རྗེ་ཙོང་ཁ་པ་དང་རྗེ་མཉམ་མེད་གཉིས་གཤིབ་བསྡུར་གྱིས་བན་བོན་གྲུབ་མཐའ་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་བ།
[ཟླ་ཚེས། 2025-03-07 17:17:34][རྩོམ་པ་པོ། ནོར་བུ་ཚེ་རིང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
རྗེ་ཙོང་ཁ་པ་དང་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གཉིས་གཤིབ་བསྡུར་གྱིས་ཁོང་གཉིས་ཀྱིས་བན་བོན་གྲུབ་མཐའ་ལ་ཐེབས་པའི་ཤུགས་རྐྱེན་སྐོར་རགས་ཙམ་གླེང་བ།
གནད་བཏུས། དཔྱད་རྩོམ་འདིའི་ནང་དུས་རབས་གཅིག་ནང་བྱོན་པའི་རྗེ་ཙོང་ཁ་པ་དང་གཡུང་དྲུང་བོན་གྱི་རྗེ་མཉམ་མེད་གཉིས་ཀྱི་མཛད་པ་ཕྲིན་ལས་དང་ཤུགས་རྐྱེན། དམ་པ་ཁོང་གཉིས་ཞལ་མཇལ་བའི་གཏམ་དང་རྣམ་ཐར་ཡིག་ཆ་སྐོར་རྣམས་རགས་ཙམ་བསྡུར་ནས་གླེང་ཡོད་པ་དང་། དེ་དང་ཆབས་ཅིག་དེ་ལྟར་བསྡུར་བ་ལས་ཐོབ་པའི་བློ་སྐྱེད་གང་བྱུང་བའི་གཏམ་ཡང་རགས་ཙམ་བརྗོད་ཡོད།
གནད་ཚིག རྗེ་ཙོང་ཁ་པ། རྗེ་མཉམ་མེད། བསྡུར་བ། ཤུགས་རྐྱེན།
འདིར་རྗེ་ཙོང་ཁ་བ་ཆེན་པོ་ཁོང་ནི་བོད་གངས་ཅན་ལ་གྲགས་པའི་འཇམ་དབྱངས་རྣམ་གསུམ་གྱི་གྲས་ཤིག་དང་། དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་མཁན་དང་བསྟན་པའི་བདག་ཉིད་ཆེན་པོ་ཡིན་པ་ཀུན་ལ་གསལ་ཆ་ཡོད་ནའང་། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་གྲུབ་མཐའི་དབང་གིས་མི་ཕལ་མོ་ཆེས་མཁྱེན་གསལ་དེ་འདྲ་མེད་ནའང་ཁ་གསལ་དུ་བརྗོད་ན་རྗེ་མཉམ་མེད་ཁོང་ནི་གྲུབ་མཐའ་བོན་དང་། ཁོང་གིས་གཡུང་དྲུང་བོན་ལས་ཟིན་པའི་གོ་གནས་ནི་ཏག་ཏག་རྗེ་ཙོང་ཁ་བས་དགེ་ལུགས་པའི་གྲུབ་མཐའི་ནང་ཟིན་པ་དང་འདྲ་མཚུངས་ཡིན་ཏེ་དམ་པ་ཁོང་གཉིས་ནི་འཆད་རྩོད་རྩོམ་གསུམ་གྱི་ཐད་ནས་མཁས་པའི་རྩེར་སོན་ཡོད་པ་མ་ཟད། རང་རྒྱུད་ལ་ཐོས་བསམ་སྒོམ་གྱིས་གོ་ཆ་བགོས་ཏེ་རང་རང་གི་གྲུབ་མཐའ་ལ་དག་ཐེར་དང་སྒྲིག་འཛུགས། བཅོས་སྒྱུར་བཅས་བྱས་ཏེ་བསྟན་པ་ལ་བྱས་རྗེས་བླ་ལྷག་གནང་བ་ལ་བརྟེན་ནས་དགེ་ལུགས་པ་དང་བོན་གྱི་གྲུབ་མཐའི་ནང་ཡོངས་ཁྱབ་ཏུ”རྗེ་རིན་པོ་ཆེའམ་རྒྱལ་བ་གཉིས་པ”ཞེས་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་རེད། སྤྱིར་སྐྱེས་ཆེན་དམ་པ་གང་དང་གང་ཞིག་ཡིན་ཀྱང་དེ་ལ་དཔྱད་འཇོག་བྱེད་ན་བློ་གཟུ་བོས་དམ་པ་དེའི་མི་ཚེ་རིན་ཐང་དང་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས་སོགས་ལ་དམིགས་པ་ལས་དེའི་སྐྱེ་ཁུངས་དང་རིགས་རིས་ཆོ་འབྲང་། གྲུབ་མཐའ་ཆེ་ཆུང་། ཐ་ན་སྐྱེས་གཟུགས་ལེགས་མིན་སོགས་ལ་བལྟ་བ་ནི་ཐོས་དམན་དག་གི་ལས་ཁོ་ནའོ། །དེས་ན་དེང་སང་རིག་པ་སྨྲ་བ་གང་མང་ཞིག་གིས་བསྡུར་ཐབས་ཀྱི་རིག་པ་གསར་བ་འདི་ལ་བརྟེན་ནས་ཞིབ་འཇུག་བྱ་གཞི་གང་དེ་གསལ་སྒྲུབ་བྱེད་པ་ལགས་ན། འདིར་ང་ཚོས་ཀྱང་རྗེ་ཙོང་ཁ་པ་ཆེན་པོ་ནི་སྤྱིར་བོད་གངས་ཅན་གྱི་རིག་པའི་དཔའ་བོ་ཞིག་ཡིན་པའི་ཆ་ནས་ཁ་བ་རི་བོའི་གྲུབ་མཐའ་རིས་མེད་ནང་བཞག་ནས་གླེང་ན་ཕྱོགས་ཞེན་གྱི་རྒྱ་དམ་པོ་དེ་གཏོར་ཐུབ་པ་མ་ཟད། ཁྱད་པར་དུ་རྒྱལ་ཁབ་ཕྱི་ནང་གི་མིང་གྲགས་ཆེ་བའི་བསམ་བློ་པ་དང་སློབ་གསོ་པ། ཆོས་ལུགས་བཅོས་སྒྱུར་པ་དག་དང་བསྡུར་ནས་དཔྱད་འཇོག་བྱས་ན་རྗེ་གང་དེའི་མཛད་བཟང་དང་ཁོང་གིས་བོད་སྤྱི་ཚོགས་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་བླ་ན་མེད་པ་དེ་ལྷག་པར་ཡང་གསལ་ལྷང་ངེ་ཡོང་བ་ལ་དགོས་པ་ཆེན་པོ་ལྡན་པས། འདིར་དམིགས་ཡུལ་དེའི་ཁོ་ནས་རྗེ་འདི་གཉིས་ཀྱི་མཛད་པ་ཕྲིན་ལས་རགས་ཙམ་ཞིག་བསྡུར་ཁུལ་གྱིས་བཀའ་དྲིན་རྗེས་སུ་དྲན་ན།
གཅིག རྗེ་རྣམ་གཉིས་ཀྱི་མཛད་ཕྲིན་སྐོར།
༡.སྐུ་འཁྲུངས་འདས་ཀྱི་ཚུལ།
དེ་ཡང་རྗེ་ཙོང་ཁ་བ་ནི་མདོ་སྨད་ཤར་ཙོང་ཁའི་ཡུལ་ཏེ་དེང་སང་མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་ཟི་ལང་གི་ཁོངས་གཏོགས་སྐུ་འབུམ་དགོན་པ་ཆགས་ཡུལ་དུ་རབ་བྱུང་དྲུག་པའི་མེ་བྱ(༡༣༥༧)ལོར་རིགས་རུས་ཕུན་སུམ་ཚོགས་པའི་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་བཟའ་ཨ་ཆོས་ཀྱི་སྲས་སུ་སྐུ་འཁྲུངས། རྗེ་མཉམ་མེད་པ་ནི་ཤར་རྒྱལ་མོ་རོང་གི་རྒྱལ་མོ་རྔུལ་ཆུའི་འགྲམ་ཆུ་ཆེན་རྫོང་གི་མངའ་ཁོངས་གཡུང་དྲུང་ལྷ་སྟེང་དགོན་དང་མི་རིང་བའི་གནས་མཆོག་སྟེགས་ལྕོག་གམ་སྟེགས་མཆོག་ཏུ་མེ་ཕོ་སྤྲེལ་(༡༣༥༦)གྱི་ལོར་ཡབ་རྒྱུ་བོན་བཞི་ལ་མཁས་པ་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་རྣམ་གཉིས་ཀྱི་འཁྲུངས་ཡུལ་ལའང་མཐུན་སྣང་གི་ཆ་འདི་ལྟར་མཆིས་ཏེ། གཅིག་ནི་ཧོང་ཀྲུང་རྫོང་གི་སྐུ་འབུམ་དང་ཆུ་ཆེན་རྫོང་གི་སྟེགས་མཆོག་གི་ཡུལ་ཏེ་གང་ཡིན་ཀྱང་སྐབས་དེར་བོད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་དབུས་གཙང་ཡུལ་དང་ཤིན་ཏུ་ཁ་ཐག་རིང་བའི་ཡུལ་མདོ་ཁམས་སྨད་དུ་གཏོགས་པས། དམ་པ་ཁོང་གཉིས་རྗེས་སུ་མདོ་ཁམས་སྨད་དང་ཁ་བྲལ་ནས་དབུས་གཙང་དུ་ཕེབས་ནས་སློབ་སྦྱོང་གནང་བ་མ་ཟད། གནས་དེ་ནས་དགོན་པ་བཏབ་ཅིང་སློབ་མ་བསྐྱངས་ཏེ་འགྲོ་དོན་མཐར་ཕྱིན་མཛད་པ་རེད། གཉིས་ནི་ཡུལ་དེ་གཉིས་གང་ཡིན་ཀྱང་དངོས་སུ་གནས་དེར་སོང་ནས་བལྟས་ཚེ། གནས་ཉམས་དགའ་ཞིང་སྲོལ་རྒྱུན་ས་དཔྱད་ཕྱོགས་ནས་བརྟག་པ་ཡིན་ནའང་། རྗེ་ཙོང་ཁ་བའི་འཁྲུངས་ཡུལ་སྐུ་འབུམ་དགོན་ཆགས་ཡུལ་དེར་ཀུན་གྱིས་མཁྱེན་གསལ་ལྟར་གནམ་འཁོར་ལོ་རྩིབས་བརྒྱད་དང་ས་པདྨ་འདབ་བརྒྱད་ཀྱི་དབྱིབས་སུ་མཆིས་ཤིང་། དེ་བཞིན་སྟེགས་མཆོག་གི་ཡུལ་དེ་ཡང་ནགས་ཚལ་ལྗོན་ཤིང་གིས་སྟུག་ཅིང་ཆུ་བོ་ཆལ་ཆིལ་དུ་འབབ་པ། མདུན་རི་བྱ་རྒྱལ་ཁྱུང་ཆེན་གྱི་དབྱིབས་དང་རྒྱབ་རི་གླང་ཆེན་གྱི་དབྱིབས་སུ་འདུག་པ་སོགས་ཧ་ཅང་ཉམས་སྐྱིད་པ་ཞིག་འདུག གསུམ་ནི་དམ་པ་ཁོང་གཉིས་ཀྱི་ཁྱིམ་གྱི་རིགས་རུས་བཟང་ཞིང་ཡབ་ཡུམ་གཉིས་བློ་གྲོས་དང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཤ་སྟག་ཡིན། དེ་ལས་མཉམ་མེད་པའི་ཡབ་ནི་དབྲ་རིགས་ཀྱི་གདུང་ལ་འཁྲུངས་ཤིང་རྒྱུ་བོན་བཞི་ལ་མཁས་པས་མཉམ་མེད་པས་ཡི་གེ་འབྲི་ཀློག་དང་རྒྱུ་བོན་བཞི་ལ་ཡང་ཡབ་ཀྱི་སྐུ་མདུན་ནས་སྦྱང་བརྩོན་གནང་བ་ཡིན།
དམ་པ་གཉིས་སྐུ་གཤེགས་ཚུལ་ཡང་། རྗེ་ཙོང་ཁ་བ་ནི་དགུང་ལོ་དྲུག་ཅུ་རེ་གསུམ་པ་རབ་བྱུང་བདུན་པའི་ས་ཕག(༡༤༡༩)ཟླ་བཅུ་བའི་ཚེས་ཉི་ཤུ་ལྔ་ཉིན་སྔ་དྲོར་གཟིམ་ཁང་འོད་གསལ་སྦུག་ཏུ་སྐུ་གཤེགས། དེའི་ཕྱི་ལོའི་ཉི་མ་དེར་དགའ་ལྡན་དུ་ཙོང་ཁ་པ་ཆེན་པོའི་འདས་མཆོད་རྒྱ་ཆེར་མཛད། དེ་ནས་བཟུང་གླིང་མི་སྤར་ཞིང་དགའ་ལྡན་ལྔ་མཆོད་ཆེ་མོར་གྲགས་པའི་སྲོལ་དར་ཞིང་ལོ་ལྟར་བོད་ཟླ་བཅུ་བའི་ཚེས་ཉེར་ལྔའི་དགོང་མོ་ཁང་བའི་ཕྱི་ནང་ཀུན་ཏུ་མཆོད་མེ་མང་པོ་འབུལ་སྲོལ་དེ་དར།
རྗེ་མཉམ་མེད་པ་ནི་དགུང་ལོ་དྲུག་ཅུ་པ་རབ་བྱུང་བདུན་པའི་ཤིང་ལུག(༡༤༡༥)ལོའི་དབྱར་ཟླ་ཐ་ཆུང་གི་ཚེས་བརྒྱད་ཀྱི་ཉི་ཤར་དུས་སྐུ་གཤེགས། དེ་ནས་ཧོར་ཟླ་དང་པོའི་ཚེས་བརྒྱད་ལ་གདུང་སྲེག་བྱས། དེར་བྱ་རྒྱལ་རྒོད་ཅིག་འཕུར་ནས་མཁའ་ལ་ལན་གསུམ་ལྡིང་བསྐོར་བྱས་པ་ལ། ཐུགས་སྲས་རྣམ་གཉིས་ལ་སོགས་པའི་སྐྱེས་མཆོག་འགར་མཉམ་མེད་པ་དངོས་སུ་གཟིགས་ནས་གསོལ་བ་བཏབ་པས། ལོ་རེའི་ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་ཉིན་བྱ་རྒྱལ་རྒོད་དུ་སྤྲུལ་ནས་བོད་ཡུལ་དུ་ཐེངས་གཅིག་འབྱོན་པར་ཞལ་བཞེས་གནང་བར་གྲགས། དེ་ནས་བཟུང་མདོ་དབུས་ཁམས་གསུམ་གྱི་བོན་དགོན་ཁག་ཀུན་ནས་ལོ་རེའི་ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་ཉིན་མཆོད་པ་དང་སྨོན་ལམ་རྒྱ་ཆེར་གསུངས་པ་དང་ཆབས་ཅིག་ནམ་མཁར་བྱ་རྒྱལ་རྒོད་འཕུར་ཡོང་བར་གཟིགས་པའི་སྲོལ་དར། མདོར་ན་རྗེ་ཙོང་ཁ་པ་ནི་མཉམ་མེད་པ་ལས་དགུང་ལོ་གཅིག་གི་ཆེ་བ་དང་། མཉམ་མེད་པ་ལས་ལོ་གསུམ་ལ་མང་དུ་བཞུགས་པ་རེད། ཁོང་གཉིས་ཀྱི་གཤེགས་ཡུལ་ཡང་དབུས་གཙང་ཡུལ་གྱི་དགའ་ལྡན་དགོན་པ་དང་སྨན་རིའི་དགོན་པ་ཡིན།
༢.དབུས་གཙང་ཡུལ་དུ་མཛད་པ་ཕྲིན་ལས་བསྐྱངས་ཚུལ།
དམ་པ་ཁོང་གཉིས་དབུས་གཙང་དུ་འབྱོར་བ་ཉིད་ནས་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ། བསྟན་པའི་དོན་དུ་དགོན་བཏབ་རྟེན་བཞེངས་གནང་ཚུལ་སོགས་ཀྱང་མདོར་བསྡུས་ཤིག་སྨྲས་པ་ལ། རྗེ་ཙོང་ཁ་པ་ནི་དགུང་ལོ་བཅུ་དྲུག་ཐོག་དབུས་གཙང་དུ་འབྱོར་བ་ཉིད་ནས་བཤེས་གཉེན་མང་པོ་བསྟེན་ནས་སྨན་དཔྱད་དང་ཕར་ཕྱིན་སོགས་ལ་སྦྱང་བ་མཛད་ཅིང་དགུང་ལོ་བཅུ་དགུའི་ཐོག་གསང་ཕུ་དང་བདེ་བ་ཅན་སོགས་སུ་གྲྭ་སྐོར་ལ་བྱོན། ཁྱད་པར་དུ་རྗེ་བཙུན་རེད་མདའ་བ་སོགས་ལས་མཛོད་དང་། དབུ་མ། ཚད་མ། མངོན་པ་ཀུན་བཏུས། འདུལ་བ། རྗེ་བཙུན་འཇམ་དབྱངས་ལས་དབུ་མ་དང་སྔགས་སོགས་ལ་གསན་པ་སྟེ། བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན་ནས་མདོ་སྔགས་གཞུང་ལུགས་སྙན་ངག་རིག་གནས་དང་བཅས་པར་ཐོས་བསམ་སྒོམ་གསུམ་མཛད། དེ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་བསགས་སྦྱང་དང་སྒྲུབ་པ་གཙོ་བོར་མཛད། སྐབས་ཤིག་འོལ་དགའ་རྫིང་ཕྱིའི་བྱམས་པའི་སྐུ་ཤིན་ཏུ་འོ་བརྒྱལ་བར་གཟིགས་ནས་རྟེན་དང་བརྟེན་པ་བཅས་ལ་ཞིག་གསོ་མཛད་པ་དང་། དེ་ལྟར་དུ་རྗེས་སུ་ལྷ་ལྡན་གཙུག་ལག་ཁང་དང་། གཙུག་ལག་ཁང་གི་ཁྱམས་ར་དང་ལྡེབས་བྲིས་སོགས་ཕྱི་ནང་རྟེན་དང་བརྟེན་པར་ཉམས་གསོ་གནང་ཞིང་། ཇོ་ཤཱཀ་རྣམ་གཉིས་ལ་རྒྱ་གར་རྡོ་རྗེ་གདན་དུ་དབུ་རྒྱན་བསྒྲོན་ཡོད་པ་དང་མཐུན་པར་རིན་པོ་ཆེའི་དབུ་རྒྱན་གསོལ། གཞན་ཡང་གཉལ་གྱི་གསེར་ཕྱེ་འབུམ་པར་མཆོད་འབུལ་གནང་བ་སོགས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསགས། ལྕགས་སྟག(༡༤༡༠)ལོའི་ཟླ་གཉིས་ཚེས་ལྔ་ལ་དགའ་ལྡན་དགོན་པའི་གཙུག་ལག་ཁང་སྟེ་འདུ་ཁང་སོགས་ལེགས་པར་གྲུབ་ནས་རབ་གནས་མཛད།
རྗེ་མཉམ་མེད་པ་ཡང་སྐུ་ན་ཆུང་དུས་ནས་ཡབ་ཀྱི་མདུན་ནས་མོ་རྩིས་གཏོ་དང་སྨན་དཔྱད་སོགས་རྒྱུ་ཡི་བོན་ལ་སྦྱང་བ་མཛད། དེ་ནས་ལོ་ན་ཅུང་ཙམ་རྒྱས་ནས་མཚན་ལྡན་གཡུང་དྲུང་རྒྱལ་མཚན་སོགས་དང་ལྷོ་སྟོད་དུ་མཁས་པ་ཚུལ་ཁྲིམས་ཡེ་ཤེས་སོགས་བསྟེན་ཏེ་དབང་ལུང་མང་པོ་ཐོབ། ཁྱད་པར་དུ་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་ཕྱག་ཕྱིར་ལོ་དུ་མར་འབྲངས་ཏེ་ཕར་ཕྱིན་དང་། འདུལ་བ། དབུ་མ་སོགས་ཕྱི་ནང་གསང་གསུམ་གྱི་བོན་དང་དབང་ལུང་ཁྲིད་རྣམས་ཐོབ་སྟེ་རབ་འབྱམས་ཆེན་པོའི་མཚན་རྟགས་ཐོབ། དེ་ནས་མདོ་ཁམས་སྟོད་སྨད་ལྷོ་བྱང་གི་དགོན་པ་དང་རི་ཁྲོད་རྣམས་སུ་ཉམས་ལེན་མཛད། དགུང་ལོ་སོ་གཅིག་སྟེང་དབུས་གཙང་གི་གཡས་རུ་དབེན་ས་ཁར་སྒྲིག་ཞུགས་གནང་ནས་སྡེ་སྣོད་ཕྱི་ནང་ཀུན་ལ་མཁས་པར་སྦྱངས། བོན་རང་ལུགས་ཁོ་ན་སྦྱངས་པ་དེ་ཙམ་གྱིས་ཐུགས་མ་ཚིམ་པར་དབུས་ཀྱི་ན་ལེན་ཏྲར་བྱོན་ནས་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ་ཕར་ཕྱིན་དང་། མངོན་པ། དབུ་ཚད་སོགས་ལ་སྦྱངས་ཏེ་སྒྲོ་འདོགས་བཅད། དེ་ནས་གསང་ཕུ་ལ་བྱོན་ནས་རྩོད་གྲྭར་ཞུགས་ནས་དམ་བཅའ་མཛད་པས་གྲྭ་སྐོར་མཚན་ཉིད་རབ་འབྱམས་པའི་མཚན་བཏགས་བཞེས། རྗེས་སུ་གཡས་རུ་དབེན་ས་ཁ་འབྱུང་བའི་གནོད་སྐྱོན་ཐེབས་ནས་འཇིག་པས་གཙང་སྨན་རི་དགོན་པ་ཕྱག་བཏབ་གནང་ནས་རྟེན་དང་བརྟེན་པ་བཞེངས་ནས་བསྟན་པ་སླར་གསོ་མཛད། མདོར་ན་སྐྱེས་ཆེན་དམ་པ་ཁོང་གཉིས་ཀྱིས་རིས་མེད་བཤེས་གཉེན་བསྟེན་ནས་སྦྱང་བརྩོན་གནང་ཚུལ་དང་། དབེན་པའི་དགོན་པ་དང་རི་ཁྲོད་བཅས་ནས་སྒྲུབ་པ་ཉམས་ལེན་བྱས་ཚུལ། ཡང་ན་དགོན་པ་ཕྱག་བཏབ་གནང་བ་དང་རྟེན་དང་བརྟེན་པ་བཞེངས་ཚུལ་སོགས་ཕྱོགས་གང་ནས་བལྟས་ཀྱང་འགྲན་པའི་ཟླ་དང་བྲལ་བ་ཁོང་གཉིས་ཀྱི་རྣམ་ཐར་ལ་མཇལ་བས་རྟོགས་སོ། །
༣.བསྟན་པའི་བདག་ཉིད་ཆེན་པོར་གྱུར་ཚུལ།
དམ་པ་ཁོང་གཉིས་རང་དོན་དུ་མདོ་དབུས་ཁམས་ནས་གྲུབ་མཐའ་རིས་མེད་ཀྱི་དགེ་བའི་བཤེས་གཉེན་ཚུལ་བཞིན་དུ་བསྟེན་ནས་ཐོས་བསམ་སྒོམ་གསུམ་མཛད་ནས་རྟོགས་པ་མངོན་དུ་གྱུར་རྗེས་སུ། གཞན་དོན་དུ་འཆད་རྩོད་རྩོམ་གྱི་སྒོ་ནས་བསྟན་པ་ལ་བཅོས་སྒྱུར་མཛད་དེ་གདུལ་བྱ་ཡང་དག་པའི་ལམ་དུ་འདྲེན་པའི་སྲོལ་བཙུགས་ཚུལ་ཡང་། དང་པོར་བསྟན་པ་ལ་དག་ཐེར་དང་ལམ་སྲོལ་གསར་འཛུགས་གནང་ཚུལ་ནི། དེ་ཡང་རྗེ་ཙོང་ཁ་པས་རབ་བྱུང་བདུན་པའི་ཆུ་རྟ(༡༤༠༢)ལོར་གནམ་རྩེ་སྡིང་དུ་དབྱར་གནས་མཛད་དེ་འདུལ་བའི་ཕྱག་ལེན་ལ་དག་ཐེར་མཛད་པ་དང་། ས་གླིང(༡༤༠༩)ལོའི་བོད་ཟླ་དང་པོར་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་མཆོད་གསར་འཛུགས་གནང་། མེ་བྱ(༡༤༡༧)ལོར་དགའ་ལྡན་སྒྲུབ་མཆོད་ཆེན་མོ་གསར་འཛུགས་གནང་།
དེ་བཞིན་མཉམ་མེད་པས་ཀྱང་སྨན་རི་དགོན་ཕྱག་བཏབ་གནང་རྗེས་སྔོན་གཡས་རུ་དབེན་ས་ཁའི་སྒྲིག་ལམ་ཇི་བཞིན་སླར་གསོ་གནང་བ་མ་ཟད། ཉ་མཆོད་རྒྱུན་གཏོར་དང་། གསོ་སྦྱོང་ལ་སོགས་དཀར་ངོ་ཐམས་ཅད་ལ་བཤད་ཉན་དང་། མར་ངོ་རྣམས་ལ་སྒྲུབ་ལ་གཞོལ་པའི་ཕྱག་སྲོལ་སོགས་བཅའ་ཁྲིམས་མཛད། ལྷག་པར་དུ་གླིང་གི་བཅའ་ཁྲིམས་ལེགས་པར་མཛད་དེ། ཕྱོགས་བཞིར་ཐོ་བཞི་བརྩེགས་ཏེ་དེ་ཚུན་ཆད་མི་ནག་པ་དང་སྐྱེས་དམན་འོང་དབང་མེད་པ་དང་། ཚོགས་སུ་སྡོམ་པ་མ་བླང་བར་གྲལ་ལ་འདུག་ས་མེད་པ་དང་། བླངས་ཀྱང་བླ་གོས་དང་གདིང་ལྷུང་མེད་པར་གྲལ་ལ་འདུག་དབང་མེད་པ་ལ་སོགས་ཁྲིམས་ཡིག་མི་འདྲ་བ་གསུམ་གཏན་ལ་ཕབ་པས་མཉམ་མེད་བཅའ་ཡིག་ཅེས་གྲགས་ཤིང་བོན་དགོན་ཁག་ནས་ཚད་འཛིན་ས་ཡིན། གཉིས་པ་འཆད་ཉན་གནང་ཚུལ་ནི། རྗེ་ཙོང་ཁ་པས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཐུགས་སུ་ཆུད་པར་མཛད་རྗེས་བསྟན་འགྲོའི་དོན་དུ་གནས་མ་ངེས་པར་གདུལ་བྱའི་ཁམས་དང་བསྟུན་ནས་ལམ་རིམ་དང་སྔགས་རིམ། ཕར་ཚད། དབུ་མ། མངོན་པ་ལ་སོགས་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྲངས་མེད་གནང་བ་ལས། ཆེས་ངོ་མཚར་བ་ནི་ཁོང་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས་སྐབས་རྒྱ་གཞུང་ཆེན་མོ་བཅོ་ལྔའི་དབུ་ཉིན་གཅིག་ལ་བཙུགས་ནས་འཆད་ཚུལ་ནི་བོད་དུ་མ་ཟད་རྒྱ་གར་དུ་ཡང་མ་བྱུང་བར་གྲགས་པ་ནི་ཆེས་རྨད་དུ་བྱུང་བའི་རྣམ་ཐར་ཡིན།
དེ་ལྟར་དུ་མཉམ་མེད་པས་ཀྱང་དཀར་ངོ་ཐམས་ཅད་དུ་འཆད་ཉན་གནང་བའི་སྲོལ་བཙུགས་ཏེ་འཆད་པ་གཙོ་ཆེ་བ་མཚན་ཉིད་སྡེ་ལྔ་དང་གསང་སྔགས་སྐོར་ལ་ཁོག་ཆེ་བ་ཁྲོ་ཕུར་ཞང་གསུམ། དགོངས་བརྒྱུད་ཀྱི་སྐོར་ལ་གབ་པ་དགུ་སྐོར། སྙན་བརྒྱུད། ཨ་ཁྲིད། ཞི་གཅོད། ཉམས་ལེན་ལྔ་སྐོར་ལ་སོགས་རེས་མོས་ཚུལ་དུ་ཀུན་ལ་འཆད་པས་ཐམས་ཅད་མཁྱེན་པའི་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་སྙན་པའི་གྲགས་པ་ས་སྟེང་ཀུན་ཏུ་ཁྱབ།
གསུམ་པ་གསུང་རྩོམ་མཛད་ཚུལ་ནི། རྗེ་ཙོང་ཁ་པའི་གསུང་རྩོམ་ཐམས་ཅད《རྣམ་ཐར་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད་པ》ཞེས་པ་ལས་ངོ་མཚར་བའི་གཏམ་སོ་དྲུག་པ་ལས་སྤྱི་སྡོམ་གནང་འདུག་པ་ལྟར་དང་། དེ་ལ་སྡེ་སྲིད་ཀྱིས་པོད་ཆེ་ཚད་བཅོ་བརྒྱད་དུ་བསྒྲིལ་བའི་ཁར་ཕྱིས་སུ་སྡུད་སྒྲིག་པ་པོད་གཅིག་སྟེ་བསྡོམས་པས་པོད་བཅུ་དགུ་ཡོད་པ་དེ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་1985ལོ་ནས་བྱང་ཆུབ་ལམ་རིམ་ཆེན་མོ་པར་དུ་བསྐྲུན་པ་ནས་མགོ་བརྩམས་ཏེ་2000ལོ་སྟེ་ལོ་བཅུ་དྲུག་གི་ནང་དུ་རྗེ་གསུང་འབུམ་ཡོངས་སུ་རྫོགས་པ་པར་དུ་བསྐྲུན་པ་དག་ཀུན་གྱི་སྤྱན་ལམ་དུ་མངོན་པ་ལྟར་ལགས་སོ། །
རྒྱལ་བ་མཉམ་མེད་པའི་གསུང་རྩོམ་སྐོར་ནི། སྤྱིར་བོན་གྱི་གྲུབ་མཐའ་ཆུང་ཞིང་ཉམས་དམའ་བའི་ཐོག་བོད་ཡུལ་སྟོད་སྨད་ཀུན་གྱི་བོན་དགོན་ཁག་ལ་ཆག་འཇིག་ཆེ་བས། མཉམ་མེད་པའི་གསུང་རྩོམ་ནི་རྗེ་ཙོང་ཁ་པ་ནང་བཞིན་ཡོངས་རྫོགས་ཤིག་གཅིག་བསྡུ་བྱུང་ཐུབ་མེད་ཀྱང་། དུས་ཕྱི་སོག་སྡེ་སྤྲུལ་སྐུ་བསྟན་པའི་ཉི་མ་མཆོག་གིས་ལེགས་འགྲུབ་བྱས་པའི་བོན་གྱི་བརྟེན་འགྱུར་ཁྲོད་དུ་བཀོད་པའི་མཉམ་མེད་གསུང་འབུམ་ནང་གྲགས་ཆེ་བ་ཁག་གཅིག་བསྡུས་ཡོད་པ་དེ་གཞིར་བྱས་2015ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ལ་པོད་གྲངས་བཅུ་ཡོད། རྗེ་ཁོང་གཉིས་ཀྱི་གསུང་རྩོམ་ཁ་བྱང་སོགས་ཡི་གེ་མང་བར་འཇིགས་ནས་འདིར་ཞིབ་ཏུ་བྲིས་མེད།
མདོར་ན། དམ་པ་ཁོང་གཉིས་ནི་ཐོག་མར་རང་རྒྱུད་བཏུལ་ནས་མཁས་བཙུན་བཟང་གསུམ་གྱི་མིག་དཔེ་གཅིག་པུར་གྱུར་རྗེས་འཆད་རྩོད་རྩོམ་གསུམ་གྱིས་གཞན་རྒྱུད་འདུལ་བ་ལ་སློབ་བུ་བསྐྱངས་པ་དང་མཉམ་དུ་ཁྲིམས་བཅོས་སྲོལ་བཙུགས་སྒོས་བསྟན་པ་ལ་དག་ཐེར་གནང་ནས་མདོ་སྔགས་ཟུང་དུ་འབྲེལ་ནས་རྒྱལ་བ་གོང་མ་རྣམས་ཀྱི་ལུགས་ཡང་དག་པར་རྒྱུད་འཛིན་གནང་བས་ས་སྟེང་ན་དགེ་ལྡན་རིང་ལུགས་འཛིན་པ་དང་གཡུང་དྲུང་བོན་ལ་རྒྱལ་བ་བྲུ་ཡི་ལུགས་ཞེས་པའི་བསྟན་པའི་བདག་ཉིད་ཆེན་པོར་གྱུར་ཏོ། །
གཉིས། རྗེ་རྣམ་གཉིས་ཀྱི་ཤུགས་རྐྱེན།
དམ་པ་གཉིས་སྐུ་གཤེགས་ནས་ད་ལྟའི་བར་བགྲང་བྱ་ལྔ་བརྒྱ་དགུ་བཅུའི་གོ་བདུན་ནམ་ཡང་ན་དྲུག་བརྒྱ་དང་གཅིག་འདས་མོད་ཀྱང་། ཁོང་གཉིས་ཀྱི་མཛད་པ་ཕྲིན་ལས་དེ་ལོ་ཟླའི་ཆུ་རྒྱུན་རིང་མོའི་ནང་ཉམས་པ་མ་གྱུར་པར་མི་རབས་ནས་མི་རབས་སུ་ཤུགས་རྐྱེན་ཐེབས་ཤིང་ཁྱད་པར་དུ་ཤུལ་བཞག་གསུང་གི་ཉིང་བཅུད་དེ་རིགས་ནི་རྗེས་རབས་པའི་ལྟ་སྒོམ་སྤྱོད་པའི་ཚད་གཞི་ཉག་གཅིག་ཏུ་གྱུར་ཅིང་། དེང་རབས་མི་རྣམས་ལ་མཚོན་ནའང་གོ་རྟོགས་སློང་བའི་བསམ་པའི་རྒྱགས་ཕྱེར་གྱུར་ཡོད། ལྷག་པར་དུ་རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཕྲིན་ནི་རྒྱལ་ཁབ་ཕྱི་ནང་ཀུན་ལ་ཁྱབ་ནས་རིས་མེད་སྐྱེ་བོ་ཀུན་གྱིས་ཁོང་གི་དགོངས་པའི་རིན་ཐང་འཚོལ་ཞིབ་བྱེད་པ་དང་མཉམ་དུ་དམ་པ་ཁོང་གིས་སྤྱི་ཚོགས་བྱས་རྗེས་དང་ཐ་ན་མིའི་རིགས་ལ་བཞག་པའི་མཛད་རྗེ་རླབས་པོ་ཆེར་གདེང་འཇོག་ཡང་དག་པ་གནང་བཞིན་པ་འདི་རེད། མཉམ་མེད་པ་ནི་བོན་གྱི་གྲུབ་མཐའ་ཤིན་ཏུ་ཆུང་བའི་དབང་གིས་དེའི་ཤུགས་རྐྱེན་ནི་རྗེ་ཙོང་ཁ་པ་དང་བསྡུར་ཐབས་མེད་ནའང་གྲུབ་མཐའ་རང་གི་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་པ་ཡང་ཀུན་གྱིས་དོ་སྣང་བྱེད་འོས་པ་ཞིག་རེད། གང་ལྟར་ཡང་ཁོང་གཉིས་ཀྱི་ཤུགས་རྐྱེན་ནི་མི་རབས་གཅིག་དང་དུས་རབས་གཅིག ཡང་ན་གྲུབ་མཐའ་གཅིག་གམ་ཆོས་ལུགས་ཀྱི་ཁྱབ་ཁོངས་གཅིག་པུ་ཙམ་མ་ཡིན་པ་ཡང་སྨྲས་མ་དགོས་པས་འདིར་མདོ་འགག་ཧྲིལ་གྱིས་དྲིལ་ནས་མདོར་བསྡུས་ཤིག་བརྗོད་ན།
༡.ལྟ་སྒོམ་སྤྱོད་གསུམ་གྱི་ཤུགས་རྐྱེན།
རྗེ་ཙོང་ཁ་པའི་ལྟ་བའི་ཐད་ནས་ཟབ་མོ་དབུ་མའི་ལྟ་བ་ལ་ཐུགས་བརྩོན་ཆེན་པོས་ཐོས་བསམ་སྒོམ་གསུམ་མཐར་ཕྱིན་པར་མཛད་པས་མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་རྨ་མེད་པའི་མཐའ་བྲལ་དབུ་མ་ཐལ་འགྱུར་བའི་ལྟ་བ་མངོན་སུམ་དུ་རྟོགས་པ་ཉིད་གོ་བ་ཅན་གྱིས་བལྟས་ན་ཁོང་གིས་རྟེན་འབྲེལ་བསྟོད་པ་གཅིག་པུའི་སྟེང་ནས་ཀྱང་རྟོགས་ཐུབ་པ་ལྟར་དང་། སྒོམ་པའི་ཕྱོགས་ནས་སྔ་རབས་པ་ལྟར་དཔྱད་སྒོམ་དང་འཇོག་སྒོམ་གཉིས་འགལ་ཟླར་མ་བཟུང་པར་ཟུང་དུ་འབྲེལ་བའི་སྒོ་ནས་ཞི་གནས་ནས་ལྷག་མཐོང་གི་བར་སློབ་དཔོན་ཀ་མ་ལ་ཤི་ལའི་སྒོམ་རིམ་སོགས་ལས་བཀྲལ་བ་ལྟར་བསམ་གཏན་ལ་འཇུག་ཚུལ་གཏན་ཕབ་གསལ་བོར་གནང་འདུག་པ་ལྟར་དང་། སྤྱོད་པའི་ཐད་ནས་དུས་སྐབས་དེར་འདུལ་བའི་བསྟན་པ་ཉག་ཕྲ་བ་ལ་གཟིགས་ནས་རྗེ་རིན་པོ་ཆེས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་འདི་ཉམས་པ་སླར་གསོ་བྱ་ཆེད་ཐོག་མར་རང་ཐོག་ནས་མགོ་བརྩམས་ཏེ་ཆང་དང་ཕྱི་དྲོའི་ཁ་ཟས་དང་བཅས་པ་གཏན་དུ་སྤངས་ཤིང་འདུལ་བའི་བཅའ་ཁྲིམས་ཕྲ་ཞིང་ཕྲ་བ་རྣམས་ཉེས་ལྟུང་གི་དྲི་མ་ཙམ་ཡང་མ་གོས་པར་བྱས་ནས་གཏན་དུ་བསྲུངས་པ་དང་ཆབས་ཅིག་འདུལ་བ་ལ་དག་ཐེར་གནང་བས་དགེ་ལྡན་བསྟན་པ་འདི་གཞི་ནས་རྐང་ཚུགས་པའི་རྨང་གཞི་བཏིང་བ་དང་། ཁོང་གི་ལྟ་སྒོམ་སྤྱོད་གསུམ་གྱི་མཛད་འཕྲིན་འདི་དག་ལ་བརྟེན་ནས་དགེ་ལུགས་ཀྱི་བསྟན་པ་འདི་རྒྱ་ཆེར་སོང་བ་མ་ཟད་དེས་བོད་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།
མཉམ་མེད་ཆེན་པོས་ཀྱང་། བསྟན་པའི་སྲོག་ཤིང་འདུལ་བ་ཡིན། བསྟན་པའི་སྙིང་བོ་གསང་སྔགས་ཡིན། བསྟན་པའི་ཡང་རྩེ་རྫོགས་ཆེན་ཡིན། ཞེས་གསུངས་པ་ལྟར་ཐོག་མར་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་སོ་སོ་ཐར་བས་རྒྱུད་བསྡམས་པ་སྟེ། ཁོང་དགུང་ལོ་བཅུའི་ཐོག་ཕྱ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་ནས་བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་། དེ་ནས་མཁས་གྲུབ་རིན་ཆེན་བློ་གྲོས་ཀྱི་དྲུང་ནས་དྲང་སྲོང་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ་བསླབ་ཁྲིམས་ཐམས་ཅད་མིག་གི་འབྲས་བཞིན་བསྲུངས་པས་སྤྱོད་པ་ཞི་ཞིང་དུལ། བར་དུ་ལམ་གསང་སྔགས་ཐེག་པ་ཆེན་པོའི་གཞུང་མ་ལུས་པར་གསན་བསམ་གནང་སྟེ་གཙང་གཡས་རུ་མཁར་སྣ་དང་། བཀྲ་ཤིས་ཕྱུག་མོ་སོགས་རི་ཁྲོད་རྣམས་སུ་ཐུགས་ཉམས་བཞེས་པས་སྒོམ་པ་ལ་དག་གསལ་བརྟན་གསུམ་ཐོབ། མཐར་བློ་ཕུགས་བླ་མེད་རྫོགས་པ་ཆེན་པོ་ལ་གཏད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་བོན་ཐམས་ཅད་ཡེ་ཤར་ཡེ་རྫོགས་སུ་ལྷུན་གྱིས་གྲུབ་པའི་མཁྱེན་རྩལ་རྫོགས་ཤིང་ལྟ་བ་ལ་གདང་ཐོབ། མདོར་ན་རྗེ་འདིའི་ཞལ་ནས་གདམས་པ་ལྟར། གྲུབ་ཆེན་རིག་འཛིན་གོང་མ་བཞིན་དམན་པའི་ས་འཛིན། ཧྲིལ་པོའི་གོས་གོན། ཕ་ཚན་གྱི་ཁེ་གྲགས་སྤངས། གཉེན་འདུན་གྱི་ཐག་པ་རྦད་ཀྱིས་བཅད་དེ་བསྟན་པ་ལ་འཛིན་སྐྱོང་སྤེལ་གསུམ་གྱིས་ཞེས་པ་ལྟར། རྗེས་འདི་གཉིས་ཀྱི་ལྟ་སྒོམ་སྤྱོད་པའི་ཐད་ནས་ཕྱི་རབས་ལ་མིག་དཔེ་གནང་ཞིང་དགེ་ལྡན་བསྟན་པ་འདི་འཛིན་མའི་ཁྱོན་ལ་ཁྱབ་པ་དང་དེ་བཞིན་ཞྭ་དཀར་གཡུང་དྲུང་བོན་ལ་མཉམ་མེད་པའི་རིང་ལུགས་འཛིན་མཁན་ཞེས་དག་གཙང་འཁྲུལ་བ་མེད་པའི་རྒྱལ་བའི་ལམ་བཟང་ཟེར་བ་ཡང་མཐར་གཏུགས་ན་རྗེ་རྣམ་གཉིས་ཀྱི་ཤུགས་རྐྱེན་ཆེན་པོ་འདིའི་ནུས་མཐུ་ལ་རག་ལས་སོ། །
༢. འཆད་རྩོད་རྩོམ་གསུམ་གྱི་ཤུགས་རྐྱེན།
བསྟན་པའི་གསལ་བྱེད་འཆད་ཉན་ཡིན་ཞེས་པ་ལྟར། རྗེ་རྣམ་གཉིས་ཀྱིས་འཆད་རྩོད་རྩོམ་གསུམ་ལ་བརྟེན་ནས་གདུལ་བྱ་སློབ་མ་བསྐྱངས་ཏེ་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཚུལ་ཕྱོགས་ནས་རྗེས་རབས་དག་ལ་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་ཟེར་ན། དཔེར་ན་རྗེ་ཙོང་ཁ་པའི་གསུང་ལས་སྐྱེས་པའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་། རྒྱལ་བ་དགེ་འདུན་གྲུབ་ལ་སོགས་ཕུལ་དུ་བྱུང་ཞིང་སྙན་གྲགས་འཛིན་མའི་ཁྱོན་ལ་ཁྱབ་པའི་བསྟན་འཛིན་གྱི་སྐྱེས་བུ་དངོས་སློབ་བརྒྱ་དང་བཞི་བཅུ་ལྷག་བསྐྱངས་ཚུལ་གསུངས་པ་འདིའི་སྟེང་ནས་ཀྱང་ཧ་གོ་ཐུབ་པ་དང་། དེ་བཞིན་རྗེ་མཉམ་མེད་པས་གསུང་གིས་བསྐྱངས་པའང་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་། བསོད་ནམས་རྒྱལ་མཚན། རྒྱལ་རིགས་བྲུ་ཤའི་གདུང་འཛིན་ཀུན་དགའ་དབང་ལྡན་སོགས་རྒྱུན་དུ་གམ་བཅར་གྱིས་གསུང་གི་བདུད་རྩི་ཐོབ་པའི་མཁས་པ་བརྒྱ་ཕྲག་ཁ་ཤས་ཡོད་ཅེས་མཁས་དབང་དུང་དཀར་བློ་བཟང་ཕྲིན་ལས་མཆོག་གིས་གསུངས་པ་ལྟར་རོ། །ཁོང་གཉིས་ཀྱི་བརྒྱུད་པའི་སློབ་མ་དང་སློབ་མ་དེ་དག་ནས་ཀྱང་རྗེ་གཉིས་ཀྱི་མཛད་ཕྲིན་རྒྱུད་འཛིན་བྱས་ནས་བསྟན་པ་རྒྱ་ཆེར་སྤེལ་བ་ནི་བགྲང་གིས་མི་ལང་ངོ་། །དེ་བཞིན་རྩོད་པའི་ཕྱོགས་ནས་ཀྱང་སྔ་རྒོལ་ཕྱི་རྒོལ་གང་གི་སྐབས་སུའང་སྒྲུབ་བྱེད་ཡང་དག་འགོད་པ་དང་། ཕ་རོལ་པོའི་དམ་བཅའ་ལྟར་སྣང་ལ་ལུང་རིག་ཡང་དག་གི་སྒོ་ནས་སུན་འབྱིན་གནང་ཚུལ་བཅས་ནི་རྗེ་ཙོང་ཁ་པས་གསང་ཕུ་དང་བདེ་བ་ཅན། ས་སྐྱ་དང་རྩེ་ཐང་སོགས་སུ་གྲྭ་སྐོར་མཛད་དེ་རྩོད་པའི་ཟླ་དང་བྲལ་བ་ནི་རྣམ་ཐར་ན་གསལ་ཞིང་། རྗེ་མཉམ་མེད་ཀྱང་བོན་ལུགས་སུ་ལྟ་ཞོག་གསང་ཕུ་ལ་སོགས་དབུས་གཙང་གི་གྲྭ་ས་དག་ལ་ཕེབས་ནས་དམ་བཅའ་མཛད་པས་རབ་འབྱམས་ཆེན་པོའི་མཚན་རྟགས་བཞེས་པ་ལྟར་རོ། །རྗེ་འདི་གཉིས་ཀྱིས་རིས་མེད་ཀྱི་ཡིག་ཆ་ཀུན་ལ་ཐོས་བསམ་གནང་ཞིང་རྩོད་པ་ལ་དཔའ་མི་ཞིམ་པའི་སྙིང་སྟོབས་དེས་ཀྱང་རྗེས་རབས་རྣམས་ལ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་སྨྲས་མ་དགོས་སོ། །རྩོམ་པའི་ཕྱོགས་ནས་ལྷག་པར་ཡང་རྗེ་ཙོང་ཁ་པ་ཆེན་པོ་ནི་རང་གི་གྲུབ་མཐའ་ཕར་ཞོག་རང་རེ་གངས་ཅན་ལྗོངས་དང་ཐ་ན་འཛམ་བུ་གླིང་ལ་རྒྱལ་བའི་བསྟན་པ་དང་རིག་གནས་ཤུལ་བཞག་གི་ཐད་ནས་བྱས་རྗེས་ཆེན་པོ་བཞག་ཡོད། རྗེ་ཙོང་ཁ་པའི་ཞལ་གདམས་ལ་ཡང་ང་རང་དྲན་ན་ངས་བརྩམས་པའི་དཔེ་ཆ་དེ་དག་ལ་ལྟོས་དང་། ང་དང་དངོས་སུ་མཇལ་ཀྱང་དེ་ལས་ལྷག་པའི་གསུངས་རྒྱུ་ཅི་ཡང་མེད་ཅེས་པ་ལྟར་ང་ཚོས་རྗེ་ཙོང་ཁ་པའི་རྒྱ་ཆེ་ཞིང་གཏིང་ཟབ་པའི་གསུང་རྩོམ་དེ་རིགས་གླེང་མི་དགོས་པར་ལམ་རིམ་ཆེན་མོ་འདི་ཁོ་ནའི་སྟེང་ནས་བརྗོད་ནའང་དེང་སང་འཛམ་གླིང་གི་ཡིག་རིགས་སྣ་ཚོགས་སུ་བསྒྱུར་ནས་ལམ་ལ་ཞུགས་པའི་ལས་དང་པོ་བ་དད་ལྡན་སྐྱ་སེར་ཕོ་མོ་སྟོང་ཕྲག་མང་པོར་བླང་དོར་དང་འཇུག་ལྡོག་གི་གནས་བསྟན་ནས་བྱང་ཆུབ་ཀྱི་ལམ་ལ་འཇུག་པའི་ཚུལ་འདི་བསམ་གྱིས་མི་ཁྱབ་པ་དང་། མདོ་སྔགས་གཞུང་ལུགས་ལ་སྦྱང་བརྩོན་གནང་བ་དག་ནི་རྗེ་རིན་པོ་ཆེའི་གསུང་གི་བང་མཛོད་ལ་ངོམ་པ་མེད་པར་གསས་སུ་རོལ་བ་དང་། རྩོམ་རིག་སྙན་ངག་ལ་མོས་པ་དག་ཀྱང་རྗེའི་ལེགས་བཤད་ཀྱིས་ཡིད་དབང་ཅིག་ཅར་དུ་འཕྲོག་ནས་དེ་ཉིད་བསླབ་པའི་མ་དཔེ་ལྟ་བུར་འཛིན་པ་ཀུན་ལ་གསལ་བ་ལྟར་རོ། །དེ་བཞིན་རྗེ་མཉམ་མེད་པའི་གསུང་རྩོམ་ཡང་བརྗོད་བྱ་མདོ་སྔགས་རྫོགས་གསུམ་ཡོངས་སུ་མ་ཁྱབ་པ་མེད་པར་དེ་དག་ཐམས་ཅད་གཡུང་དྲུང་བོན་གྱི་བསྟན་པའི་གསལ་བྱེད་ཉག་གཅིག་ཏུ་གྱུར་པས་བོན་ཕྱོགས་སུ་རྗེ་རིན་པོ་ཆེའི་ལེགས་བཤད་འདི་དག་ནི་ཚད་མ་རྣམ་དག་ཏུ་འཇོག་པ་ཡིན།
༣. བཤད་སྒྲུབ་དགོན་སྡེའི་ཕྱོགས་ལ་ཐེབས་པའི་ཤུགས་རྐྱེན།
རྗེ་རྣམ་གཉིས་ཀྱིས་བཤད་སྒྲུབ་དགོན་སྡེའི་ཕྱོགས་ལ་ཐེབས་པའི་ཤུགས་རྐྱེན་ཡང་གཙོ་བོ་ཁོང་གཉིས་ཀྱིས་སོ་སོ་ནས་དགོན་པ་བཏབ་སྟེ་སྒྲིག་འཛུགས་གནང་བ་ནས་ཕྱིས་སུ་རྗེས་འཇུག་སློབ་མ་དག་གིས་རྗེ་བླ་མའི་བསྟན་པ་ཡུལ་ཕྱོགས་ཀུན་ཏུ་སྤེལ་ཆེད་དུ་གདན་ས་ཆེན་པོ་གསུམ་དང་ར་ལག་གཡུང་དྲུང་གླིང་གིས་མཚོན་པའི་བཤད་སྒྲུབ་འདུས་སྡེ་མང་དུ་བཏབ་ནའང་དེ་དག་གི་སྒྲིག་ཁྲིམས་དང་ཕྱག་ལེན་ཐམས་ཅད་ནི་རི་བོ་དགའ་ལྡན་དགོན་པ་དང་སྨན་རི་དགོན་པ་གཉིས་ཁོ་ན་ལ་དཔེ་ལྟ་བྱེད་ས་ཡིན། དེ་ཡང་རྗེ་ཙོང་ཁ་པས་དགའ་ལྡན་དགོན་པ་ནས་བླ་སྤྱི་དང་གྲྭ་ཚང་། ཁང་ཚན་བཅས་སྒྲིག་འཛུགས་གནང་ཞིང་སློབ་གཉེར་བྱེད་སྲོལ་ཡང་འཛིན་གྲྭ་རིམ་པ་དམའ་བ་ནས་མཐོ་བའི་བར་རིམ་པ་བཞིན་གཞུང་བཀའ་པོད་ལྔ་ལ་སྦྱང་བརྩོན་གནང་སྲོལ་བཙུགས་ཤིང་། ཕྱིས་སུ་ཤེས་བྱའི་གོ་གནས་ཆེས་མཐོ་བ་སྟེ་དགའ་ལྡན་གསེར་ཁྲི་ལ་བསྙེག་པའི་ལུགས་སྲོལ་བྱུང་བ་ལྟར་འདིའི་རྗེས་སུ་གྲྭ་ས་ཆེན་པོ་གསུམ་ལ་སོགས་དགེ་ལུགས་ཀྱི་དགོན་པ་མ་ཟད་གྲུབ་མཐའ་གཞན་དང་གཞན་ལའང་དེས་ཤུགས་རྐྱེན་ཆེན་པོ་ཐེབས་ནས་བོད་གངས་ཅན་གྱི་དགོན་སྡེའི་སློབ་གསོའི་ཕྱོགས་ནས་སློབ་སྲོལ་གཅིག་ལས་གཅིག་བཟང་གི་རྣམ་པ་བྱུང་། དེ་བཞིན་རྗེ་མཉམ་མེད་པས་ཀྱང་སྨན་རི་དགོན་པ་ཕྱག་བཏབ་གནང་སྟེ་བཤད་སྒྲུབ་ཟུང་འབྲེལ་གྱི་ཕྱག་ལེན་སྒྲིག་འཛུགས་གནང་བ་ནི་གོང་དུ་ཞུ་བ་ལྟར་དཀར་ངོ་ལ་འཆད་ཉན་མར་ངོ་ལ་སྒྲུབ་པའི་སྲོལ་བཙུགས་ཏེ། མདོ་སྡེ་དང་མཛོད་སྡེ། འདུལ་བའི་སྡེ། དབུ་ཚད་རིག་པའི་སྡེ། བླ་མེད་ཕར་ཕྱིན་གྱི་སྡེ་སྟེ་མཚན་ཉིད་སྡེ་ལྔ་དང་། སྔགས་ཕྱོགས་སུ་སྤྱི་སྤུངས་བསྒྲགས་པ་སྐོར་གསུམ། སེམས་ཕྱོགས་སུ་རྫོགས་ཆེན་བསྒྲགས་པ་སྐོར་གསུམ་དང་། ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི། ཡེ་ཁྲི་མཐའ་སེལ། བྱང་སེམས་གབ་པ། སེམས་རྨད་སྡེ་དགུ་ལ་སོགས་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་རྣམས་ལ་རིམ་པར་འཆད་ཉན་གྱི་འཛིན་གྲྭ་བཙུགས་པ་མ་ཟད། རྒྱུད་ཐོག་ཏུ་ཉམས་སུ་བླངས་ནས་མདོ་སྔགས་ཟུང་འབྲེལ་བྱེད་པའི་རྒྱལ་བ་སྨན་རི་བ་བྲུ་ཡི་ལུགས་འདིའི་སྲོལ་ཕྱེས། དེ་ནས་བཟུང་མདོ་དབུས་ཁམས་གསུམ་གྱི་བོན་དགོན་རྒྱལ་བ་སྨན་རི་བའི་ལུགས་ཀྱི་རྗེས་སུ་འབྲངས་པ་ཀུན་ལ་ཁྲིམས་གཙང་འཆད་ཉན་གྱི་སྲོལ་རྒྱ་ཆེར་དར་བ་བྱུང་།
གསུམ། རྗེ་རྣམ་གཉིས་ཞལ་མཇལ་གནང་ཚུལ་གྱི་གཏམ་དང་རྣམ་ཐར་ཡིག་ཆའི་སྐོར།
༡.དམ་པ་གཉིས་ཞལ་མཇལ་གནང་ཚུལ་སྐོར།
དམ་པ་གཉིས་ཞལ་མཇལ་ཡོད་མེད་སྐོར་ལ་རྗེ་ཙོང་ཁ་པའི་རྣམ་ཐར་ནང་བཀོད་ཡོད་པ་མ་མཐོང་ཞིང་། གཙོ་བོ་བོན་གྱི་མཁས་ཆེན་མཁན་ཉི་མ་བསྟན་འཛིན་གྱིས་བརྩམས་པའི་མཉམ་མེད་པའི་རྣམ་ཐར་ངོ་མཚར་པདྨོ་སྟོང་ལྡན་ཞེས་པ་སོགས་རེ་གཉིས་ན་རགས་ཙམ་བཀོད་ཡོད། རྗེ་རྣམ་གཉིས་དུས་ནམ་དང་གནས་གང་དུ་མཇལ་ཚུལ་སྐོར་ལའང་རྣམ་ཐར་ཁག་དེ་རིགས་བཞེད་ཚུལ་ཅུང་མི་མཐུན་པ་མཆིས། དོན་དམ་པར་དམ་པ་ཁོང་གཉིས་ཞལ་མཇལ་ཡོད་དམ་མེད་ཅེ་ན། འདིའི་ཐད་ལ་ཉི་ཧོང་པ་བོད་རིག་པའི་ཉམས་ཞིབ་པ་གཡུང་དྲུང་ཕུན་ཚོགས་ལགས་ཀྱིས་ཆེད་དུ་དམ་པ་ཁོང་གཉིས་ཀྱི་རྣམ་ཐར་ལ་གཤིབ་བསྡུར་སྒོས་ཞིབ་འཇུག་གནང་བ་ལྟར་ན། སྤྱི་ལོ༡༣༨༦ནས༡༤༠༥ལོའི་བར་གྱི་དུས་རིང་ལ་རྗེ་རྣམ་གཉིས་ཞལ་མཇལ་ཡོད་པ་སྟེ། འདིའི་སྐབས་སུ་རྗེ་ཙོང་ཁ་པ་ལྷས་ཕུ་དང་ར་སྒྲེང་དུ་བཞུགས་ཡོད་པ་དང་། ༡༤༠༥ལོར་འོལ་ཁའི་བྱམས་པ་གླིང་དུ་བཞུགས་པར་གསུངས་ཤིང་། མཉམ་མེད་པ་ནི་རྗེ་མཉམ་མེད་པའི་རྣམ་ཐར་ངོ་མཚར་པད་མོའི་ཕྲེང་བ་ལས་བཀོད་པ་ལྟར་ལན་གཅིག་ཕ་ཡུལ་ཆུ་ཆེན་རྫོང་དུ་ཕེབས་རྗེས་དར་མདོ་ནས་དབུས་གཙང་ལ་ཕེབས་པའི་ལམ་བར་དུ་མཇལ་ཚུལ་གསུངས་པ་ལ་འཐད་ལྡན་དུ་འདོད། དེས་ན་མཉམ་མེད་པའི་ཐུགས་སྲས་རིན་ཆེན་རྒྱལ་མཚན་གྱི་དངོས་སློབ་གྲགས་པ་རྒྱལ་མཚན་གྱིས་བརྩམས་པའི་རྣམ་ཐར་དེ་ལྟར་ན། རྗེ་རྣམ་གཉིས་ཀྱི་གསུངས་མོལ་སྐོར་ལ། སྙིགས་མའི་དབང་གིས་འདུལ་བསྟན་རྟགས་ཙམ་འཛིན་པའི་དུས་ལ་བབ་པས། འདུལ་བརྒྱུད་གསོ་སྐྱོང་དགོས་ཚུལ་བགྲོ་གླེང་མང་དུ་མཛད་ཅེས་གསུངས་པ་འདི་ཤིན་ཏུ་བདེན་པར་སྙམ་སྟེ། རྗེ་རྣམ་གཉིས་ནས་འདུལ་བ་ལ་གཙུགས་སུ་བཟུང་སྟེ་དག་ཐེར་གནང་བ་སོགས་ཐུན་མོང་གི་མཛད་པ་གནང་བ་ལྟར་དང་། དེ་ལས་གཞན་མཁས་དབང་བཙན་ལྷ་ངག་དབང་སོགས་མཁས་པ་འགའ་ཞིག་གིས་རྗེས་རྣམ་གཉིས་ཞལ་མཇལ་ནས་ཕན་ཚུན་ལ་བསྟོད་པའི་ཚིག་ཤོ་ལོ་ཀ་རེ་རེ་ཕུལ་ཚུལ་གསུངས་པ་དང་། ཡང་མཁས་པ་འགའ་ཞིག་གིས་རྗེ་ཙོང་ཁ་པས་དགའ་ལྡན་དགོན་ཕྱག་འདེབས་གནང་སྐབས་རྗེ་མཉམ་མེད་ཀྱིས་ས་འདུལ་གནང་རོགས་མཛད་སོགས་ཀྱི་གཏམ་དེ་རིགས་དངོས་བདེན་ཡིན་མིན་མུ་མཐུད་དུ་དཔྱད་པར་རིགས་སོ། །
༢.རྗེ་རྣམ་གཉིས་ཀྱི་རྣམ་ཐར་ཡིག་ཆའི་སྐོར།
རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆའི་སྐོར་ལ་ད་སྔ་པར་དུ་བསྐྲུན་ཡོད་པ་ནི་ཐོག་མར1981ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ་དང་། དེ་ནས2006ལོར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་ཆ་ཧར་བློ་བཟང་ཚུལ་ཁྲིམས་ཀྱིས་བརྩམས་པའི་རྗེ་ཙོང་ཁ་པའི་རྣམ་ཐར་གོ་སླར་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས་ཞེས་པ་དེ་གཉིས་ཡིན། ཡིན་ནའང་རྗེ་རིན་པོ་ཆེའི་རྣམ་ཐར་ནི་དཔེ་ཆ་འདི་གཉིས་ཙམ་མ་ཡིན་པར་སྤྱི་སྡོམ་བྱས་པ་ལྟར་ན་རྣམ་ཐར་47ཡོད་ཅིང་། རྣམ་ཐར་ཀུན་གྱི་ཕྱི་མོར་གྱུར་ཅིང་ཁུངས་གཏུག་ཆོག་པ་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་(༡༣༨༥_༡༤༣༨)གིས་བརྩམས་པའི་རྗེ་ཙོང་ཁ་བའི་རྣམ་ཐར་དད་པའི་འཇུག་ངོགས་ཞེས་བྱ་བ་དང་། རྣམ་ཐར་འདི་དང་ཕལ་ཆེར་དུས་མཉམ་དུ་བརྩམས་པའི་རྗེ་རིན་པོ་ཆེའི་གསང་བའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་བྱ་བ་འདི་གཉིས་ཡིན་པར་བཤད། རྗེས་སུ་རྣམ་ཐར་ཇི་སྙེད་བྱུང་བ་དག་འདི་གཉིས་ལ་གཞི་བཅོལ་ཡོད་པར་འདོད། འདིའི་ཐད་ལ་འབུམ་རམས་པ་ཀུན་དགའ་དབང་ཕྱུག་གིས་དུས་རབས་བཅོ་ལྔ་བ་ནས་དུས་རབས་བཅུ་དགུ་བའི་བར་ཏེ། དུས་རབས་རེ་རེའི་ནང་རྗེ་རིན་པོ་ཆེའི་རྣམ་ཐར་གང་དག་བྱུང་བ་དང་དེ་དག་རྩོམ་པ་པོ་སུས་མཛད་པ་སོགས་ལ་ཞིབ་འཇུག་གནང་ཡོད་པ་མ་ཟད། རྣམ་ཐར་དེ་དག་ཕན་ཚུན་གོ་བསྡུར་ནས་རྗེ་རིན་པོ་ཆེའི་མཛད་པ་གཙོ་ཆེ་བ་དག་གི་ལོ་ཚུགས་མི་མཐུན་པ་དང་དོགས་གཞི་ཆེ་བ་དག་གསལ་བོར་བཀོད་ཡོད་པས་འདིར་ངལ་བར་མི་ཞུགས་པར་བལྟ་འདོད་དག་གིས་དེར་གཟིགས་འཚལ།
རྒྱལ་བ་མཉམ་མེད་པའི་རྣམ་ཐར་ཡིག་ཆའི་སྐོར་ལ་མང་པོ་མི་བཞུགས་ཏེ། མིག་གིས་སྤྱོད་ཡུལ་དུ་གྱུར་པ་ལ་སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་2004ལོར་པར་དུ་བསྐྲུན་པའི་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཞེས་པ་དེ་ཡིན། དཔེ་ཆ་དེའི་ནང་བསྡོམས་པས་བོན་གྱི་བསྟན་འགྱུར་ནང་བཏུས་པའི་མཉམ་མེད་པའི་རྣམ་ཐར་ཉུང་བསྡུས་གསུམ་ཙམ་དང་། མཉམ་མེད་དང་དུས་མཉམ་མཛའ་གྲོགས་སུ་གྱུར་པ་དམུ་གཤེན་ཉི་མ་རྒྱལ་མཚན་ལ་སྙན་བརྒྱུད་དུ་བབས་པའི་རྗེ་རིན་པོ་ཆེའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ནོར་བུའི་བང་མཛོད་དང་བཞི་ཕྱོགས་བསྒྲིགས་བྱས་ཡོད། བསྟན་འགྱུར་ན་བཏུས་པའི་རྣམ་ཐར་བསྡུས་པ་དེ་གསུམ་ནི། ༡གོང་དུ་ཞུས་པའི་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་ཐར་ངོ་མཚར་པདྨོའི་ཕྲེང་བ་ཞེས་བྱ་བ་དང་། ༢རྩོམ་པ་པོ་མི་གསལ་བའི་སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་ཞེས་བྱ་བ། ༣མཁན་ཉི་མ་བསྟན་འཛིན(སྤྱི་ལོ༡༨༡༣~༡༨༦༢)གྱིས་བརྩམས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་པ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་ཞེས་བྱ་བ་བཅས་སོ། །གཞན་བོན་གྱི་མཁས་པ་སོ་སོས་བརྩམས་པའི་བསྟན་འབྱུང་ལོ་རྒྱུས་རྣམས་སུ་མཉམ་མེད་པའི་རྣམ་ཐར་མདོར་བསྡུས་རེ་བཀོད་ཡོད་པ་ཐམས་ཅད་གཞི་འདི་གསུམ་ལ་བཅོལ་བར་མངོན་ཞིང་སྤྱི་སྡོམ་བྱེད་མ་ཐུབ་པར་ལུས། ཡང་བཤད་རྒྱུན་ལ་རྗེ་རིན་པོ་ཆེའི་རྣམ་ཐར་རྒྱས་པ་ཞིག་ཡོད་པ་དང་། དེའི་ནང་མ་འོངས་ལུང་བསྟན་གྱི་སྐོར་མང་ཙམ་བཀོད་འདུག་པས་ཤིན་ཏུ་གསང་སྦས་ཡིན་པ་དང་ཕྱིས་སུ་སྐབས་དེའི་བོད་སྲིད་གཞུང་གིས་ཤེས་ནས་གཞུང་བཞེས་གནང་ཚུལ་བཤད་པ་སོགས་གང་ལྟར་ཡང་རྣམ་ཐར་རྒྱས་པ་ཞིག་ཡོད་སྲིད་ཀྱང་ཕྱིས་སུ་མེད་བརླག་ཏུ་སོང་བ་ཀུན་ལ་གྲགས།
བཞི། རྗེ་རྣམ་གཉིས་ཀྱི་མཛད་ཕྲིན་བསྡུར་བ་ལས་ཐོབ་པའི་བློ་བསྐྱེད།
དེ་ལྟར་གོང་ནས་རྗེ་ཙོང་ཁ་པ་དང་རྒྱལ་བ་མཉམ་མེད་གཉིས་ཀྱི་མཛད་པ་ཕྲིན་ལས་རགས་ཙམ་ཞིག་བསྡུར་བ་ལས་བསླབ་འབྲས་གང་ཞིག་ཐོབ་ཅེ་ན། ཐོས་དམན་ང་ལ་ལྷན་སྐྱེས་རིག་པ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་གང་ཡང་མེད་པས་རྗེ་ཁོང་གཉིས་ཀྱི་ལྟ་བ་རྟོགས་པའི་ཕྱོགས་སུ་ལོང་བས་གླང་ཆེན་བརྟག་པའི་རྗེས་སུ་སོང་ནའང་ཁོང་གཉིས་ཀྱི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་མྱངས་བ་དེའི་བྱིན་རླབས་ལ་བརྟེན་ནས་རྒྱུད་ལ་གོ་རྒྱུའམ་བློ་བསྐྱེད་ཕྲན་ཙམ་ཐོབ་པ་གཤམ་གསལ་ལྟར་ཏེ།
༡. དུས་རབས་གཅིག་ཏུ་བྱོན་པའི་རིག་པའི་དཔའ་བོ།
གནའ་མི་བོད་ཀྱི་གཏམ་དཔེར། མི་བརྒྱ་ཡི་ནང་ན་དཔའ་བོ་གཅིག མི་སྟོང་གི་ནང་ན་མཁས་པ་གཅིག་ཅེས་པ་དེ་ལས་སྐྱེ་བོ་ཐམས་ཅད་དམ་མི་རིགས་ཤིག་ལ་མཁས་པ་འབྱོན་དཀའ་བའི་གནས་ལུགས་དེ་བསྟན་འདུག དུས་རབས༡༤དང་༡༥ནང་ཁ་བ་རི་བོས་བསྐོར་བའི་བོད་གངས་ཅན་གྱི་ལྗོངས་འདི་ལ་རིས་མེད་གྲུབ་མཐའི་ནང་ལ་མཁས་པའི་དབང་བོ་གཅིག་ལས་གཅིག་ལྷག་ཆར་རྗེས་ལ་ཤ་མོང་བརྡོལ་བ་བཞིན་བྱོན་པས་ན་དུས་རབས་འདི་ནི་བོད་ལ་མཚོན་ན་བསྐལ་བཟང་གི་དུས་རབས་ཤིག་སྟེ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ནི་ཡོངས་གྲགས་སུ་བོད་རབ་བྱུང་དྲུག་པའི་མེ་བྱ(༡༣༥༧)ལོར་སྐུ་འཁྲུངས་པ་དང་། རབ་བྱུང་བདུན་པའི་ས་ཕག་ལོའི(༡༤༡༩)ལོར་སྐུ་གཤེགས། རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི་མཁན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་ལྟར་ན། རབ་བྱུང་དྲུག་པའི་མེ་སྤྲེལ་ལོར(༡༣༥༦)སྐུ་འཁྲུངས་པ་དང་རབ་བྱུང་བདུན་པའི་ཤིང་ལུག་(༡༤༡༥)ལོར་སྐུ་གཤེགས། གཞན་ཡང་དཔེར་ན། སྔ་འགྱུར་བསྟན་པའི་སྒྲོན་མེ་ཀུན་མཁྱེན་ཀློང་ཆེན་པ(༡༣༠༨_༡༣༦༣)དང་། ས་སྐྱའི་བླ་མ་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས།(༡༣༤༩_༡༤༡༢) ཇོ་ནང་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ།(༡༣༠༦) བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ།(༡༣༧༥_༡༤༥༡) རོང་སྟོན་སྨྲ་བའི་སེང་གེ(༡༣༦༧_༡༤༤༩)སོགས་ཁོང་རྣམས་ནི་དུས་རབས་ཤིག་གི་རིག་པའི་དཔའ་བོ་དང་དུས་རབས་འཕེལ་རྒྱས་ཀྱི་དབུ་འདྲེན་པ་ཁོ་ན་ཡིན། ཁྱད་པར་དུ་རྗེ་ཙོང་ཁ་དང་མཉམ་མེད་པ་གཉིས་ནི་དུས་རབས་གཅིག་ཏུ་བྱོན་པ་མ་ཟད་དགུང་ལོ་ཡང་ན་མཉམ་ཙམ་དུ་འདུག་པ་དང་། རང་རང་སོ་སོའི་བསྟན་པ་ལ་མཛད་རྗེས་རླབས་ཆེན་བཞག་པས་སངས་རྒྱས་དངོས་སུ་འཇིག་རྟེན་འདིར་བྱོན་ནས་མདོ་སྔགས་ཀྱི་བསྟན་པ་ཞལ་ནས་གསུངས་པ་ལྟ་བུའི་བཀའ་དྲིན་ཤིན་ཏུ་ཆེ་བས་རྒྱལ་བ་གཉིས་པ་ཞེས་པའི་མཚན་གྱི་ཆོ་ལོ་གསོལ། འདི་ལྟ་བུའི་མཚན་གསོལ་བ་ཡང་བོད་ཀྱི་གྲུབ་མཐའ་ས་སྙིང་བཀའ་དགེ་བོན་ན་ཉིན་དཀར་གྱི་སྐར་མ་ལྟར་དཀོན་ཞིང་། དུས་རབས༡༤ནས་དུས་རབས༢༡སྟེ་ཕལ་ཆེར་མི་ལོ་དྲུག་བརྒྱར་ཉེ་བའི་ནང་གྲུབ་མཐའ་རང་རང་ལ་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་ཅི་ཙམ་ཞིག་བྱོན་མྱོང་བ་དང་། དེའི་ཁྲོད་ན་རྒྱུ་སྐར་གྱི་དབུས་ན་ཉི་ཟླ་ལྟར་ཁྱད་དུ་འཕགས་པ་ཞིག་སྐུ་འཁྲུངས་མྱོང་ཡོད་མེད་ཀྱི་སྟེང་ནས་ཧ་གོ་བ་རེད། དོན་དེའི་སྟེང་ནས་འདིར་དུས་རབས་གཅིག་ལ་རིག་པའི་དཔའ་བོ་གཉིས་མཁའ་ལ་ཉི་ཟླ་ཟུང་གཅིག་ལྷན་དུ་ཤར་བ་ལྟར་འདུག་པར་བསམས་པ་ཡང་སྙན་ངག་པ་ལ་དཔེ་མི་སྲིད་པའི་རྒྱན་དུ་གྱུར་འདུག་གོ།
༢.གྲུབ་མཐའི་ཕྱོགས་རིས་མེད་པར་ཐོས་བསམ་རྒྱ་ཆེར་གནང་བ།
ཡང་སྐྱེས་ཆེན་དམ་པ་ཁོང་གཉིས་ཀྱི་རྣམ་ཐར་ལ་མཇལ་ཞིང་བསྡུར་ཚེ། ཐུན་མོང་གི་ཁྱད་ཆོས་ཤིག་ནི་གྲུབ་མཐའ་ལ་ཕྱོགས་རིས་མེད་པར་ས་སྟེང་ན་གནས་ངེས་མེད་དུ་བཞུགས་པའི་སྐྱེས་བུ་གང་ཞིག་ལ་ཡོན་ཏན་གྱི་མཆོག་མངའ་ཚེ། རང་ཉིད་ནམ་ཡང་དམན་སར་བཞུགས་ཏེ་དེའི་ཞབས་པད་སྤྱི་བོས་མཆོད་དེ་ཐུགས་རྒྱུད་ཀྱི་ཡོན་ཏན་ལེན་པ་ལ་ཀུན་ནས་བརྩོན་པ་ཡིན། དཔེར་ན། རྗེ་ཙོང་ཁ་བ་དགུང་ལོ་བཅུ་དྲུག་ལ་སོན་པའི་སྟེང་ནས་དབུས་སུ་བྱོན་ནས་ས་དགེ་བཀའ་རྙིང་ལ་སོགས་པའི་བཤེས་གཉེན་བཅུ་ཕྲག་བཞི་ཙམ་བསྟེན་ཏེ་ཐོས་བ་བཙལ་བ་ལྟ་བུ་དང་། དེ་བཞིན་རྗེ་མཉམ་མེད་པ་ཡང་སྐུ་ན་ཅུང་ཆེ་བར་སོན་རྗེས་དབུས་གཙང་དུ་བྱོན་ནས་བོན་གྱི་མཁས་གྲུབ་དུ་མའི་ཞབས་པད་བསྟེན་ཏེ་ཐོས་བསམ་བཙལ་བ་མ་ཟད། གྲུབ་མཐའི་ཕྱོགས་རིས་རིང་དུ་དོར་ཏེ་ས་སྐྱའི་མཁས་ཆེན་རོང་སྟོན་ཤེས་བྱ་ཀུན་གཟུགས་སོགས་བཤེས་གཉེན་དུ་མ་བསྟེན། དཔལ་ལྡན་གསང་ཕུ་ནེའུ་ཐོག་གི་བཤད་གྲྭར་ཡང་གྲྭ་སྐོར་དུ་ཕེབས་ཏེ་ཐོས་བསམ་མཛད། འདི་དག་གི་སྟེང་ནས་རྗེ་ཙོང་ཁ་པའི་ཞལ་སྔ་ནས། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུང་རབ་མ་ལུས་གདམས་པར་ཤར་བར་གསུངས་པ་ལྟར་ཏེ། སྐྱེས་ཆེན་དམ་པ་ཁོང་རྣམས་ནི་དེང་དུས་ཀྱི་སྐྱེ་བོ་གྲུབ་མཐའི་ཕྱོགས་རིས་དང་ཆགས་སྡང་གིས་ཀུན་ནས་མྱོས་པ་དག་དང་གཏན་མི་མཚུངས་པར་གང་ན་མཁས་པ་ཡོད་ན་དེར་བཅར་བ་དང་གང་ལ་ཡོན་ཏན་ཡོད་ན་དེ་ལ་འདུད་དེ་རང་ཉིད་ནམ་ཡང་དམན་སར་བཟུང་ནས་གྲུབ་མཐའ་རིས་མེད་ཀྱི་བཤེས་གཉེན་ཚུལ་བཞིན་བསྟེན་ནས་ཐོས་བསམ་རྒྱ་ཆེར་འཚོལ་བའི་བརྟུལ་ཞུགས་དེ་ནི་ང་ཚོ་རྗེས་རབས་པའི་སློབ་སྦྱོང་གི་མིག་དཔེ་ཡིན་ནོ། །
༣.ཕ་ཡུལ་བརྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས།
ཡང་དམ་པ་ཁོང་གཉིས་ཀྱིས་གཞན་དོན་བྱང་ཆུབ་ཀྱི་ཐུགས་བསྐྱེད་པ་ལ་བརྟེན་ནས་རང་གི་གུས་པའི་ཕ་མ་དང་གཅེས་པའི་ཕ་ཡུལ་རྒྱབ་ཏུ་བསྐྱུར། སེམས་ཅན་དང་མི་ཡུལ་དང་དུ་བླངས་པའི་མཛད་པ་ཡང་མི་ཕལ་བས་རྔོ་མི་ཐོགས་པ་ཞིག་སྟེ། རྗེ་ཙོང་ཁ་བ་ཁོང་ནི་དགུང་ལོ་བདུན་ལ་རང་གི་ཕ་མ་དང་ཁ་བྲལ། དེ་ནས་དགུང་ལོ་བཅུ་དྲུག་སྟེང་དབུས་གཙང་དུ་བྱོན་པའི་རྗེས་ནས་མ་ཡུམ་གྱི་ལན་གཅིག་ཕེབས་པའི་ཞུ་ཕྲིན་བསྐུར་ཡང་གཞན་དོན་ཁོ་ནར་བྲེལ་ཏེ་སྐུ་ཚབ་ཏུ་བྲིས་སྐུ་ཞིག་བསྐུར་བ་ལས་ཡུམ་གྱི་ཐུགས་འདུན་སྐོང་མ་ཐུབ། དེ་བཞིན་དུ་རྗེ་མཉམ་མེད་པ་ཡང་དགུང་ལོ་གཞོན་པའི་དུས་ནས་གྲྭ་ས་རུ་ཕེབས་ཆས་མཛད་ཚེ། ཡབ་ཡུམ་གྱིས་གནང་བ་མ་ཐོབ་པས་ཁོང་གིས་གྲྭ་ས་བསྐོར་ནས་སླར་ཡང་ཡུལ་དུ་འོང་ཞིང་ཡབ་ཡུམ་དང་མཇལ་བའི་ཞལ་བཞེས་མཛད་པས། ད་གཟོད་ཡབ་ཡུམ་གྱིས་བཀའ་གནང་ནས་སྟོད་ཀྱི་གྲྭ་སར་ཕེབས། རྗེས་སུ་ཕ་མའི་ཐུགས་དང་མི་འགལ་ཕྱིར་ལན་གཅིག་སྟོད་ནས་རང་ཡུལ་དུ་ཕེབས་མོད་ཀྱང་། ཕ་མས་ལོ་མང་པོར་མ་མཇལ་ཞིང་ཞལ་གཟུགས་འགྱུར་བས་མ་མཁྱེན། དེ་ནས་རྗེ་མཉམ་མེད་པས་ཀྱང་རང་ཡུལ་དུ་བཞུགས་རིང་ཁོང་ཡིན་པའི་གསལ་བརྡ་མ་བཀྲོལ་པར་ཕེབས་ཁར་ང་ཡི་ཁྲི་འདི་ཞག་བདུན་ལ་མ་བཤིག་ཤིག་རྟེན་འབྲེལ་ཡོད་གསུངས་ནས་དེར་ཡི་གེ་ནང་ཞལ་གསལ་གནང་འདུག་པ་ལྟ་བུའོ། །འདིར་ཁོང་རྣམ་གཉིས་ཕ་མར་བརྩེ་བ་མེད་པ་མ་ཡིན་ཏེ། བརྩེ་བ་ཆེན་པོ་ཐུགས་རྒྱུད་ལ་འཁྲུངས་པའི་རྟགས་སུ་ངེས་སོ། །
༤.བན་བོན་རིག་གནས་གཉིས་ཀྱི་དཔྱད་སྡུར།
སྤྱིར་བོད་ཀྱི་རིག་གནས་ནི་མ་ལག་ཁག་གཉིས་ཀྱིས་གྲུབ་སྟེ། གནའ་བོའི་བོད་ཡུལ་རང་ས་ནས་བྱུང་བའི་སྲོལ་རྒྱུན་རིག་གནས་ཏེ་འཇིག་རྟེན་པའི་སྲིད་པ་རྒྱུ་ཡི་བོན་ཏེ་གཏོ་རྩིས་མོ་དཔྱད་སོགས་དང་། འཇིག་རྟེན་ལས་འདས་པའི་བོན་མདོ་སྔགས་རྫོགས་གསུམ་སྟེ་ནང་དོན་གཉིས་ཀྱིས་མཚོན་པའི་གཡུང་དྲུང་བོན་གྱི་རིག་གནས་དང་། དུས་རབས་བདུན་པ་ནས་ནང་འདྲེན་བྱས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་མདོ་སྔགས་བསྟན་པ་སྙིང་བོར་གྱུར་པའི་རྒྱ་གར་རིག་གནས་ཀྱིས་ཤན་ཐེབས་ཤིང་བོན་གྱི་རིག་གནས་ཀྱང་སྡུད་ལེན་བྱས་པའི་སྲོལ་རྒྱུན་བོད་དམ་བན་གྱི་རིག་གནས་གཉིས་སོ། །དེས་ན་ང་ཚོས་རྫེ་ཙོང་ཁ་པ་དང་རྒྱལ་བ་མཉམ་མེད་གཉིས་ཀྱི་མཛད་ཕྲིན་བསྡུར་བའི་གོ་རིམ་དེ་ནི་དོན་དངོས་སུ་བན་བོན་རིག་གནས་གཉིས་ཕན་ཚུན་བསྡུར་བ་ལ་ཞུགས་པའང་ཡིན་ཏེ། རིག་གནས་མ་ལག་ཁག་འདི་གཉིས་དུས་རབས་དེའི་ནང་གི་འཕེལ་རྒྱས་ཀྱི་ཆུ་ཚད་དང་སྐྱེས་ཆེན་དམ་པ་ཁོང་གཉིས་ཀྱིས་རིག་གནས་མ་ལག་ཁག་གཉིས་ཀྱི་དབུ་འདྲེན་པར་གྱུར་ཏེ་རིག་གནས་འདི་རྒྱུད་འཛིན་དར་སྤེལ་བྱེད་ཆེད་འཆད་རྩོད་རྩོམ་གསུམ་གྱི་ལམ་སྲོལ་ཇི་ལྟར་བཙུགས་པ་དང་དེས་ཐོན་པའི་ནུས་པ། དེ་བཞིན་ཁོང་གཉིས་ཀྱིས་ཐོས་བསམ་སྒོམ་གསུམ་བྱེད་པའི་བན་བོན་རིག་གནས་ཀྱི་སྒྲིག་གཞི་དང་ཕན་ཚུན་བར་གྱི་ཁྱད་པར། མཁས་པའི་དཔུང་སྡེ་གྲུབ་ཚུལ། རིག་གཞུང་ཞིབ་འཇུག་གི་རྣམ་པ་དང་ཁ་དབུགས་སོགས་ཀྱང་གསལ་བོར་རྒྱུས་ལོན་ཐུབ་པ་རེད།
མདོར་ན། རྗེ་རྣམ་གཉིས་ནི་མཁས་བཙུན་བཟང་གསུམ་འཛོམས་པའི་བསམ་བློ་པ་དང་བཅོས་སྒྱུར་མཁན། མཁས་པའི་དབང་བོ། བསྟན་པའི་བདག་ཉིད་ཆེན་པོ་བཅས་ཡིན་པ་སུས་ཀྱང་བསྙོན་དུ་མེད་ཅིང་། ང་ཚོས་གྲུབ་མཐའི་ཕྱོགས་རིས་རིང་དུ་དོར་ནས་ཁོང་གཉིས་ཀྱི་མཛད་ཕྲིན་ལ་བལྟས་ན་ཐུན་མོང་གི་ཆ་མང་དུ་མཆིས་ཤིང་། དེ་དག་ནི་ང་ཚོ་རྗེས་རབས་པས་ནམ་ཡང་མཆོད་པའི་ཡུལ་དང་བསླབ་པའི་གནས། ང་རྒྱལ་དང་གཟི་བརྗིད་དུ་ངོམ་རུང་བ་ཤ་སྟག་ཡིན་པས། དུས་རབས་དེའི་ནང་ཉི་ཟླ་ཟུང་གཅིག་ལྟར་ཤར་བའི་གངས་ཅན་བོད་ཀྱི་མི་སྣ་རླབས་པོ་ཆེ་ཡིན་པ་ལ་ངེས་ཤེས་གཏན་པོ་སྐྱེས་སོ། །
ཟུར་ལྟའི་དཔྱད་ཡིག
1.དུང་དཀར་བློ་བཟང་ཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2002.4
2.གཡུང་དྲུང་ཕུན་ཚོགས། རྗེ་ཙོང་ཁ་པ་དང་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གཉིས་དངོས་སུ་མཇལ་ཡོད་མེད་སྐོར་ལ་ཅུང་ཟད་དཔྱད་པ། སྐབས་དང་པོའི་རྗེ་ཙོང་ཁ་བའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་སྟེང་གི་དཔྱད་རྩོམ།
3.ཀུན་དགའ་དབང་ཕྱུག རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆའི་བྱུང་ཚུལ་དང་དེའི་ཐད་ཀྱི་དོགས་གནད་འགའ་ལ་གསར་དུ་དཔྱད་པ། སྐབས་དང་པོའི་རྗེ་ཙོང་ཁ་བའི་རིག་གཞུང་ཞིབ་འཇུག་བགྲོ་གླེང་ཚོགས་འདུའི་སྟེང་གི་དཔྱད་རྩོམ།
4.འབྲུག་རྒྱལ་དབང་ཆོས་རྗེ། རྗེ་ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981
5.ཆ་ཧར་བློ་བཟང་ཚུལ་ཁྲིམས། རྗེ་ཙོང་ཁ་པའི་རྣམ་ཐར་གོ་སླ་བར་བརྗོད་པ་བདེ་ལེགས་ཀུན་གྱི་འབྱུང་གནས། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2006
6.བཙན་ལྷ་ངག་དབང་ཚུལ་ཁྲིམས། རྗེ་མཉམ་ཤེས་རབ་རྒྱལ་མཚན་གྱི་མཛད་རྣམ་མདོར་བསྡུས། བོད་ཀྱི་སློབ་གསོ། 2015.2
རྩོམ་འདི་2016ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་འཚོགས་པའི་རྗེ་ཙོང་ཁ་བ་ཞིབ་འཇུག་བགྲོ་གླེང་ཚོགས་འདུར་ཆེད་དུ་བྲིས་པ་དང་། 2016ལོའི་《རྩེར་སྙེག》དུས་དེབ་སྟེང་བཀོད་ཡོད།