང་འདྲ་བའི་ཚུལ་ཧ་ཅང་མང་། སྙན་རྒྱུད་བླ་མ་དག་ལ་ངག་ནས་ཅི་ཞིག་འཆད་འདོད་པ་ལྟ་བུའི་སྣང་བ་སྐྱེ་ནས། གང་བྱུང་ངག་ནས་ཐལ་བའི་ཚེ་ན་མི་རྣམས་ཀྱིས་འདྲེ་གཏམ་ལབ་བཞིན་འདུག་པའི་སྣང་ཚུལ་འབྱུང་བ་ཇི་བཞིན། གེ་སར་བབས་སྒྲུང་པ་དག་ལའང་དེ་བཞིན་གནས་ཚུལ་འདུག་པ་སོགས་འདྲ་བའི་ཆ་ཤིན་ཏུ་མང་ཡང་བསྐྱར་ཟློས་ཀྱི་དགོས་པ་དབེན་པས་བཞག་གོ །
འོན་ཀྱང་། འདིར་ངེས་པར་བསམ་གཞིག་བྱ་རིན་ཡོད་པ་ཞིག་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། “རང་རེའི་སྒྲུང་ཡིག་ཆེན་པོ་ལ་བལྟས་ནས་གེ་སར་འདི་འདྲ་ཞིག་ཡིན་ནོ་ཞེས་ཐག་ཆོད་མི་ནུས་སུ་ཆུག་ཀྱང་། རྩོམ་པ་པོ་ཁམས་དང་ཨ་མདོའི་འབྲོག་པ་དེ་ཚོའི་སྐད་ལུགས་འདི་འདྲ་རེད། སྤྱོད་ལམ་དང་བཟའ་བཏུང་འདི་འདྲ་རེད། བསམ་བློ་འདི་འདྲ་རེད་སོགས་ལེགས་པར་གོ་ནུས”47ཞེས་གསུངས་པ་དང་། སྐུ་ཞབས་མཁར་རྨེའུ་བསམ་གཏན་གྱིས། “གེ་སར་གྱི་སྒྲུང་ནང་འཁོད་པའི་སྤྱི་ཚོགས་ཀྱི་རྣམ་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་འཚོ་བའི་སྣང་ཚུལ་དངོས་ཡིན་ལ། དེ་ནི་སྤྱི་ལོ1959ལོ་ཡན་གྱི་བོད་ཀྱི་འཚོ་བའི་མེ་ལོང་ལྟ་བུ་ཞིག་ཀྱང་ཡིན”48ཞེས་དང་། “ལོ་རྒྱུས་ཐོག་བོད་དང་མཐའ་བཞིའི་རྒྱལ་ཁབ་བཞི་ཡི་བར་འབྲེལ་རིགས་མི་འདྲ་བ་བྱུང་ཡོད་པ་བཤད་མ་དགོས། བོད་ཀྱི་གནའ་བོའི་མིའི་མཐའ་བཞི་རྒྱལ་ཁབ་ཀྱི་ལྟ་ཚུལ་དེ་ད་དུང་དམངས་ཁྲོད་ཀྱི་རྩོམ་རིག་ཁག་ཏུ་ལྷག་ནས་གནས་ཡོད་པ་ནི་གེ་སར་སྒྲུང་ལྟ་བུ་རེད”49ཅེས་པ་ལྟ་བུ་བོན་ལུགས་ཀྱི་སྙན་རྒྱུད་གཞུང་ལུགས་རྣམས་ལ་ཚད་མཐོའི་གདེང་འཇོག་ལྟ་ཅི། ད་དུང་ཞིབ་འཇུག་དང་དོ་སྣང་བྱེད་མཁན་ཡང་བྱུང་མེད་པ་མ་ཟད། གོང་དུ་ཞུས་ཟིན་པ་བཞིན་སྐུ་ཞབས་མཁར་རྨེའུ་ལགས་ཀྱིས་ཀྱང་། སྙན་རྒྱུད་ལ་དངོས་བདེན་དང་དངོས་བདེན་མ་ཡིན་པ་གཉིས་སུ་ཕྱེས་ནས་འདིར་འཆད་བྱར་གྱུར་པའི་སྙན་རྒྱུད་ལ་དངོས་བདེན་མ་ཡིན་པའི་ཚིག་ཟུར་བསྟན་པ་ནི་བསམ་གཞིག་བྱེད་ཐབས་བྲལ་བ་ཞིག་ལགས།
སྙན་རྒྱུད་པ་དང་སྒྲུང་པའི་བར་ལའང་དེ་མཚུངས་ཀྱི་ཧེ་བག་ཆེན་པོ་ཞིག་ཤོར་འདུག དཔེར་ན། དུས་རབས་བཅུ་གཉིས་པའི་ནང་ས་སྐྱ་པཎ་ཆེན(1182–1251)གྱིས། “སྙན་བརྒྱུད་དང་ནི་ཆིག་བརྒྱུད་དུ། །གྲགས་པའི་ཆོས་ལུགས་མང་པོ་ཡོད། །རྒྱུད་དང་མཐུན་ན་བླང་དུ་རུང་། །མིན་ན་རྫུན་གྱི་སྡེབ་ཕྱོགས་ཡིན།”50ཞེས་དང་། བཅོམ་ལྡན་རིག་པའི་རལ་གྲི་སོགས་ཀྱིས་སྙན་བརྒྱུད་ཀྱི་རིགས་ལ་བརྟག་ཤེས་དགོས་ཚུལ་སོགས་གསུངས་མཛད་པ་ལྟར། དུས་རབས་བཅུ་བཞིའི་ནང་བྱོན་པའི་བོན་གྱི་མཁས་པ་ཆེན་མོ་སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན(1238–?)གྱིས། “མདོ་གམ་ལྷོ་ཁར་སྙན་རྒྱུད་ཡིན་ལོ་བའི། །རང་རང་རྟོག་པས་བསྡེབས་པ་མཐའ་ཡས་ཀྱང་། །དམ་པ་རང་གྲོལ་སྙན་རྒྱུད་བོན་རྣམས་ནི། །འགའ་ཙམ་རིག་པ་རང་རྡོལ་ཡིན་ན་ཡང་། །རང་གི་ཐུགས་ཤར་ཉུང་ངུར་བསྡེབས་རྒྱུ་ལ། །ཤར་པས་ཞུས་པས་བརྙོགས་སུ་བཅུག་ཅེས་གྲགས། །ཤས་ཆེ་དག་ནི་རྟོག་པས་བཟོ་བྱས་ཏེ། །གཉན་གྱི་སྙིང་གཟེར་དག་ལས་ཕྱུང་བ་ཡི། །ལྷ་སྲིན་སྲོག་ཡིག་འབྲུ་ཐོབ་བསྡེབས་པ་ཡིས། །རྟོགས་འཇོམས་གཟུངས་ཞེས་བྱ་བ་རྟོག་པས་བཟོས།”51ཞེས། བོན་ལུགས་ཀྱི་སྙན་རྒྱུད་ཁག་གཅིག་ལ་ཞིབ་འཇུག་གནང་ནས་བདེན་མིན་གྱི་དབྱེ་ཤགས་མཛད་ཡོད་པ་ཕུད། དྲང་ཕྱོགས་ནས་ཉམས་ཞིབ་མཐིལ་ཕྱིན་པ་དང་ཡང་ན་འགོ་འདྲེན་ཙམ་ཡང་བྱུང་མེད་སྙམ།
སྤྱི་ལོ 1987 ལོར་རྒྱ་ནག་ཁྲིན་ཏུའུ་ལ་རྒྱལ་སྤྱིའི་གེ་སར་སྒྲུང་གི་ཞིབ་འཇུག་འཚོགས་ཐེངས་དང་པོ་ཚོགས་པ་དང་། དེ་རྗེས་ལོ་གསུམ་བཞི་ལས་མ་འགྱངས་པར་སྤྱི་ལོ 1991 ལོར་དབུས་ལྷ་སར་སྐབས་གཉིས་པའི་བགྲོ་གླེང་ཚོགས་པ་མ་ཟད། རྒྱལ་ཁབ་དུ་མ་ནས་ཡོང་བའི་ཞིབ་འཇུག་པ་མང་པོ་མཉམ་འཛོམས་བྱུང་བ་ནས་བཟུང་། གེ་སར་སྒྲུང་ཆེད་དམིགས་ཞིབ་འཇུག་ཚན་ཁག་ཀྱང་རྒྱལ་ཕྱི་ནང་གང་སར་བཙུགས་ཐུབ་ཡོད། ཧྥ་རན་སིའི་བོད་རིག་པའི་ཉམས་ཞིབ་པ་ཤི་ཊ་ཡིན(Rolf Alfred Stein)གྱིས་སྤྱི་ལོ 1959 ལོར་ཧྥ་རན་སིའི་རྒྱལ་ས་པེ་རི་སི་ནས་《བོད་ཀྱི་གླིང་སྒྲུང་དང་སྒྲུང་པ་》ཞེས་པའི་དཔེ་ཆ་སྤེལ་བ་ནས་བཟུང་། ཉེ་ལམ་སྐུ་ཞབས་གཅོད་པ་དོན་འགྲུབ་ཀྱིས་《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག་》ཅེས་པ། བོད་ཡུལ་གྱི་སྒྲུང་པ་བརྒྱ་ལྷག་ཙམ་ལ་ཡུལ་དངོས་རྟོག་དཔྱོད་དང་ཉམས་ཞིབ་བྱས་པའི་ཆེད་དེབ་ཡིག་འབྲུ་ཁྲི་བཞི་བཅུ་ལྷག་ཟིན་པ་ཞིག་འགྲེམས་སྤེལ་བྱས་པ་ཇི་བཞིན། གེ་སར་སྒྲུང་པའི་སྐོར་དཔྱད་རྩོམ་ཡག་སྡུག་ཇི་སྙེད་ཅིག་ཆར་ཤུལ་ཤ་མོང་རྡོལ་བ་ལྟར་རིག་གཞུང་དུས་དེབ་ཁག་ནས་མཐོང་རྒྱུ་ཡོད་ན་ཡང་། བོན་ལུགས་ཀྱི་སྙན་རྒྱུད་དང་སྙན་རྒྱུད་བླ་མ་ནི་སྐུ་ཞབས་སྟོང་སྐོར་ཚེ་རིང་ཐར་ལགས་ནས། “དགོངས་གཏེར་བྱ་བ་མི་རྣམས་ཀྱི་དྲན་པ་ཁོ་ནར་བཅོལ་བའི་གཏེར་ཞིག་ཀྱང་ཡོད་པ་བོན་གྱི་བསྟན་བཅོས་《ཁྲོ་གཉན་སྐལ་བཟང་》ལྟ་བུའོ།།” 52ཞེས་བོན་གྱི་གཏེར་མའི་རིགས་ལ་དཔྱད་ཞོར་ཚིག་སྣེ་ཟ་ཟིན་ཙམ་ལས། ཆེད་དུ་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཧ་ཅང་མཐོང་དཀོན་པའི་སྣང་ཚུལ་འདི་ནི་བོད་རིག་པའི་ཁྱབ་ཁོངས་སུ་སྟོང་ཆ་ཆེན་པོ་ཞིག་རེད་འདུག་སྙམ།
ང་ཚོས་ངེས་དགོས་པ་ཞིག་ནི། སྙན་རྒྱུད་བླ་མ་དང་གེ་སར་སྒྲུང་པ་གཉིས་གཅིག་པུ་མ་ཡིན་པར། འདི་ལྟ་བུའི་ངོ་མཚར་གྱི་སྣང་ཚུལ་བོད་ཀྱི་དམངས་ཁྲོད་དུ་ལྷ་པ་དང་མོ་པ་ཁག་ལའང་ཡོད་པ་མ་ཟད། ཐུབ་བསྟན་པའི་ཆོས་སྒོར་ཞུགས་པའི་མི་སྣའང་ཡོད་དེ། དཔེར་ན། གཏེར་ཆེན་བདུད་འཇོམས་རྡོ་རྗེ་དང་། མདོ་མཁྱེན་རྩེ་རིན་པོ་ཆེ།(1799–?) དབུས་བཟའ་མཁའ་འགྲོ་མ་(1880–?)སོགས་མང་པོ་ཞིག་མཆིས། གུས་པས་བསམ་གཞིག་བྱས་པ་ལྟར་ན། འདི་དག་གི་གསང་བ་བསྔོག་པར་འདོད་ཚེ། ཐོག་མར་འདི་ཡི་རིག་གནས་དར་སའི་ཁོར་ཡུག་གང་དག་ཡིན་མིན་བལྟ་དགོས་པ་གཞིར་བྱས། ཡུལ་དངོས་སུ་རྟོག་དཔྱོད་ལ་ཕྱིན་པ་དང་ཡང་ན་དེ་སྔོན་བརྟག་དཔྱད་ཀྱི་ཟིན་ཐོ་རྣམས་གཟིགས་ནས་གནས་ཚུལ་ཧ་གོ་བར་བྱེད་པ། གནའ་བོའི་ཆོས་ལུགས་སྤྱི་ཡི་ལྟ་ཚུལ་དང་དམིགས་བསལ་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་རྣམ་བཞག སྒོས་སུ་ནང་སེམས་ཀྱི་རྣམ་བཞག་ཁག་ལ་སློབ་སྦྱོང་དང་དོ་སྣང་མི་བྱེད་རང་བྱེད་ལྟ་བུར་གྱུར་ཡོད་ལ། དམིགས་བསལ་བོད་ཀྱི་གསོ་བ་རིག་པའི་སེམས་རིག་གི་སྐོར་ནས་ཀྱང་ཤེས་བྱ་རག་ཐབས་མི་བྱེད་ཐབས་མེད་དུ་ཆགས་འདུག དེ་བཞིན་དེང་གི་སེམས་ཁམས་ཚན་རིག་དང་དབང་རྩའི་ཚན་རིག་སོགས་ཚན་རིག་གི་དཔྱད་ཐབས་མང་པོ་ཞིག་ཀྱང་བརྟེན་དགོས།
མཁར་རྨེའུ་བསམ་གཏན་མཆོག་ནས། “ཚང་མས་མཁྱེན་གསལ་ལྟར། བོད་ཀྱི་རིག་གནས་ནི་སངས་རྒྱས་ཆོས་ལུགས་ཀྱིས་ཡོངས་སུ་ཁ་ལོ་བསྒྱུར་བའི་རིག་གནས་ཤིག་ཡིན་ནའང་དེའི་ཁྲོད་དུ་བོད་རང་གི་ཡུལ་ནས་ཐོན་པའི་རིག་གནས་ཀྱི་གྲུབ་ཆའང་ཇི་སྙེད་ཅིག་ཚུད་ཡོད། གེ་སར་སྒྲུང་རྩོམ་གྱི་ཁྲོད་དུའང་བོད་རང་གི་གདོད་མའི་འདུ་ཤེས་དང་མིང་ཚིག་དང་ཆོས་ལུགས་དད་མོས་བྱ་ཚུལ་གྱི་ནང་དོན་བསྡུས་ཡོད་པས་དེས་བོད་ཀྱི་རིག་གནས་དང་ཡུལ་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་དང་རྣམ་པ་སོགས་མཚོན་ཐུབ”53ཅེས་བཤད་འདུག་པ་ལྟར། གེ་སར་ཞེས་པའི་ཐ་སྙད་54ནས་འགོ་བཙུགས་ཏེ་གེ་སར་སྒྲུང་ནང་གི་མི་སྣ་དང་། ཐ་སྙད། སྤྱི་ཚོགས་ཀྱི་སྒྲིག་གཞི། འདུ་ཤེས་ཀྱི་ལྟ་བ་སོགས་བོད་ཀྱི་གདོད་མའི་རིག་གནས་དང་ཆོས་ལུགས་ལ་འབྲེལ་བ་ཡོད་པར་འདོད་མཁན་དེང་སང་ཇེ་མང་དུ་སོང་ཡོད། གེ་སར་སྒྲུང་དར་ཡུལ་གྱི་ཐད་ནས་བལྟས་ན་གངས་ཏི་སེའི་ཤར་ལྷོ་ནུབ་བྱང་ལ་གནས་པའི་ཡུལ་ཕྲན་ཁག་སྟེ། བྲུ་ཤ་དང་། ལ་དྭགས། འབྲས་ལྗོངས། འབྲུག་ཡུལ། ཧོར་ཡུལ། མན་ཇུ། འཇང་རིགས་སོགས་གཙོས་པའི་ཡུལ་ལུང་ཁག་ལ་དར་ཡོད་ཅིང་ཡུལ་འདི་དག་ནི། བོན་ལུགས་ཡིག་ཆ་ལྟར་ན་ཞང་ཞུང་ཡུལ་ཁམས་དྲུག་ཅུའི་ཁོངས་གཏོགས་འབའ་ཞིག་ཡིན་པས། ཆེས་གནའ་བོའི་སྐབས་སུ་སྲིད་པ་བོན་ལུགས་ཀྱི་ཆོས་དང་རིག་གནས་དར་སའི་ཡུལ་ལུང་ཤ་སྟག་ཡིན། ལོ་རྒྱུས་ཀྱི་ཁྲོད་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་དང་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན(1770–1833)སོགས་བོན་ལུགས་ཀྱི་བླ་མའི་ཁྲོད་ན་གེ་སར་བསང་མཆོད་མཛད་མཁན་ཡང་བྱུང་ཡོད།55
ནུབ་ཕྱོགས་ལ་མཚོན་ན་གྷི་རིག་ཏུ་དར་ཁྱབ་ཆེ་བར་གྲགས་ཤིང་། གནའ་བོའི་གྷི་རིག་གི་མཚན་ཉིད་རིག་པ་རྣམས་གངས་ཏི་སེའི་རིག་གནས་དང་འབྲེལ་བ་ངེས་ཅན་མཐོང་ཞིང་། གེ་སར་སྒྲུང་དང་བོན་ལུགས་ཀྱི་སྙན་རྒྱུད་བླ་མ་ལྟ་བུ་ངོ་མཚར་གསང་བའི་ཚུལ་དུ་གནས་པ་དང་། ཡང་ན་སྙན་རྒྱུད་བླ་མ་གཤེན་སྤྲུལ་ཐུགས་རྗེ་ཉི་མ་ལྟ་བུ་སྐྱེ་བ་སྔ་ཕྱི་དང་། དམྱལ་སྣང་གི་བཤད་སྲོལ་ཡོད་པའི་མི་རིགས་ཀྱང་ཆེས་གདོད་མའི་མི་རིགས་དང་ཆེས་གདོད་མའི་ཆོས་ལུགས་ཁག་རེད་འདུག 《ཆོས་ལུགས་རིག་པའི་མདོ་དོན་》ལས། “གདོད་མའི་དུར་རྫོངས་ཀྱི་ཐོག་ནས་དཔྱད་དཔོག་བྱ་འོས་པ་ནི། རྡོ་ཆས་རྙིང་མའི་དུས་མཇུག་གི་མིའི་བློ་ལ་ཤི་བའི་རྗེས་སུ་རྣམ་ཤེས་སྔར་བཞིན་གནས་པའི་ལྟ་ཚུལ་ཆགས་ཟིན་པ་དང་འབྲེལ་དུར་རྫོངས་ཀྱི་བྱེད་སྒོ་གང་འཚམས་ཤིག་ཐོན་ཟིན”56ཞེས་བཤད་འདུག་པ་ལྟར། གསང་བ་ལྐོག་གྱུར་གྱི་ལྟ་ཚུལ་འདི་དག་ཆེས་སྔ་མོ་ནས་བྱུང་ཡོད་པ་བཞིན། སྲིད་པ་བོན་གྱི་རིག་གནས་ནང་དུ་ཧ་ཅང་ཁྱབ་ཆེར་གནས་པར་མ་ཟད། ཨི་ཇྷིབ་ཊི་ཡི་ཆོས་ལུགས་དང། ཧིན་དྷུའི་ཆོས་ལུགས། ལྗེའུའི་ཆོས་ལུགས། གྷི་རིག་སོགས་གནའ་བོའི་ཆོས་ལུགས་རིག་གནས་ཚང་མའི་ནང་སིམ་ནས་ཡོད་འདུག
ད་དུང་དགོད་བྲོ་བའམ་ཤོད་སྲོལ་ཞིག་ལ། “ཨོ་སི་ཁྲུ་ལི་ཡའི་གནའ་བོའི་ས་སྐྱེས་རྡོ་སྐྱེས་ཀྱི་མིས་གཞན་ཞིག་གཉིད་སད་པར་བྱེད་སྐབས་དལ་བུས་སད་ཐབས་བྱེད་དགོས་པ་ལས། མྱུར་དྲགས་ན་རྣམ་ཤེས་ལུས་པོར་ལོག་པའི་ཁོམ་པ་མེད་སྙམ་པ་དང་། རྒྱ་གར་གྱི་ཡུལ་ལུང་འགའ་ཞིག་ཏུ་གཉིད་དུ་ཡུར་བའི་མི་ཡི་ངོ་རིས་སྒྱུར་མི་རུང་། ཅི་སྟེ་ངོ་གདོང་ལ་ཚོས་འབྱུག་པ་སྨ་ར་འབྲི་བ་སོགས་བྱས་ཚེ། མི་དེའི་རྣམ་ཤེས་ལོག་ཡོང་དུས་རྣམ་ཤེས་ཀྱིས་སྔོན་མའི་སྡོད་གནས་མ་རྙེད་པས་ལོག་ས་མེད་པར་”57འགྱུར་བའི་ལྟ་ཚུལ་ཞིག་ཡོད་འདུག ལྟ་ཚུལ་འདི་ནི་གེ་སར་སྒྲུང་པ་དང་སྙན་རྒྱུད་བླ་མ་རྣམ་པའི་སྣང་ཚུལ་དང་ཕལ་ཆེར་འདྲ། དཔེར་ན། ཁོང་ཚོ་ཕལ་ཆེ་བ་གཉིད་དུ་ཡུར་བའི་སྐབས་སུ་རྨི་ལམ་སྣ་ཚོགས་བྱུང་ནས་ད་གཟོད་སྒྲུང་དང་སྙན་རྒྱུད་འབབ་པ་ལྟ་བུའོ། །
དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་འདིའི་སྐོར་རྨི་ལམ་འབྱུང་རྐྱེན་དང་སྒྲུང་འབབ་སྟངས་སོགས་གནའ་དེང་གི་རིག་ལམ་མང་པོ་བཀོལ་ནས་དཔྱད་བརྗོད་གནང་འདུག་པ་ནི། ད་སྔ་གེ་སར་སྒྲུང་པའི་གསང་བའི་སྐོར་གྱི་དཔྱད་བརྗོད་ཆེས་རིན་ཐང་ཆེ་ཤོས་དེ་གྱུར་ཡོད་ལ། བོད་ཀྱི་གསོ་རིག་མཁས་ཅན་བྱ་མདོ་ཀླུ་བྱམས་རྒྱལ་གྱིས་ཀྱང་དེའི་སྐོར་ཕྱོགས་མཚུངས་ཀྱི་དཔྱད་རྩོམ་འགའ་བྲིས་འདུག སྤྱིར་འདི་ལྟ་བུ་ནང་སེམས་ཀྱི་གསང་བའི་སྐོར་སུ་ཝེ་དྷུ་ཞེས་པའི་རྒྱལ་ཁབ་ཀྱི་གནམ་བདག་ཆོས་པ་དང་ཚན་རིག་པ་གྲགས་ཅན། ཨེ་མེན་ཡུ་འེལ་སེ་ཝེ་ཌི་བྷེཀ་(1668–1722)ཡིས་བརྩམས་པའི《ལྷ་ཡུལ་དང་དམྱལ་ཁམས་》ཞེས་པ་དང་། སེམས་ཁམས་ཚན་རིག་པ་དང་སྨན་རམས་པ་རེ་མོན་ཌི་མོན་ཌིས་(Raymond Moody)ཀྱིས་བརྩམས་པའི་《ཤི་བའི་རྗེས་ཀྱི་སྐྱེ་བ་》དང་། 《འཆི་ཁའི་ཉམས་མྱོང་།》 《མེད་པར་གྱུར་རྗེས་ཀྱི་སྐྱེ་བ་》ཞེས་པ་སོགས་དང་། སེམས་ཁམས་རིག་པ་བ་ཇོར་ཇི་རི་ཆིཀ་གིས་བརྩམས་པའི་《སང་ཉིན་ལས་ཕྱིར་ལོག་པ་》དང་། 《ཤི་བ་ལས་ཕྱིར་ལོག་དགོས་པའི་བཀའ་ཕེབས།》 《འཆི་བའི་རྗེས་ངའི་སྐྱེ་བ།》 ཧོ་ཝར་ཌི་སེ་ཏྲོམ་(Howard Storm)གྱིས་བརྩམས་པའི་《ང་འཆི་བ་ལ་ཕྱོགས་པ།》(My Descent Into Death) ཁེ་ཐི་ཇོར་དྷན་གྱིས་བརྩམས་པའི་《འཆི་བ།》 བྷེན་ཇ་མེན་ཝ་ལེ་སེ་(Benjamin Wallace)ཡིས་བརྩམས་པའི་《རྣམ་ཤེས་དང་དེའི་བྱེད་ལས།》(Consciousness and Behavior) སྦི་ཨེ་ལེན་ཝེ་ལེ་སེ་ཡིས་བརྩམས་པའི་《འཕྲད་དུ་ལུས་པའི་སེམས་ཀྱི་གསང་བ་》སོགས་ཤིན་ཏུ་མང་བར་སྣང་།58
ལྷག་པར་ཉེ་དུས་ཨ་རིར་ཆེས་རྒྱུགས་ཆེ་བའི་དཔེ་ཆ་<སྐྱེ་བ་སྔ་ཕྱི>དང་<འཁོར་བ>གཉིས་ནི་ཨ་རིའི་སྨན་རམས་པ་བྷི་ར་ཡིན་ཝེ་ཨའི་སི་(Brian Weiss)ཡིས། རྒྱུན་ལྡན་ནད་པ་བརྟག་དཔྱད་ཀྱི་ཁྲོད་དུ་བྱུང་བའི་གནས་ཚུལ་རྣམས་དངོས་སུ་ཟིན་ཐོར་བཀོད་པ་ཡིན་ཞིང་། ཁོང་ལ་ཁྱོན་སྐྱེ་བ་སྔ་ཕྱི་དྲན་པའི་ནད་པ་བཅུ་ཕྲག་གཅིག་ལྷག་འཕྲད་པར་བཤད། ཡིན་ན་ཡང་ནད་པ་དེ་དག་གི་ཁྲོད་དུ་གཅིག་ལའང་སེམས་ཁམས་རྒྱུན་ལྡན་མིན་པ་དང་འཁྲུལ་སྣང་གི་སྐྱོན་མེད་ཟེར། ཁོང་གིས་《སྐྱེ་བ་སྔ་ཕྱི་》59ཞེས་པའི་དཔེ་དེབ་ཀྱི་ནང་དུ་ཁེ་སི་ལན་ཞེས་པའི་བུད་མེད་གཞོན་ནུ་མ་ཞིག་ཟླ་བ་བཅོ་བརྒྱད་ཀྱི་རིང་སེམས་ཁམས་ནད་བཅོས་ཁང་དུ་བརྟག་དཔྱད་བྱས་པ་བརྒྱུད། བུད་མེད་དེ་ཉིད་ཀྱི་གནས་ཚུལ་རྣམས་ཞིབ་ཅིང་ཕྲ་བར་བཀྲལ་ཡོད་པས། འདི་ནི་བོན་ལུགས་ཀྱི་སྙན་རྒྱུད་བླ་མ་གཤེན་སྤྲུལ་ཐུགས་རྗེ་ཉི་མས་བརྩམས་པའི་《འདས་ལོག་བྱོན་ཚུལ་》ལམ། 《འཁོར་འདས་གཉིས་ཀྱི་གྲོལ་འཁྲུལ་དགེ་སྡིག་འབྲས་བུའི་རྣམ་དབྱེ་མི་རྟག་འཆི་བ་དྲན་སྐུལ་》ཞེས་པ་དང་ཧ་ཅང་འདྲ་བའི་ཆ་ཡོད།
གཤེན་སྤྲུལ་ཐུགས་རྗེ་ཉི་མས་རང་གི་མཐོང་སྣང་ངམ་ཉམས་སྣང་དངོས་སུ་ཟིན་ཐོར་བཏབ་པ་ཡིན་ཞིང་། ཝེ་ཨའི་སེ་ཡིས་རང་དང་ལྷན་དུ་ཡོད་པའི་མི་ཞིག་གི་ཉིན་རེའི་སྣང་ཚུལ་དང་དེའི་ཉམས་སྣང་དངོས་སུ་ཟིན་ཐོར་བཀོད་པའི་ཁྱད་ཙམ་ལས། དམྱལ་ཡུལ་སོང་བ་དང་དམྱལ་ཁམས་ཀྱི་མི་སྣ་རེ་རེའི་མིང་དང་། ཕ་ཡུལ། སྐད་ཆ། ཡང་ན་དག་ཞིང་དང་། དེའི་མི་དང་། གཟུགས་བྱད་སོགས་བཀོད་སྟངས་ཕྱོགས་མང་པོ་ནས་མཚུངས་པར་གནས་ཡོད།
དེ་ཡང་གཤེན་སྤྲུལ་ཐུགས་རྗེ་ཉི་མ་ཙམ་མ་ཡིན་པར་བོན་གྱི་ལོ་རྒྱུས་ཁྲོད་དུ་འདི་ལྟ་བུའི་འཆར་སྣང་ཅན་གྱི་བླ་མ་དང་། ཁོང་ཚོའི་འཆར་སྣང་གང་བྱུང་བ་རྣམས་ཟིན་ཐོར་བཀོད་པའང་ཁ་ཤས་ཤིག་ཡོད། དཔེར་ན། ང་ཚོས་གོང་དུ་སྨོས་པ་ལྟར་སྙན་རྒྱུད་བླ་མའི་ཁོངས་སུ་བགྲངས་པའི་དཔོན་གསས་ཁྱུང་རྒོད་རྩལ་ནི་དེའི་དཔེར་མཚོན་དུ་འཇོག་ཆོག ཁོང་ནི་སྤྱི་ལོ1337ལོར་ལ་སྟོད་བྱང་གི་སྤྱི་སྨད་དྲེས་ཁུངས་བྱ་བར་སྐུ་འཁྲུངས་ཤིང་། དགུང་ལོ་ཉི་ཤུ་རྩ་གསུམ་ལ་ཕེབས་སྐབས་སྙུང་གཞི་ཞིག་བཞེས་ཏེ་ཟླ་བ་གཅིག་ཙམ་གྱི་རིང་མ་ལྷོད། ནུབ་ཅིག་ལ་དམྱལ་བ་དང་ཡི་དྭགས་ཀྱི་གནས་སུ་ཕྱིན་པའི་སྣང་བ་ཤར་བ་མ་ཟད། སྔོན་གྱི་རྣམ་སྨིན་ཉེར་རྒྱུས་བསྐྱེད་པའི་འབྲས་བུར་གང་ཟག་སོ་སོའི་གནས་སྟངས་མཐོང་ཞིང་། སྐབས་ཤིག་ལ་བར་དོར་འཁྱམས་པ་ལྟར་གྱུར་ཏེ། བོད་དབུས་གཙང་གི་ས་ཆ་མང་པོ་དང་། རྒྱ་གར། ཨོ་རྒྱན། ཏ་ཟིག ཞང་ཞུང་སོགས་སུའང་བགྲོད་པའི་སྣང་བ་ཤར་ཚུལ་གསུངས་ཡོད།60
སྨན་རམས་པ་ཝེ་ཨའི་སི་ཡིས་བཤད་པ་ལྟར་ན། ནད་པ་ཁེ་སི་ལན་སུ་ཞིག་གི་སྐྱེ་བར་ཞུགས་པའམ་སུ་ཞིག་གི་གཟུགས་མེད་སྟོབས་ཤུགས་ཤིག་ལ་བརྟེན་ནས་གེ་སར་སྒྲུང་པ་ལྟར་ཅི་ཞིག་འཆད་ཡོང་སྐབས། ལུས་ཀྱི་རྣམ་འགྱུར་དང་སྐད་ཀྱི་གདངས་ཀྱང་འགྱུར་འགྲོ་བ་དང་། ཡུན་རིང་ཞིག་འདི་ལྟ་བུའི་མི་དག་དང་མཉམ་དུ་འདྲི་གཅོད་བྱེད་བཞིན་པའི་གནས་ཚུལ་རྟོག་ཞིབ་བྱས་པ་བརྒྱུད། སྐབས་རེར་སྨན་པ་ཝེ་ཨའི་སི་ཁོང་གིས་ཀྱང་མི་གཞན་གྱི་བསམ་བློའམ། མི་དེས་ཅི་ཞིག་དྲན་འདུག་པ་ཡང་ཚོར་ཡོང་བའི་སྣང་བ་བྱུང་ཟེར་གྱི་འདུག བོན་ལུགས་ཀྱི་དཔེ་ཆ་ཁག་ལ་བལྟས་ན་འདི་ལྟ་བུའི་གནས་ཚུལ་ཡོད་པར་མ་ཟད། ཧ་ཅང་བདེན་པར་བཟུང་ཡོད། དཔེར་ན། སྟོན་པ་གཤེན་རབ་མི་བོ་ཆེ་ཏིང་ངེ་འཛིན་ལ་གནས་པའི་དུས་སུ། འཁོར་གཡུང་དྲུང་སེམས་དཔའ་འགས་ཁོང་གི་དགོངས་པར་ཅི་ཤར་བ་རྣམས་ལེགས་པར་རྟོགས་ཏེ་ཡིག་ཐོག་ཏུ་གཏན་ལ་ཕབ་པར་གྲགས་ཤིང་། བོན་དཔེ་དེའི་རིགས་ནི་སྟོན་པ་གཤེན་རབ་ཀྱི་ཐུགས་དགོངས་ལྟར་གཏན་ལ་ཕབ་པ་ཡིན་ཞེས། བོན་པོ་ཚོས་སྟོན་པའི་བཀའ་ཡི་ནང་དུ་བཞག་ཡོད་ལ། ད་ལྟ་བཀའ་འགྱུར་ཁྲོད་དུ་བཞུགས་པའི་《ཡུམ་མདོ་》ཟེར་བ་ནི་དེའི་མཚན་གཞིར་འཇོག་ཆོག
ལྷག་དོན་དུ་གླེང་རིན་ཡོད་པ་གཞན་ཞིག་ནི། སྤྱི་ལོ1982ལོར་ཁེ་སི་ལན་གནའ་བོའི་ཨི་ཇྷིབ་ཊི་ཡི་རིག་གནས་འགྲེམས་སྟོན་ཁང་ཞིག་ཏུ་ལྟ་སྐོར་ལ་སོང་། མོ་ནི་གནའ་བོའི་རིག་དངོས་དང་གནའ་ཤུལ་སོགས་ལ་དགའ་པོ་ཧ་ཅང་ཆེ་ཡང་རིག་གནས་ཅན་ཞིག་མིན་པ་མ་ཟད། ལོ་རྒྱུས་ཀྱི་སྐོར་དེ་བས་མཚར་སྣང་ཙམ་ལས་ཞིབ་འཇུག་དང་ཤེས་བྱ་ལྡན་པ་ཞིག་མིན། འོན་ཀྱང་། དངོས་སུ་འགྲེམས་སྟོན་ཁང་ལ་བསླེབས་པ་ན་“དངོས་པོ་དེ་དག་གིས་མོ་ལ་རྒྱུས་མངའ་ཡོད་པའི་སྣང་བ་ཞིག་འགོག་མེད་དུ་སྟེར་བར་བྱས། སྣེ་ཤན་པས་གཤོམ་སྟོན་བྱས་ཡོད་པའི་རིག་དངོས་དེ་དག་ངོ་སྤྲོད་བྱེད་པར་རྩོམ་པ་ན། མོས་རང་ཉིད་ཀྱིས་དེ་ལ་ནོར་བཅོས་བྱེད་ཐུབ་པའི་སྣང་བ་ཞིག་ཤར་”61ཞིང་དེ་བཞིན་འགྲེལ་བཤད་བྱས་པ་ན། མོས་བཤད་པ་རྣམས་ལོ་རྒྱུས་དངོས་དང་མཐུན་པས་སྣེ་ཤན་པ་ཧ་ལས་སུ་བཅུག་སྐད། གནས་ཚུལ་འདི་ཧ་ཅང་ངོ་མཚར་སྐྱེ་དགོས་པ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྒྲུང་པས་ཕབ་པའི་གླིང་སྒྲུང་ཁ་ཤས་ནི། བོད་ཀྱི་གནའ་བོའི་ལོ་རྒྱུས་ཀྱི་མེ་ལོང་ཡིན་པའི་ལྟ་ཚུལ་འཛིན་མཁན་མཁས་པ་མང་པོ་བྱུང་འདུག་པའང་ཁོང་ཚོ་ལ་བདེན་པའི་དཔང་པོ་ཞིག་བྱས་ཡོད། དེ་བཞིན་བོན་ལུགས་ཀྱི་སྙན་རྒྱུད་《མདོ་དྲི་མེད་གཟི་བརྗིད་》ལྟ་བུ་སྟོན་པའི་མཛད་རྣམ་གཞན་དང་མཐུན་པ་ཇི་བཞིན། ལོ་རྒྱུས་དངོས་ཡིན་ཆོག་པའི་སྤོབས་པ་ཞིག་ཀྱང་སྤྲད་ཡོང་བ་ཡིན་ལ། 《རྫོགས་ཆེན་ལྟ་བ་ཐོག་འབེབ་》ལྟ་བུ་རིག་པའི་གཞུང་ལུགས་ཀྱི་དཔེ་ཆ་དག་ཀྱང་སྙན་རྒྱུད་ཡིན་པས་ཡིད་རྟོན་མེད་ཅེས་གཡུག་རྐྱང་བྱེད་མི་ཕོད་པར་བཟོས་ཡོད།
མདོར་ན་སྙན་རྒྱུད་བླ་མ་དང་གེ་སར་བབས་སྒྲུང་གཉིས་ཀྱི་བར་ལ་གུས་པས་ད་ཐེངས་སྔོན་འགྲོའི་གླེང་བརྗོད་ཙམ་དུ་དཔྱད་བསྡུར་བྱས་པ་ཡིན་ཡང་། ད་དུང་ཕྱོགས་མང་པོ་ནས་གཤིབ་བསྡུར་དང་དཔྱད་ཞིབ་བྱ་རྒྱུ་ཤིན་ཏུ་མང་བས། རྒྱ་ཆེའི་ཞིབ་འཇུག་པ་རྣམ་པས་དོ་སྣང་བྱུང་ན་རིན་ཐང་ཆེ་ཨང་སྙམ་པ་དང་བཅས་རེ་ཞིག་མཇུག་བསྡུ་བར་བྱའོ། །
དཔྱད་མཆན།
1 《ནུབ་ཕྱོགས་པས་བོན་པོར་ཞིབ་འཇུག་བྱས་པའི་བྱ་གཞག་གི་འདས་མ་འོངས་ད་ལྟའི་སྐོར་གླེང་བ།》 [ཕེ་ཡར་ཀུ་ཝར་ནེ།](Per Kværne) དོན་འགྲུབ་ལྷ་རྒྱལ་གྱིས་བསྒྱུར། ༢༠༠༥ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༨)པ་ལས་གསལ།
2 《མདའ་དང་འཕང་།》 སྟོད་ཆ། མཁར་རྨེའུ་བསམ་གཏན་རྒྱལ་མཚན། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། ༢༠༡༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༣༧༢)ལས་གསལ།
3 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》 པོད་བདུན་པ། ༢༠༡༨ ཁྲི་བསོད་བསྟན་གྱིས་བསྒྲིགས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༢༥)ལས། “གླིང་གཤེན་མུ་ལ་ཐོགས་མེད་ཀྱི་སྙན་རྒྱུད་ལས་བྱུང་བ་གླིང་གཤེན་སྐལ་བཟང་དུ་གྲགས་པ་དུམ་པ་གཉིས་ཡོད།” ཅེས་གསལ།
4 《བོན་མཆོག་ནོར་བུ་འོད་འབར་བཞུགས་པ་ལེགས་སོ།།》 རྒྱལ་བའི་བཀའ། ལྡེབ་རིང་གི་ཤོག་ངོས་(༣༠༩)ལས། “ཕག་ལོའི་སྟོན་ཟླ་ར་བའི་ཚེས་བཟང་ལ། །རིག་འཛིན་སྟོང་རྒྱུང་མཐུ་ཆེན་གྱིས། །དུས་བབ་ཁོད་ཅིག་གསུངས་ནས་སྙན་དུ་བརྒྱུད། །གླིང་གཤེན་མུ་ལ་བློ་གྲོས་རྒྱལ་མཚན་ངས། །འགལ་འཁྲུལ་ལྷག་ཆད་སྐྱོན་མེད་གཏན་ལ་{ཕེབས།}[ཕབ།]” །ཅེས་གསལ།
5 《ཧོར་བ་དྲུང་རམས་པ་སྨྲ་དབང་བློ་གྲོས་བསྟན་འཛིན་རྒྱ་མཚོའི་གསུང་འབུམ་བཞུགས་སོ།།》 སྟོད་ཆ། ཧོར་བ་དྲུང་རམས་པས་བརྩམས། ༢༠༡༣ སི་ཁྲོན་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༣༨)ལས་གསལ།
6 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》 པོད་བདུན་པ། ༢༠༡༨ ཁྲི་བསོད་བསྟན་གྱིས་བསྒྲིགས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༨༣)ལས་གསལ།
7 《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་འཕྲེང་བ།》 བལ་ཡུལ་ཁྲི་བརྟན་ནོར་བུ་རྩེ། དེབ་གཟུགས་ཀྱི་ཤོག་ངོས་(༤༨༢)ལས། “བོན་ཞིག་ཁྱུང་ནག་གི་རྣམ་ཐར།” ཞེས་གསལ།
8 《བསྟན་རྩིས་རིས་མེད་དཔྱད་པ་དང་བཅས་པ་ཡིད་ཀྱི་མུན་སེལ་སྒྲོན་མེ།》 བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། ༢༠༡༣ ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༧༢)ལས་གསལ།
9 《བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང་།》 སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས། བླ་མ་བཀྲ་ཤིས་ཀྱིས་བསྒྱུར། ༢༠༡༨ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༡༧༧)ལས་གསལ།
10 འདིར་གླེང་བའི་《བོན་གྱི་བཀའ་འགྱུར་》ནི། ཀླུ་དགོན་མཆོག་སྤྲུལ་ཀུན་གསལ་སྙིང་པོ་མཆོག་གིས་གཙོ་སྒྲིག་མཛད་དེ་(༢༠༡༧)ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཅན་དེ་ཡིན།
11 གོང་མཚུངས་《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》 པོད་བདུན་པ། ཤོག་ངོས་(༢༢༢)ནས་(༢༦༧)བར་གསལ།
12 《གཤེན་རབ་བཀའ་འབུམ་ཆེན་པོའི་དཀར་ཆག་སོགས་བཞུགས།》 བདེ་ཆེན་གླིང་པ། ༢༠༡༨ ཞང་བོད་དཔེ་དཀོན་འཚོལ་སྡུད་ཕྱོགས་སྒྲིག་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༦༠)ནས(༣༠༦)བར་གསལ།
13 《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།》 པོད་བཞི་པ། ༢༠༠༥ ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༨༨)ནས་(༣༢༠)ལས་གསལ།
14 《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ།》 པོད་ཉིས་བརྒྱ་པ། ཡབ་གཞིས་དགེ་བཤེས་ཤེས་རབ་མཐར་ཕྱིན་གྱིས་བསྒྲིགས། ༢༠༡༧ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
15 《བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་དཀར་ཆག་རྒྱས་པ།》 ༢༠༡༦ ཁྱུང་པོ་སྟེང་ཆེན་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་།
16 འདིར་ངེས་དགོས་པ་ཞིག་ནི། གོང་དུ་དྲངས་པའི་བདེ་ཆེན་གླིང་པ་ལྟ་བུ་བླ་མ་ཁག་གཅིག་ལ་དགོངས་གཏེར་ཞེས་འབོད་ཀྱང་། དོན་ལ་དགོངས་གཏེར་ཞེས་པ་སྙན་རྒྱུད་ལྟ་བུ་དགོངས་པ་དང་ཉམས་སྣང་དུ་ཤར་བ་མ་གཏོགས། བལ་པོའི་ཨ་ཙ་ར་མི་གསུམ་དང་གཤེན་ཆེན་ཀླུ་དགའི་གཏེར་མ་ལྟ་བུའི་གཏེར་དཔེ་མིན།
17 གོང་དུ་དངོས་སུ་མིང་བཀོད་པའི་སྙན་རྒྱུད་བླ་མ་ཁག་གི་སྐོར་《བོན་ལུགས་ཀྱི་སྙན་རྒྱུད་བླ་མ་»ཞེས་པའི་རྩོམ་ཡིག་ཅིག་ཟུར་དུ་བྲིས་ཡོད། འོན་ཀྱང་། རྩོམ་ཡི་དེ་ད་ལྟ་དངོས་པར་སྐྲུན་བྱང་མེད་མོད་རྩོམ་དེར་བོན་གྱི་སྙན་རྒྱུད་བླ་མ་རེ་རེ་ནས་ངོ་སྤྲོད་གང་འཚམས་ཤིག་བྱས་ཡོད་པས་རྗེས་སུ་གཟིགས་ཆོག་པར་འཚལ།
18 གོང་མཚུངས་《མདའ་དང་འཕང་།》 སྟོད་ཆ། ཤོག་ངོས་(༢༧༢)ལས། “ལར་གྱེར་མི་ཉི་འོད་ནི་སྙན་རྒྱུད་ཀྱི་དཔེ་ཆ་ཐོག་མར་ཡི་གེ་{ཕབ་}[འབེབ་]མཁན་དེ་ལགས་ནའང་། བློ་ལྡན་སྙིང་པོ་ནི་སྙན་རྒྱུད་ཀྱི་སྲོལ་རྒྱུན་དར་སྤེལ་གཏོང་མཁན་ཁྲོད་ཀྱི་གཙོ་བོའི་མི་སྣ་ཞིག་ཏུ་གྱུར་ཡོད།” ཅེས་གསལ།
19 གོང་མཚུངས་《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་འཕྲེང་བ།》 ཤོག་ངོས་(༡༧༥)ལས། “བླ་མ་གྱེར་མི་ཉི་འོད་དང་རྨ་སྟོན་མཇལ་རབས་བཞུགས།” ཞེས་གསལ།
20 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》 པོད་བདུན་པ། ༢༠༡༨ ཁྲི་བསོད་བསྟན་གྱིས་བསྒྲིགས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༨༢)ལས། “ཟླས་༡སྦྱང་ཆུ་སྤྲེལ་ས་ཆེན་བལྟམས། །ལོ་དེར་རྨ་སྟོན་སྲོལ་འཛིན་འཁྲུངས། །(༨༦༩) (སྤྱི་ལོ་༡༠༩༢)”ཞེས་གསལ།
21《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པ་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན་རབ་གསལ་ཆུ་ཤེལ་ནོར་བུའི་དོ་ཤལ།》 དཔལ་ལྡན་ཚུལ་ཁྲིམས། ༢༠༡༡ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༥༤)ལས། “ཁྱུང་པོ་གྱེར་ཟླ་མེད་ཀྱི་སྲས་སུའང་བཞེད། །གཏེར་བཞེས་སྤྱིར་ནི་དེ་ཉིད་རྣམ་ཐར་ལས། །དགུང་ལོ་ཉི་ཤུ་རྩ་གཉིས་ལོངས་པའི་དུས། །བྱ་རྒོད་གསང་བ་གཏེར་གྱི་ཞལ་ཡང་ཕྱེས། །ཞེས་སོགས་ལོ་རྒྱུས་མང་ཞིང་བྱེ་བྲག་འདིར། །བརྒྱུད་པའི་བོན་ལ་སྙན་བརྒྱུད་གཏེར་བྱུང་གཉིས། །དང་པོ་ཨ་གསལ་ཉམས་ལེན་ལྔ་སྐོར་དང་། །མན་ངག་ཚིག་བཞི་ལྡེ་མིག་དགུ་སྐོར་དང་། །ཨ་གསལ་ཕྲིན་ལས་བཅས་པ་དྲན་པ་ཡིས། །སྙན་དུ་བརྒྱུད་ཅིང་”ཞེས་གསལ།
22 གོང་མཚུངས་《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་འཕྲེང་བ།》 ཡི་ནང་དུ་རྨ་སྟོན་མཇལ་རབས་སྐོར་ཤིན་ཏུ་རྒྱས་པ་ཡོད་པས་འདིར་ཡིག་ཚོགས་མ་སྤུངས་ཤིང་ཕྱིས་སུ་ཤར་རྫ་རིན་པོ་ཆེ་སོགས་ཀྱིས་རྣམ་ཐར་འདིར་འཁོད་པའི་གྱེར་མིའི་ཆ་བྱད་སྐོར་བསྒྱུར་བཅོས་ཁ་ཤས་བྱས་འདུག
23 《མཁས་དབང་བོན་བརྒྱ་རིན་པོ་ཆེའི་གསུང་རྩོམ་ཕྱོགས་བསྒྲིགས།》 བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ། ༢༠༡༤ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༦༨)ལས། “དཔལ་ཚུལ་བསྟན་འབྱུང་ལྟར་ན་རྨ་སྟོན་དགུང་ལོ་བཅུ་བདུན་དང་། ཉེར་ལྔ། ཉེར་དགུ། སུམ་ཅུམ་རྣམས་སུ་གྱེར་མི་དང་མཇལ་ནས་དེ་རྗེས་ས་བྱི་ལོར་གཏེར་བཞེས་པར་བཞེད། དེར་དཔྱད་ན་རིམ་བཞིན་མཇལ་ཐེངས་དང་པོར་གདམས་ངག་མང་པོ་གནང་། བར་དུ་སྙན་བརྒྱུད་སྐོར། ཐ་མར་གཏེར་འདོན་པའི་ལུང་བསྟན་གནང་རྗེས། ས་བྱི་ལོར་གཏེར་བླངས་སྐབས་རྨ་སྟོན་དགུང་ལོ་སུམ་ཅུ་ཡིན་ནམ་སྙམ་ལ་དེར་དཔྱད་པས་རྨ་སྟོན་འཁྲུངས་ལོ་ཡང་ཤེས་ཐུབ།”གསལ།
24 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》 པོད་བདུན་པ། ༢༠༡༨ ཁྲི་བསོད་བསྟན་གྱིས་བསྒྲིགས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༨༡)ལས། “རྣམ་རོལ་དམ་པ་དགོངས་མཛོད་འཁྲུངས། །(༩༢༣) (སྤྱི་ལོ་༡༠༣༨)”ཞེས་དང། ཤོག་ངོས་(༢༨༢)ལས། “དེ་ལ་མཚོས་༤སྦྱང་མེ་བྱི་ལོར། །རྨེའུ་སྟོན་དམ་པ་རི་ཁྲོད་གཤེགས། །(༨༦༥) (སྤྱི་ལོ་༡༠༩༦)
25 གོང་མཚུངས་《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》 པོད་དགུ་པ། ཤོག་ངོས་(༧༥)ལས། “འདི་ཙམ་ན་ཞང་ཞུང་ནས་སྦས་པའི་རྣལ་འབྱོར་རྒོད་ཀྱི་ཐུལ་པ་གསོལ་བ་ཞིག་བྱོན་པས། སེ་ཀར་སྟོན་པ་དང་། རྨ་སྟོན་སྲོལ་འཛིན་རྣམས་དང་མཇལ་ཏེ་མཚན་གྱེར་མི་ཉི་འོད་དུ་གསོལ། རིག་འཛིན་འདི་བས་རབ་བྱུང་གཉིས་པའི་ས་བྱི་ལོར་དང་ར་ཁྱུང་རྫོང་ནས་《རྩ་རྒྱུད་གསང་བ་བསེན་ཐུབ་》སོགས་ཟབ་གཏེར་མང་དུ་ཐོན་ཅིང་། 《ཨ་གསལ་ཉམས་ལེན་ལྔ་སྐོར་》སོགས་སྙན་རྒྱུད་ཀྱི་ཐོག་མ་འདི་ནས་བརྩིའོ།” །ཞེས་གསལ།
26 《ངག་སྒྲོས་དང་འབྲེལ་བའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་སྙིང་བསྡུས།》 ལུང་རྟོགས་བསྟན་པའི་རྒྱལ་མཚན། ༢༠༡༠ ཞང་བོད་མེས་པོའི་རྩོམ་སྒྲིག་ཁང་། དཔེ་གཟུགས་ཤོག་ངོས་(༦༩)ལས་གསལ།
27 གོང་མཚུངས་《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།》 པོད་བཞི་པ། ཤོག་ངོས་(༡༡༩)ལས་གསལ།
28 གོང་མཚུངས་《ངག་སྒྲོས་དང་འབྲེལ་བའི་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་སྙིང་བསྡུས།》 ཤོག་ངོས་(༧༡)ལས་གསལ།
29 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ།》 པོད་བདུན་པ། ༢༠༡༨ ཁྲི་བསོད་བསྟན་གྱིས་བསྒྲིགས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༨༣)ལས། “ལྟོ་འགྲོས་༨དམན་པའི་མེ་གླང་ལ། །མཚུངས་མེད་བསོད་ནམས་བློ་གྲོས་བལྟམས། །(༦༨༤) (སྤྱི་ལོ་༡༢༧༧)”ཞེས་དང་། ཡང་ཤོག་ངོས་(༢༨༤)ལས། “དེ་ལ་དབང་ཕྱུག་༡༡ཕྲིས་པ་ཡི། །ལྕགས་སྦྲུལ་མཚུངས་མེད་བསོད་བློ་གཤེགས། །(༦༢༠) (སྤྱི་ལོ་༡༣༤༥)”ཞེས་གསལ།
30 《སྒོ་བཞི་མཛོད་ལྔའི་ཡང་བཅུད།》 པོད། ༤༢ རྫིའུ་རིག་པ་རང་ཤར། ༢༠༡༤ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༡༦༥)ལས་གསལ།
31 《དབལ་འབར་སྟག་སླག་ཅན་གྱི་རྣམ་ཐར་དད་པའི་འཇུག་སྒོ།》 མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག ༢༠༡༩ རྩེ་དྲུག་སྒོམ་གྲྭ་ཀུན་བཟང་བདེ་ཆེན་འབར་བའི་གླིང། དེབ་གཟུགས་ཀྱི་ཤོག་ངོས་(༣)པ་ནས་(༤)པའི་བར་གསལ།
32 གོང་མཚུངས་《དབལ་འབར་སྟག་སླག་ཅན་གྱི་རྣམ་ཐར་དད་པའི་འཇུག་སྒོ།》 ཤོག་ངོས་(༢༩)ལས་གསལ།
33 《ཞང་བོད་རིག་གཞུང་གླེང་བའི་དཔྱད་རྩོམ་ཕྱོགས་བསྒྲིགས།》 ལུང་རྟོགས་བསྟན་པའི་རྒྱལ་མཚན། ཞང་བོད་མེས་པོའི་རྩོམ་སྒྲིག་ཁང་། དེབ་གཟུགས་ཤོག་ངོས་(༦༥)ལས་གསལ།
34 《འཁོར་འདས་གཉིས་ཀྱི་གྲོལ་འཁྲུལ་དགེ་སྡིག་འབྲས་བུའི་རྣམ་དབྱེ་མི་རྟག་འཆི་བ་དྲན་སྐུལ།》 གཤེན་སྤྲུལ་ཐུགས་རྗེ་ཉི་མ། ༢༠༠༨ གཡུང་དྲུང་དཔལ་རིའི་སྒྲུབ་གྲྭའི་འདུས་སྡེ། དེབ་གཟུགས་ཀྱི་ཤོག་ངོས་(༡༣)ནས་(༡༤)བར་གསལ།
35 《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད།》 ནོར་བུ་དབང་ལྡན། ༢༠༡༢ མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༣༣༠)ནས་(༣༣༢)བར་གསལ།
36 《གཅོད་པ་དོན་འགྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།》 གཅོད་པ་དོན་འགྲུབ། ༢༠༠༧ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༥༨)ནས་(༢༧༩)བར་གསལ།
37 《མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།》 པོད་བཅུ་པ། ༢༠༡༣ མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༡༨༨)ནས་གསལ།
38 《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག》 གཅོད་པ་དོན་འགྲུབ། ༢༠༡༣ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
39 གོང་མཚུངས་《གཅོད་པ་དོན་འགྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས།》 ཤོག་ངོས་(༣༠༣)ལས་གསལ།
40 《བོད་རིག་པའི་དཔྱད་རྩོམ་གཅེས་བཏུས།》 པ་ཚབ་པ་སངས་དབང་འདུས་དང་རྒྱང་ཚེ་ཕུན་གཉིས་ཀྱིས་བསྒྲིགས། ༢༠༠༥ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༡༢༣)ལས་གསལ།
41 གོང་མཚུངས་《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག》 ཤོག་ངོས་(༢༦༠)ལས་གསལ།
42 གོང་མཚུངས་《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག》 ཤོག་ངོས་(༢༧༨)ལས་གསལ།
43 གོང་མཚུངས་《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག》 ལས་གསལ།
44 གོང་མཚུངས་《མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་འབུམ།》 པོད་ཅ་པ། ཤོག་ངོས་(༡༨༧)ལས་གསལ།
45 གོང་མཚུངས་《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག》 ཤོག་ངོས་(༢༩༠)ལས་གསལ།
46 《གསར་སྐྱེས་སྒྲུང་པ་སྲི་ཤར་རྡོ་རྗེའི་དངོས་གནས་འཚོལ་ཞིབ།》 སྦྲུལ་ལྕེ་ལྷ་བསྟན། 《བོད་ལྗོངས་ཞིབ་འཇུག》 ༢༠༡༠ འདོན་ཐེངས་གསུམ་པ། དེབ་གཟུགས་ཀྱི་ཤོག་ངོས་(༡༢༢)ལས་གསལ།
47 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།》 པོད་དང་པོ། དགུ་འདུན་ཆོས་འཕེལ་གྱིས་བརྩམས། ༢༠༡༡ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༦༩)ལས་། “རང་རེའི་སྒྲུང་ཡིག་ཆེན་པོ་ལ་བལྟས་ན་གེ་སར་འདི་འདྲ་ཞིག་ཡིན་ནོ་ཞེས་ཐག་ཆོད་མི་ནུས་སུ་ཆུག་ཀྱང་། རྩོམ་པ་པོ་ཁམས་དང་། ཨ་མདོའི་འབྲོག་པ་དེ་ཚོའི་སྐད་ལུགས་འདི་འདྲ་རེད། སྤྱོད་ལམ་དང་། བཟང་བཏུང་འདི་འདྲ་རེད། བསམ་བློ་འདི་འདྲ་རེད་སོགས་ལེགས་པར་གོ་ནུས་པ་ཡིན་ནོ།།”ཞེས་གསལ།
48 《མདའ་དང་འཕང་།》 སྨད་ཆ། མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། ༢༠༡༠ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༤༠༦)ལས་གསལ།
49 གོང་མཚུངས་ 《མདའ་དང་འཕང་།》 སྨད་ཆ། ཤོག་ངོས་(༤༣༠)ལས་གསལ།
50 《དགག་ལན་ངེས་དོན་འབྲུག་སྒྲ།》 སོག་ཟློག་པ་བློ་གྲོས་རྒྱལ་མཚན། ༡༩༩༨ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༣༤༦)ལས་གསལ།
51 《བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས།》 དགེ་བཤེས་དྲང་སྲོང་རྣམ་རྒྱལ་གྱིས་བསྒྲིགས། ༢༠༠༩ བལ་ཡུལ་ནས་དཔར་དུ་བསྐྲུན། དེབ་གཟུགས་ཀྱི་ཤོག་ངོས་(༥༤)ལས་གསལ།
52 གོང་མཚུངས་《བོན་བསྟན་རིག་གནས་སྐོར་གྱི་དཔྱད་བརྗོད་ཁྱུང་རུའི་འོད་སྣང་།》 ཤོག་ངོས་(༡༢༢)ལས་གསལ།
53 གོང་མཚུངས་《མདའ་དང་འཕང་།》 སྨད་ཆ། ཤོག་ངོས་(༤༠༦)ལས་གསལ།
54 གེ་སར་ཞེས་པའི་ཐ་སྙད་འདི་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གྷི་རིག་ནས་མཆེད་པར་འདོད་ཀྱང་། བོད་རིག་པ་ཁག་གཅིག་གིས་འདི་ནི་ཞང་སྐད་ཡིན་པ་དང་། བོན་གྱི་ཡི་དམ་གེ་ཁོད་དང་འབྲེལ་ཚུལ་སོགས་དཔྱད་བརྗོད་གནང་མཁན་འདུག་པར་མ་ཟད། གེ་སར་སྒྲུང་གི་སྒྲིག་གཞི་ཆ་ཚང་ལ་གནའ་བོའི་ཞང་བོད་ཀྱི་ཡུལ་སྲོལ་དང་རྒྱལ་རབས་བཅས་ལ་འབྲེལ་བ་ཡོད་ཚུལ་དཔྱད་བརྗོད་བྱས་པའི་ཆེད་དེབ་ཀྱང་ཐོན་བཞིན་འདུག གུས་པས་འདི་ཚོའི་སྐོར་དོ་སྣང་ཅུང་ཙམ་བྱུང་བས་མ་འོངས་པར་དཔྱད་རྩོམ་རེ་འབྲི་ཐུབ་པའི་སེམས་ཤུགས་ཡོད།
55 གོང་མཚུངས་《གངས་ལྗོངས་མཁས་དབང་རིམ་བྱོན་གྱི་གླིང་སྒྲུང་སྐོར་གྱི་གསུང་སྒྲོས་སྣ་ཚོགས་དང་དེའི་དཔྱད་པ་དྭངས་གསལ་ཤེལ་གྱི་མེ་ལོང་།》 ཤོག་ངོས་(༡༤༠)ལས་གསལ།
56 《ཆོས་ལུགས་རིག་པའི་མདོ་དོན།》 ལེའུ་ཏ་ཅིས། རྟ་མགྲིན་འབྲུག་གྲགས་དང་རྣམ་རྒྱལ་སྒྲོལ་དཀར་གཉིས་ཀྱིས་བསྒྱུར། ༢༠༡༥ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༢༥༥)ལས་གསལ།
57 གོང་མཚུངས་《ཆོས་ལུགས་རིག་པའི་མདོ་དོན།》 ཤོག་ངོས་(༦༩)ནས་(༧༠)བར་གསལ།
58 《ཀླད་པ་ལས་འདས་པ་དང་ཤི་བའི་རྗེས་ཀྱི་གནད་དོན།》 ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་། ༢༠༡༠ (Norbu Graphics, New Delhi) དེབ་གཟུགས་ཀྱི་ཤོག་ངོས་(༤༧)ལས་གསལ།
59 《སྐྱེ་བ་སྔ་ཕྱི།》 {པུ་ལེན་ཝེ་སི་}[བྷི་ར་ཡིན་ཝེ་ཨའི་སི་]ཡིས་བརྩམས། འཇམ་དབྱངས་བློ་གྲོས་ཀྱིས་བསྒྱུར། ༢༠༡༨ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
60 《བོད་རིག་པའི་དཔྱད་རྩོམ་མཁའ་ལྡིང་གཤོག་ཟུང་།》 དགེ་བཤེས་དྲང་སྲོང་རྣམ་རྒྱལ། ༢༠༠༩ བལ་ཡུལ་ནས་དཔར་དུ་བསྐྲུན། དེབ་གཟུགས་ཀྱི་ཤོག་ངོས་(༢༡༤)ནས་(༢༡༥)བར་གསལ།
61 གོང་མཚུངས་《སྐྱེ་བ་སྔ་ཕྱི།》 ཤོག་ངོས་(༡༠)ལས་གསལ།
