རྗེ་སྨན་རི་བར་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་དཔྱད་པ།

[ཟླ་ཚེས། 2025-02-02 09:01:12][རྩོམ་པ་པོ། ཁྱུང་ཚང་འབྲུག་ལྷ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  ནང་དོན་གནད་བསྡུས། སྔ་འགྱུར་བོན་གྱི་བསྟན་པའི་སྲོག་ཤིང་གཅིག་པུ། བོན་ལུགས་དབུ་ཚད་འདུལ་བའི་གསལ་བྱེད་དམ་པ་རྗེ་སྨན་རི་བ་ནི་བོད་ཀྱི་རིག་གནས་སྤྱི་དང་། ཡང་སྒོས་བོན་གྱི་བསྟན་པ་སྲོལ་འཛིན་བྲུ་ཡི་རང་ལུགས་དྲི་མ་མེད་པའི་ཕྱག་བཞེས་ཀྱི་ཐོག་ནས་དར་སྤེལ་མཛད་པའི་མཁས་གྲུབ་ཆེན་པོ་ཞིག་ཡིན། རྗེ་སྨན་རི་བ་ཆེན་པོས་བརྩམས་པའི་ཚད་མ་རྣམ་འབྱེད་འཕྲུལ་གྱི་སྒྲོན་མེ1དང་། དབུ་མ་བདེན་གཉིས། འདུལ་བ་གསལ་སྒྲོན་སོགས་ལ་རྒྱལ་ཁབ་ཕྱི་ནང་དུ་ཞིབ་འཇུག་བྱས་ཡོད་ལ། རྗེ་ཙོང་ཁ་བས་ཕུལ་བར་གྲགས་པའི་གསོལ་འདེབས་ལ་ཡང་དཔྱད་པ་ཕྲན་བུ་རེ་འདུག འོན་ཀྱང་གཤེན་ཉི་མ་རྒྱལ་མཚན་གྱི་སྙན་རྩོམ་དང་། རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་ཕུལ་བའི་བསྟོད་རྩོམ་ཁག་ལ་ཞིབ་འཇུག་བྱས་བ་ད་སྔ་མ་མཐོང་བས། འདིར་དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད་པའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ས་བཅད་ལྔ་ལ་བྱས་ཏེ་དཔྱད་པ་བྱས་ཡོད། ས་བཅད་དང་པོར། རྩོམ་པ་པོའི་མཛད་རྣམ་ངོ་སྤྲོད་དུ། གཤེན་ཉི་མ་རརྒྱལ་མཚན་དང་མཉམ་མེད་སྨན་རི་བ་ཆེན་པོའི་ངོ་སྤྲོད་ཐུང་ངུ། གཤེན་ཉི་མས་བསྟོད་པ་རྣམ་རྒྱལ་ཁང་བཟང་གང་ནས་བརྩམས་པའི་ཡུལ་ལ་ཞིབ་འཇུག་བྱས་ཡོད། ས་བཅད་གཉིས་པར། བསྟོད་རྩོམ་མཛད་པའི་རྒྱུ་རྐྱེན་ཐུན་མོང་དུ་དཔྱད་པ་དང་། ཐུན་མོང་མ་ཡིན་པ་མཁའ་འགྲོས་སྙན་བརྒྱུད་དུ་བྱུང་ཚུལ་ངོ་སྤྲོད་བྱས་ཡོད། ས་བཅད་གསུམ་པར། བརྩམས་ཆོས་ཀྱི་གཞུང་གི་ནང་དོན་ཐོག་མར་དགེ་ཞིང་མངོན་པར་མཐོ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་ཞིང་ངེས་བར་ལེགས་པ་གཞུང་གི་དོན། ཐ་མར་དགེ་ཞིང་བསྔོ་བ་མཇུག་གི་དོན་བཅས་ལ་དབྱེ་སྟེ་ཚིག་འགྲེལ་ཉུང་འཐུས་བྱས་ནས་ནང་དོན་གོ་བདེ་བར་ངོ་སྤྲོད་བྱས་ཡོད། ས་བཅད་བཞི་བར། སྤྱི་སྡོམ་གྱི་ཚུལ་དུ་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་རྩོམ་རྩལ་ཁྱད་ཆོས་དེ་བརྗོད་བྱ་དོན་གྱི་ཁྱད་ཆོས་དང་བརྗོད་བྱེད་ཚིག་སྦྱོར་གྱི་ཁྱད་ཆོས་གཉིས་ཀྱི་ལམ་ནས་རགས་ཙམ་དཔྱད་ཡོད། ས་བཅད་ལྔ་བར། བསྟན་བཅོས་འདིའི་འཕྲིན་ལས་ཀྱི་སྐོར་ལ་རྒྱལ་བ་སྨན་རི་བ་ཞེས་འདི་ནས་ཆེས་ཆེར་གྲགས་པ་དང་། མཁན་ཆེན་ཉི་མས་འདི་ལ་ནན་ཏན་མཛད་ཚུལ། དཔེ་དེབ་དག་ཏུ་བཀོད་ཡོད་ཚུལ་བཅས་གསལ་བཤད་བྱས་ཡོད།
  གནད་ཚིག གཤེན་ཉི་མ་རྒྱལ་མཚན། བསྟོད་པ་རྣམ་རྒྱལ་ཁང་བཟང་། རྗེ་སྨན་རི་བ། སྨན་རིའི་ཁྲི་འཛིན།

གླེང་གཞི།

  རང་རེའི་བོད་དུ་མཉམ་མེད་པ་ཞེས་པའི་མཚན་སྙན་གྱི་ཅོད་པཎ་མནབས་པའི་མཁས་པ་ཡོངས་གྲགས་སུ་མཉམ་མེད་ལྷ་གཅིག་དུམ་བུམ་ཀ་རའམ་ཇོ་བོ་རྗེ་ཨ་ཏི་ཤ་དང་། མཉམ་མེད་མར་སྟོན་པ་ཆོས་ཀྱི་བློ་གྲོས། མཉམ་མེད་སྒམ་པོ་བའམ་དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན། མཉམ་མེད་སྨན་རི་བའམ་མཁས་གྲུབ་སྤྱན་གཅིག་པ་ཤེས་རབ་རྒྱལ་མཚན། མཉམ་མེད་ཙོང་ཁ་པའམ་ཨ་མདོ་སྣ་བོ་ཆེ་བློ་བཟང་གྲགས་པ་སོགས་ཡོད། ཁོང་ཅག་ལས་མཉམ་མེད་སྨན་རི་བ་དང་མཉམ་མེད་ཙོང་ཁ་པ་གཉིས་ནི་དུས་རབས་བཅུ་བཞི་པའི་སྐྱེས་ཆེན་གཉིས་ཡིན་ལ་གཤེན་བསྟན་དང་ཐུབ་བསྟན་སོ་སོར་རྒྱལ་བ་གཉིས་པ་ཞེས་གྲགས་པའི་རྒྱུ་མཚན་ཡང་སངས་རྒྱས་སླར་ཡང་བྱོན་པ་ལྟ་བུ་དང་སངས་རྒྱས་ཀྱི་མཛད་པ་དང་ཆ་འདྲ་བས། ཁོང་གཉིས་ལ་སངས་རྒྱས་གཉིས་པ་ཞེས་པའི་མཚན་སྙན་གྱི་བ་དན་ཕུལ་ཡོད་ལ། སྐྱེས་ཆེན་འདི་གཉིས་ཆོས་ལུགས་ལོ་རྒྱུས་སུ་གོ་གནས་ངེས་ཅན་རེ་ཡོད། ད་ཕན་བར་དུ་རྗེ་སྨན་རི་བའི་སྐོར་ལ་ཕྱོགས་ཡོངས་ནས་ཚགས་ཚུད་པོའི་སྒོ་ནས་ཞིབ་འཇུག་བྱས་པ་རེ་གཉིས་ལས་མཐོང་ཐོས་མི་འདུག རྒན་ནོར་བུ་ཚེ་རིང་ལགས་ཀྱིས་བརྩམས་པའི་རྗེ་ཙོང་ཁ་པ་དང་མཉམ་མེད་ཤེས་རབ་རྒྱལ་མཚན་གཉིས་གཤིབ་བསྡུར་དུ་རྗེ་ཙོང་ཁ་པ་དང་མཉམ་མེད་ཤེས་རབ་རྒྱལ་མཚན་གཉིས་ཀྱིས་བན་བོན་གྲུབ་མཐའ་ལ་ཐེབས་པའི་ཤུགས་རྐྱེན་སྐོར་གླེང་ཡོད་པ་མ་ཟད་རྗེ་གཉིས་ཀྱི་མཛད་འཕྲིན་སྐོར་ལ་མཐུན་ཆ་ཤིན་ཏུ་མང་བ་དང་རྗེ་རྣམ་གཉིས་ཞལ་མཇལ་གནང་ཚུལ་གྱི་རྣམ་ཐར་ཡིག་ཆའི་སྐོར་དང་སོ་སོས་བསྟན་པར་བྱས་པའི་ལེགས་རྗེས་སོགས་བཀོད་ཡོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་སྒྲིག་ཏུ། རྣམ་ཐར་ཁག་གསུམ་2དང་བསྟོད་པ་རྣམ་རྒྱལ་ཁང་བཟང་མ་འདི་བཀོད་ཙམ་བྱས་ཡོད་ལ། ཁྱད་པར་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་མཚོན་ན། བོན་གྱི་ཞལ་འདོན་དག་ན་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་བསྒྲིགས་ཡོད་ལ། སྨན་རིའི་ཁྲི་འཛིན་མཁན་ཆེན་ཉི་མ་བསྟན་འཛིན་གྱིས་འདི་ལ་ཚིག་འགྲེལ་མཛད་ཡོད་པ་མ་ཟད་རྣམ་ཐར་ཁག་ནའང་ལུང་ཙམ་དྲངས་ཡོད་པ་རེད། རྒན་སྐལ་བཟང་བཀྲ་ཤིས་ལགས་ཀྱིས་བརྩམས་པའི་<<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེ་དང་ལྟ་གྲུབ་སྐོར་དཔྱད་པ>>ཞེས་པའི་ལེའུ་གཉིས་པར་བསྟོད་རྩོམ་འདི་རྗེའི་རྣམ་ཐར་ཁག་བཞིའི་གྲས་སུ་བཞག་ནས་མཛད་པའི་ཡུལ་དུས་ཙམ་ལ་དབྱེ་ཞིབ་གནང་འདུག་པ་ལས། བསྟོད་པ་འདིའི་སྐོར་ལ་ཞིབ་ཏུ་དམིགས་སུ་དགར་ནས་ཞིབ་འཇུག་བྱས་པ་ད་སྔ་མེད།

  བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་ཁྲོད་ཆོས་ལུགས་མི་སྣའི་ཕྱག་རྗེས་ཀྱང་གསུབ་ཏུ་མེད་པ་མ་ཟད། གྲུབ་མཐའ་ཁག་གི་མཁས་གྲུབ་སོ་སོར་རང་ཉིད་ཀྱི་རྩོམ་རྩལ་ཁྱད་ཆོས་ཐུན་མོང་མ་ཡིན་པ་རེ་ཡོད་ངེས། རང་རེའི་ས་ཕག་དུས་སྐབས་སུ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་སྣང་ཚུལ་ཞིག་དངོས་སུ་ཐོན་ཡོད་ལ། དུས་སྐབས་དེར་རང་རེའི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སུ་བར་མའི་དུས་སྐབས་ཀྱི་རྩོམ་རིག3ཞེས་ཀྱང་གྲགས་ཀྱིན་ཡོད། འདིར་རང་རེའི་ཕ་མྱེས་ཀྱི་གཅེས་ནོར་བོན་གྱི་བསྟན་པའི་མཁས་གྲུབ་སྐར་ཚོགས་འདྲ་བ་མང་པོའི་ཁྲོད་འོད་ཟེར་བྱེ་བ་ལྟ་བུར་གྱུར་བའི་རྗེ་མཉམ་མེད་པའམ་སྨན་རི་བ་མཆོག་ལ་ཕུལ་བའི་བསྟོད་པབསྟོད་པ་རྣམ་རྒྱལ་ཁང་བཟང་ལ་དཔྱད་པ་བྱས་པ་བརྒྱུད། བོན་བསྟན་གྱི་ཐུན་མོང་མ་ཡིན་པའི་རྩོམ་གཤིས་ལ་ཞིབ་འཇུག་བྱེད་པར་འདི་དང་འདི་ལྟ་བུའི་བརྩམས་ཆོས་དང་གསུང་རྩོམ་ལ་ཞིབ་འཇུག་མ་བྱས་ན་ཤེས་རྟོགས་མངོན་གསལ་དོད་པོ་འབྱུང་མི་སྲིད་པས་ཕྱར་བ་གྲུ་འདེགས་ཀྱིས་བྱུང་བའི་རང་རེའི་བོད་ཀྱི་རྩོམ་རིག་ཁྲོད་བོན་ཕྱོགས་ཀྱི་རྩོམ་རིག་འདི་གཞིར་བཞག་གིས་ངོ་སྤྲོད་ཙམ་བྱས་པ་ཡིན།

ས་བཅད་དང་པོ། བསྟོད་རྩོམ་འདི་མཛད་པ་པོ་དང་བསྟོད་ཡུལ་ངོ་སྤྲོད།

དང་པོ། བསྟོད་པ་མཛད་པ་པོ་གཤེན་ཉི་མ་རྒྱལ་མཚན་དང་བསྟོད་ཡུལ་རྗེ་སྨན་རི་བ་ཤེས་རབ་རྒྱལ་མཚན་གྱི་ངོ་སྤྲོད།

  གཅིག གཤེན་ཉི་མ་རྒྱལ་མཚན་གྱི་ངོ་སྤྲོད།

  བརྩམས་ཆོས་གང་ཞིག་འཆད་དགོས་ཀྱང་། དེ་བརྩམས་པའི་ལོ་རྒྱུས་གནས་བབ་དང་། རྩོམ་པ་པོའི་སྐུ་ཚེའི་མྱོང་བ་གཉིས་ནི་ནམ་ཡང་མིག་འབྲས་བཞིན་བརྩི་དགོས་པས། བསྟོད་པ་རྣམ་རྒྱལ་ཁང་བཟང་མཛད་པ་པོ་གཤེན་ཉི་མ་རྒྱལ་མཚན་ངོ་སྤྲོད་བྱ་བ་འདི་གལ་ཆེན་པོར་མཐོང་། དམུ་གཤེན་ཉི་མ་རྒྱལ་མཚན(༡༣༦༠—འདས་ལོ་མི་གསལ)ནི་དཔལ་དར་སྡིངས་སུ་རིགས་རུས་ཀྱི་མཆོག་དམུ་རིགས་གཤེན་གྱི་གདུང་བརྒྱུད་དེ་སྟོན་པ་རྣམ་འདྲེན་བརྒྱད་པ་གཤེན་རབ་མི་བོའི་སྲས་གཡུང་དྲུང་དབང་ལྡན་གྱི་གདུང་བརྒྱུད་དྲི་མ་མེད་པ་མཆོག་ལེགས་རྒྱལ་མཚན་དང་ཡུམ་གྱི་མཚན་མི་གསལ་ཡང་ཁམས་པ་མོ་ཞིག་གི་སྲས་སུ་སྐུ་འཁྲུངས། དར་སྡིངས་ཞེས་པ་དེ་རྒྱལ་དབང་ལྔ་བ་ཆེན་པོའི་རང་རྣམ་དུ། “ཞང་སྟོན། དར་སྡིངས། ༼གཤེན༽ རི་ཞིང་། ༼ ཞུ་༽ གྲུ་༼ བྲུ༽ཚང་པའི་མི་ངོའི་རིགས་སོགས་ལ་མགོ་སྟན་རིགས་གསུམ། མཇུག་བསྒྲིགས་རིགས་གསུམ། སྟག་གདན་རིགས་གསུམ”4ཞེས་གསུངས་པ་ལྟར་པོ་ཏ་ལའི་ཚོམས་ཆེན་དུ་རྒྱལ་དབང་ལྔ་བ་ཆེན་པོས་བོན་གྱི་གདན་ས་འདི་དག་གི་བླ་ཆེན་ལ་གལ་ཆེན་དུ་བཟུང་ནས་དམིགས་གསལ་གྱིས་བཞུགས་སྟན་བསྩལ་བ་དེ་རེད་ལ། དེང་དུས་གཞིས་ཀ་རྩེའི་ས་ཁུལ་མཐོང་སྨོན་རྫོང་གི་དཔལ་དར་སྡིངས་སུ་ཡོད་པའི་བོན་གྱི་གདན་ས་ཁྲི་བརྟན་ནོར་བུ་རྩེ་ཡིན། གདན་ས་འདི་དེང་སང་ཡང་གཤེན་གྱི་གདུང་རབས་ཀྱིས་སྐྱོང་བཞིན་ཡོད། གཤེན་ཉི་མ་དགུང་ལོ་ལྔ་ལ་ཕེབས་བའི་བར་དུ་ཡུམ་སྲས་གཉིས་གསང་སྟབས་ཀྱིས་དར་སྡིངས་སུ་བཞུགས་ཤིང་། དེའི་བར་ནས་ཡབ་དམུ་གཤེན་མཆོག་ལེགས་རྒྱལ་མཚན་གྱིས་དབང་ལུང་སོགས་མང་པོ་གནང་། དགུང་ལོ་ལྔ་བར་ཡབ་གཤེགས་ཤིང་འདའ་ཁར་ཞལ་ཆེམས་སུ་སྲས་འདི་ཉིད་འཁྲུངས་ཡོད་པར་བསྒྲགས་པས། དེར་འདུས་ཀུན་གཤེན་གྱི་གདུང་རབས་ཆད་པའི་མྱ་ངན་སངས་བར་བཤད། དགུང་ལོ་ལྔ་ནས་གཤིན་པོའི་ལམ་བསྔོ་རུ་ཕེབས། བཀའ་དྲིན་ཅན་གྱི་བླ་མ་གསུམ5བསྟེན་ཅིང་མཁས་པའི་གོ་འཕང་བརྙེས། ཁྱད་པར་ཡི་དམ་ལྷ་(ཡི་དམ་གསང་མཆོག་རྒྱལ་པོ)ཡིས་རྗེས་སུ་བཟུང་པས་གྲུབ་པའི་སྙན་པ་ཕྱོགས་ཀུན་ཏུ་རྒྱས། རེ་ཞིག་གཤེན་ཉི་མ་གཟིམས་ཁང་དུ་ཀུན་བཟང་གི་སྐུ་མཚམས་ལ་བཞུགས་དུས། བསམ་ཡས་བེ་དཀར་མཆོད་མེའི་ཐོག་ཏུ་ཀུན་བཟང་གི་སྐུར་སྤྲུལ་ནས་ཆོ་འཕྲུལ་བྱུང་བར། སྙིང་བོའི་གྲངས་ཚད་མ་སོང་བར། །ཡི་དམ་ལྷ་ཞལ་ལྟས་ངན་ཡིན། །ཞེས་གསུངས་ནས་ཞལ་དུ་གསོལ་ཏེ་ཐུགས་དམ་པོར་བཞུགས་པས། བེ་དཀར་གྱིས་ཞུ་བ་ཕུལ་བས་ཞལ་ནས་བཏོན་པ་དང་ཤིན་ཏུ་སྐྲག་སྟེ། དངུལ་ཆུ་ལ་མ་འགྲོ་ཞིག བཙུན་ཆུང་ངུ་དགའ་བ་ཞིག་འདུག དར་སྡིངས་ལ་མ་འགྲོ་ཞིག བཙུན་ཆུང་ལྟོགས་སླ་བ་ཞིག་འདུག་ཅེས་བཤད་པར་གྲགས་པ་ལྟར་མི་མ་ཡིན་པར་བཀའ་བཏགས་བཞག་ཅིང་ཚུར་དམ་བཅའ་ཕུལ་བས། དེར་དེང་ནས་གནོད་པ་མི་ཚུགས་པར་གྲགས་སོ། འདིར་གྲགས་པའི་དངུལ་ཆུའི་བཙུན་ཆུང་ནི་རྒྱལ་སྲས་དངུལ་ཆུ་ཐོགས་མེད(༡༢༩༥-༡༣༦༩)ཡིན་པར་འདོད་དེ། རྒྱལ་སྲས་ཐོགས་མེད་ནི་དངུལ་ཆུ་རི་ཁྲོད་དུ་སྒྲུབ་པ་ལ་ཡུན་རིང་དུ་གཞོལ་བས་མཚན་གཞན་ལ་རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཅེས་འབོད་སྲོལ་བྱུང་བ་མ་ཟད། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཟབ་མོ་གཞོན་དུས་ནས་ཐུགས་རྒྱུད་ལ་རང་ཤུགས་ཀྱིས་མངའ་བ་ལགས་པས། སེམས་ཅན་ལ་ཉམས་རྨས་བྱུང་ན་ནི་ཐུགས་ཀྱིས་གཟོད་པ་ལྟ་ཅི། རྩྭ་རྩི་ཤིང་ལ་སད་ཀྱིས་རྒྱབ་ནའང་། ཐུགས་ཀྱིས་མ་གཟོད་པར་ངུ་བས་ཤེས་ཐུབ། དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་སྦྱོར་སྒྲོལ་གྱི་མཛད་པས་མ་རུང་ཆམས་ལ་ཕབ་ཚུལ་ནི། རོང་ཚོ་སྡེ་བ་ཟེར་བའི་བཙན་ཕྱུག་དང་ལྡན་པ་དེས་གཤེན་ལ་སྐུར་བ་འདེབས་པའི་ཁར་དར་སྡིངས་ཕུ་རུ་ཡོད་པའི་ཐང་ཀ་སོགས་ལའང་རྐུས་བྱེད་པས། བསྟན་པ་ལ་གནོད་དོགས་ཀྱིས་ཐུགས་ལ་སྒྲོལ་དགོས་དགོངས་པ་འདི་ལྟར། ད་ལྟ་ང་ལ་དགོས་པ་མ་མཆིས་ཀྱང་། །བསྟན་པའི་དགྲ་འགེགས་སྦྱོར་སྒྲོལ་མ་སྤྱད་ན། །སྤྱོད་པའི་དམ་ཚིག་དག་ལ་འགལ་བར་བཤད། །ལས་ངན་ལོག་པའི་སེམས་ཅན་འཁྲུལ་ཟིན་ལ། །སངས་རྒྱས་བཀའ་བས་རྒྱག་པའི་མཚོན་ཆ་གཉན། །བསྟན་པའི་མ་ཟིན་ལོག་པའི་མཐའ་འཁོབ་ལ། །སྟོན་པའི་བཀའ་བས་རྡུང་བའི་གྱད་མིར་འཇིགས། །ཉོན་མོངས་འཁོར་བར་འཁྱམས་པའི་ལས་ངན་ལ། །ཀུན་བཟང་ཉིད་བས་ལས་ཀྱི་གཤིན་རྗེ་གཙོ། །སྣང་བ་མ་དག་འགྲོ་བའི་བློ་ཡུལ་དུ། །དོན་དམ་ཉིད་བས་ཀུན་རྫོབ་ཟ་བྱུས་རྩི། །དེ་དང་དེ་འདྲ་མ་ལུས་འདུལ་བའི་ཕྱིར། །དགྲ་འགེགས་འདུལ་བའི་ལས་མཁན་དག་ཏུ་བསྐོས། །ཞེས་རྣམ་ཐར་ལས་འབྱུང་བ་བཞིན་བོན་སྐྱོང་དམག་དཔོན་ཡན་ཆད་མངོན་སྤྱོད་དྲག་པོའི་འཕྲིན་ལས་ལ་བསྐུལ་ནས་མ་འོངས་དོན་དུ་ལས་སྦྱོར་སྦྱིན་སྲེག་དྲག་པོ་རྣོ་མྱུར་དང་ལྡན་པ་བླུག་སྟེ་བསྒྲལ་ཏོ། །དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་རྫུ་འཕྲུལ་བསྟན་པར་མཛད་པ་ནི། རྣམ་ཐར་ལ་གཞིགས་ན་སྡེ་སྲིད་གཙང་པས་བསྟན་པ་སྤྱིའི་ཞབས་རིམ་དང་སེམས་ཅན་བདེ་ཐབས་བཅས་ལ། སྔགས་བོན་འཚོགས་ནས་བར་ཆད་བགེགས་བཟློག་རང་རང་གི་གཞུང་ལུགས་དང་བསྟུན་ནས་མཛད་སྲོལ་ཡོད་ཅིང་། དེར་ཡང་གཤེན་ཉི་མས་གཙོ་མཛད་བོན་པོ་རྣམས་གཡས་གྲལ་དུ་བཞུགས་པ་དང་བླ་མ་མུས་ཆེན་དཀོན་མཆོག་རྒྱལ་མཚན(༡༣༨༨_༡༤༦༩)པོའི་གཙོས་བན་ཏེ་རྣམས་གཡོན་གྲལ་དུ་བཞུགས་ནས་ཚོགས་པའི་ལོ་རྒྱུས་ཡོད་ལ། གྲོལ་རྗེས་གཤེན་ཉི་མ་དང་མུས་ཆེན་གཉིས་རྫུ་འཕྲུལ་འགྲན་པའི་ལོ་རྒྱུས་རྣམ་ཐར་དུ་འདུག་པས་མི་སྤྲོས། རྒྱ་ནག་གི་ཉེ་འདབས་དམ་ཅན་རྡོ་རྗེ་ལེགས་པ་རྒྱུ་བའི་ས་གནས་ཤིག་ཏུ་ཞག་གཅིག་བཞུགས་ཚེ། ཏིང་འཛིན་གྱིས་གཟིར་ཏེ་ཐོ་རངས་ཁར་དམ་ཅན་དངོས་སུ་སྡོང་ལ་གསོལ་བས་ཁོང་གི་བཀའ་བརྒྱུད་འཛིན་པའི་བུ་སློབ་ཐམས་ཅད་ཀྱི་གྲོགས་བྱེད་པའི་གཡེར་དམ་བཅས། བོན་ལུགས་སུ་དམ་ཅན་རྡོར་ལེགས་བསྟེན་གསོལ་བྱེད་པ་འདི་ནས་བྱུང་བར་སྣང་ལ། གཤེན་ཉི་མ་རང་ནས་བསྐང་བ་ཞིག་ཀྱང་མཛད་ཡོད། ཨ་མདོ་རེབ་གོང་དང་མཚོ་ལྷོ་ས་ཆའི་བོན་སྡེ་ཁ་ཅིག་ཏུ་དམ་ཅན་དེ་ཡི་དམ་ཁྲོ་ཆེན་སྡེ་དགུའི6ནང་ཚན་འབུམ་པ་དབང་ཆེན་གྱི་བཀའ་སྡོད་སྐྱེས་བུ་ཆེན་པོ7ཞུ་བ་དེའི་འཁོར་དུ་བློན་ནེའུ་ལེ་དང་བེ་དཀར་སོགས་གཙོ་བྱས་དམ་ཅན་ར་ཞོན་དང་སེང་ཞོན་གྱི་མཆེད་འཁོར་སུམ་བརྒྱ་དྲུག་བཅུ་ཡོད་ལ་དེ་དག་གི་གཙོ་བོར་འབུམ་པའི་གཞུང་ལས་གསུངས་པའི་སྐྱེས་བུ་ཆེན་པོ་ཞུ་བ་དེ་ཡོད། བོན་བརྒྱ་གཡུང་དྲུང་ཕུན་ཚོགས་ཀྱིས་ར་ཞོན་བོན་གྱི་གཏེར་བདག་ཅིག་ཏུ་བསྐང་ཐུང་མཛད་ཡོད། གཞན་ཡང་གཤེན་ཉི་མ་ཁམས་ཕྱོགས་སུ་བྱོན་སྐབས་ཡོན་བདག་མང་པོ་བྱུང་བ་མ་ཟད། དེ་གར་གཤེན་ཉི་མ་བྱ་རྒོད་ལ་སྤྲུལ་བའི་གཏམ་རྒྱུད་འདི་བྱུང་སྟེ། དེའི་སྐོར་རྣམ་ཐར་མོས་ལྡན་ཐར་བའི་ལམ་འདྲེན་དུ། “ཡར་ལོག་ཕེབས་ཁ་ཞིག་ལ། ལས་ལྡན་གྱི་ཨ་ནེ་རྒན་མོ་ཞིག་གིས་མཛོ་མོ་དཀར་མོ་གཅིག་ཕུལ་ནས། བདག་འཆི་དུས་ཁྱེད་སྐྱབས་འགྲོ་ལ་ཕེབས་རོགས་གནང་ཞུས་པས། དེ་ལྟར་ཡོང་བ་ཞལ་གྱིས་བཞེས། དེ་ལ་ཞབས་ཕྱི་རྣམས་ཀྱི་བསམ་པ་ལ་ངེད་དཔོན་གཡོག་ནི་གཙང་ལ་ཕེབས་རན་སོང་། དོ་ནུབ་སང་དགོང་ལ་ཨ་ནེ་འདི་འཆི་བ་མི་འདུག འདི་འཆི་བའི་སྔས་མགོར་ཇི་ལྟར་ཕེབས། ད་ལམ་ཞལ་རྫུན་ཅིག་གནང་སོང་བསམ་པ་བྱུང་སྐད། དེ་ནས་དར་སྡིངས་སུ་ལོག་ཕེབས་ནས་ལོ་གཅིག་ཙམ་སོང་བ་དང་། ཨ་ནེ་རྒན་མོ་དེ་ནད་ཀྱིས་ཟིན་ནས་འཆི་ལ་གཏུག་པས། གཤེན་ཉི་མས་མཁྱེན་ཏེ། ཞབས་འགྱུར་བ་རྣམས་ལ་གཟིམ་ཆུང་གི་སྒོ་ཞག་གསུམ་མ་དབྱེ་ཞིག ཞག་གསུམ་ནས་གཤང་ཆུང་ལོགས་ལ་བཏགས་པ་འདི་དཀྲོལ་བྱུང་བ་དང་ཤོག་ཅིག གསུངས་ནས་ཨ་ནེ་རྒན་མོའི་ཐ་ཚིག་ལ་དགོངས་ནས། འདྲེན་དོན་ལ་བྱ་རྒོད་དུ་སྤྲུལ་ནས་ཕེབས་པས། ཨ་ནེ་དེས་ཀྱང་ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་བཏབ་ཅིང་། ནང་མི་རྣམས་ལ་ད་ངའི་བླ་མ་ཕེབས་པའི་ཞལ་བཞེས་ཡོད་པས་བལྟས་ཤིག་ཟེར་བ་ལ། ནང་མི་རྣམས་ཀྱིས་བླ་མ་ནི་ཡབ་ཡུལ་དུ་ཕེབས་ནས་མེད་པ་ལ། ད་འདི་སུ་འབྱོན་བྱས་པས། ངའི་བླ་མས་མི་བསླུ་ཕེབས་པ་ཁག་ཐེག་མེད་ཀྱང་བྱ་འདྲ་བ་ཡོང་མཁན་མི་འདུག་གམ་ཟེར་བ་ལ། བལྟས་པས་བྱ་རྒོད་ཅིག་འཕུར་ནས་ཡོང་འདུག དེ་མིན་གང་ཡང་མི་འདུག་བྱས་པས། འོ་ན་དེ་ཡིན་པས་ནང་དུ་གདན་དྲོངས་ཤིག་ཟེར་ནས་ཤིའོ། །”ཞེས་འབྱུང་ལ། སྤྱིར་རང་རེའི་བླ་མ་ཁག་གིས་ལྷའམ་ཡང་ན་གཞན་པའི་སྟོབས་ཤུགས་ཅིག་ལ་བསྟེན་ནས་སྤྲུལ་བ་མང་པོ་སྟོན་ཤེས་པ་བཤད་རྒྱུན་དང་རྣམ་ཐར་ཁག་ནའང་མང་དུ་འདུག་སྟེ། བཤད་རྒྱུན་ལ་སློབ་དཔོན་པདྨ་འབྱུང་གནས་བྱ་རྒོད་དུ་སྤྲུལ་ནས་མཚོ་སྔོན་པོའི་མཚོ་ཁུངས་བཀག་པས་མཚོ་སྙིང་མ་ཧཱ་དེ་ཝ་བྱུང་བ་སོགས་དང་། རྗེ་བཙུན་མི་ལ་དང་ན་རོ་བོན་ཆུང་གཉིས་རྫུ་འཕྲུལ་གྱིས་གངས་དཀར་ཏི་སེར་འགོས་པར་གྲགས་པ་དང་། ཡང་རྗེ་ཁྲོ་ཚང་འབྲུག་ལྷ་དང་ཕ་དམ་པ་སངས་རྒྱས་གཉིས་ཀྱིས་བེམ་པོ་ཞིག་ཚོགས་ལ་རོལ་སྐབས་ཕ་དམ་པས་ཐད་གར་ཟོས་པ་དང་རྗེ་ཁྲོ་ཚང་རྒོད་ལ་སྤྲུལ་ནས་ཟོས་པ་སོགས་ཧ་ཅང་མང་མོད། འདིར་ཆཡབྱ་རྒོད་ཇེ་དམའ་རུ་གྱུར་པ་དང་གཤེན་ཉི་མ་སྔོན་ནས་ཚུར་ཕེབས་པ་ཡོན་བདག་ཚང་ལ་འབྱོར་བ་དང་དུས་མཚུངས་བར་བྱུང་བ་ཡིན་ནམ་ཡང་ན་ཨ་ནེ་རྒན་མོ་འཆི་ཁར་རྒོད་བྱུང་བ་གཤེན་ཉི་མ་ཡིན་པར་བསྒྲགས་པ་གང་ལྟར་ཡང་གཤེན་ཉི་མས་ཨ་ནེ་རྒན་མོ་དེས་རྣམ་ཤེས་མཁའ་སྤྱོད་དུ་དྲངས་པར་གྲགས། གཞན་ཡང་གཙུག་ལག་ཁང་གསར་བཞེངས་དང་གསུང་རྩོམ་མང་པོ་མཛད་དེ་བསྟན་པ་རྗེས་བཞག་གི་མཛད་པ་རི་རྒྱལ་དགོན་རྩེར་སྤྲུལ་བའི་གཙུག་ལག་ཁང་ཆེན་མོ་དང་། བླ་བྲང་སྤེའུ་གཉིས་བཅས་ནོར་བུ་རྩེ་གསུམ་གྱི་ཚུལ་དུ་བཞེངས་པ་དང་ནང་རྟེན་དུ་ཡང་སྟོན་པ་གཤེན་རབ་དང་ཡི་དམ་གསང་མཆོག་རྒྱལ་པོའི་སྐུ་བརྙན་དང་མ་འོངས་སྟོན་པ་ཐང་མ་མེ་སྒྲོན་དགོང་ལོ་བཅུ་བའི་སྐུ་ཚད་སོགས་སྐུ་རྟེན་སྟོང་ཁ་ལོན་པ་བཞེངས། གསུང་རྩོམ་ལ་ཡང་། བསྟོད་པའི་སྐོར་ལ་སྟོན་པ་གཤེན་རབ་མི་བོ་ལ་བསྟོད་པའི་ཡན་ལག་ངོ་མཚར་པད་མོའི་ཕྲེང་བ་ཁུ་བྱུག་རོལ་བའི་མགྲིན་དབྱངས་དང་། ཤེས་རབ་བྱམས་མ་དུས་རྒྱལ་མ་ལ་བསྟོད་པའི་ཡན་ལག་ངོ་མཚར་སྐར་ཆེན་རྒྱན་གྱི་མགུལ་ཕྲེང་། རྗེ་སྨན་རི་བའི་བསྟོད་པ་རྣམ་པར་རྒྱལ་བའི་ཁང་བཟང་ནོར་བུའི་བང་མཛོད། གུ་རུའི་བསྟོད་པ་མེ་ཏོག་དཔུང་བ་རྩི་ཡི་རོལ་མོའི་སྒྲ་དབྱངས། ལྷ་མོ་ཆེན་མོ་རྣམ་པར་རྒྱལ་མ་ལ་བསྟོད་པ་ངོ་མཚར་སྤྲུལ་བའི་གཏེར་འཛིན་སོགས་ཀྱིས་མཚོན་པའི་གསོལ་འདེབས་དང་བསྟོད་རྩོམ་སུམ་ཅུ་རྩ་གྲངས་དང་། གསང་སྔགས་མ་རྒྱུད་ཀྱི་བདག་འཇུག ཡུམ་ཆེན་ཀྱེ་མ་འོད་མཚོའི་སྦྱིན་སྲེག་དངོས་གྲུབ་ནོར་བུ་འོད་འབར། བྱམས་མའི་སྦྱིན་སྲེག་དགོས་འདོད་མེ་དཔུང་འབར་བ། གསང་སྔགས་མ་རྒྱུད་ཀྱི་དབང་གི་ཆོ་ག་སྣང་བ་རྩལ་གྱི་འཁོར་ལོ། མཁའ་འགྱིང་རིགས་ལྔའི་དབང་གཡུང་དྲུང་འཁྱིལ་བ་བདུད་རྩིའི་བུམ་བཟང་། གསང་སྔགས་རོལ་བ་སྡེ་ལྔའི་ཕྱི་ནང་གསང་བའི་དབང་གསང་བ་མཆོག་གི་ནོར་བུ་འབར་བའི་དབྱིག་གཏེར། སྤྱི་འདུལ་རྟ་དབུ་དམར་ཆུང་གི་སྲུང་འཁོར་འབྲི་ཐབས་སོགས་ཀྱིས་མཚོན་པའི་དབང་དང་ཆོ་ག་ཕྱག་ལེན། བསྔོ་བ་སྨོན་ལམ་གསུང་རྩོམ་སུམ་ཅུ་རྩ་གྲངས། ཁྱི་ལི་ལིའི་བཤགས་མདོ་སོགས་བཤགས་པ་སྐོར་ཡང་ཡོད་ལ། ཐེག་པ་སྤྱི་ཡི་བཤད་པ་རྣམ་པར་ངེས་པའི་མཆོག་རྒྱན། རང་ལ་རང་གིས་ངེས་པར་བརྟག་པའི་བརྗོད་བྱ་འབྲས་དཀར་ལྗོན་པོའི་སྙེ་མ། ཡིད་ལས་འཕྲོས་པའི་དྲིས་ལན་སངས་རྒྱས་དང་སེམས་ཅན་གྱི་བརྗོད་བྱའི་རང་བཞིན་གསེར་གྱི་མེ་ཏོག་སྟོང་ལྡན། གྲོགས་རྣམས་ལ་འཕྲོས་པ་ཀ་ཁའི་ཚིག་རྒྱན། རོགས་མོ་རྣམས་ལ་བསྟོད་པ་ཀ་ཁ་རྒྱན་གྱི་སྦྲང་བུ་མཆུ་རིང་། སོགས་བསླབ་བྱ་དང་རྩེད་མཚར་གྱི་སྐོར་སོགས་མང་པོ་ཡོད་ལ་གསུང་རྩོམ་པོ་ཏི་བཅུ་གཉིས་ཡོད་པར་ཐོ་ཡིག་ཏུ་བརྗོད་ཀྱང་༢༠༢༡ལོའི་ཟླ་གསུམ་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས་སུ་གཤེན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ་ལག་སོན་མགོ་བཙེམ་པོད་གསུམ་གྱི་བདག་ཉིད་ཅན་བཞུགས་ཡོད་དོ། །མདོར་ན། དམུ་རིགས་གཤེན་གྱི་གདུང་རྒྱུད་ཉི་མ་རྒྱལ་མཚན་ནི་བོན་བསྟན་སྤྱིའི་བསྟན་པའི་གཉེར་དཔོན་ཙམ་དུ་མ་ཟད། དགེ་ལྡིང་རབ་འབྱམས་པ་ཁོད་སྤྱོད་ཁི་ཀར་གྱིས་གསུངས་པའི་དམུ་རྒྱལ་རྣལ་འབྱོར་ཉི་མ་རྒྱལ་མཚན་ལ་འཁྲུངས་རབས་བཅུ་དྲུག་གི་སྒོ་ནས་བསྟོད་བ་ལས། ཉི་མའི་དཀྱིལ་འཁོར་ནམ་མཁའི་རྒྱན་དུ་ཆེ། །རྒྱལ་མཚན་མཛེས་ཀྱི་གཙུག་ན་ནོར་བུའི་ཏོག། གསུངས་པ་བཞིན་སྲོལ་འཛིན་དྲུག་གི་ཡ་གྱལ་དམུ་རིགས་གཤེན་གྱི་གདུང་བརྒྱུད་ལས་མཛད་འཕྲིན་ཤིན་ཏུ་རྒྱས་པའི་གཤེན་སྲས་ཤིག་ཡིན་ནོ། །

གཉིས་པ། བསྟོད་ཡུལ་རྗེ་སྨན་རི་བ་ཤེས་རབ་རྒྱལ་མཚན་གྱི་ངོ་སྤྲོད།

  རྗེ་སྨན་རི་བ་ཤེས་རབ་རྒྱལ་མཚན་ལ་༧རྗེ་མཉམ་མེད་པ་དང་། རྒྱལ་བ་སྨན་རི་བ། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན། སྨན་རིའི་སྐུ་འདུན། མཁས་གྲུབ་སྤྱན་གཅིག་པ། རྗེ་འདུལ་བ་འཛིན་པ་སོགས་མཚན་གྱི་རྣམ་གྲངས་མང་། འདིར་བསྟོད་པ་རྣམ་རྒྱལ་ཁང་བཟང་དུ་སྨན་རི་བ་ཞེས་གསོལ་བ་རྒྱུ་མཚན་དུ་བྱས་ནས་རྗེ་ལ་སྨན་རི་བ་ཞེས་ཞུ་རྒྱུ་ཡིན། བཙུན་པ་གྲགས་པ་རྒྱལ་མཚན་གྱི་ཞལ་ནས། བསྟན་པའི་དར་ཆེན་མཁས་གྲུབ་ཆེན་པོས་འཕྱར། །སྙན་པའི་དུང་ཆེན་སློབ་མ་རྣམས་ཀྱིས་འབུད། །རྒྱལ་བའི་བསྟན་པ་མདོ་སྨད་ཀུན་ཏུ་དར། །སྙིགས་མའི་དུས་འདིར་བོན་གྱི་བསྟན་པ་ལ། །དཔག་མེད་བཀའ་དྲིན་ཆེ་བ་ངོ་མཚར་ཆེ། །8 ཞེས་གསུངས་པ་དང་ཀུན་མཁྱེན་ཆེན་པོ་ཤར་རྫ་བས་ཀྱང་། ཀ་དག་ཀློང་དུ་མི་གཡོ་དགོངས་རྩལ་རྫོགས། །འོད་གསལ་དབྱིངས་སུ་སྒྱུ་མའི་ལྷ་སྐུ་གཟིགས། །ཟུང་འཇུག་ངང་དུ་འཁོར་འདས་གཅིག་ཅར་གྲོལ། །རྒྱལ་བ་གཉིས་པ་མཉམ་མེད་བླ་མས་སྐྱོང་། །ཞེས་ཆེ་བརྗོད་ཀྱི་མེ་ཏོག་ཕུལ་ཡུལ་དུ་གྱུར་བ་རྗེ་སྨན་རི་བ་ཤེས་རབ་རྒྱལ་མཚན་(༡༣༥༦_༡༤༡༥)ནི། མདོ་སྨད་རྒྱལ་རོང་དེང་དུས་སི་ཁྲོན་ཞིང་ཆེན་དུ་གཏོགས་པའི་ཆུ་ཆེན་རྫོང་གི་སྟེགས་ཅོག་ཅེས་པར། ཡབ་ཀླུ་འབུམ་དགེ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་མེ་ཕོ་སྤྲེའུ་ལོའི་དཔྱིད་ཟླ་ར་བའི་ཚེས་ལྔ་ལ་སྐུ་འཁྲུངས་ཤིང་། སྐུ་མཆེད་གསུམ་ཡོད་པའི་བར་བ་གཡུང་དྲུང་རྒྱལ་ཞུ་བ་དེ་ཡིན། ཆུང་དུས་ནས་ཡབ་ཀྱི་དྲུང་དུ་ཡི་གེའི་འབྲི་ཀློག་སྦྱངས་ཏེ་བཤེས་གཉེན་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་བླངས། རྗེས་སུ་ཁྱིམ་པའི་ཚུལ་དོར་ནས་ཕྱྭ་བླ་གཡུང་དྲུང་རྒྱལ་མཚན9གྱི་དྲུང་དུ་དགོང་ལོ་བཅུ་བར་རབ་བྱུང་སྒྲུབ་པ་མཁས་དབང་བོན་བརྒྱ་བའི་རིས་མེད་བསྟན་རྩིས་ལས་གསལ་ཞིང་། མཚན་ལ་ཤེས་རབ་རྒྱལ་མཚན་དུ་གསོལ། དུས་དེ་ནས་བཟུང་ཤ་ཆང་སྒོག་གསུམ་གཏན་དུ་སྤངས་བར་མཛད་པ་དང་སྔ་ཕྱིར་བླ་མ་བཅུ་ཕྲག་ལྷག་གི་མདུན་ནས་དབང་དང་གདམས་པ། སྒྲུབ་སྐོར་གྱི་ལུང་དང་རྗེས་གནང་སོགས་ཞུས་པ་མ་ཟད། འཕྲིན་ལས་བཅོ་བརྒྱད་ཀྱི་བཤད་པ། མཚན་ཉིད་མཛོད་ཕུག་གསལ་རབ་སོགས་གཙོ་བོ་གཉོས་དང་འ་ཞའི(འ་ཞ་བློ་གྲོས་རྒྱལ་མཚན་དང་གཉོས་ཚུལ་ཁྲིམས་རྒྱལ་མཚན)ལུགས་ལྟར་དུ་གང་མང་གསན་ཞིང་། འབུམ་ཁམས་བརྒྱད་དང་མདོ་ལའང་འདུས་པ་རིན་པོ་ཆེ་གཟེར་མིག་མཁས་པ་དཔལ་ཆེན་གྱི་དགོངས་དོན་ལྟར་ཐོས་གསན་མཛད། གཞན་ཡང་། མདོ་སྡེ་དང་དབུ་མ་བདེན་གཉིས། ཐེག་པའི་རིམ་པ་མངོན་དུ་བཤད་པའི་མདོ་རྒྱུད་མེ་ལོང་དགུ་སྐོར། འགྲོ་མགོན་བློ་གྲོས་ཀྱི་ཚད་མ་ཀུན་ལས་བཏུས་པ། གཞོན་ནུ་རྒྱལ་མཚན་གྱི་ཚད་མ་རྣམ་འབྱེད་དང་། དབུ་མ་རྩོད་ཟློག་གཏན་ཚིགས་ཐིགས་པ་སོགས་ཀྱི་གཞུང་ཆེན་ཁག་ལའང་སློབ་གཉེར་མཛད་པས་མཁས་པའི་སྙན་པ་རྒྱས། དེ་མ་ཟད། རྩ་རྒྱུད་གསང་བ་བསེན་ཐུབ། ཞི་བ་ཀུན་སྣང་ཁྱབ་པ། ཁྲོ་བོ་དབང་ཆེན་བསྙེན་སྒྲུབ་སོགས་དབལ་མོ་ལས་ཐིག་གི་སྐོར་དང་། གེ་ཁོད་ཐོག་མདའི་སྐོར་སོགས་གསང་སྔགས་ཀྱི་བོན་སྐོར་མ་ལུས་པར་མཁས་པར་སྦྱང་། གཞན་ཡང་བྱང་སེམས་གབ་པ་དགུ་སྐོར་དང་། ཞང་ཞུང་སྙན་བརྒྱུད། ཨ་ཁྲིད་བཅས་ཀྱིས་མཚོན་པའི་སེམས་ཕྱོགས་རྫོགས་པ་ཆེན་པོའི་སྐོར་ལའང་ཐོས་བསམ་བྱས་ཤིང་དོན་གྱི་གནས་ལུགས་རྗེན་པར་གཟིགས་པས་གྲུབ་པའི་གོ་འཕང་མཐོར་པོར་གཤེགས་ཤིང་བོན་ཐམས་ཅད་ལ་མཁས་པར་གྱུར་ཏེ་མདོ་སྔགས་སེམས་གསུམ་གྱི་བསྟན་པའི་མཛོད་ཆེན་དུ་གྱུར། ཁྱད་པར་དུ་བོད་གངས་ཅན་ལྗོངས་ཀྱི་མཚན་ཉིད་ཐམས་ཅད་ཀྱི་ཡབ་རྒན་དུ་གྲགས་པ་རོང་སྟོན་ཤེས་བྱ་ཀུན་མཁྱེན་གྱི་དྲུང་དུ། ཚད་མ་རྣམ་འགྲེལ་ལ་སོགས་བསྟན་བཅོས་མང་དུ་གསན་ཏེ་གྲུབ་མཐའ་གཞན་གྱི་སྐྱེས་ཆེན་དམ་པ་རྣམས་དང་འབྲེལ་འདྲེས་གང་ཟབ་བྱས་ཡོད་ཁར་ཆོས་ལ་མཁས་པར་མཛད་པས་མཁས་པའི་སྙན་པ་ཆེས་ཆེར་ཕྱོགས་ཀུན་ཏུ་རྒྱས་ཏེ་རིག་པའི་སེང་གེ་ཆེན་པོར་འགྱིང་ཞིང་། བན་བོན་གྲུབ་མཐའ་རིས་སུ་མ་ཆད་པར་སློབ་གཉེར་དང་གོང་བཀུར་ཞུས་པ་མ་ཟད་སྐབས་དེའི་སྡེ་བ་རིན་སྤུངས་སོགས་ཀྱིས་ཀྱང་བསྟོད་པའི་མཐེ་བོང་གི་གདུགས་དཀར་ཕུབ། རྗེ་སྨན་རི་བས་སྐུ་ཚེ་གང་བོར་ཐོས་བསམ་ལ་གཞོལ་ཏེ་སྔ་དྲོར་སྒྲུབ་པ་ཉམས་ལེན་དང་ཕྱི་དྲོར་སློབ་ཚོགས་ལ་བོན་འཆད། མཚན་ལ་མི་དང་མི་མ་ཡིན་པ་སོགས་ལ་བོན་མཆད་དེ་ཉིན་མཚན་ལྟོས་མེད་དུ་བཤད་སྒྲུབ་ཟུང་འཇུག་གིས་བསྟན་པ་དང་གདུལ་བྱའི་དོན་མཐའ་ཡས་པ་མཛད། རྗེ་སྨན་རི་བ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་མ་གོས་ཤིང་གྲགས་པ་དང་འབྱོར་བ་ལ་ཐུགས་བསམ་ཁྱོན་ནས་མི་བཞེས་ལ། དམ་པ་གོང་མའི་རྣམ་ཐར་བཟང་བོར་ཆུ་བོའི་རྒྱུན་བཞིན་འཇུག་པའི་དྲང་སྲོང་ཆེན་པོ་ཡིན་པས། དངོས་ཤུགས་གང་རུང་གིས་འཁོར་སློབ་ཚོར་རང་ལ་རྣམ་ཐར་འབྲི་བར་བཀག་མྱོང་ཕྱིར་རྣམ་ཐར་ཧ་ཅང་རྒྱས་པ་ཞིག་ལག་སོན་དཀའ་ཡང་། ཡོངས་གྲགས་སུ་རྣམ་ཐར་རྒྱས་པ་གསུམ་10དང་མཁན་ཆེན་ཉི་མ་བསྟན་འཛིན་གྱི་རང་རྣམ་དང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་མན་ངག་རིན་པོ་ཆེ་ཨ་ཁྲིད་བླ་མ་བརྒྱུད་པའི་རྣམ་ཐར་པདྨ་དཀར་པོའི་ཕྲེང་བའི་མཚོན་པའི་བླ་བརྒྱུད་རྣམ་ཐར་ཁག་ན་བསྡུས་པ་རེ་དང་། ཤར་རྫའི་ལེགས་བཤད་མཛོད་དང་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོའི་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། དཔལ་ཚུལ་གྱི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས་སོགས་ཀྱིས་མཚོན་པའི་བསྟན་འབྱུང་ཁག་ན་རྗེའི་རྣམ་ཐར་བསྡུས་པ་རེ་ཡོད་ལ། ཉེ་དུས་བརྩམས་པ་ཅུང་ཙམ་རྒྱས་པ་ཀླུ་དགོན་དཔོན་སློབ་ཤེས་རབ་གཡུང་དྲུང་གཙུག་ཕུད་ཀྱིས་མཛད་པའི་མཛད་རྣམ་སྐལ་ལྡན་དད་པའི་འཇུག་ངོགས་དང་(མཚན་བྱང་ལ་ཀུན་མཁྱེན་རྒྱལ་བ་གཉིས་པ་རྗེ་བཙུན་སྨན་རི་བ་མཉམ་མེད་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་མཛད་རྣམ་སྐལ་ལྡན་དད་པའི་འཇུག་ངོགས་ཞེས་བྱ)སྣང་དགོན་དགེ་བཤེས་གཡུང་དྲུང་བློ་གསལ་གྱིས་བརྩམས་པའི་རྣམ་ཐར་གཟི་འོད་ཡོངས་རྒྱས(མཚན་བྱང་ཡོངས་ལ་འགྲན་པའི་ཟླ་ཀུན་དང་བྲལ་བའི་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག་རྒྱལ་བ་གཉིས་པ་རྗེ་སྨན་རི་བ་ཆེན་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་རྣམ་ཐར་བ་གཟི་འོད་ཡོངས་རྒྱས་ཞེས་བྱ)སོགས་ཡོད། མདོར་ན། རྗེ་མཉམ་མེད་པ་ཤེས་རབ་རྒྱལ་མཚན་མཆོག་གིས་མི་ཚེ་ཧྲིལ་བོར་ཐོས་བསམ་གྱིས་སྐྱེལ་བས་བོད་ཀྱི་ཡབ་མེས་གོང་མའི་ལྷག་པར་བརྩེ་བའི་བོན་གྱི་རིག་གནས་འདི་འཛིན་སྐྱོང་སྤེལ་བར་བྱས་ཤིང་བླ་ན་མཐོ་བའི་མཁས་ཆེན་ཞིག་ཏུ་གྱུར་ཙ་ན། སྟོན་པ་གཤེན་རབ་ཀྱི་བསྟན་པ་སྤེལ་བའི་མཛད་འཕྲིན་དང་ཆ་མཉམ་པས་རྒྱལ་བ་གཉིས་པ་ཞེས་པའི་མཚན་སྙན་བདག་གིར་བཞེས། དེ་བས་ལོ་རེའི་ལོ་སར་གྱི་ཚེས་ལྔའི་ཉིན་གཡུང་དྲུང་བོན་གྱི་བསྟན་པའི་མཛེས་རྒྱན་དུ་གྱུར་བ་ཁོང་ལ་རྗེས་དྲན་ཞུ་ཆེད་མཉམ་མེད་དུས་མཆོད་ཅེས་པ་འཛམ་གླིང་གང་སར་སྲུང་བརྩི་བྱེད་བཞིན་ཡོད། གསུང་རྩོམ་ལ་ཡང་། <<འཕྲུལ་སྒྲོན་རྣམ་ལྔ་>>རྒྱབ་ཁབ་ཕྱི་ནང་གི་གཡུང་དྲུང་བོན་ལུགས་འཛིན་པའི་བཤད་གྲྭ་ཆེ་ཆུང་མཆིས་སོ་ཅོག་གིས་རྩ་བའི་ཡིག་ཆར་བྱེད་པ་འདི་རྗེ་སྨན་རི་བ་ཆེན་པོ་ཤེས་རབ་རྒྱལ་མཚན་གྱི་འཕྲིན་ལས་ཆུ་བོ་གཅིག་ཏུ་འཁྱིལ་བའི་རྟགས་མཚན་དུ་འདུག རྗེ་སྨན་རི་བའི་མཛད་པའི་བསྟོད་རྩོམ་སྐོར་ལ་སྐྱབས་མཆོག་གནས་བཞིའི་བསྟོད་པ་བྱིན་རླབས་ཆར་འབེབས། ཤེས་རབ་སྨྲ་བའི་སེང་གེའི་མཆོད་བསྟོད་ཨུཏྤལ་མེ་ཏོག་ཕྲེང་བ། བྲུ་བདག་ཉིད་རྗེ་བཙུན་གྱི་བསྟོད་པ་ཡིད་བཞིན་ནོར་བུའི་ཕྲེང་བ། རྗེ་ཁྲོ་ཚང་འབྲུག་ལྷའི་བསྟོད་པ་ཕྲིན་ལས་རྒྱ་མཚོ་སོགས་ལས་མང་པོ་མེད། གཞན་ཚེ་དབང་མཚན་བརྒྱད། མཉམ་མེད་སྙན་བརྒྱུད་གཤེན་རབ་མཚན་ཕྱག་སོགས་གསོལ་འདེབས་ཀྱི་སྐོར། མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ལྷ་འདྲེ་རྣམས་ལ་བཀའ་ཤོག་སོགས་བཀའ་ཤོག་གི་སྐོར། བསང་གི་དག་གཙང་སྔོན་འགྲོའི་རིམ་པ་སོགས་བོན་ལུགས་ཆོ་གའི་སྐོར། ད་དུང་དབུ་ཚད་ཐེག་རིམ་སྐོར། ས་ལམ་ཁྲིད་རིམ་གྱི་སྐོར། སྣང་སྲིད་མཛོད་ཕུགས་ཀྱི་སྐོར། ཤེས་ཕྱིན་གྱི་སྐོར། ཐེག་ཆེན་འདུལ་བའི་སྐོར། གསང་སྔགས་ཁྲིད་རིམ་གྱི་སྐོར། རྫོགས་ཆེན་བྱང་སེམས་གབ་པའི་སྐོར། གསོལ་འདེབས་བསྐང་གསོལ་གྱི་སྐོར། སྤྲིངས་ཡིག་གི་སྐོར། སྒྲུབ་གཞུང་དང་ཕྱག་བཞེས་ཀྱི་སྐོར། སྒྲུབ་གཞུང་དང་རིག་གནས་ཀྱི་སྐོར་སོགས་ཡོད་པ་སྨན་རིའི་བཀའ་འབུམ་དུ་བཞུགས་པ་དང་། སྣང་ཞིག་དགོན་བཤད་སྒྲུབ་འདུས་སྡེས་དཔར་བ་དེར་གསུང་འབུམ་པོད་བཅུ་གཅིག་བཞུགས་པའི་མཚན་བྱང་ལ<<རྗེ་སྨན་རི་བ་ཆེན་པོའི་གསུང་འབུམ>>11ཞེས་དང་། ཀླུ་དགོན་བཤད་སྒྲུབ་འདུས་སྡེས་དཔར་བའི་སྨན་རིའི་བཀའ་འབུམ་ལ་པོད་བཅུ་བཞུགས་པའི་མཚན་བྱང་ལ<<རྒྱལ་བ་གཉིས་པ་སྨན་རི་བ་ཆེན་པོའི་བཀའ་འབུམ་བཞུགས་སོ>>12ཞེས་ཞུའོ། །

  གཉིས། བསྟོད་པ་རྣམ་རྒྱལ་ཁང་བཟང་གང་ནས་མཛད་པ།

  བསྟོད་པ་རྣམ་རྒྱལ་ཁང་བཟང་གང་ནས་མཛད་པའི་ཡུལ་གྱི་སྐོར་ལ་བཤད་རྒྱུན་གཉིས་འདུག་སྟེ། གཡུང་དྲུང་གླིང་དུ་མཛད་པར་བཤད་པ་དང་། གཞན་དེ་སྨན་རིར་སྦྱར་བར་བཤད་པ་གཉིས་རེད། བཤད་ཚུལ་འདི་གཉིས་ཐོག་མར་སུས་གསུངས་པ་གསལ་པོ་མི་ཤེས་ཀྱང་། རྒན་སྐལ་བཟང་བཀྲ་ཤིས་ལགས་ཀྱི་<<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ>>ཞེས་པར་གཡུང་དྲུང་གླིང་དུ་མཛད་པར་གྲགས་པ་གཞིར་བཞག་གི་ཐོག་ནས། མཇུག་བྱང་དུ་འབྱུང་པའི་བྱང་གི་གཡུང་དྲུང་གླིང་དེ་རྙེད་ཅི་ཐུབ་བྱེད་ཀྱིན་ཡོད་ཀྱང་གདན་ས་འོག་མར་གྲགས་པའི་གཡུང་དྲུང་གླིང་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱིས་བཏབས་པ་དང་དེ་ལོ་ཚིགས་ཀྱིས་གོང་འགྲིག་གི་མེད་སྟབས་བྱང་གི་གཡུང་དྲུང་གླིང་ཟེར་བ་ད་སྐབས་ཀྱི་གཡུང་དྲུང་གླིང་མིན་པ་ཤེས་ནས་གཡུང་དྲུང་གླིང་གཞན་པ་ཞིག་ཨི་ཡོད་སྙམ་ནས་དོགས་པ་འདྲ་མིན་ཟོས་ཏེ་བྱང་ཕྱོགས་སུ་གཡུང་དྲུང་གླིང་གི་མིང་ཐོགས་པ་མང་པོ་ཡོད་ཚུལ་དང་གཡུང་དྲུང་གླིང་དུ་མིང་ཐོགས་པ་དེ་དག་ལས་གཅིག་ཡིན་ཤས་ཆེ་ཞེས་གཡུང་དྲུང་གླིང་དུ་མཛད་པའི་བཤད་ཚུལ་དེ་འཕེལ་རྒྱས་སུ་བཏང་ཡོད་ཀྱང་། བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་གང་ནས་མཛད་པའི་ཡུལ་གྱི་སྐོར་ལ་ད་དུང་ཁ་གསལ་བོ་བཤད་ཐུབ་མེད་ཁར། ཁོང་གི་བསམ་གཞིགས་ཉོག་པོ་ཡོད་པ་ར་སྤྲད་པ་དང་དོན་དངོས་ཐོག་ལ་ལེ་བར་མང་པོས་ཕྱིར་ནུར་བྱས་ཡོད་པ་གཤམ་ནས་བརྗོད་ཆོག་པར་ཞུ། ལྟ་ཚུལ་འདི་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་མཇུག་བྱང་གཅིག་པུ་ལ་གཞི་བཅོལ་བ་དང་འཇུག་བྱང་ལ་གསལ་བོ་མ་བལྟས་པའི་རིགས་ཡིན། བཤད་ཚུལ་གཉིས་པ་བསྟོད་པ་རྣམ་རྒྱལ་ཁང་བཟང་སྨན་རིར་སྦྱར་བར་འདོད་པ་ནི་བཤད་སྒྲོས་ཙམ་དང་ཡང་ན་གཤེན་ཉི་མའི་རྣམ་ཐར་རྐྱང་བའི་ཚིག་ལ་རྒྱབ་རྟེན་བྱས་པ་དང་རྣམ་ཐར་གྱི་ཚིག་འབྲུ་ལ་གསལ་བོ་མ་གཟིགས་པའི་རིགས་ཡིན། ཕྲན་གྱིས་རྩོམ་གྱི་མཇུག་བྱང་ལ་ལྷད་བསྲེས་ཡོད་པ་དང་རྣམ་ཐར་རྐྱང་པ་ལ་ཡང་རྒྱལ་རྟེན་དབེན་པར་འདོད་པས། དེ་གཉིས་ཟུང་འབྲེལ་གྱིས་གོང་སྒྲིག་སྟེ་བསྟོད་པ་རྣམ་རྒྱལ་ཁང་བཟང་གང་ནས་བརྩམས་པའི་ཡུལ་ལ་དཔྱད་པ་གཏོང་རྒྱུ་ཡིན།

  ཐོག་མར་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་ཁ་བྱང་ལ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་སྐྱེ་རབས་རྣམ་ཐར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང13དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ཕྱོགས་སྒྲིག་ཏུ་སངས་རྒྱས་མཁན་པོ་སྨན་རིའི་སྤྱན་གཅིག་པའི་སྐྱེས་རབས་རྣམ་ཐར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་14། བོན་གྱི་ལོ་རྒྱུས་རིག་གནས་དཔེ་ཚོགས་སུ་བཞུགས་པའི་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ་དུ་བསྟོད་ཚིག་རྣམ་རྒྱལ་ཁང་བཟང་ཡོན་ཏན་བང་མཛོད15། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་གཤེན་ཉི་མའི་གསུང་འབུམ་དུ་བསྟོད་པ་རྣམ་པར་རྒྱལ་བའི་ཁང་བཟང་ནོར་བུའི་བང་མཛོད་བཞུགས་སོ16ཞེས་སོགས་མི་འདྲ་བ་འབྱུང་གིན་ཡོད། སྤྱིར་བསྟན་བཅོས་གཅིག་ལ་ཁ་བྱང་གཉིས་སུ་གྲགས་པ་ཡོད་མོད་ཀྱང་རྩོམ་མཁན་དངོས་ཀྱིས་བསྟན་བཅོས་གཅིག་ལ་ཁ་བྱང་གཉིས་བྲི་བ་མི་སྲིད་པས་ཁ་བྱང་ལ་འགྱུར་བ་ཐེབས་ཡོད་པ་ཐག་གིས་ཆོད། འདི་དག་ལས་ཀྱང་འདིར་གཤེན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ་དུ་ཡོད་པ་བསྟོད་པ་རྣམ་པར་རྒྱལ་བའི་ཁང་བཟང་ནོར་བུའི་བང་མཛོད་ཅེས་པ་འདི་བདེན་པར་མཐོང་སྟེ། དམུ་རྒྱལ་རྣལ་འབྱོར་ཉི་མ་རྒྱལ་མཚན་གྱི་རྣམ་ཐར་བཀའ་འབུམ་པོ་ཏི་བཅུ་གཉིས་ཀྱི་རྩིས་རྒྱ་ཞེས་པའི་གསུང་རྩོམ་ཁག་གི་མིང་བཀོད་པའི་ཐོ་ཡིག་དེར། གསུང་འབུམ་པོད་དང་པོ་རུ་ཡོད་པའི་བསྟོད་རྩོམ་ཁག་གི་རྩོམ་བྱང་རྣམས་དང་ཀུན་ནས་གཅིག་ཡིན་འདུག་པས། བསྟོད་རྩོམ་དངོས་ཀྱི་མིང་ལ་བསྟོད་པ་རྣམ་པར་རྒྱལ་བའི་ཁང་བཟང་ནོར་བུའི་བང་མཛོད་ཅེས་པ་འདི་ཡིན་ཤོས་ཆེ་ཡང་། ཡ་མཚན་པ་ཞིག་ལ་གོང་གི་ཐོ་ཡིག་དེ་རུ་རྩོམ་བྱང་གཞན་ཞིག་དང་ནོར་བ་ཡིན་ན་མ་གཏོགས་བསྟོད་པ་རྣམ་རྒྱལ་ཁང་བཟང་གཅིག་པུའི་རྩོམ་མིང་ཡེ་ནས་མཐོང་རྒྱུ་མི་འདུག་པ་རེད། ཡང་གཅིག་བཤད་ན་དེ་ནི་རང་རེ་རྣམས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་མཁའ་འགྲོའི་སྙན་བརྒྱུད་དུ་ཁས་འཆེ་བས་ཡིན་མི་སྲིད་པ་མེད།

  དེ་ནས་གནས་གང་དུ་མཛད་པའི་སྐོར་ནི་ངེས་པར་མཇུག་བྱང་མ་གཞི་བྱས་ནས་དཔྱད་དགོས་པས། མཇུག་བྱང་ལ་དཔེ་དེབ་གཞན་ནས་ཀྱང་མི་འདྲ་བ་འབྱུང་གི་མེད། འོན་ཀྱང་། བློར་མི་བདེ་བ་ཞིག་ནི་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་མཇུག་བྱང་སྔ་ཕྱི་གཉིས་ཡོད་པ་དེ་ཡིན། མཇུག་བྱང་སྔ་མ“ཅེས་སངས་རྒྱས་མཁན་པོ་སྨན་རི་བའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཞེས་བྱ་བ་འདི། བདག་གིས་བློ་གཏད་སྙིང་གིས་གསོལ་བཏབ་ནས། །ཚིག་ནི་བརྒྱད་སྡེབ་སུམ་ཅུའི་ཐར་ལམ་ཕྱེ། །ཤོ་ལོ་ཀ་ནི་དྲུག་ཅུ་གསལ་བར་བྲིས། །ཤད་བར་དག་ནི་སུམ་བརྒྱ་དྲུག་ཅུ་བཞུགས། །དེ་འདྲའི་དགོངས་དོན་རིན་ཆེན་གྲམ་པའི་གླིང་། །གཤེན་རབ་བཀའ་ཡི་ཕ་ནོར་བུ་ལ་བཞག། རྗེས་འཇུག་སྐྱེ་རྒ་ན་འཆི་སྒྲོལ་ཕྱིར་བསྔོ། །འགལ་འཁྲུལ་ནོར་བ་མཆིས་ན་དོན་དག་ལ་བཤགས། །ཉེ་བར་བཀོད་པའི་འབྲས་བུ་ཆེན་པོ་ནི། །མ་རིག་མུན་སེལ་སྒྲོན་མེ་འདེགས་པར་ཤོག། ” ཅེས་པ་འདི་ཡིན་ལ་འདིར་རྩོམ་གྱི་རྣམ་པ་ཧྲིལ་བོ་རྗོད་བྱེད་ཇི་ལྟར་བྲིས་པའི་ཚུལ་ཕྱོགས་སྡོམ་གྱིས་ཚེག་དང་ཤད་ཤོ་ལོ་ཀའི་གྲངས། རྩོམ་མཁན་གྱི་ངོས་ནས་དོན་གྱི་འགལ་འཁྲུལ་བཤགས་པ་དགེ་བ་ཆུད་མི་འཛད་པར་བསྔོ་བ་བཅས་ཀྱིས་གྲུབ་ཡོད་པ་དང་། འཇུག་བྱང་འདི་ལ་མཁའ་འགྲོའི་སྙན་བརྒྱུད་མིང་ཙམ་ཡང་མེད་ཁར། རྩོམ་མཁན་རང་གིས་བྲིས་ཡོད་པ་“ཤོ་ལོ་ཀ་ནི་སུམ་ཅུ་གསལ་བར་བྲིས། །”གསུངས་པ་འདིའི་གསལ་བོར་ཆགས་པ་རེད། ཡང་ཅིག་བཤད་ན་མཇུག་བྱང་སྔ་མ་འདི་མཐོང་རྗེས་ཀྱི་ཕྱི་མ་དེ་སྦྲུལ་ལ་རྐང་བ་བྲིས་པ་དང་འདྲ་བར་མཐོང་སྟེ། མཇུག་བྱང་ཕྱི་མ། “ཅེས་པ་འདི་ནི་གཤེན་ཉི་མ་རྒྱལ་མཚན། གནས་མཆོག་རྩེ་རྒྱལ་ལ་བཞུགས་པའི་དུས་སུ། དབར་ལམ་གཡུང་དྲུང་གླིང་དུ་མཁའ་འགྲོ་མ་ཞིག་གཤེགས་སོང་བས། དེའི་འགྲོ་དོན་ལ་བྱ་རྒོད་ཅིག་ཏུ་སྤྲུལ་ནས་བྱོན་པ་ལ། ” ཞེས་པ་ནས་“དེས་ན་སྙན་བརྒྱུད་ཀྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཆེན་པོ་འདི་ལ་ནན་ཏན་བྱ་དགོས་བསམ་ནས་ཡི་གེ་རིས་སུ་བཀོད་པ་ཡིན་ནོ། །” ཞེས་འབྱུང་པ་འདི་ཡི་བར་ཡིན། གཡུང་དྲུང་གླིང་དུ་སྦྱར་བར་འདོད་པ་དང་སྙན་བརྒྱུད་དུ་བྱུང་བ་སོགས་ཀྱི་བཤད་ཚུལ་ནི་འཇུག་བྱང་ཕྱི་མ་འདི་ཁོ་ན་ལ་བལྟས་ནས་བཤད་པའི་སྐད་ཆ་འགའ་ཞིག་སྟེ། ཡང་དེ་ཉིད་ལས་“དེ་ནས་མཚན་ལྡན་སྨན་རི་བ་མཉམ་མེད་ཆེན་པོ་ཤེས་རབ་རྒྱལ་མཚན་ལ་མཇལ་དུ་འགྲོ་དགོས་དགོངས་ནས། བྱང་གཡུང་དྲུང་གླིང་དུ་ཕེབས་པ་དང་། ཁྲི་ཐོག་ཏུ་བཞུགས་ནས་འདུག་པ་ལ། སྤྱན་ཆབ་བསམ་དུ་མེད་པ་བྱུང་ནས། དེ་ནས་ཀུན་ཞུས་ནས་སྤྱན་ཆབ་ཤོར་བ་གང་ཡིན་ཞུས་པས། སྨན་རིའི་སྐུ་འདུན་ཤེས་རབ་རྒྱལ་མཚན་འདས་ནས་མཁའ་སྤྱོད་ཀྱི་གནས་སུ་སོང་བས་བདག་དང་མ་མཇལ”ཞེས་པའི་ཚན་པ་འདི་དང་། “ཅེས་པ་འདི་ནི་གཤེན་ཉི་མ་རྒྱལ་མཚན། གནས་མཆོག་རྩེ་རྒྱལ་ལ་བཞུགས་པའི་དུས་སུ། དབར་ལམ་གཡུང་དྲུང་གླིང་དུ་མཁའ་འགྲོ་མ་ཞིག་གཤེགས་སོང་བས། དེའི་འགྲོ་དོན་ལ་བྱ་རྒོད་ཅིག་ཏུ་སྤྲུལ་ནས་བྱོན་པ་ལ། ” ཞེས་པའི་ཚན་པ་འདི་གཉིས་ཀྱིས་ཀློག་པ་པོའི་སེམས་ལ་མཇུག་བྱང་དངོས་ཀྱི་རྒྱབ་ངོགས་ན་མི་གཞན་པ་ཞིག་གིས་གཤེན་ཉི་མའི་ངང་ཚུལ་བརྗོད་ཀྱིན་པའི་ཚོར་བ་སྟེར་ལ། རྩོམ་འབྲི་མཁན་གྱིས་རང་ལ་གཤེན་ཉི་མ་རྒྱལ་མཚན་ཞེས་མིང་གིས་འཛིན་པ་ལས་འདིར་བདག་ཅེས་དང“བྱ་རྒོད་ཅིག་ཏུ་སྤྲུལ་ནས“བྱོན”ཅེས་པ་ལས“སོང”ཞེས་འབྱུང་སྲིད་པ། མཉམ་མེད་ཆེན་པོ་གཤེགས་རྗེས་སྤྱན་ཆབ་བྱུང་བའི་གནས་ཚུལ་ཅི་ཡིན་ཞེས་རྒྱུ་མཚན་ཞུ་སྐབས་ཞུ་ཡུལ་གཤེན་ཉི་མའི་ངོས་ཐད་ནས་གསུངས་བཤད་མེད་པར་ཞུ་པ་པོས་ངོས་ཐད་ཀྱིས་“ཁྲི་ཐོག་ཏུ་བཞུགས་ནས་འདུག་པ་ལ། ”ཞེས་དང་། ཞུས་ལན་གྱི་ཚུལ་དེ་གཞན་གྱིས་བརྗོད་པ་“དེ་ནས་ཀུན་ཞུས་ནས་སྤྱན་ཆབ་ཤོར་བ་གང་ཡིན་ཞུས་པས”ཞེས་བྱུང་འདུག་པ་སོགས་ལ་བལྟས་པས་མཇུག་བྱང་ལྷད་ཅན་ཡིན་པ་དེ་མུར་ཤེས་ཐུབ་པ་དང་། འདིར་བྱུང་བའི་མཇུག་བྱང་ཕྱི་མ་ནི་བསྟོད་པ་རྣམ་རྒྱལ་ཁང་བཟང་ངོ་བཤུ་རྒྱལ་མཁན་གྱིས་གསར་བསྣན་བྱས་པ་འམ་ཡང་ན་མི་ཞིག་གིས་ཟེར་སྒྲོས་དེ་འཆན་ལ་བཏབས་ཏེ་རྩོམ་འཇུག་ཏུ་བྲིས་པ་རྒྱུན་འབྱམས་སུ་སོང་པ་རེད། དོན་དངོས་ཐོག་རྩོམ་མཁན་དངོས་ཀྱིས་བྲིས་པའི་མཇུག་བྱང་ནི་སྔ་མ་དེ་ཡིན་ཤོས་ཆེ་བ་འདི་ལྟར་ཡིན་ཏེ། མཇུག་བྱང་སྔ་མར“ཅེས་སངས་རྒྱས་མཁན་པོ་སྨན་རི་བའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཞེས་བྱ་བ་འདི། བདག་གིས་བློ་གཏད་སྙིང་གིས་གསོལ་བཏབས་ནས། །”ཞེས་རྩོམ་པ་པོ་རང་གི་ངོས་ཐད་ནས་རྩོམ་དུས་ཀྱི་ཐོག་མའི་གླེང་བརྗོད་ཡོད་པ་དང་། “ཚིག་ནི་བརྒྱད་སྡེབ་སུམ་ཅུའི་ཐར་ལམ་ཕྱེ། །”ཞེས་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་གཞུང་ཚད་ག་ཚོད་ཡོད་པ་གསུངས་པ། “དེ་འདྲའི་དགོངས་དོན་རིན་ཆེན་གྲམ(བཀྲམས)པའི་གླིང་། །གཤེན་རབ་བཀའ་ཡི་ཕ་ནོར་བུ་ལ་བཞག ། རྗེ་འཇུག་སྐྱེ་རྒ་ན་འཆི་སྒྲོལ་ཕྱིར་བསྔོ། །འགལ་འཁྲུལ་ནོར་བ་མཆིས་ན་དོན་ལ་བཤགས། །ཉེ་བར་བཀོད་པའི་འབྲས་བུ་ཆེན་པོ་ནི། །མ་རིག་མུན་སྒྲོན་མེ་འདེགས་པར་ཤོག །”17ཅེས་གཤེན་ཉི་མས་རང་གིས་བྲིས་པ་ལ་འགན་ཁུར་བའི་ཐོག་ནས་ཉེས་སྐྱོན་སྲིད་པ་ལ་བཤགས་པ་དང་དགེ་ཚོགས་གྲུབ་ས་ལ་བསྔོ་སྨོན་མཛད་དེ་རྩོམ་ཧྲིལ་བོའི་མཇུག་ལེགས་པར་གྲུབ་ཡོད་པས་རེད། དེས་ན་མཇུག་བྱང་ཕྱི་མ་འདི་ར་གན་གསེར་རྫུས་སུ་མཐོང་ལ་མཇུག་བྱང་འདི་གཉིས་ལས་གཤེན་ཉི་མ་རང་གི་མཛད་པ་སྔ་མ་དེ་ཡིན་པ་རེད།

  འོ་ན་འཇུག་བྱང་རྗེས་མར་རྒྱབ་ལྗོངས་ལོ་རྒྱུས་ཤིག་བཤད་སྒྲོས་ཀྱི་ཚུལ་དུ་བྱུང་འདུག་པས་འདིར་བསྟོད་པ་རྣམ་རྒྱལ་ཁང་བཟང་གང་དུ་མཛད་པའི་ཞིབ་འཇུག་ཁྲོད་རིན་ཐང་མེད་པ་མིན་ཡང་ང་ཚོས་གསར་སྣོན་བྱས་པའི་མཇུག་བྱང་རྗེས་མ་ཁོ་ན་ལ་དོ་སྣང་བྱས་ན་རྩོམ་བྲིས་གནང་ཡུལ་གང་དུ་ཡིན་པ་མག་མོག་ཏུ་འགྱུར་བ་སྲིད་པས་མཇུག་བྱང་རྐྱང་བ་ལ་ཁུངས་བཅོལ་ན་མི་འགྲིག་པ་མ་ཟད། དེར་གསུངས་པའི་བྱང་གཡུང་དྲུང་གླིང་ནི་བསྟན་བཅོས་ལ་མ་གྲགས་པའི་གནས་ཤིག་ཡིན་པ་དང་གཤེན་ཉི་མ་རྒྱལ་མཚན་གནས་དེ་འདྲ་ཞིག་ལ་ཕེབས་པ་རྣམ་ཐར་དུ་མི་འདུག་ལ། མཉམ་མེད་པའི་རྣམ་ཐར་དུའང་སྐབས་དེར་བྱང་གཡུང་དྲུང་གླིང་ཟེར་བའི་མིང་གི་ཟུར་ཙམ་ཡང་མཐོང་རྒྱུ་མེད། དེས་ན་གཤེན་ཉི་མས་བསྟོད་པ་རྣམ་རྒྱལ་ཁང་བཟང་དུས་ཕྱིས་ཀྱི་གཡུང་དྲུང་གླིང་དུ་སྦྱར་བ་མི་སྲིད་པས་གཡུང་དྲུང་གླིང་དུ་སྦྱར་བར་བཤད་པ་རྫུན་དུ་འདུག་གོ། རྣམ་ཐར་ལས་“གསོལ་འདེབས་སྨན་རིར་སྤྱོད་ནས་བསྣམས་པ་སྨན་རིར་སྩལ། ”18 ཅེས་པས་བསྟོད་པ་རྣམ་རྒྱལ་ཁང་བཟང་སྨན་རིར་མཛད་པར་ནོར་ཉེན་ཆེ་ལ་བསྟོད་པ་རྣམ་རྒྱལ་ཁང་བཟང་གདན་ས་སྨན་རི་རུ་སྦྱར་བར་བཤད་པ་ནི་རྣམ་ཐར་ལས་བྱུང་བའི་ཚིག་མཐོང་བ་དང་ཡིད་ཆེས་བྱས་པས་ཡིན་སྲིད། འདིར་བློ་ཆུང་མགུ་སླ་བའི་ངང་ཚུལ་དོར་ནས་ལྷོད་ཡངས་ངང་སྩལ་དང་མཛད་གཉིས་ཀྱི་དོན་འདྲ་གི་མེད་པ་ཤེས་ན་བསྟོད་པ་རྣམ་རྒྱལ་ཁང་བཟང་སྨན་རི་ནས་མ་མཛད་པར་ནོར་དོགས་སྤུ་ཙམ་མེད། དེས་ན་སྩལ་ནི་གནང་བའི་དོན་དང་བྱིན་པའི་ཞེ་ས། མཛད་ནི་ལས་པ་དང་བྱས་པའི་ཞེ་ས་ཡིན། དེ་གཉིས་ཀྱི་ཁྱད་པར་ཧ་གོ་བའི་ཐོག་ནས་མཇུག་བྱང་ལ་ཡང་བསྐྱར་བལྟས་ན་རྣམ་ཐར་ལས་གསུངས་པའི“གསོལ་འདེབས་སྨན་རིར་སྤྱོད་ནས་བསྣམས་པ་སྨན་རིར་སྩལ། ” ཞེས་པའི་ཚིག་ལས་བསྟོད་པ་རྣམ་རྒྱལ་ཁང་བཟང་གདན་ས་སྨན་རི་རུ་བྲིས་པ་སྟོན་མི་ཐུབ་པ་མ་ཟད། གསུངས་འདི་མ་གཞི་ནས་ཚིག་སྐྱོན་ཅན་ཡིན་པ་ཡང་མངོན་གསལ་དང་། འདི་ནི་རྣམ་ཐར་ངོ་བཤུ་རྒྱག་མཁན་གྱིས་ཚིག་འབྲུ་བཅོས་པའི་རྗེས་ཤུལ་གསལ་བོ་ཡིན་པ་ཤེས་ཐུབ་སྟེ། རྣམ་ཐར་ལས་གསུངས་བའི་དོན་ཧྲིལ་བོར་གཞིགས་ན། གཤེན་ཉི་མ་རྒྱལ་མཚན་བྱ་རྒོད་དུ་སྤྲུལ་ནས་མཁའ་སྤྱོད་དུ་ཕེབས་ཏེ་རིག་འཛིན་མཁའ་འགྲོའི་གསུངས་པའི་བསྟོད་པ་རྣམ་རྒྱལ་ཁང་བཟང་སྒྲོ་ལ་བྲིས་པ་ཁྱེར་ནས་ཕེབས་པ་སྨན་རིར་བསྩལ་བས་འདིར་“གསོལ་འདེབས་མཁའ་སྤྱོད་ནས་བསྣམས་པ་སྨན་རིར་སྩལ”ཞེས་འབྱུང་ན་འགྲིག་ཀྱང་། རྣམ་ཐར་གྱི་ཚིག་འབྲུ་དེ་ལྟར་བྱུང་མེད་པ་རེད། དེས་ན་འདི་ནི་མཁའ་སྤྱོད་ཀྱི“མཁའ”ཡིག“སྨན་རིར”བཅོས་ཏེ“སྨན་རིར་སྤྱོད་ནས་བསྣམས་པ”ཞེས་གོ་རྒྱུ་མེད་པ་ཞིག་ཏུ་བསྒྱུར་བ་དང་ཚིག་དེ་མ་དག་རྒྱན་འབྱམས་སུ་སོང་བས་ཡིན། དེས་ན་བསྟོད་པ་རྣམ་རྒྱལ་ཁང་བཟང་དེ་གང་ནས་བརྩམས་པ་རེད་དམ་ཟེར་ན་སླ་སྟེ། འདིར་མཇུག་བྱང་སྔོན་མར་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་གཤེན་ཉི་མ་རང་གིས་མཛད་པ་གཞིར་བཞག་གི་ཐོག་ནས་མཇུག་བྱང་རྗེས་མ་དང་གཤེན་ཉི་མའི་རྣམ་ཐར་གཉིས་ལ་གུང་བསྒྲིགས་ནས་དཔྱད་པ་བཏང་ན། རྣམ་ཐར་དུ། “གནས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ། དཔའ་བོ་རིག་འཛིན་མཁའ་འགྲོ་ཀུན་འདུས་ནས་ངོ་མཚར་ཤིན་ཏུ་ཆེ་བར་གཟིགས་ཏེ། ཅི་ཡིན་ཐུགས་ལ་འཁྲུངས་ཏེ་སྐུ་དངོས་སུ་གཟིགས་མོ་ཕེབས་པས། ”ཞེས་འབྱུང་། དེ་ནས་ཡང་མཇུག་བྱང་རྗེས་མར་“ཐམས་ཅད་ཀུན་ཀྱི་ཞལ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདིས་བསྟོད་ཅིང་འདུག་པ་ལ། གཤེན་ཉི་མ་རྒྱལ་མཚན་བདག་ལ་སྙན་དུ་བརྒྱུད་པ་ལགས་སོ། །”ཞེས་བྱུང་བ། “གཤེན་ཉི་མས་སྐུ་ལུས་བྱ་རུ་སྤྲུལ་བའི་དང་སྒྲོའི་ནང་དུ་གསོལ་འདེབས་བྲིས་ནས། ”19 ཞེས་འབྱུང་བ་འདི་དག་གི་གནད་དོན་གཙོ་བོ་ནི་མཁའ་སྤྱོད་ལ་སྐུ་ལུས་མ་སྤངས་པར་ཕེབས་པར་གྲགས་པ་དང་དེར་ཕེབས་པ་ལ་བྱ་རྒོད་དུ་ཅིའི་ཕྱིར་སྤྲུལ་བའི་དགོས་པ་སོགས་ཀྱི་དྲི་བ་སླེབས་ཡོང་སྲིད་ཀྱང་། དེ་ལ་འཇིགས་མི་དགོས། དོན་དངོས་ཐོག་གནས་ཚུལ་འདི་དག་ནི་གཤེན་ཉི་མའི་གཟིགས་སྣང་ཡིན་ཏེ། རྗེ་སྨན་རི་བ་ཆེན་པོ་སྐུ་གཤེགས་དུས་གཤེན་ཉི་མ་རྒྱལ་མཚན་རི་རྒྱལ་དགོན་དུ་བཞུགས་པ་མཇུག་བྱང་ཕྱི་མར། “ཅེས་པ་འདི་ནི་གཤེན་ཉི་མ་རྒྱལ་མཚན་གནས་མཆོག་རི་རྒྱལ་རྩེ་ལ་བཞུགས་པའི་དུས་སུ”ཞེས་གསལ་བ་དང་། ཡང་རྣམ་ཐར་མོས་ལྡན་ཐར་བའི་ལམ་འདྲེན་དུ། “དེ་དུས་མི་རིང་བ་ཞིག་ནས། དམུ་རྒྱལ་ཉི་མའི་དགོངས་པའི་གཟིགས་སྣང་དུ། ”ཞེས་འབྱུང་བས་གོ་ཐུབ་པ་མ་ཟད། རྣམ་ཐར་དུ་མུ་མཐུད་དུ་འདི་ལྟར་འབྱུང་སྟེ། “སྨན་རིར་ཕེབས་པས། མཉམ་མེད་ཞིང་བརྗེས་ཚར་ནས་མ་མཇལ། ”ཞེས་པ་སོགས་ནས་“དེ་ནས་གསོལ་འདེབས་སྨན་རིར་སྤྱོད་ནས་བསྣམས་པ་སྨན་རིར་སྩལ། ”20 ཅེས་གསུངས་པ་འདིས། གཤེན་ཉི་མ་རྒྱལ་མཚན་མཆོག་རི་རྒྱལ་དགོན་དུ་བཞུགས་དུས་གཟིགས་སྣང་ལ་མཁའ་སྤྱོད་ནས་དེ་ལྟར་བྱུང་བ་དང་དག་སྣང་དེའི་ངང་ནས་རི་རྒྱལ་དགོན་དུ་བསྟོད་རྩོམ་རྣམ་རྒྱལ་ཁང་བཟང་འདི་མཛད་ཡོད་པ་ཧ་ཅང་གསལ་བོ་ཡིན་ལ། ད་དུང་དེ་ལས་གཞན་མཇུག་བྱང་དུ་བཅོས་པའི་བྱང་གི་གཡུང་དྲུང་གླིང་ཟེར་བ་དེ་ནི་བྱང་གི་ཕྱོགས་ཀྱི་དགོན་པ་ཞིག་ཡིན་པ་བསྙོན་དུ་མེད་ཀྱང་གདན་ས་སྨན་རིའི་ཧ་ལམ་བྱང་གི་ཕྱོགས་སུ་གཤེན་ཉི་མ་རང་གི་གདན་ས་རི་རྒྱལ་དགོན་ཡོད་པ་གཉིས་ཆ་ཤིན་ཏུ་འགྲིག་པ་ལ་བསམ་བློ་བཏང་ན་བསྟོད་པ་རྣམ་རྒྱལ་ཁང་བཟང་ནི་རི་རྒྱལ་དགོན་ཏེ། དེང་དུས་གཞིས་རྩེ་ཁུལ་མཐོང་སྨོན་རྫོང་གི་དར་ལྡིང་གྲོང་ཚོ་ཡི་གཤེན་གྱི་གདན་ས་ཆེན་པོ་དཔལ་དར་ལྡིང་རི་རྒྱལ་དགོན21དུ་བརྩམས་ཤིང་། གཤེན་ཉི་མ་སྐུ་དངོས་ཀྱིས་བསྣམས་ནས་གདན་ས་སྨན་རི་དེང་དུས་གཞིས་རྩེ་ཁུལ་གནམ་གླིང་རྫོང་གི་ཐོབ་རྒྱལ་བཀྲ་ཤིས་སྨན་རིར་ཕུལ་བ་ཧ་ཅང་གསལ་བོ་ཡིན། དེ་ལྟར་ངེས་ཚེ་བསྟོད་པ་རྣམ་རྒྱལ་ཁང་བཟང་རྩོམ་དུས་ཚོད་དཔག་ཐུབ་སྟེ། གཤེན་ཉི་མའི་རྣམ་ཐར་དུ“སྨན་རིར་ཕེབས་པ་དང་མཉམ་མེད་ཞིང་བརྗེས་ཚར་ནས་མ་མཇལ། ”ཞེས་འབྱུང་བ་ལྟར་བསྟོད་རྩོམ་འདི་མཛད་པའི་དུས་ནི་ཧ་ལམ་རྗེ་མཉམ་མེད་པ་སྐུ་གཤེགས་པའི་ལོ་སྟེ་སྤྱི་ལོ་༡༤༡༥ལོའི་ཟླ་དྲུག་པའི་ཚེས་བརྒྱད་དམ་ཡང་ན་རྗེ་སྨན་རི་བ་ཆེན་པོ་གཤེགས་ཁར་ལོ་རེར་ཚེས་ལྔ་ལ་ཁོང་ཉིད་བྱ་རྒོད་དུ་སྤྲུལ་ནས་ཡོང་བར་གསུངས་པ་གཤེན་ཉི་མ་བྱ་རྒོད་དུ་སྤྲུལ་ནས་ཁྱེར་ཡོང་བར་བཤད་པ་དང་མཚུངས་ལ། བསྟོད་པ་འདི་ནི་ད་སྐབས་ཡང་བོན་གྱི་གདན་ས་ཁག་ནས་ལོ་སར་ཚེས་ལྔ་སྟེ་རྗེ་སྨན་རི་བ་ཆེན་པོ་བྱ་རྒོད་དུ་སྤྲུལ་ནས་ཡོང་བའི་ཉིན་ངེས་པར་འདོན་པ་སོགས་ལ་གཞིགས་ན་ཚེས་ལྔ་སྟེ་རྗེ་ཉིད་སྐུ་གཤེགས་ནས་ཟླ་དྲུག་དང་ཉིན་ཉི་ཤུ་རྩ་གྲངས་འགོར་བའི་མཚམས་༡༤༡༦ལོའི་ཟླ་དང་པོའི་ཚེས་ལྔ་སྐུ་གདུང་ཞུགས་འབུལ་ཉིན་ལ་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་མཛད་པ་ཡིན་སྲིད་པས་ད་ལྟ་ནས་རྩིས་ན་ལོ་༦༠༩ལྷག་གི་ལོ་རྒྱུས་ཡོད་པར་བདག་གིས་སེམས་སོ། །

ས་བཅད་གཉིས་པ། བསྟོད་རྩོམ་འདི་མཛད་པའི་རྒྱུ་རྐྱེན།

དང་པོ། ཐུན་མོང་དུ་དཔྱད་པ།

  གཅིག ཐུན་མོང་དུ་རྗེ་སྨན་རི་བ་བོན་གྱི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བ།

  རྗེ་སྨན་རི་བ་བོན་གྱི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བ་བསྟོད་པ་རྣམ་རྒྱལ་ཁང་བཟང་བརྩམས་པའི་གཞི་རྩའི་རྒྱུ་རྐྱེན་དུ་འདོད་དེ། ཆོས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོའི་ཞལ་ནས། “རྒྱལ་ཀུན་མཁྱེན་བརྩེའི་ནུས་པ་གཅིག་བསྡུས་པ། །རྒྱལ་སྲས་མི་ཡི་ཚུལ་བསྟན་སྨན་རི་བ། །རྒྱལ་བ་གཉིས་པ་ས་ཏྲིག་ཝེར་ཞིའི་22ཞབས། །རྒྱལ་བསྟན་བསྐྱངས་པའི་བཀའ་དྲིན་ཡང་ཡང་དྲན། །”ཞེས་གསུངས་པ་བཞིན་བོན་བསྟན་འཛིན་པ་ཡོངས་ཀྱིས་རྒྱལ་བ་སྨན་རི་བ་ལ་སྟོན་པ་གཉིས་པ་ལྟར་བསྔགས་པས། དུས་སྐབས་དེར་ཁོང་ལ་ཕུལ་བའི་བསྟོད་པ་ལ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱི་བསྟོད་ཕྱག་སྐུ་གསུམ་ལྷུན་འགྲུབ་དང་མངའ་རིས་བསོད་ནམས་རྒྱལ་མཚན་གྱི་རྗེ་མཉམ་མེད་ཀྱི་སྐུ་བསྟོད་གཤེན་ཉི་མ་རྒྱལ་མཚན་གྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་གསུམ་ཡོད་ལ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་བསྟོད་པ་ཐུགས་རྗེས་མྱུར་གཟིགས་མས་རྒྱལ་བ་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་གིས་མཛད་པའི་<<རྗེ་མཉམ་མེད་པའི་ཡོན་ཏན་གྱི་ཆ་ཤས་ཙམ་མཐོང་བ་ལ་བསྔགས་བསྟོད་ཀྱི་ཚིག་ཕྲེང>>སོགས་ཀྱིས་མཚོན་པའི་ཕྱིས་ཀྱི་རྗེ་སྨན་རི་བའི་རྒྱབ་ཚབ་དང་རྗེས་མཇུག་དག་གིས་བསྟོད་བསྔགས་ཀྱི་མེ་ཏོག་མང་དུ་ཕུལ་ཡོད། གཤམ་དུ་རྗེ་སྨན་རི་བའི་མཛད་རྗེས་མདོར་བསྡུས་ཤིག་རྣམ་ཐར་དང་ཞིབ་འཇུག་བྱས་པ་དག་ལས་ཉུང་ཙམ་ཞུས་ན། རྗེ་འདི་བས་དགུང་ལོ་༥༠ཐོག་བོན་གྱི་མ་དགོན་དུ་གྲགས་པ་གདན་ས་སྨན་རིའི་གླིང(༡༤༠༦ལོར)་ཕྱག་འདེབས་མཛད་ལ། སློབ་ཚོགས་མང་པོ་བསྐྱངས་པ་རྣམ་ཐར་ངོ་མཚར་པདྨོའི་ཕྲེང་བ་ལས། “སློབ་མ་ཕྱི་ནང་གསང་གསུམ་འཛོམས་པའི་བཤེས་གཉེན་དམ་པའི་གྲངས་ནི། རྗེ་དྲུང་རིན་པོ་ཆེ་འདི་ལས་མང་བ་མེད་དོ། །”23ཞེས་གསུངས་པ་ལྟར་དང་། རྗེ་སྨན་རི་བས་མཁས་གྲུབ་གོང་མ་དག་གི་མན་ངག་གཙུག་ཏུ་བཟུང་ནས་བོན་གཞུང་སྔོན་མ་མང་པོར་ཁ་གསབ་དང་འགྲེལ་བ་མཛད་དེ་གཡུང་དྲུང་བོན་གྱི་བསྟན་པའི་ཉིན་མོ་བྱེད་པར་གྱུར་བ་མཁས་པ་གོང་མ་རྣམས་ཀྱི་གསུང་སྒྲོས་རྣམས་འཐོར་བ་སྡུད་པར་བྱེད་པ། ཟབ་མོ་རྣམ་པར་འབྱེད་པ། འཁྲུགས་པ་གོ་རིམ་དུ་བསྡེབས་པ། རྒྱ་ཆེན་པོ་བསྡུས་པར་བྱེད་པའི་སྒོ་ནས། བློ་གསལ་རྣམས་ཀྱིས་གོ་བདེ་བའི་སླད་དུ་ཕྱི་དང་ནང་དང་གསང་བའི་བོན་ཅི་རིགས་པ་ཙམ་རྩོམ་པར་མཛད། དེ་མ་ཟད་རྗེ་འདི་བས་ད་དུང་བོན་གྱི་འདུལ་ལུགས་བསྒྱུར་བཅོས་དང་གཅིག་གྱུར་མཛད་པར་གཤེན་ཉི་མ་རང་གིས་ཀྱང་རྣམ་རྒྱལ་ཁང་བཟང་དུ་བརྗོད་བྱའི་སྲོག་ཏུ་བཀོད་ནས་བསྟོད་པ་མཛད་ཡོད་ལ། ཁྱད་པར་མཁན་པོ་དམངས་གཙོའི་བསྐོ་བཞག་ལམ་ལུགས་སྲོལ་བཏོད་མཛད་པ་རྒན་སྐལ་བཟང་བཀྲ་ཤིས་ཀྱི་<<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེ་དང་ལྟ་གྲུབ་སྐོར་དཔྱད་པ>>ལས། “མཉམ་མེད་ཤེས་རབ་རྒྱལ་མཚན་དང་དུས་མཉམ་རྗེ་ཙོང་ཁ་བ་བློ་བཟང་གྲགས་པས་ཀྱང་དགའ་ལྡན་དགོན་པ་ཕྱག་བཏབ་རྗེས་རྒྱབ་ཚབ་ཀྱི་གོ་གནས་དར་མ་རིན་ཆེན་ལ་གནང་བ་དང་། དེ་ནས་བཟུང་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་སུ་མཁས་དགའ་ལྡན་ཁྲི་བར24བསྐོ་བཞག་མཛད་དགོས་པར་གདམས་ཏེ། ངག་རྒྱུན་ལ་ཡང་། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད། ཅེས་གསུངས་པ་དེ་བཞིན་ཡིན། །ཡིན་ཡང་མཁན་པོ་བསྐོ་འཐེན་གྱི་ལམ་ལུགས་འདི་ལ་མཉམ་མེད་སྔོན་དང་རྗེ་ཙོང་ཁ་པ་རྗེས་ཡིན་པས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་རྗེ་ཙོང་ཁ་པར་ཤུགས་རྐྱེན་ཐེབས་སྲིད”25ཅེས་གསུང་བ་བཞིན། རྗེ་མཉམ་མེད་པ་སྐུ་གཤེགས་ཁར་སློབ་མ་རིན་ཆེན་རྒྱལ་མཚན་རྒྱལ་ཚབ་ཏུ་བསྐོས་པ་རྗེའི་རྣམ་ཐར་ངོ་མཚར་པདྨོ་སྟོང་ལྡན26ལས། “སློབ་མ་རིན་ཆེན་རྒྱལ་མཚན་ལ། །ཁྱེད་ནི་རིག་འཛིན་བྱིན་རླབས་བུ། །ང་ཡི་ཁྲི་སྐྱོང་རྒྱལ་ཚབ་མཛོད། །འཆད་རྩོད་རྩོམ་གསུམ་བོན་བསྟན་སྤེལ། །དེ་ཕྱིར་དགོན་འདིར་ཚོགས་པ་ཡིས། །མཚན་ཉིད་རབ་འབྱམས་གང་ཡིན་པ། །ལྷ་སྲུང་གསོལ་ལ་རྟགས་སྒྲིལ་གྱིས། །གང་བབ་ང་ཡི་གདན་སར་བཀོད། །ཤེས་རབ་སྨྲ་སེང་ཐུགས་རྗེ་ཡིས། །བསྟན་དང་འགྲོ་དོན་ནུས་པ་འབྱུང་། །27”ཞེས་གསུངས་པ་ལྟར་རྗེ་མཉམ་མེད་ཆེན་པོ་ནས་དུས་ད་ལྟར་སྨན་རིའི་ཁྲི་འཛིན་སོ་བཞི་བ་ལུང་རྟོགས་ཟླ་བ་དར་རྒྱས་རིན་པོ་ཆེ་ལ་ཐུག་པའི་བར་ཏུ་མཁན་རབས་རིན་པར་བྱོན་གྱིས་གཡུང་དྲུང་བོན་གྱི་བསྟན་པའི28བདག་པོ་མཛད་པ་ལ་བལྟས་ཀྱང་རྗེ་སྨན་རི་བའི་མཛད་པ་ནི་ཧ་ཅང་རྒྱ་ཆེ་ལ་ཕྱག་རྗེས་ཀྱང་གཞན་ལས་ཆེ་བ་ཤེས་ཐུབ་པས། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས། །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། །བསྟན་འཛིན་གཤེན་རབ་དེ་དང་ཕྱོགས་བཅུ་ཡི། །བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིགས་ལྔ་མཁའ་འགྲོ་བརྒྱུད་གསུམ་བླ་མ་བཅས། །སྟོང་གསུམ་བདེ་བཀོད་སངས་རྒྱས་སྨན་རི་བ། །བསྐལ་སྟོང་འགྲོ་དོན་མཛད་ལ་ཕྱག་མཚལ་ལོ། །” ཞེས་གསུངས་པ་བཞིན་གཤེན་ཉི་མས་བསྟོད་པ་རྣམ་རྒྱལ་ཁང་བཟང་དུ་རྗེ་སྨན་རི་བ་མཉམ་མེད་ཆེན་པོས་མི་ཚེ་ཧྲིལ་བོར་བོན་གྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་ཆེས་ཆེར་དར་བར་བྱས་པའི་མཛད་པ་གཙོ་ཁག་དག་བརྗོད་བྱའི་སྲོག་ཏུ་བཀོད་ནས་ཡོད་པ་ཞིབ་ཕྲའི་ནང་དོན་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་གཞུང་དོན་ངོ་སྤྲོད་སྐབས་འཆད་པར་འགྱུར་ལ། གཤེན་ཉི་མས་བསྟོད་པ་རྣམ་རྒྱལ་ཁང་བཟང་བརྩམས་པའི་རྒྱུ་རྐྱེན་གཅིག་ཀྱང་རྗེ་སྨན་རི་བ་བོན་གྱི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བས་རྗེས་དྲན་དང་། རྗེ་སྨན་རི་བ་ཆེན་པོ་སྐུ་གཤེགས་པ་ཐོས་འཕྲལ་གཤེན་ཉི་མ་མཆོག་ཐུགས་རབ་ཏུ་ཕངས་ཤིང་སྦྱན་ཆབ་བསམ་དུ་མེད་པ་བྱུང་བ་མཇུག་བྱང་ལྟར་དང་། དེ་མུར་གཤེན་ཉི་མ་རྒྱལ་མཚན་མཁའ་སྦྱོད་དུ་སྐུ་དངོས་སུ་ཕེབས་པར་གསུངས་པ་སོགས་ལ་བལྟས་ན་ཞལ་བཞུགས་སྐབས་གཟིགས་དགོངས་ཁྱད་པར་བས་རྫུ་འཕྲུལ་འགྲན་པའི་སྐུ་རྩེད་མཛད་ཀྱང་། སེམས་ཀྱི་གཏིང་རིམས་ནས་བསྟན་པ་གཅིག་ལ་སྤུན་གྲོགས་ཀྱི་ཐུགས་མདངས་དམིགས་གསལ་བ་ཡོད་པས་ཕན་ཚུན་ཧ་ཅང་ཉེ་ཞིང་རྒྱུས་ཆེ་བ་བསྟོད་པ་རྣམ་རྒྱལ་ཁང་བཟང་འདིས་ཤེས་ཐུབ་ལ་གཤེན་ཉི་མ་མཆོག་གིས་སྐྱོ་བ་ཚད་ལས་འདས་པ་ཞིག་གི་ངང་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་མཛད་པར་གདོན་མི་ཟ།

  གཉིས། ཐུན་མོང་དུ་གཤེན་ཉི་མས་རྗེ་སྨན་རི་བ་ལ་གདེང་འཇོག་དང་ཡི་རངས་གི་ཚུལ་དུ་བརྩམས་པ།

  གཤེན་ཉི་མས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་བརྩམས་པའི་རྒྱུ་རྐྱེན་གཅིག་དེ་རྗེ་སྨན་རི་བ་ལ་གདེང་འཇོག་དང་ཡི་རངས་གི་ཚུལ་དུ་ཡིན། འདི་ཀུན་སློང་གི་ཆ་ནས་ཡིན་ཏེ། ཁོང་གཉིས་ཞལ་མཇལ་དུས་རྫུ་འཕྲུལ་འགྲན་རེས་ཀྱིས་ན་བཟའ་ཉི་ཟེར་ལ་བཀལ་བས་སྲ་ལ་བྲང་ངེར་བསྡད་པ་དང་གཤེན་ཉི་མའི་ན་བཟའ་ཅུང་ལྡེམ་གུག་བྱས་པ། མཉམ་མེད་པའི་རྣམ་ཐར་ངོ་མཚར་པདྨོ་སྟོང་ལས། “དམུ་རྒྱལ་རྣལ་འབྱོར་ཉི་མ་དང་། །བར་སྣང་ཁམས་སུ་རྩེད་མོ་མཛད། །ཀུན་མཁྱེན་མཉམ་མེད་བླ་མ་ཡི། །ན་བཟའ་ཉི་མའི་ཟེར་ལ་བཀལ། །སྲ་ལ་ཐང་ངེ་བྲེང་ངེར་བསྡད། །”ཅེས་པ་ནས། “དམུ་གཤེན་ན་བཟའ་ཉི་ཟེར་ལ། །བཀལ་ཚེ་ཅུང་ཞིག་ལྡེམ་གུག་བྱེད། །”29ཅེས་དང་། གཤེན་ཉི་མའི་རྣམ་ཐར་མོས་ལྡན་ཐར་བའི་ལམ་འདྲེན་དུ། “དུས་ནམ་ཞིག་ཙམ་ནས། གཉིས་པོ་མཇལ་ནས་སྔོན་མ་ལྟར་རྩལ་འགྲན་གནང་བས།”30 ཞེས་འབྱུང་བ་ལྟར་སྐྱེས་ཆེན་གཉིས་པོ་གཤིབ་སྡུར་གྱིས་རྫུ་འཕྲུལ་འགྲན་པར་བྱས་ཏེ་དང་ཐོག་གཤེན་ཉི་མ་རྗེ་མཉམ་མེད་པ་ལས་མཆོག་ཚུལ་དང་། ཐེངས་གཉིས་པར་རྗེ་མཉམ་མེད་པ་གཤེན་ཉི་མ་ལས་མཆོག་ཚུལ་གྱིས་གཤེན་ཉི་མར་དཀོར་སྒྲིབ་ཕོག་ཚུལ་གསུངས་ཡོད། འདི་ལས་སྨན་རི་བ་སྐུ་བཞུགས་དུས་ཁོང་གཉིས་ཐེངས་གཉིས་ལ་ཞལ་འཛོམས་མཛད་ཡོད་པ་ཤེས་ཐུབ་ལ། དེ་དུས་རྗེ་མཉམ་མེད་པ་དང་གཤེན་ཉི་མ་གཉིས་ལས་སུ་མཁས་མི་ཚོགས་ཀྱིས་དོ་སྣང་སླེབས་པ་རང་བཞིན་གྱིས་ཤེས་ཐུབ་པ་མ་ཟད་ཞལ་འཛོམས་དེ་ཡང་སྐབས་དེའི་བོད་མི་དག་གི་བློ་ཁ་མོས་ཕྱོགས་ཀྱིས་རྫུ་འཕྲུལ་ལ་སུ་མཁས་པའི་ལབ་གླེང་ཞིག་བྱུང་ཡོད་པར་གདོན་མི་ཟ། གང་ལྟར་ཡང་ཐེངས་གཉིས་པར་རྗེ་མཉམ་མེད་པ་གཤེན་ཉི་མ་ལས་མཆོག་ཚུལ་གསུང་སྒྲོས་གཅིག་མཚུངས་ཡིན་སྟབས། བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་རྗེ་མཉམ་མེད་པ་ལ་གདེང་འཇོག་གི་ཚུལ་དུ་བརྩམས་པ་ཡིན་ཏེ། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “བོད་ཀྱི་ཡུལ་དུ་ཐུགས་རྗེའི་མངའ་བདག་མཛད། །རིག་པའི་གནས་ལྔ་གཟིགས་པའི་སྤྱན་གཅིག་པ། །ལྔ་བརྒྱའི་ལས་རམ་མཐའ་རུ་སེལ་མཛད་པ། །འཛམ་གླིང་རྒྱན་དྲུག་ཞལ་ཚབ་སྨན་རི་བ། །སྟོང་གི་སྤྱི་ཕུད་དེ་ལ་ཕྱག་འཚལ་ལོ། །” ཞེས་གསུངས་པ་བཞིན་རྗེ་སྨན་རི་བ་ཆེན་པོ་ནི་འཛམ་གླིང་རྒྱན་དྲུག་གི་ཞལ་ཚབ་ཏུ་གདེང་འཇོག་མཛད་ཡོད་པ་དང་བསྟོད་པ་མཛད་དུས་ཐམས་ཅད་ཀྱིས་ཡི་རངས་བྱས་ནས་བསྟོད་པ་བྱས་པ་རྩོད་མེད་ཡིན་པས་སྤྲོས་མི་དགོས་ཀྱང་། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས་ཡི་རང་འབུལ་བའི་ཡན་ལག་ཏུ། “སྐུ་ལྔ་ལྷུན་རྫོགས་རྒྱལ་བ་མན་ཆད་དང་། །ཐེག་པ་རིམ་རྫོགས་སྤྱི་རྗེ་སྨན་རི་བ། །” ཞེས་གསུངས་ནས། “ཕྱོགས་བཅུའི་སྐལ་ལྡན་ལས་བཟང་འཕྲོ་ཡོད་རྣམས། །མོས་འདུན་སྤྱོད་པར་ལྷ་མི་ཡི་རང་ངོ་། །” ཞེས་འབྱུང་བ་བཞིན་ནོ། །

  གསུམ། ཐུན་མོང་དུ་རྗེས་འཇུག་སློབ་ཚོགས་ལ་བླ་མའི་རྣལ་འབྱོར་རམ་བླ་མ་མཆོད་པའི་ཚུལ་དུ་བརྩམས་པ།

  གཤེན་ཉི་མས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་རྗེས་འཇུག་སློབ་ཚོགས་ལ་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་བརྩམས་པ་འདི་ཕྲལ་གྱི་དགོས་པ་ཡིན། བླ་མའི་རྣལ་འབྱོར་ནི་བླ་མའི་རྣལ་འབྱོར་བྱིན་རླབས་གཏེར་ཆེན31ལས། དོན་དམ་མ་རྟོགས་ཡིད་ཅན་རྒྱ་མཚོའི་འགྲོ། །ཁམས་གསུམ་གནས་ན་སྡུག་བསྔལ་དྲག་པོའི་གཟིར། །དེ་ཀུན་གཏན་བདེའི་ས་ལ་འགོད་སླད་དུ། །བླ་མ་ལྷ་ཡི་རྣལ་འབྱོར་སྒོམ་པར་བྱ། །ཞེས་གསུངས་པ་བཞིན་བླ་མ་ལ་གསོལ་བ་བཏབ་སྟེ་རང་བརྒྱུད་ལ་བྱིན་རླབས་ཞུ་བ་དང་བླ་མ་སྒོམ་པས་སྒྲིབ་སྦྱངས་ཚོགས་གཉིས་གསོག་པའི་ཉམས་ལེན་དམིགས་བསལ་བ་ཞིག་ཡིན་འདུག་པས། གཤེན་ཉི་མས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་རྗེ་མཉམ་མེད་པ་གཤེགས་རྗེས། རྗེས་འཇུག་སློབ་ཚོགས་ལ་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་བརྩམས་པར་འདོད་དེ། བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་བསྟོད་པའི་ཡན་ལག་བརྒྱད་དུ་བྱས་ཡོད་ལ། དང་པོ་ཕྱག་འཚལ་བ་དང། གཉིས་པ་གསོལ་བ་བཏབས་པ། གསུམ་པ་མཆོད་པ་འབུལ་བ། བཞི་བ་བཤགས་པ་འབུལ་བ། ལྔ་བ་ཡི་རངས་འབུལ་བ། དྲུག་པ་བཀའ་འཁོར་སྐོར་བ། བདུན་པ་བསྔོ་བ། བརྒྱད་པ་སྨོན་ལམ་དང་བཅས་པའི་ཡན་ལག་འདི་དག་དང་ལྡན་པ་ཅན་ལགས་པས་ཤེས་ནུས། ཡང་གཅིག་བཤད་ན་འདི་ནི་འཕྲལ་གྱི་དགོས་པའང་ཡིན་ཏེ། བསྟོད་པ་རྣམ་རྒྱལ་ཁང་བཟང་གི་མཇུག་ཏུ། “སྨན་རིའི་སྐུ་མདུན་ཤེས་རབ་རྒྱལ་མཚན་འདས་ནས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོང་བའི་བདག་དང་མ་མཇལ། དེས་ན་སྙན་བརྒྱུད་ཀྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཆེན་པོ་འདི་ལ་ནན་ཏན་བྱ་དགོས”ཞེས་འབྱུང་བ་འདིས། བླ་མ་གཤེགས་རྗེས་ཀུན་གྱིས་བླ་མ་ལ་གསོལ་བ་འདེབས་པ་ནི་གལ་ཆེན་ཞིག་ཡིན་པ་དང་གཙིགས་སུ་འཛིན་དགོས་པར་གདམས་པ་ཡང་ཧ་ཅང་གསལ།

གཉིས་པ། ཐུན་མིན་དུ་མཁའ་འགྲོས་སྙན་བརྒྱུད་དུ་གསུངས་པ་ཡི་གེར་བཀོད་པ།

  གཅིག མཁའ་འགྲོ་སྙན་བརྒྱུད།

  འདིར་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་གཤེན་ཉི་མར་སྙན་བརྒྱུད་དུ་བྱུང་བ་བཤད་པ་ལ། ཐོག་མར་རང་རེའི་བོད་ཀྱི་ཆོས་ལུགས་ལོ་རྒྱུས་ཁྲོད་ན་གྲགས་ཆེ་བའི་“སྙན་བརྒྱུད”་ཅེས་པ་ནི་ཅི་ཞིག་ཡིན་པ་ངོ་སྤྲོད་བྱེད་པར་འདོད་པས། སྙན་བརྒྱུད་ཅེས་པ་ནི་མཁའ་འགྲོའི་སྙན་བརྒྱུད་གསལ་བའི་མེ་ལོང་32ལས། “སྙན་ནས་སྙན་དུ་བརྒྱུད་པ་ཡིན། །” གསུངས་པ་བཞིན་སྙན་བརྒྱུད་ནི་བརྒྱུད་པ་གསུམ་ལས་གང་ཟག་སྙན་བརྒྱུད་ཅེས་པ་དེ་རེད། གང་ཟག་སྙན་བརྒྱུད་ནི་ཆོས་སམ་གདམས་ངག་ཐོག་མ་སྟོན་པ་པོ་ཡེ་ཤེས་པ་ཞིག་གམ་བླ་མ(བླ་ནི་ཡོན་ཏན་གྱིས་ཁུར་གྱིས་ལྕི་བ་སྟེ། མར་གྱུར་འགྲོ་ལ་སྙིང་རྗེའི་བྱང་སེམས་མངའ་བ་ནི་བུ་ལ་མ་ལྟར་ཡོད་པའི་མ)ཡི་དམ་(རང་གི་ཡིད་དང་ངོ་བོ་དབྱེར་མེད་དུ་གྱུར་ཅིང་རྟག་ཏུ་བསྟེན་པར་བྱ་བའི་དམ་ཚིག་གི་ལྷ།)མཁའ་འགྲོ་གང་རུང་གིས་ལས་སྐལ་ལྡན་པའི་གང་ཟག་གི་སྙན་དུ་གསུངས་ཤིང་། དེ་གང་ཟག་ནས་གང་ཟག་ལ་སྙན་ནས་སྙན་དུ་བརྒྱུད་པ་ཞིག་ལ་ཟེར་བར་འདོད། བརྒྱུད་པ་ལ་རིང་བརྒྱུད33དང་ཉེ་བརྒྱུད34གཉིས་ཡོད། སྙན་བརྒྱུད་གླེང་དུས། ཞང་ཞུང་སྙན་བརྒྱུད་མ་གླེང་ཐབས་མེད་ཀྱི་སྙན་བརྒྱུད་ཅིག་ཡིན་ཏེ། ཞང་ཞུང་སྙན་བརྒྱུད་ནི་གཙོ་བོར་བོན་གྱི་རྫོགས་ཆེན་གྱི་གདམས་པ་དེ་ཡེ་ཉིད་སྟོན་པ་ཀུན་ཏུ་བཟང་པོས་བོན་ཉིད་ཁྱབ་གདལ་དབྱིངས་ཀྱི་འོག་མིན་ནས་གསུངས་པ་དང་། ཐུགས་རྗེའི་སྟོན་པ་གཤེན་ལྷ་འོད་དཀར་གྱིས་འོག་མིན་འདའ་བ་མེད་པའི་ཕོ་བྲང་ནས་གསུངས། སྤྲུལ་བའི་སྟོན་པ་གཤེན་རབ་མི་བོས་གཟུགས་ཁམས་བཅུ་བདུན་གྱི་ཡ་ཐ་གཙང་མ་རིགས་ལྔའི་ཐོག་མ་རུ་གསུངས་ནས་རིམ་བཞིན་ཚད་མེད་འོད་ལྡན། འཕྲུལ་གཤེན་སྣང་ལྡན། བར་སྣང་ཁུ་བྱུག ཡུམ་བཟང་ཟ་རིང་བཙུན། འཆི་མེད་གཙུག་ཕུད། གསང་བ་འདུས་པའི་བར་དུ་བརྒྱུད་པར་རིང་བརྒྱུད་ལས་རྒྱལ་བ་དགོངས་པའི་བརྒྱུད་པར་གསུངས་པ་དང་། དེ་ཡང་རིང་བརྒྱུད་ལ་གྲུབ་ཐོབ་སྙན་ཁུངས་ཀྱི་བརྒྱུད་པ་ཡོད་པར་དེ་ལའང་བརྒྱུད་ཚུལ་ཞིབ་ཅིང་ཚགས་པར་གསུངས་ཡོད་པ་མ་ཟད། རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་གཞུང་ཆེན་ཁག་དང་འགྲེལ་བ་ཁག་སོགས་སྤྱི་སྡོམ་བྱས་ཡོད་པའི་བོན་གྱི་གཞུང་ཆེན་པོ་ཞིག་ཡིན་པས་དོན་གཉེར་ཅན་གྱིས་གངས་ཏི་སེའི་བོན་གཞུང་རིག་མཛོད་དེབ་ཉེར་བཞི་བ་རྫོགས་ཆེན་སྙན་བརྒྱུད་བཀའ་བརྒྱུད་སྐོར་བཞི་བཞུགས་ཞེས་པར་གཟིགས་ཆོག་པ་རེད། གོང་གི་ཞང་ཞུང་སྙན་བརྒྱུད་ཀྱི་ངོ་སྤྲོད་ཐུང་ངུ་ལས། སྙན་བརྒྱུད་ཟེར་བ་དེ་གཙོ་བོ་སྟོན་པ་པོ་ཞིག་ལས་འཆད་ཅིང་བརྒྱུད་པ་ཞིག་ཡིན་པ་ཞུས་པ་ཡིན་ལ་ད་དུང་གྲགས་ཆེ་བའི་སྙན་བརྒྱུད་སྐོར་ལ། གཡུང་དྲུང་གླིང་བ་ལ་བླ་མ་ཚེ་དབང་བོད་ཡུལ་མའི་སྙན་བརྒྱུད། སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་ལ་མཁའ་འགྲོ་གསང་གཅོད་ཀྱི་སྙན་བརྒྱུད། རྗེ་ཁྱུང་ཚང་བ་ཡེ་ཤེས་བླ་མ་ལ་རས་ཆུང་བའི་སྙན་བརྒྱུད། ཡི་དམ་བདེ་མཆོག་གི་(ངམ་རྫོང་)སྙན་བརྒྱུད། མཁའ་འགྲོ་མཚོ་རྒྱལ་གྱི་སྙན་བརྒྱུད་སོགས་ཧ་ཅང་མང་པར་གྲགས་ལ། མཁའ་འགྲོའི་སྙན་བརྒྱུད་ནི་གསུང་བ་པོ་མཁའ་འགྲོ་མས་གང་ཟག་གི་སྙན་དུ་དོན་དང་ཆོས་གང་ཞིག་བརྒྱུད་པ་ལ་ཟེར།

  གཉིས། གཤེན་ཉི་མ་མཆོག་ལ་སྙན་བརྒྱུད་དུ་ཇི་ལྟར་བབས་ཚུལ།

  འདིར་དག་སྣང་ཅན་གྱི་ཐུགས་ངོར་བསྟོད་པ་རྣམ་རྒྱལ་ཁང་བཟང་དེ་མཁའ་འགྲོའི་ཚོགས་ཀྱིས་དམུ་གཤེན་རྣལ་འབྱོར་ཉི་མ་མཆོག་ལ་ཇི་ལྟར་སྙན་བརྒྱུད་དུ་བབས་ཚུལ་ཞུས་ན་བསམ་སྟེ། རྣམ་ཐར་དུ། “གནས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ། དཔའ་བོ་རིག་འཛིན་མཁའ་འགྲོ་ཀུན་འདུས་ནས་ངོ་མཚར་ཤིན་ཏུ་ཆེ་བར་གཟིགས་ཏེ། ཅི་ཡིན་ཐུགས་ལ་འཁྲུངས་ཏེ་སྐུ་དངོས་སུ་གཟིགས་མོ་ཕེབས་པས། སྔོན་གྱི་ཨ་ནེ་རྒན་མོ་མཁའ་སྤྱོད་ཀྱི་ཞིང་དུ་དྲངས་པ་དེ་སྒོ་སྲུང་མཁའ་འགྲོའི་ཚུལ་དུ་འདུག་པས། ཞལ་མ་ཚོ་བར། ཁྱེད་ཤ་ཁྲག་གི་ཕུང་པོ་མ་བཞག་པར་མཁའ་སྤྱོད་དུ་ཕེབས་པ་མི་ཡོང་ཞུས་པ། དེ་ལ་ལན་དུ། ང་ཤ་ཁྲག་གི་ཕུང་པོར་གནས་ཀྱང་། ང་བདག་གཟུང་འཛིན་གྱིས་མ་གོས་པར་སྐྱོན་མེད་གསུངས་ཏེ་ནང་དུ་ཕེབས། རིག་འཛིན་མཁའ་འགྲོ་ཀུན་འདུས་ནས་ཚོགས་ཀྱི་འཁོར་ལོ་བསྐོར་ཅིང་། དབུས་སུ་ཁྲི་མཐོ་དམའ་ཅུང་ཟད་ཡོད་པ་གཉིས་འདུག་པ་ལ། ཁྱེད་རྣམས་ཚོགས་འཁོར་བསྐོར་ནས་སུ་འབྱོར་པ་ཡོད་གསུངས་པས། སྨན་རིའི་སྤྱན་གཅིག་པ་ཤེས་རབ་རྒྱལ་མཚན་སྐུ་སྐྱེ་བ་བརྗེ་ནས་ཕེབས་པ་ཡོད་པའི་དེས་ཡིན་གསུངས། ཁྲི་གཉིས་འདུག་པས་གཅིག་ཏུ་སུ་བཞུགས་གསུངས་པས། གཤེན་ཉི་མ་སྐུ་ལུས་ཤ་ཁྲག་གི་ཕུང་པོ་མ་བཞག་པར་ཕེབས་པའི་བཞུགས་པ་ཡིན་གསུངས། ”35 ཞེས་དམུ་རྒྱལ་ཉི་མ་མཆོག་མཁའ་སྤྱོད་དུ་ཕེབས་དུས་སྔོན་གྱི་ཨ་ནེ་གཤེན་ཉི་མའི་ཐུགས་རྗེ་ཡིས་དག་ཞིང་གི་མཁའ་འགྲོའི་ཚོགས་གནས་དེའི་སྒོ་སྲུང་དུ་གྱུར་འདུག་པ་དང་། ནང་ལ་ཕེབས་དུས་ཁྲི་གཉིས་འདུག་པ་དང་གཅིག་རྗེ་སྨན་རི་བ་བཞུགས་ས་ཡིན་པ་དང་གཅིག་ཁོང་ཉིད་འདུག་ས་ཡིན་ཞེས་ལྷ་རྣམས་སྨྲ་བར་གསུངས་པ་འདིས་རྣམ་པ་གཉིས་འདྲ་མཉམ་དུ་བལྟ་བའི་དྲན་སྐུལ་ཅིག་ཡིན་པ་ཤེས་ཐུབ་པ་དང་། ཡང་གཤེན་ཉི་མ་མཁའ་སྤྱོད་དུ་ཕེབས་དུས་ཀྱི་རྣམ་པ་གཞན་ཞིག་ནི། དམུ་གཤེན་རྣལ་འབྱོར་ཉི་མ་རྒྱལ་མཚན་དེ་ཉིད་ཁོང་གིས་ཕྱག་བཏབ་པའི་གདན་ས་རི་རྒྱལ་དགོན་དུ་བཞུགས་དུས། ནམ་མཁར་མཁའ་འགྲོ་མ་ཞིག་གཤེགས་སོང་བ་དང་། དེའི་འགྲོ་དོན་ལ་བྱ་རྒོད་ཅིག་ཏུ་སྤྲུལ་ནས་བྱོན་པ་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་མཇུག་བྱང་དུ། “དེར་འགྲོ་དོན་འགྲུབ་ནས། མཁའ་སྤྱོད་གནས་སུ་རིག་འཛིན་མཁའ་འགྲོའི་ཚོགས་གྲལ་ཕེབས་པ་ལ། རིག་འཛིན་ཕོ་རྒྱུད་ཐམས་ཅད་གཡས་ན་བཞུགས་ནས་སྣང་། བླ་ཆེན་དྲན་པ་ནམ་མཁའ་དབུས་ན་བཞུགས་ནས་སྣང་། ཐམས་ཅད་ཀུན་གྱི་ཞལ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདིས་བསྟོད་ཅིང་འདུག་པ་ལ། གཤེན་ཉི་མ་རྒྱལ་མཚན་བདག་ལ་སྙན་དུ་བརྒྱུད་པ་ལགས་སོ། །”36 ཞེས་གཤེན་ཉི་མ་རྒྱལ་མཚན་མཁའ་སྤྱོད་ཀྱི་གནས་སུ་བྱོན་དུས་རིག་འཛིན་ཕོ་བརྒྱུད་མོ་བརྒྱུད་ཀྱིས་བླ་ཆེན་དྲན་པ་ནམ་མཁའ་དབུས་སུ་བཞུགས་པ་སྐོར་བ་གཟིགས་པ་དང་། སྐྱབས་གནས་དག་གིས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་གསུངས་པ་སྙན་དུ་གསན་པ་བྱུང་བར་བཤད་པ་འདི་གཤེན་ཉི་མའི་རྣམ་ཐར་དང་ཕལ་ཆེར་མཐུན་པར་གསུངས་འདུག་སྟེ་རྣམ་ཐར་ལས། “རིག་འཛིན་མཁའ་འགྲོ་རྣམས་ཀྱིས་གསོལ་འདེབས་བོན་ཉིད་ཆེན་པོ་གསུངས་ཀྱིན་འདུག་པ་ལ། ”37 ཞེས་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་ཀྱང་རྗེ་སྨན་རི་བ་ཆེན་པོ་ལ་གསོལ་འདེབས་བོན་ཉིད་ཆེན་པོས་གསོལ་བ་འདེབས་ཤིང་། གསོལ་འདེབས་བོན་ཉིད་ཆེན་པོ་ནི་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་ཐོག་མའི་ཤོ་ལོ་ཀར“ཨེ་མ་ཧོ། བོན་ཉིད་ཆེན་པོ་སྤྲོས་པའི་མཐའ་དང་བྲལ། །”ཞེས་དབུ་རུ་འབྱུང་བའི་ཚིག་དེ་རྩོམ་མིང་ལ་བཏགས་པ་ཡིན་ཏེ། དཔེར་ན། མཉམ་མེད་གསོལ་འདེབས་བདེ་ཆེན་རྒྱལ་པོ་ལྟ་བུ། གཞན་ཤར་གངས་རི་མ། དཔལ་ལྡན་ས་གསུམ་མ། ཡོན་ཏན་གཞི་གྱུར་མ། མཁན་ཆེན་ཉི་མ་བསྟན་འཛིན་གྱི་བསྟན་རྒྱས་སྨོན་ལམ་ལ་ན་མོ་བསླུ་མེད་ཟེར་བ་འདི་ལྟ་བུ་མང་པོ་ཡོད། དེ་བས་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་མིང་གཞན་ལ་གསོལ་འདེབས་བོན་ཉིད་ཆེན་པོ་ཞེས་བཏགས་རུང་བ་ཡང་མཁྱེན་པར་མཛོད། ཡང་རྣམ་ཐར་དུ། “གཤེན་ཉི་མས་སྐུ་ལུས་བྱ་རུ་སྤྲུལ་པའི་དང་སྒྲོའི་ནང་དུ་གསོལ་འདེབས་བྲིས་ནས། སྨན་རིར་ཕེབས། ”38 ཞེས་གསུངས་པ་བཞིན་དེ་ནས་གཤེན་ཉི་མས་རིག་འཛིན་མཁའ་འགྲོས་རྗེ་སྨན་རི་བ་ཆེན་པོ་ལ་ཇི་ལྟར་བསྟོད་པ་གསུངས་པ་དེ་སྐུ་ལུས་བྱ་རུ་སྤྲུལ་བའི་སྒྲོ་ནང་དུ་བྲིས་ཏེ་རྗེའི་གདན་ས་སྨན་རིར་ཕེབས་ཏེ་ཀུན་ལ་སྤེལ་ཅིང་། ད་ལྟ་ང་ཚོའི་བྱིན་རླབས་ཀྱི་རྟེན་དུ་བཞུགས་པ་ནི་དམུ་རྒྱལ་གཤེན་ཉི་མ་རྒྱལ་མཚན་གྱི་ཐུགས་རྗེ་ཡིན། མདོར་ན་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་གཤེན་ཉི་མར་སྙན་བརྒྱུད་དུ་བབས་པ་ནི་ཁོང་གིས་དད་པ་མོས་འདུན་ཆེན་པོ་བསྐྱེད་པའི་དག་སྣང་ཁྱད་པར་བ་ཡིན་པ་མ་ཟད། ཁོང་ཉིད་ལ་རྟོགས་པ་ཆེན་པོ་མངའ་བའང་སུས་ཀྱང་བསྙོན་དུ་མེད། ཡང་གཅིག་བཤད་ན་འདི་ནི་དམ་པ་གོང་མ་དག་གི་རྩོམ་འབྲི་དུས་ཀྱི་ཚོར་རྟོག་དམིགས་བསལ་བ་ཞིག་ཡིན་ཤོས་ཆེ།

ས་བཅད་གསུམ་པ། རྩོམ་འདིའི་དངོས་ཤུགས་ཀྱི་དོན་བཤད་པ།

  དང་པོ། ཐོག་མར་དགེ་ཞིང་མངོན་པར་མཐོ་བ་ཀླད་ཀྱི་དོན།

  བསྟོད་པ་རྣམ་རྒྱལ་ཁང་བཟང་གི་ཡན་ལག་དང་པོའི་བརྒྱད་སྡེབ་དང་པོ་ནས་དྲུག་པ་ནི་སྔོན་འགྲོ་ཀླད་ཀྱི་དོན་ཡིན། དེ་ལ་ཤོ་ལོ་ཀ་གསུམ་དུ་ཐོག་མར་སྐུ་གསུམ39ལ་ཕྱག་འཚལ་བ། དེ་ནས་ཡང་ཤོ་ལོ་ཀ་གསུམ་དུ་སངས་རྒྱས་བོན་སེམས་དཔའ་གསུམ་སྟེ་སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས་རིམ་པ་བཞིན། བརྒྱད་སྡེབ་དང་པོར། “ཨེ་མ་ཧོ། བོན་ཉིད་ཆེན་པོ་སྤྲོས་པའི་མཐའ་དང་བྲལ། །ངང་ཉིད་བདལ་བ་ལྷུན་གྱིས་གྲུབ་པ་ལ། །འདུས་མ་བྱས་པའི་རྒྱུ་རྐྱེན་མེད་པ་ནི། །གཡོ་བ་མི་མངའ་རང་བཞིན་ཀློང་ན་གནས། །སྐྱེ་འགག་གནས་སྟོང་དབྱིངས་ལྟར་ལྷུན་གྱིས་གྲུབ། །ངང་དང་རང་བཞིན་མཐའ་དང་དབུས་མེད་པར། །མེད་པ་ལྔ་ལྡན་བོན་གྱི་སྐུ་མཆོག་སྟེ། །ཀུན་བཟང་བོན་སྐུ་ཉིད་ལ་ཕྱག་འཚལ་ལོ། །” ཞེས་ཐོག་མར་ངོ་མཚར་སྟོན་པའི་སྒྲས་སྣེ་དྲངས་ཏེ། བོན་ཉིད་ཆེན་པོ་ཀ་ནས་དག་པ་སྤྲོས་པའི་མཐའ་མེད་པའི་སྐུ་དང་གཅིག བོན་ཉིད་ངང་ལས་བདལ་བ་སྟེ་རང་བཞིན་གྱིས་གྲུབ་པ་ཡིན་པས་འདུས་མ་བྱས་པའི་རྒྱུ་རྐྱེན་མེད་པའི་སྐུ་དང་གཉིས། བོན་ཉིད་རང་བཞིན་ཀློང་ན་གནས་པས་གཡོ་བ་མེད་པའི་སྐུ་དང་གསུམ། བོན་སྐུ་རང་བཞིན་གྱི་མཁའ་དབྱིངས་ལྟར་སྐྱེ་འགག་གནས་མེད་པར་གྲུབ་པའི་སྐུ་དང་བཞི། རང་བཞིན་དེར་ལྟ་བུར་མཐའ་དང་དབུས་མེད་པའི་སྐུ་སྟེ་མེད་པ་ལྔ་ལྡན་གྱི་སྐུ་སྟེ་བོན་སྐུ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཡོད།

  བརྒྱད་སྡེབ་གཉིས་པར། རྫོགས་སྐུ་ཆེན་པོར་གཟི་བརྗིད་ཀྱི་མདངས་ངེས་པ། འོག་མིན་སྤྲོས་དང་བྲལ་བར་སྐུ་མཆོག་གྲུབ་པ། མཚན་དང་དཔེ་བྱད་ཀྱི་ལོ་འབྲས་རྫོགས་པ། བྱམས་སོགས་ཚད་མེད་བཞིའི་ཐུགས་རྗེ་དང་ལྡན་པ། ཞལ་ཉི་ཟླ་ལྟར་གསལ་བས་སེམས་དཔའི་འཁོར་གྱིས་བསྐོར་བར་ངེས་པའི་ངེས་པ་ལྔ་ལྡན་གྱི་རྫོགས་སྐུ་གཤེན་ལྷ་འོད་དཀར་ལ་ཕྱག་འཚལ་བ། བརྒྱད་སྡེབ་གསུམ་པར། འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་མ་ངེས་བ་བྱེ་བ་ཕྲག་བརྒྱར་འགྱེད་པ། སྐུ་གསུང་ཐུགས་ཀྱི་འོད་ཟེར་དུ་མར་གཟི་བརྗིད་ཀྱི་དཔལ་མ་ངེས་པ་དུ་མ་འབར་བ། སྤྲུལ་སྐུས་ལས་ཅན་བསོད་ནམས་ལྡན་པ་དང་སྐལ་ལྡན་རྗེས་འབྲངས་མ་ངེས་པར་བདེ་ཆེན་གྱི་དབྱིངས་སུ་འགོད་པ། སྐལ་དམན་ལས་ངན་གྱི་སེམས་ཅན་མ་ངེས་པའི་རྒྱུད་ལ་བོན་སྒོ་ཡིས་བགས་ཆག་འཇོག་པར་བྱེད་པའི་སྤྲུལ་སྐུ་སྟོན་པ་གཤེན་རབ་ལ་ཕྱག་འཚལ་བ་ཡོད། དེ་ནས་ཕྱག་འཚལ་བ་ལས་གཉིས་པ་སྐྱབས་གནས་གསུམ་ལ་ཕྱག་འཚལ་བ་ནི་བརྒྱད་སྡེབ་བཞི་བ་ནས་དྲུག་པ་རིམ་པ་བཞིན། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “སྐུ་གསུམ་ཀློང་ནས་འགྲོ་བའི་དཔལ་དང་མགོན། །བདེ་གཤེགས་སྟོང་དང་ཐུགས་རྗེ་ཆེན་པོ་ཡི། །སེམས་དཔའ་རིག་འཛིན་མཁའ་འགྲོ་བསམ་ལས་འདས། །གྲངས་མེད་བསྐལ་པར་སངས་རྒྱས་གྲངས་མེད་ནི། །འགྲོ་དྲུག་དོན་ལ་ཐུགས་རྗེས་ཉི་མ་ཤར། །ཁམས་གསུམ་མུན་པར་གནས་པའི་སེམས་ཅན་རྣམས། །དུས་གསུམ་མུན་པའི་གཏི་མུག་གསལ་བར་མཛོད། །འགྲོ་དྲུག་སྐྱོབ་མཛད་སྐུ་ལ་ཕྱག་འཚལ་ལོ། །” ཞེས་སངས་རྒྱས་དཀོན་མཆོག་གི་ཐུགས་རྗེ་ལ་བསྟོད་པ། སྐུ་གསུམ་གྱི་ཀློང་ཆེན་པོ་ནས་འགྲོ་བ་ལྷ་དང་བཅས་པའི་སྐྱབས་དང་མགོན་དུ་གྱུར་པའི་སངས་རྒྱས་ཀྱིས་ནི་འགྲོ་བའི་དོན་དུ་ཐུགས་རྗེ་ལ་ཉེ་རིང་མེད་པ་ཉི་མ་ལྟར་ལགས་ལ། ཉི་མའི་འོད་ནི་ཆེ་ལ་ཕྱོགས་བསྙེལ་མེད་པར་ཤར་ནས་ཁམས་གསུམ་ན་སྡུག་བསྔལ་གྱི་མུན་པ་ལྟ་བུར་གནས་བཅའ་བའི་སེམས་ཅན་རྣམས་ལ་རྟག་ཏུ་ཉོན་སྒྲིབ་དང་ཤེས་སྒྲིབ་གྱི་གཏི་མུག་སེལ་ནས་བློའི་སྣང་བ་གསལ་བར་མཛད་ལ་སྡུག་བསྔལ་གྱི་རྩ་བ་སྨག་མེད་དུ་བཅོམ་པར་མཛད་མཁན་དེ་འགྲོ་དྲུག་སྐྱོབས་པའི་སྐྱབས་གནས་སངས་རྒྱས་ཏེ་སངས་རྒྱས་དཀོན་མཆོག་ལ་ཕྱག་འཚལ་བ། བརྒྱད་སྡེབ་ལྔ་བ་ནི། སངས་རྒྱས་དེ་དང་སངས་རྒྱས་གྲངས་མེད་ཀྱིས་འགྲོ་བ་འདུལ་བའི་དོན་དུ་མཛད་པ་བཅུ་གཉིས་དང་མཛད་ཆེན་དྲུག་ཅུ། བོན་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དང་། དེ་དག་ཚུར་བསྡུས་ན་སྡེ་སྣོད་གསུམ་དང་བཀའ་འཁོར་རིམ་པར་གསུངས་པའི་བོན་ཕྱི་ནང་གསང་གསུམ་གྱིས་གྲངས་མེད་བསྐལ་བར་བོན་གྱི་སྒྲ་དབྱངས་སྒྲོག་ཅིང་དུག་ལྔའི་དགྲ་བོ་འཇོམས་པའི་གཏེར་མཛོད་དེ་འགྲོ་བ་གྲངས་མེད་འདུལ་བར་མཛད་པའི་བོན་ལ་ཕྱག་འཚལ་ཡོད། བརྒྱད་སྡེབ་དྲུག་པ་རུ། དེ་འཛིན་མཁས་དང་གྲུབ་པའི་སེམས་དཔའ་དཀོན་མཆོག་ལ་ཕྱག་འཚལ་བ་ནི། བདེ་གཤེགས་དགོངས་པའི་བརྒྱུད་པ་དང་སྟོད་ཀྱི་བླ་མ་ཆེ་དྲུག40བར་གྱི་གདུང་རྒྱུད་བཅུ་གསུམ41། སྨད་ཀྱི་མཁས་པ་མི་བཞི42རིག་འཛིན་ལོ་པཎ་གཤེན་བརྒྱད།43 ཕྱི་རབས་གཏེར་སྟོན་བརྒྱ་རྩ་བརྒྱད་ཀྱི་གཏེར་སྲས་ཆེན་པོ་བཞི44བོན་གྱི་བདག་ཆེན་བཞི་སྟེ་བྲུ་ཞུ་སྤ་རྨེའུ45སོགས་བརྒྱུད་གསུམ་བླ་མ་རྣམས་ཀྱིས་མི་མཇེད་འདུལ་བར་མཛད་པའི་འགྲོ་དོན་ལ་ལུས་ངག་རྩལ་དུ་བསྐྱེད་ཅིང་སྒོ་གསུམ་རབ་ཏུ་བསྟོད་དེ་ཕྱག་འཚལ་ཡོད་དོ། །

གཉིས་པ། བར་དུ་དགེ་ཞིང་ངེས་པར་ལེགས་པ་གཞུང་གི་དོན། (ཡན་ལག་དང་པོའི་བརྒྱད་སྡེབ་བདུན་པ་ནས་ཉེར་གསུམ་བར)

  གཅིག རྗེའི་གསང་གསུམ་གྱི་ཡོན་ཏན་སོགས་ལ་བསྟོད་པ། (ཡན་ལག་དང་པོའི་བརྒྱད་སྡེབ་བདུན་པ་ནས་ཉེར་གཅིག་བར)

  བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “འཛམ་བུའི་གླིང་དུ་གསེར་གྱི་ཉི་ཤར་བཞིན། །དུས་ངན་ལྔ་བརྒྱ་ཐ་མའི་སྙིགས་མ་ལ། །འཕྲུལ་ངག་བོན་གྱི་ཆུ་ཆེན་རབ་བྲུག་ནས། །རྗེས་འབྲང་ཉོན་མོངས་མ་ལུས་རྩད་ནས་བཀྲུ། །སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན། །མ་རིག་གྲུབ་མཐའ་འདྲ་མིན་ཀླད་པ་འགེམས། །མི་ཡི་སེང་གེ་གཟི་བརྗིད་སྨན་རི་བ། །གཙུག་རྒྱན་མཁན་པོ་ཁྱེད་ལ་ཕྱག་འཚལ་ལོ། །” ཞེས་གསུངས་ཏེ། གཞུང་གི་དོན་འབྱུང་ངོ་། །དོན་ནི་དུས་ངན་སྙིགས་མར་རྗེ་སྨན་རི་བ་ཁྱེད་ཀྱི་སྐུ་ཡི་ཡོན་ཏན་ནི་འཛམ་བུའི་གླིང་འདིར་གསེར་གྱི་ཉི་མ་ཤར་བ་བཞིན་དུ་འཕྲོས་པ་འདྲ་བ་མ་ཟད། ཁྱེད་ཀྱི་གསུང་ནི་འཕྲུལ་ངག་བདེན་པའི་བོན་གྱི་ཆུ་བོ་ཆེན་པོ་བྲུག་པ་ཡིན་པས་ཁྱེད་ཀྱི་རྗེས་འབྲང་དང་གཞན་བཅས་པའི་རྒྱུད་ན་མངའ་བའི་ཉོན་མོངས་གྱི་དྲི་མ་རྩད་ནས་བཀྲུ་ལ། ཁྱེད་ཀྱི་ཐུགས་ལ་ནི་བསླབ་པ་ཚུལ་ཁྲིམས་གཙོ་བོ་སྟོན་པ་འདུལ་བའི་སྡེ་དང་། བསླབ་པ་ཏིང་འཛིན་གཙོར་སྟོན་འབུམ་གྱི་སྡེ། བསླབ་པ་ཤེས་རབ་གཙོར་སྟོན་མངོན་པའི་སྡེ་ཡི་མཁྱེན་པ་རབ་ཏུ་རྒྱས་པ་དཔེར་ན་སེང་གེའི་ལྟར་ང་རོ་ཆེར་བསྒྲགས་པས་མ་རིག་པ་དང་རྨོངས་པའི་གྲུབ་མཐའ་འདྲ་མིན་ལ་གླང་ཆེན་ལྟ་བུའི་འགྱིང་བག་ལྡན་ཡང་ཕན་པར་བྱེད་མཁན་ནི་ཁྱེད་ཉིད་དེ། མི་ཡི་ནང་ནས་མཁྱེན་བརྩེ་ནུས་གསུམ་གྱི་གཟི་བརྗིད་དང་ལྡན་པ་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། ནོར་བུ་ལྟ་བུའི་གཙུག་གི་རྒྱན་ཏེ་གཙང་ཐོབ་རྒྱལ་དུ་ཡབ་ཡུམ་གྱི་མཚན་གྱི་ཟུར་ཐོན་པའི་དགོན་པ་འདེབས་པ་པོ་སྨན་རིའི་མཁན་རབས་དང་པོ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་བརྒྱད་སྡེབ་བདུན་པར་རྗེའི་གསང་གསུམ་གྱི་ཡོན་ཏན་ལ་བསྟོད་པ་བྱས་ཡོད། 

  རྗེ་རིན་པོ་ཆེ་ཁྱེད་ནི་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་རྒྱལ་མོ་ཚ་བ་རོང་དུ་སྐུ་འཁྲུངས་ཏེ། དབུས་ཀྱི་དབེན་ས་ཁར་རིག་པའི་གནས་ལ་གཟིགས་དགོངས་མཛད་ཅིང་། དེ་རུ་མཆོག་དང་ཐུན་མོང་སྟེ་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ལ་ཐོས་བསམ་གནང་བ་མ་ཟད། དཔལ་ལྡན་སྨན་རིར་བོན་གྱི་འཁོར་ལོ་བསྐོར་བས་སྤྱིར་མི་མཇེད་གནས་དང་ཁྱད་པར་འཛམ་གླིང་གི་ཡུལ་ཆེན་བཅོ་བརྒྱད་ཀྱི་སྙིང་པོར་གྱུར་པ་བོད་ཁ་བ་ཅན་གྱི་རྗེས་འབྲང་རྣམས་ལ། ལས་དང་སྐལ་བ་རབ་ཏུ་ལྡན་པར་མཛད་ནས་རྗེས་སུ་བཟུང་པ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་རྗེ་རིན་པོ་ཆེའི་རྣམ་ཐར་གྱི་སྡོམ་ཡིན། བརྒྱད་སྡེབ་དགུ་བར། རྗེ་སྨན་རི་བ་ཁྱེད་ནི་བསྐལ་པ་གྲངས་མེད་དུ་ཚོགས་གཉིས་ཀྱི་རྒྱ་མཚོའི་མངོན་པར་མཐོ་ཞིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསེར་གྱི་རི་རབ་བཞིན་དུ་གཟི་བརྗིད་འབར་ལ། མི་འཇེད་ཀྱི་སེམས་ཅན་འདྲེན་པའི་ཐུགས་རྗེ་ཅན་ཁྱེད་ཀྱིས་བོད་ཁ་བ་ཅན་ལ་གཡུང་དྲུང་བསྟན་པའི་སྒྲོན་མེ་ལུང་རིགས་མན་ངག་གི་འབྲུག་སྒྲ་དང་བཅས་ཏེ་སྦར་བས། འཛམ་གླིང་ཁྱོན་ཀུན་ཏེ་ཕྱོགས་བཅུའི་དད་ལྡན་ཀུན་གྱི་ཡིད་ཀྱི་དང་བ་འདྲེན་པར་མ་ཟད། ཐར་བའི་ཁ་ལོ་བདེ་བའི་གནས་སུ་མངོན་པར་བསྒྱུར་བར་མཛད་པ་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། ཚོགས་གཉིས་སྐུ་ནི་གསེར་གྱི་རི་རབ་བཞིན་དུ་གཟི་བརྗིད་དང་ལྡན་པ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་རྗེ་སྨན་རི་བས་ཚོགས་བསགས་པའི་ཆེ་བ་ལ་བསྟོད་པ་བྱས་ཡོད། བརྒྱད་སྡེབ་བཅུ་བར། དེ་ལྟ་བུའི་ཚོགས་གཉིས་རྫོགས་པར་གྱུར་བའི་རྗེ་རིན་པོ་ཆེ་ཁྱེད་ནི་སྐལ་ལྡན་སེམས་ཀྱི་དུང་གི་ཟླ་བ་དང་འདྲ་ལ། དུག་གསུམ46དང་ལྔ47། ཞིབ་པར་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་། ས་དགུ48སྤང་བ་དཔེར་ན་ཁང་ཁྱིམ་གྱི་གད་སྙིགས་ཕྱགས་པ་ལྟ་བུ་ཡིན་ལ་ཉོན་ཤེས་ཀྱི་སྒྲིབ་པ་དག་པ་ཉི་ཟླའི་འོད་ལ་མུན་པ་མེད་པ་བཞིན་ལགས་པས་ཉོན་ཤེས་ཀྱི་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་བའམ་ཡེ་ནས་མེད་པ་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། གསེར་གྱི་ཉི་མ་བཞིན་དུ་དག་པ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་རྗེ་སྨན་རི་བ་སྒྲིབ་གཉིས་མི་མངའ་བར་བསྟོད་པ་བྱས་ཡོད། བརྒྱད་སྡེབ་བཅུ་གཅིག་པར། རྗེ་རིན་པོ་ཆེ་ཁྱེད་ཀྱི་སྐུ་ལ་དག་པའི་ཚུལ་ཁྲིམས་རབ་ཏུ་རྫོགས་པར་བཞེས་པ་དང་བོན་གྱི་འདུལ་བ་དར་རྒྱས་སུ་སྤེལ་བར་མཛད་ནི་དཔེར་ན། ཟླ་བ་ཉ་ཆེན་རྒྱས་པ་བཞིན་ལགས་པ་མ་ཟད། ཁྱེད་ནི་སྔོན་སྟོན་པའི་འཁོར་རྣམ་པ་བཞི་ཡི་མཁན་པོ་གཡུང་དྲུང་གཙུག་གཤེན་རྒྱལ་བ་རུ་སྐྱེ་བ་བཞེས་པའི་ལས་འཕྲོ་ཅན་ཡིན་ལ། རྣམ་དག་དྲང་སྲོང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རབ་ཏུ་རྫོགས་པའི་འདུལ་འཛིན་ཡིན་པས་ཀྱང་ཀུན་གྱི་གཙུག་རྒྱན་གཅིག་པུ་ཡིན་པ་དཔེར་ན། མཚན་མོར་མེ་ཏོག་གཞན་ཟུམ་ཡང་ཨུཏྤལ་བཞད་པ་ལྟར་སྙིགས་མའི་སྨག་རིམ་དུ་གཅིག་པོར་བཞད་པ་དང་མཚུངས་པར། ཁྱེད་ཉིད་གཅིག་པུས་ནི་བོད་ཡུལ་དབུས་སུ་བོན་གྱི་བསྟན་པའི་རྒྱལ་མཚན་སླར་ཡང་བཙུགས་པ་ཡིན་པས། ཕ་རོལ་རྒོལ་བའི་མི་ཚུགས་པ་སུས་ཀྱང་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ། འགྲོ་བ་ཀུན་གྱིས་ཡིད་སྨོན་བྱེད་སའི་རྣམ་པར་རྒྱལ་བའི་ཁང་བཟང་ལྟ་བུ་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། ལྷོ་འཛམ་བུའི་གླིང་གི་གསལ་བྱེད་དང་མཛེས་རྒྱན་རྩོད་མེད་གཅིག་པུ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་རྗེ་སྨན་རི་བས་བོན་གྱི་འདུལ་བ་ཆེས་ཆེར་རྒྱས་པར་མཛད་པ་ལ་བསྟོད་པ་བྱས་ཡོད་པ་དང་བསྟོད་རྩོམ་འདིའི་མིང་ཡང་བརྒྱད་སྡེབ་འདི་ལས་ཐོགས་པ་ཡིན་ལ། འདི་ལས། རྗེ་སྨན་རི་བའི་མཚན་ལ་འདུལ་བ་འཛིན་པ་ཇི་ལྟར་ཐོགས་པ་གོའོ། །བརྒྱད་སྡེབ་བཅུ་གཉིས་པར། སྔོན་སངས་རྒྱས་བསྟན་པར་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་སྟེ། སྟག་གཟིགས་ཡུལ་དུ་སྡེ་སྣོད་སྤྱི་དང་ཁྱད་པར་འདུལ་ཁྲིམས་ཀྱི་འབྱུང་གནས་མཁན་པོ་དམུ་ཚ་ཏྲ་ཧེ། ཁྲི་ཐོག་སྤར་ཙ། ཧུ་ལི་སྤར་ཡ་གསུམ་དང་། རྒྱ་གར་དུ་ལྷ་བདག་སྔགས་གྲོལ། རྒྱ་ནག་ཏུ་ལེགས་ཏང་རྨང་པོས་གསང་སྔགས་བླ་མེད་ཀྱི་དོན་འཁྲུལ་མེད་དུ་རྟོགས་པར་མཛད། ཞང་ཞུང་དང་ཕྲོམ་དུ་གསེར་ཐོག་ལྕེ་འབྱམས་ཀྱིས་ཐུགས་སྙིང་རྗེ་ཆེན་པོས་མདོ་སྔགས་རིག་གནས་ཀྱི་མངའ་བདག་མཛད། ད་ལྟར་ལྔ་བརྒྱ་ཐ་མའི་སྙིགས་མ་ལ་ཁྱེད་ཀྱིས་ལས་ངན་འགྲོ་བའི་སྡུག་བསྔལ་ཐ་རུ་བསྐྲད། ཁྱེད་ནི་མདོ་སྔགས་རིག་གནས་ཀུན་ལ་གཟིགས་པ་ཡངས་ཤིང་བོན་གྱི་ཆ་ལ་རྨོངས་པའམ་བློ་གྲོས་ཀྱི་མིག་དབང་མེད་པའི་མི་རྣམས་ལ་ཡེ་ཤེས་ཀྱི་སྤྱན་འབྲས་སྩོལ་མཁན་དང་བོན་གྱི་བསྟན་བ་གསལ་བར་བྱེད་པས་སྤྱན་གཅིག་པ་སྟེ་ཀུན་གྱིས་ཐོད་དུ་བཀུར་ཞིང་དད་པས་སྙིང་ལ་སྒོམ་པས་མིག་གཅིག་པུ། འཛམ་གླིང་རྒྱན་དྲུག་གི་ཡང་ཞལ་ཚབ་ཏུ་གྱུར་བ་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། མཁས་གྲུབ་སྟོང་གི་སྤྱི་སྟེ་རང་གཟུགས་དང་ཕུད་དེ་གཙུག་རྒྱན་དང་པོར་གྱུར་བ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་རྗེ་སྨན་རི་བ་མདོ་སྔགས་ཀུན་གྱི་མཛོད་འཆང་དུ་བསྔགས་ཡོད་པ་དང་། འདི་ལས་རྗེ་སྨན་རི་བའི་མཚན་ལ་མཁས་གྲུབ་སྤྱན་གཅིག་པ་ཇི་ལྟར་ཐོགས་པའང་གོ གཞན་རྗེ་ལ་སྤྱན་གཅིག་པ་ཐོགས་དོན་ནི་ཁ་ཅིག་གིས་བྱ་ཁྭ་ཏས་བྲུས་ཟེར་བ་དང་། ཤིང་པོས་སྣད་ཟེར་བ། སྐུ་ཚད་རྒྱས་པས་སྐུ་བྱད་འགྱུར་བས་སྤྱན་གཅིག་བཙུམས་ཟེར་བ། ལ་ལས་སྔར་སྐྱེ་བ་གོང་མ་ཡར་མེ་པའི་དུས། དཔེ་བྱད་ལེགས་པ་ལ་ཡོན་བདག་བུད་མེད་རྣམས་ཆགས་པ་གཡོས་པས་ཐུགས་སུན་ནས། དབང་པོ་མ་ཚང་བའི་ཐབས་ཀྱིས་བཞིན་ངན་པའི་ཐབས་མཛད་ཟེར་བ། ལ་ལས་ངན་སོང་འཁོར་བའི་སྒོ་གཅོད་ཕྱིར་དེ་ཙུག་མཛད་པ་ཡིན་ཟེར་བ་སོགས་ནི་བཟང་ངན་གཉིས་ཀྱི་ཧམ་བཤད་དུ་ཟད་ཀྱི་དངོས་ཐོག་བདེན་འཚོལ་ཀྱི་རྒྱུ་མཚན་མེད་པར་འདོད། བརྒྱད་སྡེབ་བཅུ་གསུམ་པར། རྗེ་རིན་པོ་ཆེ་ཁྱེད་ཀྱི་སྐུ་ཆེ་བའི་ཡོན་ཏན་དཔེར་ན་བོན་གནས་པའི་སྒྲོན་མེ་ལྟ་བུར་གང་དུ་ཕེབས་ན་དེ་རུ་བོན་གྱི་སྣང་བས་ཁྱབ་པ། གསུང་གི་ཆེ་བའི་ཡོན་ཏན་གསུང་ལ་ནི་བོན་གནས་པའི་འོད་ཀྱི་འཁོར་ལོ་ལྟ་བུར་གདུལ་བྱ་རྣམས་རང་བཞིན་ཀྱིས་ཁྱེད་ལ་ཕྱོགས་པ་ཅིང་བློ་མུན་སེལ་བ། ཐུགས་མཁྱེན་པའི་ཡོན་ཏན་དཔེར་ན་བོན་གནས་པའི་ལྷ་ཡི་ཕོ་བྲང་བཞིན་ལེགས་ཚོགས་ཀྱི་འདོད་འབྱུང་གིས་ཕྱུག་ཅིང་སྒམ་པ། རྗེ་རིན་པོ་ཆེའི་རྨད་བྱུང་གི་ཡོན་ཏན་དཔེར་ན་ཐེག་པ་ཆེན་པོའི་ཁྲི་འཕང་གི་རང་བཞིན་ལྟར་འཁོར་འདས་ཀྱི་བོན་ཐམས་ཅད་ཁོལ་དུ་ཕྱུང་ཞིང་ཕུལ་དུ་ཕྱིན་པ། རྗེ་རིན་པོ་ཆེའི་ཕྲིན་ལས་ཀྱི་ཡོན་ཏན་དཔེར་ན་བདུད་རྩིའི་ཆར་བ་བཞིན་དུ་འགྲོ་དྲུག་གསོ་བའི་དོན་གཉིས་ལྷུན་གྱིས་གྲུབ་པ། མཁྱེན་བརྩེ་ནུས་གསུམ་གྱི་མཐུ་སྟོབས་དཔེར་ན་སྣང་གསལ་གྱི་སྒྲོན་མེ་བཞིན་དུ་མུན་པ་ལས་ཐར་བའི་ལམ་སྒོ་ལ་སྙེག་ཅིང་མུན་ནག་ལས་འབྱེད་པའམ་བྲལ་བར་ནུས་པ། གོང་དུ་བཤད་པའི་ཡོན་ཏན་དྲུག་པོ་དཔེར་ན། མཐོ་རིས་ལམ་སྐས་ཀྱི་ས་ལམ་བཟང་པོ་དང་ལྡན་པ་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། ཐུགས་ལ་སྙིང་རྗེ་རབ་ཏུ་གནས་པ་དེ་ལ་ཕྱག་འཚལ་ལོ་ཞེས་རྗེ་སྨན་རི་བའི་སྒོ་གསུམ་དང་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ལ་བསྟོད་སྔགས་བྱས་ཡོད། བརྒྱད་སྡེབ་བཅུ་བཞི་བར། རྗེ་རིན་པོ་ཆེ་ཁྱེད་ཀྱི་ལྷག་པ་ཤེས་རབ་ཀྱི་བསླབ་པ་ལ་རྒྱུད་ལུང་དང་ལྡན་པའི་སྨན་གྱི་རྒྱལ་པོ་ལྟ་བུས་འགྲོ་དྲུག་སྐྱོབ་པར་མཛད་པའི་ཐུགས་རྗེ་དང་ལྡན་ལ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཐུགས་རྗེའི་ལྕགས་ཀྱུ་ལྟ་བུས་ངན་སོང་མཐོ་རིས་སུ་འདྲེན་པར་བྱེད་མ་ཟད། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དྲི་མ་མེད་པ་མེ་ཏོག་ཧ་ལོ་དང་མཚུངས་ལ། ཐུགས་རྗེའི་མངའ་བདག་བཞི་དང་ལྡན་པས་བྱམས་པ་ཚད་མེད་ཀྱིས་སེམས་ཅན་འཁོར་བ་ནས་སྒྲོལ་བའི་གྲུ་གཟིངས་ལྟ་བུའི་བརྩོན་པ་དང་བཟོད་པ་ཡང་མངའ་བ་ཡིན་པས་ཁྱེད་ནི་ཕར་ཕྱིན་དྲུག་དང་ལྡན་པའི་སྟོན་པ་གཤེན་རབ་ཀྱི་ཞལ་གྱི་སྐྱིན་པའམ་ཞལ་ཚབ་ལྟ་བུ་ཡིན་པའི་དེང་འདིར་དཀོན་ཞིང་ནོར་བུ་ལྟ་བུ་གྱུར་བ་ཡིན་པས། བདེ་སྡུག་ཏུ་མ་གྱུར་བའི་བཏང་སྙོམས་ཚད་མེད་ཀྱི་ཡོན་ཏན་མངའ་ཞིང་དག་པའི་ཞིང་མཆོག་ལྟ་བུ་རུ་གྱུར་བ་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། ཚུལ་ཁྲིམས་ཀྱི་བླ་ན་མེད་པའི་ཕར་ཕྱིན་གྱི་ཡོན་ཏན་ཅན་གཡུང་དྲུང་ཐེག་པའི་ས་ཆེན་གཉིས་པ་དྲི་མེད་ཤེལ་གྱི་ས་ཐོབ་པ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་རྗེ་སྨན་རི་བའི་བསླབ་པ་གསུམ་གྱི་ཡོན་ཏན་ལ་བསྟོད་པ་བྱས་ཡོད། བརྒྱད་སྡེབ་བཅོ་ལྔ་བར། རིག་འཛིན་སེམས་དཔའ་རྒྱ་མཚོའི་དབུས་སུ་རྗེ་རིན་པོ་ཆེ་ཁྱེད་ཀྱི་གསུང་རིན་པོ་ཆེའི་རང་བཞིན་དབྱར་སྐྱེས་རྔ་སྒྲས་ནི་བདེན་པ་གཉིས་ཀྱི་བོན་ཡོངས་སུ་སྟོན་པར་མཛད་དེ་གདུལ་བྱའི་རྒྱུད་མ་སྨིན་པ་སྨིན་ཅིང་སྨིན་པ་གྲོལ་བར་བྱེད་པའི་ལམ་བཟང་བོར་འགོད་པ་མ་ཟད། ཁམས་གསུམ་གྱི་དད་ལྡན་རྣམས་ཀྱི་བསོད་ནམས་ཞིང་དུ་གྱུར་བའི་རྒྱལ་བའི་དགོངས་དོན་མ་ལུས་པ་གསལ་བར་མཛད་པ་དེ་ནི། ཐུགས་ཀློང་ལ་བརྒྱད་ཁྲི་བཞི་སྟོང་གི་བོན་སྒོ་ཐམས་ཅད་གཟིགས་པའི་མཁྱེན་པ་དང་ལྡན་པའི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། དུས་གསུམ་གསལ་ལེར་མཁྱེན་པ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་རྗེ་སྨན་རི་བའི་གསུང་གི་ཆེ་བ་དང་ཐུགས་ཀྱི་ཆེ་བ་ལ་བསྟོད་པ་ཕུལ་ཡོད། བརྒྱད་སྡེབ་བཅུ་དྲུག་པ་དང་བཅུ་བདུན་པར་རྗེ་སྨན་རི་བའི་སྐྱེ་རབས་རྣམ་ཐར་གྱི་སྒོ་ནས་བསྟོད་པ་ནི། རྗེ་རིན་པོ་ཆེ་ཁྱེད་ནི་གསེར་གྱི་ཉི་མ་ཤར་ནས་ཤར་བ་བཞིན་དུ་བོད་གངས་ཅན་གྱི་ཤར་ཕྱོགས་རྒྱལ་མོ་རོང་དུ་སྐུ་འཁྲུངས་ཀྱང་། མི་མཇེད་ཞིང་གི་སེམས་ཅན་གྱི་མགོན་མཛད་པ་ནི་ད་རེས་ཙམ་གང་ནས་ཡིན། ཁྱེད་ཀྱིས་བསྐལ་པ་གྲངས་མེད་དུ་མར་ཚོགས་གཉིས་བསགས་ཚུལ་ནི། སྔོན་ལྷ་རྣམས་འདུལ་བའི་ཚེ་རྗེ་ལ་སྔ་བ་བཙད་པོ་གཉའ་ཁྲིའི་སྐུ་གཤེན་ནམ་མཁའ་སྣང་བ་མདོག་ཅན་གྱི་སྐྱེ་བ་བཞེས་ཤིང་། ཀླུ་རྣམས་འདུལ་བའི་ཚེ་ཀླུ་སྒྲུབ་ཡེ་ཤེས་སྙིང་བོའི་སྐུར་སྐྱེ་བ་བཞེས་པ། མི་རྣམས་འདུལ་བའི་ཚེ་ན་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྐུར་བཞེངས་ཏེ་འཛམ་གླིང་མཛེས་པར་བྱེད་པའི་མཁས་པ་དྲུག་ལ་བོན་གསུངས་པ་སོགས་སྐུ་ཡི་སྤྲུལ་བ་དུ་མ་མཛད་པའི་རྗེ་བཙུན་སྨན་རི་བ། ཕར་ཕྱིན་ཡོན་ཏན་དྲུག་ཅུ་དང་རྫོགས་པ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་སྐྱེ་རབས་སྔ་མ་གསུམ་ལ་བསྟོད་པ་ཕུལ་ཡོད། དེ་ནས་སྙིགས་མ་ལྔ་བརྒྱའི་ཁ་དར་བའི་དུས་སུ། ལས་སྐལ་ངན་པར་གྱུར་བའི་འགྲོ་བ་སེམས་ཅན་གྱི་མགོན་དང་སྐྱབས་སུ་མཛད་པའི་སྤྲུལ་བའི་སྐུ་རུ། སྟག་གཟིགས་ཡུལ་དུ་ལི་མུར་གཙུག་ཕུད་དང་། རྒྱ་གར་ཡུལ་དང་རྒྱ་ནག་ཏུ་ཟིངས་པ་མཐུ་ཆེན་གྱི་སྐུ་རུ་སྤྲུལ། ཞང་ཞུང་ཡུལ་དུ་སད་ནེ་གའུ། བོད་ཀྱི་ཡུལ་དུ་སྤྲུལ་བ་མཛད་པ་ནི་སྤྲུལ་བའི་སྐུ་མཆོག་སྟེ། གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་ཞེས་གྲགས་པ་དང་ལྡན་པ་ཁྱེད་ཉིད་ཡིན་ཏེ། སྐུ་ཡི་སྤྲུལ་བ་དུ་མ་མཛད་པའི་རྗེ་བཙུན་སྨན་རི་བ། དུས་གསུམ་ཀུན་ཏུ་བསྟན་པའི་གཉེར་དཔོན་གྱི་སྒྲོན་མེ་མཛད་པོ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་སྐྱེ་རབས་ཕྱི་མར་བསྟོད་པ་བྱས་ཡོད། བརྒྱད་སྡེབ་བཅོ་བརྒྱད་པར། རྗེ་རིན་པོ་ཆེ་ཁྱེད་ཀྱི་ཐུགས་ཉིད་མཉམ་པར་བཞག་དུས་སུ་ནམ་མཁའ་གཡའ་དག་པ་ལྟར་དུ་སྣང་བ་དྲན་རྟོག་གྱུར་པའི་རིགས་མེད་ལ། གཡེང་བ་མེད་པའི་སྣང་བ་ནི་བོན་གྱི་སྐུར་གསལ་བས། རྟག་ཆད་གཉིས་ཀྱི་མཐའ་མི་མངའ་བར་སྐྱེ་འགག་བྲལ་བ། སྒྲ་དང་ཚད་མ་ལ་དབང་ཐོབ་ཅིང་ལུང་རིགས་གཉིས་གསལ་བ་ནི་ཉི་མ་ཤར་བ་ལྟ་བུར་ལགས་ཤིང་། གང་ལ་གང་འདུལ་གྱི་གསུང་ནི་སྐད་རིགས་སོ་སོ་སྨྲ་བ་སྲིད་པ་སངས་པོ་ཁྱུང་ཆེན་དུ་སྐུ་སྤྲུལ་བ་ལྟར་མཚན་དང་དཔེ་བྱད་ཀྱི་འདབ་གཤོག་རྐྱོང་ཞིང་དྲང་དོན་དང་ངེས་དོན་གྱི་གསུང་དབྱངས་རབ་ཏུ་སྒྲོགས་ཤིང་མཁྱེན་བརྩེའི་ལྟ་བ་ཁྱུང་ཆེན་ལྡིང་བ་སྟེ་བོན་འགྱུར་བ་མེད་པའི་དབྱིངས་ན་གནས་པ་ནི་རྗེ་སྨན་རི་བ་ཁྱེད་ཡིན། སྐྱེ་བ་མེད་པའི་བོན་སྐུ་བརྙེས་པ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་གཙོ་བོ་རྗེ་རིན་པོ་ཆེའི་སྒོམ་པ་གཡེངས་བ་མེད་པ་ལ་དང་ལྟ་སྤྱོད་ཁྱུང་ཆེན་ལྟ་བུ་ཡིན་པ་ལ་བསྟོད་པ་བྱས་ཡོད། བརྒྱད་སྡེབ་བཅུ་དགུ་པར། རྗེ་རིན་པོ་ཆེ་ཁྱེད་ནི་སྡེ་སྣོད་གསུམ་ལ་མངའ་བརྙེས་པ་ཡིན་ཏེ། འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ལ་ཐོས་བསམ་བྱས་ཏེ་རྫོགས་པ་མ་ཟད། འབུམ་སྡེ་ས་ཡ་ལ་ཡང་ཉམས་ལེན་བྱས་ཏེ་རྫོགས་པས། སྐལ་བ་དང་ལྡན་པའི་རྗེས་འཇུག་རྣམས་ལ་རྒྱུད་ཀྱི་ལྟ་བ་སྤྱི་རྒྱ་རླབས་ཀྱིས་གཅོད་པ་འདྲ་བའི་གཤོག་པ་བསྩལ་ལ། སྐལ་བ་མེད་པའི་མི་རྣམས་ལ་ཡང་ཐུགས་རྗེས་འདོར་བ་མེད་པར་ཡུལ་མཆོག་གནས་བཞི་ལ་ཕྱག་དང་མཆོད་འབུལ་མཛད་དེ་ཡུལ་མཆོག་བཞིའི་ཞལ་གཟིགས་མཛད་ནས་བྱིན་རླབས་ཞུ་མཁན་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། ལྷ་ཞལ་གྲངས་མེད་གཟིགས49པའི་བླ་མ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་རྗེ་སྨན་རི་བའི་ཐུགས་རྗེ་ལ་བསྟོད་བསྔགས་མཛད་ཡོད། བརྒྱད་སྡེབ་ཉི་ཤུ་པར། ཉི་མའི་འོད་ཟེར་ཤར་བ་ན་སྐར་མའི་འོད་ནི་རང་བཞིན་གྱིས་འཇོམས་པ་ནང་བཞིན་རྗེ་རིན་པོ་ཆེ་ཁྱེད་ཀྱིས་ལོག་པར་རྟོགས་པའི་གྲུབ་མཐའི་རྒོལ་བ་དག་ཕྱིར་ལྡོག་ཅིང་གསལ་བར་བྱས་ནས། བརྒྱད་ཁྲི་བཞི་སྟོང་གི་རིགས་ལམ་སེང་གེའི་ང་རོ་ལྟར་སྒྲོག་པས་ཉོན་མོངས་དུག་ལྔའི་དགྲ་ཚོགས་དག་ཆམ་ལ་ཕབ་པར་མཛད་པ་མ་ཟད། ཁྱེད་ཀྱི་སྐུ་མཆོག་ནི་བདུད་བཞི་ཟིལ་གྱིས་གནོན་ཞིང་ལས་ཉོན་སོགས་ཀྱི་ཕས་རྒོལ་ལས་རྣམ་པར་རྒྱལ་བ་ཡིན་པ་དང་། གསུང་མཆོག་ནི་གཡུ་བྱ་ཁུ་བྱུག་འདྲ་བས་ཉོན་མོངས་སངས་པར་བྱེད་ལ། ཐུགས་མཆོག་ནི་ནམ་མཁའ་འདྲ་བ་མངའ་ཞིང་ཡོད་པའི་རྗེ་བཙུན་སྨན་རི་བ། སྣ་ཚོགས་ཡོན་ཏན་མངའ་བ་ནི་རིན་པོ་ཆེ་ཡོད་པའི་གླིང་དང་ཀུན་ནས་འདྲ་བའི་བླ་མ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་དང་འཕྲིན་ལས་ཀྱི་ཡོན་ཏན་ལ་བསྟོད་པ་བྱས་ཡོད། བརྒྱད་སྡེབ་ཉེར་གཅིག་པར། ཉི་ཟླའི་འོད་ཟེར་གྱིས་མུན་པ་དྲུངས་ནས་འབྱིན་པ་བཞིན་དུ་རྗེ་རིན་པོ་ཆེ་ཁྱེད་ཀྱི་འཕྲིན་ལས་ཀྱིས་ལོག་པར་ལྟ་བའི་བློ་ཡི་མུན་པ་མཐུག་པོ་སེལ་ལ། མ་རིག་པའི་བློ་ནི་ཞིང་ས་ལྟ་བུ་ལའང་རིག་པའི་ས་བོན་འདེབས་པར་མཛད། བཏབ་ཚད་དེ་ལ་ཡེ་ཤེས་ལྔའི་ལྗང་བུ་འཁྲུངས་པར་བྱེད་པ་མ་ཟད། སངས་རྒྱས་སྟོང་ཕྲག་གི་མཐུ་བྱིན་དང་སྟོབས་ལས་བྱུང་བའི་ཟས་མཆོག་འབྲུ་དྲུག་ཡང་རབ་ཏུ་རྒྱས་ནས་ཉོན་མོངས་ཀྱི་གཅོང་ནད་སེལ་བར་མཛད་པ་ནི་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། རྣམ་པ་ཀུན་ཏུ་ཉོན་མོངས་ཀྱི་ནད་སེལ་བར་མཛད་པའི་རྗེ་རིན་པོ་ཆེ་ཁྱེད་ལ་ཕྱག་འཚལ་ལོ་ཞེས་བསྟོད་པ་མཛད་ཡོད།

  གཉིས། གཞུང་དོན་གྱི་མཇུག་ཏུ་རྗེ་སྨན་རི་བའི་བརྒྱུད་པ་དང་བཅས་པར་ལུང་བསྟན་ཏེ་བསྔགས་པ། (བརྒྱད་སྡེབ་ཉེར་གཉིས་དང་ཉེར་གསུམ)

  རྒྱལ་བའི་གསུང་རབ་རྒྱ་མཚོ་ཆེན་པོ་ལྟ་བུ་ལ་མངའ་བདག་མཛད་པ་འབྱུང་ཞིང་དེའང་འོད་ཟེར་བྱེ་བ་ལྟ་བུར་གྱུར་ནས་བོན་འཆད་པའི་བྱ་བ་དང་། གསུང་གི་རྩོད་པ་ལ་དབང་འབྱོར་བ་གནམ་ལྕགས་ཀྱི་ཐོག་ཆེན་ལྟ་བུ་འབེབས་པ་འབྱུང་། དེ་ཡི་སྟོབས་ཀྱིས་དགེ་སྡུག་གི་ལས་དྲང་པོ་ངོས་མ་ཟིན་པར་ཐེ་ཚོམ་ཡིད་གཉིས་སུ་བྱེད་པའི་དུས་ཀྱི་ཐ་མར་གྱུར་པའི་ཚེ། སེམས་ཀྱི་མཐའ་གསལ་བར་མཛད་པར་འགྱུར་ལ། དེ་ལ་མོས་འདུན་གྱི་དད་པ་དང་དམ་ཚིག་ལྡན་པའི་སྐལ་ལྡན་ཀུན་གྱིས་བློ་ཤུགས་ཀྱི་རྩལ་ཆེན་རབ་ཏུ་སྐྱེད་དེ་གུས་པར་བྱེད། ཁྱད་པར་དུ་གདུལ་བྱ་འདོད་པ་ཕྱིན་ཅི་ལོག་ཏུ་སྤྱོད་པ་དག་ལའང་ཉོན་མོངས་ཀྱི་ནད་དང་གཏན་དུ་བྲལ་བར་བྱེད། བདུད་རྩིའི་ཆར་རྒྱུན་དུས་རྟག་ཏུ་འབབ་པར་འགྱུར་པའི་ནད་ཀུན་སེལ་བར་མཛད་པའི་ཐུགས་རྗེའི་མངའ་བདག་ཅན་ཏེ་རྗེ་བཙུན་སྨན་རི་བ་ཁྱེད་ཡིན། སེམས་ཅན་འགྲོ་བ་རིགས་དྲུག་ནད་ཀྱི་སྡུག་བསྔལ་དང་བྲལ་བར་བྱེད་པ་དེ་ལ་ཕྱག་འཚལ་ལོ་ཞེས་རྗེའི་ཐུགས་རྗེས་མ་འོངས་པར་ཡང་མཁས་པའི་བྱ་བ་གསུམ་གྱིས་གདུལ་བྱ་རིས་སུ་མེད་པ་རྣམས་ལ་འདི་ཕྱིའི་བདེ་ལེགས་སྩོལ་བར་འགྱུར་པ་འབྱུང་བར་ལུང་དུ་བསྟན་པ་ཡིན། ཤེས་རབ་ལྷ་མཆོག་སྨྲ་བའི་སེང་གེའི་བསྟན་པ་བོན་གྱི་རྒྱལ་བོ་འདི་རྒྱས་པའི་མཚན་རྟགས་དེ། ལྷ་ཀླུ་མི་ཡི་སྲིད་པ་གསུམ་པོ་ལ་འཛུགས་པར་མཛད་སྲིད་དེ། བོན་གྱི་བསྟན་པ་མི་ཉམས་པའི་བླ་དར་ཆེན་པོ་ནི་ཁྱེད་ཀྱི་མཁན་རབས་རིམ་བྱོན་གྱིས་འཕྱར་བར་འགྱུར་ལ། སྙན་པའི་གྲགས་པ་དུང་ཆེན་གྱི་སྒྲ་ལྟ་བུ་ནི་ཕྱོགས་བཅུ་ཀུན་ཏུ་སྒྲོག་པར་འགྱུར། བསྟན་པ་འཛིན་པའི་གཤེན་རབ་ལུང་ཟིན་གྱི་མཁན་རབས་འགྱུར་བ་གང་ཡིན་པ་དེ་དག་ནི་སེམས་དཔའ་རིག་འཛིན་མཁའ་འགྲོའི་སྤྲུལ་བ་དངོས་ཡིན་པ་དང་། སྐལ་བཟང་སངས་རྒྱས་སྟོང་གིས་བསྟན་པ་དང་འགྲོ་བ་སེམས་ཅན་གྱིས་དོན་མཛད་པ་རྣམས་དང་ཇི་བཞིན་དུ་དེང་འདིར་སྟོང་གསུམ་བདེ་ལ་འགོད་པར་མཛད་པ་ནི་སངས་རྒྱས་སྨན་རི་བ་ཁྱེད་ཡིན། བསྐལ་པ་སྟོང་དུ་འགྲོ་བའི་དོན་མཛད་པའི་སངས་རྒྱས་ཁྱེད་ལ་གུས་པ་ཆེན་པོའི་ཕྱག་འཚལ་ལོ་ཞེས་རྗེ་རིན་པོ་ཆེའི་རྒྱབ་ཚབ་མཁན་པོ་རྣམས་ཀྱིས་འགྲོ་དོན་རྒྱ་ཆེན་མཛད་པར་འགྱུར་བར་ལུང་བསྟན་གྱི་སྒོ་ནས་བསྟོད་པ་མཛད་ཡོད་ལ་འདི་ལས་རྗེ་སྨན་རི་བའི་མཁན་རབས་ལ་སངས་རྒྱས་༼རྒྱལ་བ༽སྨན་རི་བ་ཞེས་པའི་མཚན་ཇི་ལྟར་ཐོགས་པའང་ཤེས་ཐུབ།

  གསུམ། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས་ཡན་ལག་གཉིས་པ་ནས་དྲུག་པའི་བར་བརྒྱད་སྡེབ་ལྔ་ཡོད།
  གཞུང་དོན་གཉིས་པར་གཙོ་བོར་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ལ་གསོལ་བ་འདེབས་པ་དང་། སྒྲིབ་སྦྱང་ཚོགས་གཉིས་རྫོགས་ཕྱིར་མཆོད་པ་ནམ་མཁའ་གང་བར་འབུལ་བ། རང་གཞན་ཀུན་གྱི་ལས་ངན་སྡིག་སྒྲིབ་གང་བགྱིས་སྐྱབས་གནས་ལ་བཤགས་པ་འབུལ་བ། ཡི་རངས་འབུལ་བ། བཀའ་འཁོར་སྐོར་བར་སྐུལ་བའི་ཡན་ལག་སོགས་ཡོད།

གསུམ་པ། ཐ་མར་དགེ་ཞིང་བསྔོ་བ་མཇུག་གི་དོན། (ཡན་ལག་བདུན་པ་ནས་བརྒྱད་པ)

  གཅིག བསྔོ་བ་དང་སྨོན་ལམ་གྱི་ཡན་ལག

  རྗེའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “ལྷ་ཀླུ་མི་གསུམ་དགེ་བཅུ་སྤྱོད་པ་དང་། །བདག་གིས་སྒོ་གསུམ་འདུན་ཏེ་བསྟོད་པ་ཡིས། །”ཞེས་གསུང་པ་ནས། “ངན་སོང་གནས་སྦྱངས་འགྲོ་བའི་དོན་དུ་བསྔོ། །”ཞེས་པའི་བར་དུ་བསྔོ་བའི་ཡན་ལག་སྟེ་དགེ་བ་ཆུད་མི་ཟད་པའི་ཆེད་དུ་ཡིན། སྨོན་ལམ་གྱི་ཡན་ལག་ཏུ། བདེ་གཤེགས་ཐམས་ཅད་ཀྱིས་ཐུགས་རྗེའི་སྟོབས་ཕྱུང་ནས་བསྐལ་ངན་ཁྲག་གི་རྒྱ་མཚོ་ལྟ་བུ་དེ་བོན་གྱི་བདེན་པས་བདུད་རྩིའི་རྦ་རླབས་གཡོ་བ་དང་འཁོར་བ་མུ་མེད་པའི་རྒྱ་མཚོ་སྒྲོལ་བར་ཤོག་ཅེས་ཐུགས་སྨོན་གནང་ཡོད།

ས་བཅད་བཞི་པ། བསྟོད་རྩོམ་འདིའི་སྒྱུ་རྩལ་ཐབས་ལམ་གྱི་ཁྱད་ཆོས།

དང་པོ། བརྗོད་བྱའི་དོན་གྱི་ཁྱད་ཆོས།

  གཅིག སྐྱེ་རབས་རྣམ་ཐར་གྱི་རྣམ་པས་ཡིད་ཆེས་ཀྱི་དང་པ་འདྲེན་པ།

  བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་དོན་གྱི་ཁྱད་ཆོས་གང་དག་ཡོད་དམ་ཟེར་ན། ཐོག་མར་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་རྗེ་སྨན་རི་བ་ལ་བསྟོད་པའི་རྩོམ་ཡིག་ཙམ་དུ་མ་ཟད་བསྟོད་པ་འདི་རྗེའི་རྣམ་ཐར་སྔ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཆོག་པར་སྙམ། རྒྱུ་མཚན་ནི་བསྟོད་པ་རྣམ་རྒྱལ་ཁང་བཟང་དུ་རྗེ་གང་དུ་འཁྲུངས་པའི་གནས་དང་། བཤེས་གཉེན་བསྟེན་ཏེ་ཡོན་ཏན་བརྙེས་ཚུལ། བསྟན་པ་ལ་བྱ་བ་མཛད་ཚུལ་སོགས་གསལ་བར་གསུངས་ཡོད་པ་བསྟོད་པ་རྣམ་རྒྱལ་ཁང་བཟང་དུ། “གངས་ཅན་ཤར་ཕྱོགས་རྒྱལ་རོང་སྐུ་འཁྲུངས་ནས། །གཟིགས་དགོངས་མཛད་པ་ལྷུན་གྲུབ་དབེན་ས་ཁར། །མཆོག་ཐུན་གྲུབ་ནས་དཔལ་ལྡན་སྨན་རི་རུ། །འཕྲུལ་ངག་བདེན་པའི་བོན་གྱི་འཁོར་ལོ་བསྐོར། །” ཞེས་འབྱུང་བ་བཞིན་དང་། “ཡང་དེ་ཉིད་ལས་རྗེའི་སྐྱེ་རབས་བསྟན་པ་ནི། ལྷ་རྣམས་འདུལ་ཚེ་སྣང་བ་མདོག་ཅན་ཞེས། །ཀླུ་རྣམས་འདུལ་ཚེ་ཡེ་ཤེས་སྙིང་པོ་ཞེས། །མི་རྣམས་འདུལ་ཚེ་མི་ལུས་བསམ་ལེགས་ཞེས། །སྐུ་སྤྲུལ་དུ་མ་མཛད་པའི་སྨན་རི་བ། །” ཞེས་གསུངས་ཡོད་པ་ནང་བཞིན། ད་དུང་རྗེ་སྨན་རི་བ་རིམ་པ་བཞིན་ལི་མུར་གཙུག་ཕུད་ཅེས་པ་དང་ཟིངས་པ་མཐུ་ཆེན། སད་ནེ་གའུ་སོགས་སུ་སྐུའི་སྐྱེ་བ་བཞེས་པ་གསུངས་ཡོད་པ་མ་ཟད། རྗེ་སྨན་རི་བའི་མཛད་པ་གཙོ་ཁག་ཀྱང་བརྗོད་ཡོད་དེ། འདུལ་བ་གསལ་བར་བྱས་པའི་མཛད་པ་གསུངས་པ་བསྟོད་པ་རྣམ་རྒྱལ་ཁང་བཟང་དུ། “འདུལ་ཁྲིམས་བཅོ་ལྔའི་ཉ་ཆེན་རྒྱས་པ་བཞིན། །ཉིས་བརྒྱ་ལྔ་བཅུ་རྫོགས་པ་རིན་པོ་ཆེ། །འཛམ་བུའི་གླིང་དུ་སྔོན་སྦྱངས་ལས་འཕྲོ་ཅན། །ཚུལ་ཁྲིམས་རྫོགས་མཛད་གཙུག་གི་རྒྱན་ཅིག་པུ། །ཉམས་པ་མེད་དེ་ཨུཏྤལ་མེ་ཏོག་ལྟར། །བོད་ཡུལ་དབུས་སུ་བསྟན་པའི་རྒྱལ་མཚན་འཛུགས། །རྣམ་རྒྱལ་ཁང་བཟང་ལྟ་བུའི་སྨན་རི་བ། །” ཞེས་གསུངས་པ་བཞིན་དང་། གསུང་རྩོམ་སོགས་ཀྱིས་འགྲོ་བའི་དོན་མཛད་པ་ནི། “བདུད་རྩིའི་ཆར་བ་བཞིན་དུ་འགྲོ་དྲུག་གསོ། །སྣང་གསལ་སྒྲོན་མེ་བཞིན་དུ་ཐར་ལམ་འབྱེད། །མཐོ་རིས་སྐས་ལམ་འཛུགས་པའི་སྨན་རི་བ། །” ཞེས་གསུངས་པའི་མཚོན་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་རྗེའི་རྣམ་ཐར་ཡི་གེ་གཞན་དང་སྦྱར་ནས་ལུང་ཡིག་ཏུ་བསམ་བློ་བཏང་ཞོར་རྣམ་ཐར་ལ་གཟིགས་དགོངས་མཛད་ན་ཡིད་ཆེས་ཀྱི་དང་པ་འདྲེན་པའི་ཁྱད་ཆོས་དམིགས་གསལ་བ་ཡོད། རང་རེའི་བླ་མ་དག་གི་སྐྱེ་རབས་ནི་ཕལ་ཆེ་བ་ལུང་སོགས་ནས་བཙལ་གྱིན་ཡོད་ལ། རྣམ་པ་གཞན་དུ་གཟིགས་སྣང་དུ་ཡང་ཤར་བ་འདུག་སྟེ་གསང་སྔགས་གླིང་བས་ཀུན་མཁྱེན་ཤར་རྫ་བའི་སྐྱེ་རབས་གསུངས་པ་ཤར་རྫའི་རྣམ་ཐར50ལྟར་རོ། །

  གཉིས། བླ་མའི་སྒྲུབ་མཆོད་ཀྱི་རྣམ་པའི་ཡན་ལག་བརྒྱད་དུ་ཡོད་པ།

  བསྟོད་པ་རྣམ་རྒྱལ་ཁང་བཟང་ནི་གཤེན་ཉི་མས་རྗེ་སྨན་རི་བ་སྐུ་གཤེགས་རྗེས་རྗེའི་སློབ་བརྒྱུད་ལ་ནན་ཏན་དུ་གསུངས་པའི་གསོལ་འདེབས་ཅིག་ཡིན་པ་གཤེན་ཉི་མའི་ཞལ་ནས། “སྨན་རིའི་སྐུ་མདུན་ཤེས་རབ་རྒྱལ་མཚན་འདས་ནས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོང་བའི་བདག་དང་མ་མཇལ། དེས་ན་སྙན་བརྒྱུད་ཀྱི་བསྟོད་པ་རྣམ་རྒྱལ་ཁང་བཟང་ཆེན་པོ་འདི་ལ་ནན་ཏན་བྱ་དགོས”ཞེས་འབྱུང་བ་ལྟར་དང་། བསྟོད་པ་རྣམ་རྒྱལ་ཁང་བཟང་གི་རྩོམ་ཡིག་ཧྲིལ་བོར་ཕྱག་འཚལ་བ་དང་གསོལ་བ་འདེབས་པ། མཆོད་བཤགས། བསྔོ་སྨོན་སོགས་ཡན་ལག་བརྒྱད་དུ་ཕྱེས་ཡོད་པས་ཆོས་ལུགས་རྩོམ་རིག་གི་རང་བཞིན་དུའང་གྱུར་ལ། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་གི་འགྲེལ་བར་བསྟོད་རྩོམ་འདི་ལ་བསྟོད་ ཕྱག་ཅེས་འབྱུང་བས་ཀྱང་། བསྟོད་པ་འདི་དད་ལྡན་པས་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་དུས་མཆོད་སྐབས་དང་རྒྱུན་གཏན་གྱི་ཞལ་འདོན་སོགས་ཀྱི་བོན་སྤྱོད་དུ་བྱེད་ཆོག་པའི་ཁྱད་ཆོས་ཀྱང་བླ་ལྷག་ལྡན།

གཉིས་པ། རྗོད་བྱེད་ཀྱི་ཁྱད་ཆོས།

  གཅིག ཤོ་ལོ་ཀ་རེར་ཚིག་རྐང་བརྒྱད་རེ་བྱས་པ།

  རྗོད་བྱེད་ཀྱི་ཁྱད་ཆོས་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་མཇུག་བྱང་སྔ་མ་དེར་གཞི་བཅོལ་ནས་བཤད་ན། མཇུག་བྱང་ལས“བདག་གིས་བློ་གཏད་སྙིང་གིས་གསོལ་བཏབས་ནས། །ཚིག་ནི་བརྒྱད་སྡེབ་སུམ་ཅུའི་ཐར་ལམ་ཕྱེ། །ཤོ་ལོ་ཀ་ནི་དྲུག་ཅུ་གསལ་བར་བྲིས། །ཤད་བར་དག་ནི་སུམ་བརྒྱ་དྲུག་ཅུ་བཞུགས། །”གསུང་པ་བཞིན་སྤྱིར་རང་རེའི་བོད་ཀྱི་ཚིགས་བཅད་སྙན་ངག་ཏུ་ཚིག་རྐང་བཞི་དང་ལྔ་རེ་ཤོ་ལོ་ཀ་རེ་བརྩི་སྲོལ་འདུག་ཀྱང་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་ཚིག་ཕྲེང་བརྒྱད་རེར་སྡེབ་པའི་ཤོ་ལོ་ཀ་དྲུག་བཅུ་ཡོད། འདིའི་ཡན་ལག་དང་པོ་ཕྱག་འཚལ་བ་ལ་ཤོ་ལོ་ཀ(༤༦)དང་། དེ་ལས་ཤོ་ལོ་ཀ་༡༢ནི་མཆོད་བརྗོད་ཡིན། ཡང་དེ་ལས་རྗེ་ལ་བསྟོད་པའི་དངོས་གཞིའི་དོན་ལ་ཤོ་ལོ་ཀ(༢༤)ཡོད། ལྷག་མའི་ཡན་ལག་བདུན་ལ་ཤོ་ལོ་ཀ་གཉིས་རེ་ཡོད། བསྟོད་པ་རྣམ་རྒྱལ་ཁང་བཟང་ཧྲིལ་བོར་ཚེག(༡༩༤༥)དང་ཤད(༣༦༠) ཡི་གེ(༢༡༦༠)ཡོད་པ་འདི་དག་ལའང་རྟེན་འབྲེལ་ཁྱད་པར་བ་ཡོད་པར་ངེས་ལ། ཤོ་ལོ་ཀའི་ཚིག་ཕྲེང་གི་གྲངས་ནི་སྤྱིར་རྩོམ་མཁན་གྱི་གོམས་མོས་ལ་འབྲེལ་བ་ངེས་ཅན་རེའང་ཡོད་པར་སྙམ་ལ། ཁོང་གི་བསྟོད་རྩོམ་གཞན་པ་དཔེར་ན་སྟོན་པ་གཤེན་རབ་ལ་བསྟོད་པ་ངོ་མཚར་པད་མོའི་ཕྲེང་བ་ཁུ་བྱུག་རོལ་བའི་མགྲིན་དབྱངས་སུ། “གང་གི་སྐྱེ་བ་སྐྱེ་བ་སྔོན་ཚེ་ནས། །གཞན་དོན་ཐུགས་བསྐྱེད་རྣམ་རོལ་བརྩེ་བ་ཅན། །བསོད་ནམས་ཡེ་ཤེས་ཚོགས་གཉིས་དཀྱིལ་འཁོར་རྒྱས། །གྲངས་མེད་བསྐལ་པའི་ཡོན་ཏན་མངོན་རྫོགས་པ། །སྤངས་རྟོགས་མཐར་ཕྱིན་མངོན་པར་རྫོགས་སངས་རྒྱས། །མཁྱེན་བརྩེའི་བདག་ཉིད་བདེ་གཤེགས་ལྷ་ཡི་ལྷ། །རྣམ་མཁྱེན་རྒྱལ་བའི་དབང་པོ་གྱུར་པ་ཡི། །སྐྱེ་དགུའི་གཙུག་རྒྱན་དེ་ལ་ཕྱག་འཚལ་ལོ། །” ཞེས་པ་འདིར་ཡང་ཚིགས་བཅད་ཚིག་རྐང་བརྒྱད་བྱས་པ་འདུག་པ་དང་། བྱམས་མ་ཆེན་མོའི་དཀྱིལ་འཁོར་ལྡུམ་འཛིན་གྱི་མཆོད་གཏེར་ཟབ་མོ་བཀོད་པ་རྒྱན་གྱི་སྤྲིན་དཀར་ཞེས་བྱ་བར་ཡང་། “ཕྱོགས་བཞི་འདབ་བརྒྱད་ཁྲི་རྐང་རྒྱས་པའི་སྟེང་། །ཐབས་ཆེན་བདེ་གྲོལ་གངས་དཀར་ཉི་ཤར་མདོག། ནམ་མཁའི་མཛོད་འཛིན་ཨིན་ཏྲའི་མདོག་འཆང་མ། །ཐུགས་རྗེ་བྱམས་མ་པད་མ་དབང་གི་མདོག། སྣང་སྲིད་ཀུན་གྲགས་བེེཌྰུརྱ་ཡི་མདངས། །ཞལ་གཅིག་ཕྱག་བཞི་དོན་རྟགས་ཕྱག་མཚན་འཛིན། །ལྷུབ་མའི་རྒྱན་དང་རིན་ཆེན་ཕྲེང་བ་འཛིན། །བཞེངས་ཚུལ་གཡོ་ལྡེམ་ལྡན་ལ་ཕྱག་འཚལ་ལོ། །” ཞེས་ཚིག་རྐང་བརྒྱད་དུ་བྱས་ཡོད་པ་ལ་བལྟས་ན་ཤོ་ལོ་ཀ་གཉིས་རེར་བྱས་པའི་རྩོམ་ཚུལ་ནི་གཤེན་ཉི་མ་རྒྱལ་མཚན་གྱི་མོས་ཕྱོགས་ཤིག་ཡིན་ངེས་ལ། བསྟོད་པ་རྣམ་རྒྱལ་ཁང་བཟང་ཚིག་རྐང་བརྒྱད་རེ་བྱས་པའི་རྩོམ་གྱི་རྣམ་པ་འདི་ཐོག་མའི་མཐོང་སྣང་གི་ཁྱད་ཆོས་ཅིག་ཏུ་ཆགས།

  གཉིས། མཚན་བཟློས་ཀྱི་རྣམ་པས་བརྒྱན་པ།

  འདིར་མཚན་བཟློས་ཀྱི་འབྲི་ཐབས་ཞེས་པ་ནི་ཤོ་ལོ་ཀའི་མཇུག་དེར་མཚན་སྦྱར་བ་ལ་ཟེར་གྱིན་ཡོད། དཔེར་ན་རྗེ་མི་ལའི་མགུར་ལས། “སྲ་བའི་ཤིང་དང་གྱོང་བའི་རྭ། །བཀུག་ན་ཁུག་ཙམ་གདའ་ལགས་ཏེ། །རང་སེམས་གྱོང་བོ་འདི་ལ་ཁུག་དུས་མེད། །རང་སེམས་ནང་དུ་ཁུག་ཅིག་རས་ཆུང་བ། །ལ་ཁའི་སྟག་དང་བྱང་ཁའི་འབྲོང་། །བཏུལ་ན་ཐུལ་ཙམ་གདའ་ལགས་ཏེ། །བདག་འཛིན་དྲེགས་པ་འདི་ལ་ཐུལ་དུས་མེད། །བདག་འཛིན་དྲེགས་པ་ཐུལ་ཅིག་རས་ཆུང་བ། །”ཞེས་གསུངས་པའི་རྗེ་བཙུན་གྱི་མགུར་འདིར་ཚིག་རྐང་བཞི་བའི་མཇུག་ཏུ་གསུངས་ཡུལ་གྱི་མཚན་དང་། ཕ་དམ་པ་སངས་རྒྱས་ཀྱི་དིང་རི་རྒྱ་རྩ་ལས། “ལས་ཀྱི་རྣམ་སྨིན་རྒྱུ་འབྲས་བདེན་ངེས་པས། །མི་དགེ་སྡིག་ལ་འཛེམས་ཤིག་དིང་རི་བ། །ཨ་ཙ་ར་ནི་དིང་རིར་མི་སྡོད་འགྲོ། །སྒྲོ་འདོགས་ད་ལྟ་ཆོད་ཅིག་དིང་རི་བ། །”ཞེས་དིང་རི་བར་གདམས་པ་འདི་ཚིག་རྐང་གཉིས་པའི་མཐའ་ལ་གསུངས་ཡུལ་གྱི་མཚན་སྦྱར་བ་དང་། མགར་རྩེའི་མཚམས་རྒན་གྱི་རྫོགས་ཆེན་ལྟ་མགུར་ལས། “ལྟ་བ་ཡེ་སྟོང་ཡིན་ནོ་དཔལ་ཆེན་སྐྱབས། །སྒོམ་པ་ངང་བཞག་ཡིན་ནོ་དཔལ་ཆེན་སྐྱབས། །སྤྱོད་པ་བླང་དོར་བྲལ་ལོ་དཔལ་ཆེན་སྐྱབས། །འབྲས་བུ་རང་གྲོལ་ཡིན་ནོ་དཔལ་ཆེན་སྐྱབས། །”ཞེས་གསུངས་པ་འདི་ཚིག་རྐང་རེ་རེའི་མཇུག་ཏུ་གསུངས་ཡུལ་གྱི་མཚན་སྦྱར་ཡོད་པའི་མཚོན་ཤིན་ཏུ་མང་། བསྟོད་པ་རྣམ་རྒྱལ་ཁང་བཟང་དུ། ཤོ་ལོ་ཀ་༧པ་ནས་༢༣བར་གྱི་ཚིག་རྐང་བདུན་པ་རེ་རེར་སྨན་རི་བའི་མཚན་སྦྱར་ཡོད་པ་འདི་ལྟར། “འདུལ་ཁྲིམས་བཅོ་ལྔའི་ཉ་ཆེན་རྒྱས་པ་བཞིན། །ཉིས་བརྒྱ་ལྔ་བཅུ་རྫོགས་པ་རིན་པོ་ཆེ། །འཛམ་བུའི་གླིང་དུ་སྔོན་སྦྱངས་ལས་འཕྲོ་ཅན། །ཚུལ་ཁྲིམས་རྫོགས་མཛད་གཙུག་གི་རྒྱན་གཅིག་པུ། །ཉམས་པ་མེད་དེ་ཨུཏྤལ་མེ་ཏོག་ལྟར། །བོད་ཡུལ་དབུས་སུ་བསྟན་པའི་རྒྱལ་མཚན་འཛུགས། །རྣམ་རྒྱལ་ཁང་བཟང་ལྟ་བུའི་སྨན་རི་བ། །རྩོད་བྲལ་འཛམ་གླིང་རྒྱན་ལ་ཕྱག་འཚལ་ལོ། །” ཞེས་དང་། “ཤེས་རབ་རྒྱལ་མཚན་སྲིད་པ་གསུམ་ལ་འཛུགས། །བསྟན་པའི་དར་ཆེན་སྟོང་གསུམ་མཁའ་ལ་ཕྱར། །སྙན་པའི་དུང་ཆེན་སྒྲ་ནི་ཕྱོགས་བཅུར་སྒྲོགས། །བསྐལ་སྟོང་སངས་རྒྱས་སེམས་དཔའ་རིག་འཛིན་དང་། །རིགས་ལྔ་མཁའ་འགྲོ་བརྒྱུད་གསུམ་བླ་མ་བཅས། །སྟོང་གསུམ་བདེར་བཀོད་སངས་རྒྱས་སྨན་རི་བ། །བསྐལ་སྟོང་འགྲོ་དོན་མཛད་ལ་ཕྱག་འཚལ་ལོ། །” ཞེས་འབྱུང་བ་འདི་ལྟ་བུ་ཡིན་ལ། ཚིག་ཕྲེང་བརྒྱད་ཡོད་པ་འདི་གཤེན་ཉི་མ་གཅིག་པུ་མ་ཟད་བཙུན་པ་འཇམ་དབྱངས་ཁ་ཆེ་པུཎྱེ་ཤྲྰི་འམ་བློ་གསལ་རི་ཁྲོད་པའི་རྗེ་ཙོང་་ཁ་པ་ལ་བསྟོད་པ་ཙོང་ཁ་བརྒྱད་ཅུའི་མགོ་རུའང་འདི་ལྟར་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བརྒྱད་བྱས་པ་མང་པོ་ཡོད་དེ། “སྤྲུལ་སྐུའི་འཁྲུངས་ཡུལ་གངས་ཅན་ཤར་གྱི་ཕྱོགས། །མདོ་སྨད་ཙོང་ཁར་མེ་མོ་བྱ་ལོ་ལ། །ཀླུ་འབུམ་དགེ་དང་ཤིང་བཟའ་ཨ་ཆོས་ཀྱི། །སྲས་སུ་བསམས་བཞིན་འཁྲུངས་པའི་ཙོང་ཁ་པ། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །རྒྱབ་ཚབ་སྤྲུལ་བའི་སྐུ་ཡིས་བྱིན་གྱིས་རློབས། །རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས། །ལོ་གསུམ་ལོན་ཚེ་གྲུབ་ཆེན་ཀརྨ་པ། །རོལ་བའི་རྡོ་རྗེས་ཡོངས་རྫོགས་དགེ་བསྙེན་མཛད། །ཀུན་དགའ་སྙིང་པོ་ཞེས་པར་མཚན་གསོལ་ནས། །ཐུབ་བསྟན་སྒོ་རུ་ཞུགས་པའི་ཙོང་ཁ་པ། །མཚུངས་མེད་ཆོས་རྗེའི་ཞབས་ལ་གསོལ་བ་འདེབས། །རྒྱབ་ཚབ་སྤྲུལ་བའི་སྐུ་ཡིས་བྱིན་གྱིས་རློབས། །རང་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བཤད་སྒྲུབ་བསྟན་པ་དར་བར་བྱིན་གྱིས་རློབས། །”ཞེས་གསུངས་པ་ལྟ་བུའོ། དེས་ན་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་ཡང་མཚན་བཟློས་ཀྱི་རྣམ་པའི་སྙན་ཞིང་འཇེབས་པར་བྱས་པ་འདི་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་སྒྱུ་རྩལ་གྱི་མཛེས་པ་ཅིག་ཏུ་འདོད།

  གསུམ། དཔེ་འགོད་སྟངས་གསོན་ཉམས་ལྡན་པ།

  བསྟོད་པ་རྣམ་རྒྱལ་ཁང་བཟང་གི་དཔེ་སྤྱོད་སྟངས་ཧ་ཅང་མཛེས་པོ་ཡོད་དེ། “དགེ་བ་བཅུ་ཡིས་ནམ་མཁའ་གང་བ་འདི། །”ཞེས་དགེ་བ་ནམ་མཁའ་ལྟ་བུ་ལ་དཔེ་བཞག་ཡོད་པས། ཀློག་པ་པོའི་སེམས་ལ་སྤྱོད་འཇུག་ལས“བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་བས་ཀྱང་ནི་ལྷག་པར་འགྱུར། །”གསུངས་པ་འདི་དྲན་པར་བྱེད་ལ་གཤེན་ཉི་མས་ཀྱང་བྱང་སེམས་ལ་བསྟོད་པའི་དགེ་བ་ནམ་མཁའ་ལྟར་ཡངས་ཤིང་རྒྱ་ཆེ་བར་བརྗོད་ཡོད་པ་གོ་ཐུབ། “སྡེ་གསུམ་ཤེས་རབ་རྒྱས་པའི་ང་རོ་ཅན། །མ་རིག་གྲུབ་མཐའ་འདྲ་མིན་ཀླད་པ་འགེམས། །” ཞེས་རྗེ་སྨན་རི་བ་མདོ་སྡེ་ཀུན་ལ་མཁས་པ་སེངྒེའི་དཔེ་རུ་བཞག་པའི་རྐང་བ་འདིས་ཀློག་པ་པོའི་ཡིད་ངོར་སེངྒེ་གཡུ་རལ་ཅན་ཞིག་གིས་སྡེར་མོ་བགྲད་པར་སྣང་བའང་ཁོ་ཐག་ཡིན། ད་དུང་རྫོགས་སྐུའི་མཆོད་བརྗོད་ཀྱི་སྐབས། “མཚན་དང་དཔེ་བྱད་ལྗོན་ཤིང་ལོ་འབྲས་བཞིན། །”ཞེས་མཚན་དཔེ་རྫོགས་པ་ལྗོན་ཤིང་གི་ལོ་འབྲས་སུ་དཔེ་བཞག་ཡོད་པས་ཧ་ཅང་གསོན་ཤུགས་ལྡན་ལ། “ཉི་ཟླའི་ཞལ་ནི་ཕྱོགས་བཅུར་གསལ་བ་ཡི། །”ཞེས་རྫོགས་སྐུ་གཤེན་ལྷ་འོད་དཀར་གྱི་ཞལ་རས་གསལ་བ་དང་དཀར་བའི་དཔེ་རུ་ཉི་མ་དང་ཟླ་བར་བྱས་ཡོད་པས་ཀློག་པ་པོ་སུ་འདྲ་ཞིག་ཡིན་རུང་དེ་མུར་ལྷ་ཞལ་དེ་དངོས་སུ་མཐོང་བ་ནང་བཞིན་ཡིད་ལ་འཆར་རྒྱུ་ཡོད་པ་རེད། གཞན་སྟོན་པ་གཤེན་རབ་ལ་མཆོད་བརྗོད་སྐབས། “འགྲོ་དྲུག་དོན་ལ་ཐུགས་རྗེས་ཉི་མ་ཤར། །”ཞེས་སངས་རྒྱས་ཀྱི་ཐུགས་རྗེ་ནི་ཉི་མ་ཤར་བ་ལྟར་འགྲོ་བ་ཀུན་ལ་ཕྱོགས་དང་རིས་མེད་པར་ཁྱབ་པ། “འཛམ་བུ་གླིང་དུ་གསེར་གྱི་ཉི་ཤར་བཞིན། །” ཞེས་རྗེ་སྨན་རི་བ་སྐུ་འཁྲུངས་པ་ནི་ལྷོ་རྒྱལ་འཛམ་བུ་གླིང་དུ་གསེར་གྱི་ཉི་མ་ཞིག་ཤར་བ་དང་འདྲ་བར་གསུངས་པ། “ཉི་ཟླའི་འོད་ལ་མུན་པ་མི་གནས་བཞིན། །” ཞེས་རྗེ་སྨན་རི་བའི་སྐུ་ལ་སྐྱོན་གྱིས་མ་གོས་པའང་ཉི་མའི་འོད་ལ་དཔེ་བཞག་ཡོད་ལ། སྐྱོན་གྱི་མུན་པ་མི་གནས་ན་འོད་ཀྱི་ཡོན་ཏན་ཡོད་པར་འགྱུར་བའི་གཏན་ཚིགས་དེ་ཡང་ཡིད་ལ་དེ་མུར་ཤར་ཐུབ་པའི་ཁྱད་ཆོས་ཡོད། “དུང་གི་ཟླ་བ་མཁའ་ལ་ཤར་བ་བཞིན། །སྐལ་ལྡན་སེམས་ལ་བོན་གྱི་ཟླ་བ་ཚེས། །” ཞེས་པའི་སྐབས་སུ་རྗེ་སྨན་རི་བ་ཉིད་ཟླ་བ་རུ་དཔེ་བཞག་པ་མ་ཟད། “ཉི་མའི་འོད་ཀྱིས་སྐར་མའི་འོད་འཇོམས་བཞིན། །” ཞེས་རྗེ་སྨན་རི་བའི་རྩོད་པ་མཛད་ན་གཞན་གྱི་མཁས་པ་སྐར་ཚོགས་ཀྱི་འོད་ཞུམ་པ་ལྟ་བུར་གསུངས་པས་ཀློག་པ་པོའི་སེམས་ལ་རྩོད་རར་རྗེ་སྨན་རི་བས་གཞན་རྣམས་གཟི་བརྗིད་ཉམས་པར་བྱས་པའང་འགུལ་རྣམ་དུ་བློ་ངོར་འཆར་ཐུབ། “འདུལ་ཁྲིམས་བཅོ་ལྔའི་ཉ་ཆེན་རྒྱས་པ་བཞིན། །” ཞེས་འདུལ་ཁྲིམས་ཡོངས་སུ་རྫོགས་པ་དེ་ཟླ་བ་ཉ་གང་བ་ལྟ་བུར་དཔེ་བཞག་པས་འདུལ་བའི་ཆ་ཤས་ཙམ་ཡང་མ་ལུས་པར་ཡོངས་སུ་སྨན་རི་བར་རྫོགས་པས་སྐུ་ཡང་རང་བཞིན་གྱིས་ཟླ་འོད་ལྟར་རབ་ཏུ་མཛེས་པའི་ཉམས་ཤིག་ཡིད་ལ་འཇགས་པར་བྱེད་ཐུབ་ལ། ད་དུང་ནོར་བུ་དང་རིན་ཆེན་ལ་དཔེ་བཞག་པ་འདི་ལྟར། “གསེར་གྱི་རི་རབ་སྐུ་ལ་ཕྱག་འཚལ་ལོ། །” ཞེས་རྗེ་སྨན་རི་བའི་བསྐལ་པ་དུ་མར་ཚོགས་བསགས་པ་དེ་གསེར་གྱི་རི་རབ་ལ་དཔེ་བཞག་པས། རྗེ་སྨན་རི་བ་ནི་ཧ་ཅང་དཀོན་པོ་དང་ཤིན་ཏུ་རྩ་ཆེ་བ་རབ་ཏུ་སྣུམ་པའི་ཚོགས་ཀྱི་ཞིང་ས་ལྟ་བུ་ཞིག་ཡིད་ལ་ཤར་ཐུབ། “ཡོན་ཏན་རིན་ཆེན་གླིང་ལ་ཕྱག་འཚལ་ལོ། །” ཞེས་རྗེ་སྨན་རི་བ་ནི་སངས་རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་གྱི་མཛོད་ལྟར་གྱུར་པ་རིན་པོ་ཆེའི་གླིང་ལ་དཔེ་བཞག་པས་ཀློག་པ་པོ་དང་དད་ལྡན་ཀུན་གྱི་ཡིད་ལ་མྱུར་བར་རྗེ་སྨན་རི་བའི་ཉེ་སར་སྙེག་ནས་ལྟ་སྒོམ་སྤྱོད་པའི་བོན་རིན་པོ་ཆེ་ལེན་འདོད་ཀྱི་སྲེད་པ་ཞིག་སློང་སྲིད། གཞན་དཔེ་རུ་རྒྱ་མཚོ་བྱས་པ་འདི་ལྟར། བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། “བསྐལ་ངན་ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས། །” ཞེས་བསྐལ་བ་ངན་པ་ཁྲག་གི་རྒྱ་མཚོ་ལ་དཔེ་བཞག་པས་དུས་ངན་པ་དེ་ལ་འཇིགས་དངངས་དང་ཞེན་པའང་སློང་སྲིད། “གསུང་རབ་རྒྱ་མཚོ་ཆེ་ལ་མངའ་མཛད་པའི། །” ཞེས་སངས་རྒྱས་ཀྱི་གསུང་རབ་རྒྱ་ཆེན་པོ་ཡོད་པ་དེ་རྒྱ་མཚོ་ལྟ་བུར་དཔེ་བཞག་པས་རྒྱ་མཚོ་ནི་དགོས་འདོད་ནོར་བུའི་འབྱུང་གནས་དང་སངས་རྒྱས་ཀྱི་གསུང་རབ་ཀྱང་འདི་ཕྱིའི་ལེགས་ཚོགས་ཀྱི་འབྱུང་གནས་སུ་དེ་མུར་གོ་ཐུབ་ལ། “གསུང་གི་རྔ་སྒྲས་སེམས་དཔའ་རྒྱ་མཚོའི་དབུས། །”ཞེས་སྔོན་བྱོན་རིག་འཛིན་སེམས་དཔའ་མང་པོ་བྱོན་པ་ནི་རྒྱ་མཚོ་ལྟ་བུར་དཔེ་བཞག་པས་ཧ་ཅང་གསོན་ཉམས་ལྡན། དེ་ལས་གཞན་ད་དུང་སྤྲིན་དང་ཆུ་བོ། འཁོར་ལོ། སྒྲོན་མེ། འབྲུག་སྒྲ། རྔ་སྒྲ། ཁྱུང་ཆེན། གཡུ་བྱ་ཁུ་བྱུག གནམ་ལྕགས། དར་ཆེན། ལྕགས་ཀྱུ། གྲུ་གཟིངས། མེ་ཏོག་སོགས་ཀྱི་དཔེ་ཡང་འཇོག་གནང་མཛད་ཡོད་པ་འདི་དག་ཧ་ཅང་གསོན་ཉམས་ལྡན་ཞིང་ཀློག་པ་པོའི་ཡིད་དབང་མེད་དུ་འགུག་པས། དཔེ་བརྗོད་འདི་དག་གིས་བསྟོད་པ་རྣམ་རྒྱལ་ཁང་བཟང་སྙན་ཞིང་འཇེབས་པའི་ཆ་གསལ་བར་བྱས་པའང་གོ་སླ་དོན་འཕྲོད་དོ། །

ས་བཅད་ལྔ་པ། བསྟན་བཅོས་འདིའི་འཕྲིན་ལས།

དང་པོ། རྒྱལ་བ་སྨན་རི་བ་ཞེས་འདི་ནས་ཆེས་ཆེར་གྲགས་པ།

  བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་རྗེ་སྨན་རི་བར་ཕུལ་བའི་བསྟོད་པ་ཙམ་དུ་མ་ཟད། མཚན་གྱི་ཆེ་བསྟོད་ཅིག་ཀྱང་ཡིན། རྗེ་སྨན་རི་བའི་ཆུང་དུས་ཀྱི་མཚན་ལ་གཡུང་དྲུང་རྒྱལ་ཞུ་ཞིང་། མཛད་རྣམ་ངོ་མཚར་པདྨོའི་ཕྲེང་བ་རུ། “སློབ་མ་ཕྱི་ནང་གསང་གསུམ་འཛོམས་པའི་བཤེས་གཉེན་དམ་པའི་གྲངས་ནི། རྗེ་དྲུང་རིན་པོ་ཆེ་འདི་ལས་མང་བ་མེད་དོ། །”ཞེས་གསུངས་པ་ལྟར་སྐབས་ལར་རྗེ་དྲུང་རིན་པོ་ཆེ་ཞེས་བརྗོད་ཀྱིན་ཡོད། ཡང་ངོ་མཚར་པདྨོའི་ཕྲེང་བའི་མཇུག་བྱང་ལས། ཞེས་པ་འདི་ནི་སྲས་པོ་མཉམ་མེད་འདུལ་བ་རིན་པོ་ཆེ་ཞེས་གསུངས་པ་བཞིན་ཁོང་གིས་བོན་གྱི་འདུལ་བ་གསལ་བར་བྱས་པ་ནས་མི་རྣམས་ཀྱིས་རྗེ་འདུལ་བ་འཛིན་པ་ཞེས་མཚན་གསོལ་ཡོད། ཁོང་རང་ཉིད་ཀྱིས་བརྩམས་པའི་མཇུག་བྱང་ལ་གཤེན་གྱི་དྲང་སྲོང་ཤེས་རབ་རྒྱལ་མཚན་ཞེས་འབྱུང་གིན་ཡོད། བསྟན་བཅོས་འདིའི་ནང་དུ་གཤེན་ཉི་མ་རྒྱལ་མཚན་གྱིས་མི་ཡི་སེངྒེ་གཟི་བརྗིད་སྨན་རི་བ། རྗེ་བཙུན་སྨན་རི་བ། སངས་རྒྱས་སྨན་རི་བ། ཞེས་ཁ་གསལ་བོའི་སྒོ་ནས་གསུངས་བ་འདི་རྗེ་མཉམ་མེད་པས་གཙང་ཐོབ་རྒྱལ་སྨན་གྱི་རི་བོར་བཀྲ་ཤིས་སྨན་རིའི་གླིང་ཕྱག་བཏབས་པ་ནས་དགོན་གྱི་མིང་དེ་ཚུར་ཐོགས་པ་ཡིན། དེ་དང་འདྲ་བ་འབྲི་གུང་མཐིལ་དུ་དགོན་པ་བཏབས་པས་འབྲི་གུང་བ་རུ་ཐོགས་པ་དང་། ཀ་ཐོག་པ། ས་སྐྱ་པར་གྲགས་པ་སོགས་ཡོད་པ་ས་མིང་མི་ལ་ཐོགས་པ་ཡོད་པ་ནང་བཞིན། རྗེ་མཉམ་མེད་པ་ལ་སྨན་རི་བར་གྲགས་པ་འདི་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་འཕྲིན་ལས་ཀྱིས་ཡིན་པ་དང་། འདིའི་གོང་རོལ་དུ་རྗེ་ལ་སྨན་རི་བ་ཞེས་གྲགས་སྲོལ་མེད་པ་དང་། བསྟོད་པ་རྣམ་རྒྱལ་ཁང་བཟང་འདིར་སྨན་རི་བའི་མིང་ཡིག་བཅུ་བདུན་ཡོད་པ་དང་། འདི་ནི་ཕལ་ཆེར་སྨན་རི་བ་ཞེས་པ་ཡིག་ཐོག་ནས་འབྱུང་བ་ཐོག་མ་ཡིན། མི་ལའི་མགུར་འབུམ་གྱི་འཕྲིན་ལས་ཀྱིས་མི་ལ་རས་པ་ཞེས་པ་ད་ལྟའང་ས་གྲགས་གནམ་གྲགས་སུ་གྱུར་བ་ནང་བཞིན་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་ལོ་རེའི་མཉམ་མེད་དུས་མཆོད་ལ་གདན་ས་ཁག་ནས་གསུང་བཞིན་ཡོད་པས། འདིའི་འཕྲིན་ལས་ཀྱིས་རྗེ་མཉམ་མེད་པ་ཆེན་པོར་སྨན་རི་བ་ཞེས་ཡོངས་སུ་གྲགས་པ་ཤེས་ཐུབ་ལ། ཁམས་གྱི་བླ་མ་ལྕང་ལུང་ནས་མཁན་རབས་ཉེར་གཉིས་པར་ཕུལ་བའི་ཞབས་བརྟན་གསོལ་འདེབས་ལས། “སངས་རྒྱས་གཡུང་དྲུང་བསྟན་པའི་འདུན་ས་ཆེ། །འགྲོ་བའི་འདུན་ས་དཔལ་ལྡན་སྨན་རི་བ། །མཁྱེན་བརྩེའི་བདག་ཉིད་ཉི་མ་བསྟན་འཛིན་རྗེ། །”ཞེས་གསུངས་པ་བཞིན། རྗེ་རིན་པོ་ཆེ་ལ་གཤེན་ཉི་མ་རྒྱལ་མཚན་གྱིས་སྨན་རི་བ་ཞེས་ཐོག་མར་གདུང་འབོད་དམ་བརྒྱུད་བསྒྲགས་བྱས་པ་ནས་རྗེ་སྨན་རི་བའི་རྒྱལ་ཚབ་མཁན་རབས་རིན་བྱོན་ཚང་མ་ལའང་རིམ་བཞིན་དུ་ཐོགས་ཡོད་ལ། རྗེ་བཙུན་སྨན་རི་བའི་མཁན་རབས་ཉེར་གཉིས་པ་ཉི་མ་བསྟན་འཛིན་དབང་རྒྱལ་རང་གི་ཞལ་ནས། “བདག་ཀྱང་ཚེ་འདིར་རྒྱལ་བ་སྨན་རི་བའི། །བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཕུན་སུམ་ཚོགས། །དགེ་བསམ་བློ་གྲོས་བར་ཆད་མེད་པར་འགྲུབ། །དོན་གཉིས་ལྷུན་གྲུབ་ཚོགས་གཉིས་རབ་རྫོགས་ཤོག། ”51 ཅེས་གསུངས་པ་བཞིན་རྟགས་སྒྲིལ་གྱི་སྲོལ་ལྟར་ཕེབས་ཀྱིན་པའི་མཁན་རབས་རིམ་བྱོན་ཚང་མ་ལ་སྨན་རི་བ་དང་སྨན་རི་མཁན་པོ། སྨན་རིའི་ཁྲི་འཛིན་སོགས་སུ་མཚན་འབོད་པ་ལས་ཀྱང་ཤེས་ཐུབ་པ་དང་། རྗེ་སྨན་རི་བ་ཤེས་རབ་རྒྱལ་མཚན་ནས་ད་སྐབས་ཁྲི་འཛིན་སོ་བཞི་བ་ཟླ་བ་དར་རྒྱས་ལ་ཐུག་པའི་བར་དུ་མཚན་དེ་རྒྱུན་འཇགས་སུ་སོང་ཡོད་པ་མ་ཟད་མ་འོངས་པར་ཡང་མཁན་རབས་སུ་ཕེབས་ལ་དེ་ལྟར་བཞིན་འབོད་པ་སྨོས་ཅི་དགོས། ཁྱད་པར་རྗེ་སྨན་རི་བའི་ཁྲི་ཐོབ་སོ་གཉིས་པ་ཤེས་རབ་བློ་གྲོས་འཕགས་ཡུལ་དུ་ཞབས་སོར་འཁོད་པ་ནས་རིང་བོར་མ་སོང་བར་སྐུ་གཤེགས་པ་དང་། སྨན་རི་བ་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ52མཆོག་གིས་འཕགས་ཡུལ་ཧི་མ་ཅལ་དུ་སྨན་རིའི་དགོན་བཏབས་ཏེ་བོན་གྱི་བསྟན་པ་འཕགས་ཡུལ་ཙམ་དུ་མ་ཟད་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་བར་མཛད་ནས་རྒྱལ་བ་སྨན་རི་བ་ཞེས་པའི་མཚན་གྱི་སྙན་པ་སྔར་བས་གྲགས་པའི་གཟི་བརྗིད་དང་ལྡན་པར་མཛད་ཡོད་དོ། །

གཉིས་པ། མཁན་ཆེན་ཉི་མས་འདི་ལ་ནན་ཏན་མཛད་ནས་འགྲེལ་བ་གསུངས་པ།

  བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་ལ་སྨན་རིའི་མཁན་ཆེན་ཉེར་གཉིས་པ་ཉི་མ་བསྟན་འཛིན་གྱིས་༼མཉམ་མེད་ཆེན་པོར་བསྟོད་ཚིག་རྣམ་རྒྱལ་ཁང་བཟང་ཡོན་ཏན་བང་མཛོད་ཀྱི་འགྲེལ་ཉུང་ཐུས་ཀུན་གསལ་ལྡེ་མིག༽ཅེས་པའི་འགྲེལ་བ་ཤོག་ངོས་༦༠བྱས་པ་བརྩམས་ཡོད། སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་ནི་བོན་ཆོས་གཉིས་ལ་གཟིགས་པ་རྒྱ་ཆེ་བས་འགྲེལ་བ་དེ་ནི་ཤིན་ཏུ་གོ་དཀའ་ལ་རྣམ་གྲངས་དང་མཚན་ཉིད་སྦྱོང་མཁན་གྱི་རབ་བྱུང་བས་མ་གཏོགས་ཕལ་ཆེ་བས་རྒྱས་དྲགས་པས་ནང་དོན་ཐད་ཀར་གོ་མི་ཐུབ་པར་འདུག འགྲེལ་བ་འདི་ནི་མཁན་ཆེན་ཉི་མ་བསྟན་འཛིན་ལ་གྲུབ་དབང་བསྟན་འཛིན་རིན་ཆེན་རྒྱལ་མཚན་ནམ་གསང་མཚན་བདེ་ཆེན་སྙིང་པོ་མཆོག་ནས་སྐུལ་བ་གཞི་བྱས། རྗེས་སུ་མཁན་ཆེན་མཆོག་གི་གཅུང་བོ་རྣམ་རྒྱལ་ཚུལ་ཁྲིམས་ཀྱིས་ཀྱང་བསྐུལ་ངོར་བརྩམས་པ་ཞིག་རེད། མཁན་ཆེན་མཆོག་གི་འགྲེལ་བ་དེ་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་འགྲེལ་བ་ཐོག་མ་རུ་ཆགས་ཡོད་ལ། རྣམ་པའི་ཆ་ནས་ཀྱང་ཐོག་མར་མཆོད་བརྗོད་ཀྱི་ཤོ་ལོ་ཀ་གསུམ་བྲིས་ཡོད་པ་དང་དེ་ནས་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་ཡན་ལག་རེ་རེ་གཞུང་དོན་རེ་རེར་བྱས་པའི་གཞུང་དོན་བརྒྱད་དང་། དང་པོ་ལ་ས་བཅད་ལྔ་བྱས་ཏེ་འགྲེལ་ཡོད་དེ། གཞུང་འདི་ལ་ཡན་ལག་བརྒྱད་དང་ལྡན་པའི་དང་པོ་ཕྱག་གི་ཡན་ལག་ལའང་ཚིག་ལ་རིག་པས་ལེགས་པར་བརྟགས་ན། ས་བཅད་ལྔ་རུ་བསྟན་ཏེ། དང་པོ་ཐོག་མར་རིགས་བདག་གི་ཡུལ་བཞིར་བསྟོད་པའི་དབུ་འདྲེན་གྱི་ཚུལ་དུ་སྐུ་གསུམ་སངས་རྒྱས་ལ་བསྟོད་པ་དང་། སྐྱབས་ཡུལ་ཀུན་འདུས་དཀོན་མཆོག་གཡུང་དྲུང་གནས་བཞི་ལ་བསྟོད་པ་དང་། གཞུང་དོན་གྱི་ཚུལ་དུ་རྗེ་རིན་པོ་ཆེ་ཡི་སྔོན་བྱུང་གི་སྐྱེས་རབས་དང་ད་ལྟའི་མཛད་པ་བསྡོམས་ཏེ་མཛད་ཆེན་བཅུ་གཉིས་ཀྱི་བསྟོད་པ་དང་། ཁྱད་པར་རྗེ་རིན་པོ་ཆེ་ཡི་ཡོན་ཏན་མདོར་བསྡུས་པའི་སྒོ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཡི་སྒོ་ནས་བསྟོད་པ་དང་། རྗེས་འཇུག་དང་བ་འདྲེན་ཕྱིར་མ་འོངས་ལུང་བསྟན་གྱི་ཚུལ་དུ་བསྟོད་པ་དང་ལྔ་རུ་དབྱེ་ཡོད་53པས་ཚིག་ངོས་ཀྱི་འགྲེལ་བ་ཤིན་ཏུ་ཞིབ་ལ། འགྲེལ་བ་འདི་ལས་མཁན་ཆེན་མཆོག་གིས་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་ཐུགས་སྣང་བླ་ལྷག་མཛད་པ་ཤེས་ཐུབ། མ་གཞིར་སྙན་ངག་ལ་སོ་སོའི་རིག་གནས་གྱི་རྒྱབ་ལྗོངས་དང་ཤེས་ཡོན་གྱི་ཆུ་ཚད་སོགས་ཀྱིས་གོ་བ་ལེན་སྟངས་མི་འདྲ་བ་ཡོང་སྲིད་ལ་དེ་ཤིན་ཏུ་ཆོག རྩོམ་མཁན་གྱི་ཆ་ནས་མཁན་ཆེན་མཆོག་ནི་རྗེ་སྨན་རི་བའི་རྒྱལ་ཚབ་ཡིན་ལ། ཁོང་གི་འགྲེལ་བ་ནི་ལས་དང་པོ་བ་དག་ལ་ཤིན་ཏུ་གོ་དཀའ་བ་དང་། ཕྲན་ནས་གོང་དུ་མདོར་བསྡུས་ཤིག་དད་པ་དང་ཕྱོགས་ཞེན་དོར་ནས་དག་སྣང་གིས་ཚིག་གི་ཉག་ཉོག་མེད་པར་བྲིས་པ་འདི་ཕལ་ཆེར་འགྲེལ་ཐེངས་གཉིས་པ་རུ་ཆགས་སྲིད་པ་དང་། བློ་སྦྱོང་དམན་པས་རང་ངོས་ཀྱི་གོ་བ་ལེན་སྟངས་ཙམ་གྱིས་བཅངས་ཡོད། གཤེན་ཉི་མ་མཆོག་གིས་འགྲེལ་བ་མཛད་མེད་པས་རང་འགྲེལ་ནམ་ཡང་འབྱུང་མི་སྲིད་པ་ཤིན་ཏུ་ཕངས་པ་ཞིག་རེད། གོང་ཞུས་ནོར་བ་ཅི་མཆིས་བརྩམས་ཆོས་ཀྱི་བདག་པོ་གཤེན་ཉི་མར་དགོངས་གསོལ་ཞུ་བ་དང་། དཔྱོད་ལྡན་ཁྱེད་ཅག་གི་སྤྱན་སྔར་ཡང་བཤགས་ན་བསམ་བྱུང་། ཡང་གཅིག་བཤད་ན་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་འགྲེལ་བ་ག་ཚད་གོ་བདེ་གང་ནུས་ཀྱིས་བྱུང་ན་དེ་ནི་བསྟན་བཅོས་འདི་དང་འདིའི་མཚོན་པའི་རྗེ་སྨན་རི་བའི་འཕྲིན་ལས་ཡིན་གྱི་ཡིན་བདོག་སྟོན་པའི་ཁུར་ཆེན་ལ་སུས་ཀྱང་མི་འདོད་པས་ནམ་ཡང་དེ་འདྲར་མི་དགོངས་པ་མཁྱེན།

གསུམ་པ། དཔེ་དེབ་དག་ཏུ་བཀོད་ཡོད་པ།

  བསྟོད་པ་རྣམ་རྒྱལ་ཁང་བཟང་བོན་གྱི་བཀའ་བརྟེན་དུ་བཅུག་ཡོད་པ་མ་ཟད་ཕྱིས་ཀྱི་རྗེའི་རྣམ་ཐར་ཁག་ནའང་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་མིང་གསུང་གླེང་མང་དུ་བྱས་ཡོད་པ་མ་ཟད། ཧྲེ་ཤུལ་བསྟན་པ་འབྲུག་གྲགས་ཀྱིས་བསྒྲིགས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་ཕྱོགས་བསྡུས་རིན་ཆེན་སྤུངས་པ་ཞེས་པའི་ཤོག་ངོས་༣༩པར་བཀོད་པ་དང་དོལ་པོ་དགེ་བཤེས་ཕུན་ཚོགས་ཉི་མས་སྒྲིག་པའི་མཉམ་མེད་པའི་རྣམ་ཐར་དང་བསྟོད་ཚོགས་ཞེས་པ་རུ་ཤོག་ངོས་༧༨པ་རུ་བཀོད་པ། ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་བསྒྲིགས་པའི་རྗེ་རིན་པོ་ཆེའི་རྣམ་ཐར་དུ་ཤོག་ངོས་དང་པོ་རུ་བཀོད་ཡོད། དེ་མ་ཟད་ཞལ་འདོན་ཕྱོགས་སྒྲིག་ཁག་ཏུ་ཡང་བཀོད་ཡོད་དེ། ཞལ་འདོན་ཕྱོགས་སྒྲིག་ཏུ་སྤྱིའི་ཆ་ནས་ཐོག་མར་གསོལ་འདེབས་ཀྱི་སྐོར་ཡོད་པ་དང་དེ་རུ་རྗེ་སྨན་རི་བ་ཤེས་རབ་རྒྱལ་མཚན་གྱི་གསོལ་འདེབས་བདེ་ཆེན་རྒྱལ་པོ་ནི་ཆོ་ག་ཕྱག་ལེན་གང་ཞིག་ཡིན་ཀྱང་ཐོག་མར་འདོན་དགོས་ལ། གསོལ་འདེབས་དེ་ནི་རྗེ་ཙོང་ཁ་བའི་གསུངས་པར་གྲགས་པ་མཁན་ཉི་མའི་རྗེའི་རྣམ་ཐར་ངོ་མཚར་པདྨོ་སྟོང་ལྡན་དུ་གསུངས་ཡོད། གསོལ་འདེབས་དེའི་རྗེས་ཀྱི་རྗེའི་བསྟོད་པ་ཁག་འགོད་སྐབས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་བོན་གྱི་ཞལ་འདོན་ཕྱོགས་སྒྲིག་ཕལ་ཆེ་བའི་དབུ་ཕྱོགས་སུ་བཀོད་ཡོད་པས། ཞལ་འདོན་པ་ཀུན་གྱིས་རྗེའི་བསྟོད་པ་འདི་ཉིད་གསུངས་ཐུབ་པར་སྟབས་བདེ་བསྐྲུན་ཡོད། འོན་ཀྱང་། བསྟོད་པ་འདིའི་སྐོར་ལ་རྟོགས་ཞིབ་མེད་པ་ནི་ཤིན་ཏུ་ཕངས་པ་ཞིག་ཡིན་པ་མ་ཟད། གསོལ་འདེབས་འདི་གྲྭ་ས་ཁག་ཏུ་མ་གཏོགས་གལ་ཆེན་རང་བཞིན་དེ་ཙམ་ཚོར་གི་མེད། ༢༠༢༢ལོ་ཙམ་ལ་ལོ་རེའི་མཉམ་མེད་དུས་ཆེན་ལ་དྲྭ་ལམ་ཁག་ཏུ་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་ཤོ་ལོ་ཀ་རེ་གཉིས་སྐུར་སྲོལ་འདུག དེ་མ་ཟད་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་ཤོ་ལོ་ཀ་རེ་གཉིས་གཞས་ཚིག་ཏུ་བཟོ་བཅོས་བྱས་ཏེ་རྔ་ལྗོངས་ཁུ་བྱུག་གིས་གླུ་རུ་ལེན་པ་འང་བྱུང་ཡོད་འདུག འདིས་ནི་དེང་སྐབས་བསྟོད་པ་རྣམ་རྒྱལ་ཁང་བཟང་གི་འཕྲིན་ལས་རྒྱས་པའི་སྐབས་ལ་བབས་འདུག་སྙམ་པ་བྱུང་ལ། དེར་བརྟེན་ནས་བོན་གྱི་བསྟན་པའི་དབུ་ཁྲིད་རྒྱལ་བ་སྨན་རི་བའི་མཛད་པ་ཡང་བསྟོད་པ་རྣམ་རྒྱལ་ཁང་བཟང་དུ་ལུང་བསྟན་པ་བཞིན་ཉིན་རེར་རྒྱས་པའི་རྟགས་སུ་འདུག་གོ འདིར་བསྟོད་པ་རྣམ་རྒྱལ་ཁང་བཟང་ངོ་སྤྲོད་བྱས་པ་བརྒྱུད། ཞལ་འདོན་ཕྱོགས་སྒྲིག་ཀུན་ཏུ་རྩོམ་སྒྲིག་པས་མང་པོ་བཀོད་ནས་ཀུན་ཏུ་ཁྱབ་པར་སྨོན་ནོ། །

མཇུག་སྡུད་པ།

  ང་ཚོས་དུས་རབས་སྔོན་མའི་རྩོམ་རིག་གི་སྒྱུ་རྩལ་ཁྱད་ཆོས་ལ་ངེས་པ་རྙེད་ན་རྩོམ་རིག་གསར་རྩོམ་གྱི་ལམ་བུར་རམ་འདེགས་ཀྱི་ནུས་པ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་འབྱུང་གིན་ཡོད་པས། གཤེན་ཉི་མའི་མཛད་པའི་ཕྱག་རྩོམ་ཁག་ནི་སྙན་ཞིང་འཇེབས་ལ་ཀློག་པ་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་འགྱུར་བས། དུས་སྐབས་དེའི་བོན་གྱི་རྩོམ་ཡིག་ལ་ཞིབ་འཇུག་བྱེད་པའི་སྐྱ་རེངས་ཤིག་དང་། རྗེ་སྨན་རི་བ་ཆེན་པོ་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་མཁན་གྱི་ལས་དང་པོ་བ་རྣམས་ལ་ཕན་ཐོགས་ཡོད་པ་མ་ཟད། དམུ་གཤེན་ཉི་མ་རྒྱལ་མཚན་མཆོག་གིས་མཛད་པའི་སྙན་ངག་གཞན་ལའང་དང་དོད་གསར་བ་ཞིག་སླེབས་ཐུབ་པར་བསམ། མ་གཞིར་བོན་བསྟན་ལ་གོད་ཆག་རབ་དང་རིམ་པ་བྱུང་ཡོད་ལ། དུས་རབས་ཁག་ཏུ་འདི་ལ་དོ་སྣང་བྱེད་མཁན་ཡང་མང་པོ་མེད་པར་གྱུར། དེང་དུས་རྒྱལ་ཁབ་ཕྱི་ནང་དུ་རྗེ་སྨན་རི་བའི་སྐོར་ལ་དོ་སྣང་གསར་བ་བྱུང་འདུག་མོད། འོན་ཀྱང་། ཁོང་ལ་ཕུལ་བའི་བསྟོད་རྩོམ་གྱི་སྐོར་ལ་དཔྱད་པ་བྱས་པ་ཕལ་ཆེར་གཅིག་ཀྱང་མི་རྙེད། ལྷག་པར་དུ་བསྟོད་པ་རྣམ་རྒྱལ་ཁང་བཟང་ལ་མཚོན་ན། རྗེའི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་པར། ཡིག་ཆའི་རྩོམ་དུས་དང་ནང་དོན་ཐད་ནས་བལྟས་ན་དཔྱད་གཞི་ཤིན་ཏུ་རྩ་ཆེན་པོ་ཞིག་ཏུ་མཐོང་བས། འདིས་རྗེ་སྨན་རི་བའི་སྐོར་གྱི་ཞིབ་འཇུག་ལ་ཁ་གསབ་ཀྱི་ནུས་པ་ཐོན་པར་གདོན་མི་ཟ། མདོར་ན་བསྟོད་པ་རྣམ་རྒྱལ་ཁང་བཟང་ནི་དམུ་གཤེན་རྣལ་འབྱོར་ཉི་མ་རྒྱལ་མཚན་གྱིས་མཛད་པའི་སྙན་རྩོམ་ཞིག་ཡིན་པ་དང་། འདིར་བསྟོད་རྩོམ་འདིའི་རྒྱབ་ལྗོངས་ལ་ཐོག་མར་དབྱེ་ཞིབ་བྱས་ཏེ་དམུ་གཤེན་མཆོག་གིས་བསྟོད་པ་རྣམ་རྒྱལ་ཁང་བཟང་འདི་ས་གནས་གང་དུ་མཛད་པའི་ཡུལ་ལ་དཔྱད་པ་བྱས་ཏེ་བརྗོད་བྱའི་ནང་དོན་ངོ་སྤྲོད་བྱ་རྒྱུ་གཙོ་བོར་བྱས་ཡོད་པ་མ་ཟད། འདི་ལས་རྗེ་སྨན་རི་བར་གསལ་ཆ་མེད་མཁན་གྱིས་ཀྱང་དཔྱད་རྩོམ་འདིར་གཟིགས་ན་བོན་གྱི་རྒྱལ་བ་མཉམ་མེད་པ་ཞེས་པ་གང་འདྲ་ཞིག་ཡིན་པ་ཅུང་ཟད་གོ་ནུས་ལ། ད་སྐབས་བཞུགས་པའི་རྒྱལ་བ་སྨན་རི་བའི་རྒྱལ་ཚབ་ཁྲི་འཛིན་རིན་པོ་ཆེ་ལའང་དག་སྣང་གསར་བ་ཞིག་ཐོན་ཐུབ་པར་འདོད་པས་བསྟོད་རྩོམ་འདི་བོན་སྤྱོད་དུ་བྱེད་པའི་སྐྱེ་བོ་ཀུན་གྱིས་འདིའི་དགོངས་དོན་རྟོགས་རྒྱུར་སྟབས་བདེར་བསྐྲུན་ཡོད། བསྟོད་པ་འདི་བོན་པོ་ཀུན་གྱི་ཞལ་འདོན་དུ་སྒྲིག་བཀོད་བྱ་རྒྱུའི་འབོད་སྐུལ་སྙིང་ནས་ཞུས་པ་ཡིན། དེ་མ་ཟད་ང་རང་གི་འཇོན་ནུས་ཀྱིས་རྐྱེན་གྱིས་ཡུལ་དངོས་རྟོག་ཞིབ་ཏུ་འགྲོ་མ་ཐུབ་པ་ནི་ད་རེའི་བརྗོད་བྱ་འདིའི་སྟོང་ཆ་རིགས་ཤིག་ཡིན་སྲིད་ཀྱང་། མ་འོངས་པར་ཡང་འདིའི་སྐོར་གྱི་ཞིབ་འཇུག་གི་ལས་འཕྲོ་ལ་མུ་མཐུད་ཁ་གསབ་དང་རྒྱུན་སྐྱོང་རྒྱུའི་དམ་བཅའ་བརྟན་པོ་ཡོད་ལ། གུས་པ་རང་ཉིད་གཏམ་ཆ་གསོང་པོར་སྨྲ་ལ་ངན་གོམས་ཆེ་བས་གོང་ཞུས་ཕོག་ཐུགས་སོང་བ། ཁ་མ་གསལ་ས་ཡོད་ན་དོགས་འདྲི་དང་ཡིག་ལན་གང་རུང་ཡོད་པའི་རེ་བ་ཆེ།

  ཟུར་བལྟའི་དཔྱད་གཞི།

  རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་མཛད། ༼རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབས་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། [M]

  མཁས་གྲུབ་རྗེ་སོགས་ཀྱིས་མཛད། ༼རྗེ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། [M]

  གཤེན་ཉི་མ་རྒྱལ་མཚན་གྱིས་མཛད། ༼གཤེན་ཉི་མ་རྒྱལ་མཚན་གྱི་གསུང་འབུམ་བཞུགས་སོ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། [M]

  སྨན་རིའི་མཁན་རབས་ཉེར་གསུམ་པ་ཉི་མ་བསྟན་འཛིན་གྱིས་མཛད། ༼སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ༽་ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། [M]

  གཙང་སྨྱོན་ཧེ་རུ་ཀ་རུས་པའི་རྒྱན་ཅན་གྱིས་མཛད། ༼མི་ལ་རས་པའི་རྣམ་ཐར༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།

  རྒྱལ་མཆོག་ལྔ་བ་ཆེན་པོ་ངག་དབང་བློ་བཟང་རྒྱལ་མཚོ། ༼རྒྱལ་དབང་ལྔ་པ་ཆེན་པོའི་རང་རྣམ༽ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། [M]

  ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད། ༼ ལེགས་བཤད་རིན་པོ་ཆེའི་མཛོད༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། [M]

  མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད། ༼མཁན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ཉི་མ་འབུམ་གྱི་འོད་ཟེར༽ པེ་ཅིང་མི་རིགས་དཔེ་སྐྲུན་ཁང་། [M]

  ཆོས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོས་མཛད། ༼བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་། ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། [M]

  ཀུན་མཁྱེན་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་ཀྱིས་མཛད། ༼སྔོན་འགྲོ་ཁྲིད་ཡིག་བཀའ་ལུང་རྒྱ་མཚོ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། [M]

  མཁར་རྨེའུ་བསམ་གཏན། ༼མདའ་དང་འཕང༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། [C]

  སྐལ་བཟང་བཀྲ་ཤིས་ཀྱིས་བརྩམས། ༼མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ། ༽ ཁྲོན་མི་རིགས་དཔེ་སྐྲུན་ཁང་། [M]

  ལྷག་པ་ཆོས་འཕེལ། ༼བོད་ཀྱི་རྩོམ་རིག་ལོ་རྒྱུས༽ མི་རིགས་དཔེ་སྐྲུན་ཁང་། [M]

  བསོད་ནམས་དབང་ལྡན་དང་བུ་བཞི་གཉིས་ཀྱིས་བརྩམས། ༼རྩོམ་རིག་རྣམ་བཤད༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། [M]

  ཆོས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ། ༼རིས་མེད་བསྟན་རྩིས༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། [M]

  རྗེ་རྒྱལ་བ་གཉིས་པ་མཉམ་མེད་པ་མཉམ་མེད་ཤེས་རབ་རྒྱལ་མཚན། ༼སྨན་རི་བའི་བཀའ་འབུམ། ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་སྐྲུན། [M]

  དགེ་རྒན་ཆེན་མོ་རྡོ་རྗེ་ཁྱུང་གྲགས་ཀྱིས་བརྩམས། ༼ཀློང་ཆེན་རམ་འབྱམས་ཀྱི་རྣམ་ཐར་ལ་དཔྱད་པ༽ [J ]

  དགེ་རྒན་ཆེན་མོ་ཀུན་དགའ་དབང་ཕྱུག་གིས་བརྩམས། ༼རྗེ་ཙོང་ཁ་བའི་རྣམ་ཐར་ཡིག་ཆའི་རིགས་དབྱེ་ལ་ཐོག་མར་དཔྱད་པ༽ [J ]

  རྩོམ་པ་པོ་མི་གསལ། ༼རྗེ་ཁྲོ་ཚང་འབྲུག་ལྷའི་རྣམ་ཐར་མུ་ཏིག་ཕྲེང་མཛེས༽ [Z]

  ཧྲེ་ཤུལ་བསྟན་པ་འབྲུག་གྲགས་ཀྱིས་བརྩམས། ༼མཉམ་མེད་དུས་ཆེན་ནི་འདས་མཆོད་ཡིན་པའི་སྐོར་ཅུང་ཟད་གླེང་བ༽ [Z]

  ཧྲེ་ཤུལ་བསྟན་པ་འབྲུག་གྲགས་ཀྱིས་བརྩམས། ༼རྗེ་མཉམ་མེད་བླ་མ་དང་ཁོང་གི་སློབ་གསོའི་བསམ་བློ༽ [Z ]

  ཚེ་རིང་ནོར་བུས་བརྩམས། ༼ བོན་གྱི་ལོ་རྒྱུས་ཡིག་ཚང་ཞིབ་འཇུག༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། [M]

  才让太,顿珠拉杰:《苯教史纲要》,中国藏学出版社[M]

  << 引领佛苯和谐之路的一代宗师>>---苯教法尊聂麦西饶坚赞生平研究,仁青纳么。[J ]

  དཔྱད་མཆན།

  1 རྗེ་སྨན་རི་བའི་འཕྲུལ་སྒྲོན་རྣམ་ལྔའི་གྲས་ཀྱི་ཚད་མའི་གཞུང་དེ་ལ་ཟེར།

  2 <<རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་ཐར་ངོ་མཚར་པད་མོའི་ཕྲེང་བ>> << སྐུ་འདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང>> <<རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན>> གསུམ་ཡིན།

  3 <<བོད་ཀྱི་རྩོམ་རིག་ལོ་རྒྱུས>> ལྷག་པ་ཆོས་འཕེལ་གྱིས་བརྩམས། རྩོམ་སྒྲིག་པ། ངག་དབང་ཕུན་ཚོགས། མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན། ༢༠༢༠དེབ་གཟུགས་ཀྱི་སྟོད་ཆའི་ཤོག་ངོས་༣༠༦གི་ཐིག་ཕྲེང་༦པར། བར་དུས་ཀྱི་རྩོམ་རིག་ཅེས་པ་ནི་སིལ་བའི་དུས་དང་། ས་སྐྱའི་དུས། ཕག་གྲུའི་དུས་ཀྱི་རྩོམ་རིག་ལ་ཟེར། ཞེས་གསལ།

  4 <<རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་རྣམ་ཐར་དུ་ཀྰུ་ལའི་གོས་བཟང>> སྨད་ཆ། རྒྱལ་དབང་ལྔ་བ་ཆེན་པོའི་མཛད། རྩོམ་སྒྲིག་པ། རྡོ་སྦིས་ཚེ་རིང་རྡོ་རྗེ་དང་ཚེ་རིང་དོན་འགྲུབ་གཉིས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན། ༢༠༡༢དེབ་གཟུགས་ཤོག་ངོས་༢༢༨ལོའི་ཐིག་ཕྲེང་༢པར་གསལ།

  5 རྟོགས་ལྡན་ནམ་མཁའ་བློ་ལྡན་དང་རང་གྲོལ་བླ་མ་རྒྱལ་མཚན། བྱ་བཏང་གཡུང་དྲུང་བླ་མ་བཅས་གསུམ་ཡིན། རྟོགས་ལྡན་ནམ་མཁའ་བློ་ལྡན་དང་རང་གྲོལ་བླ་མ་རྒྱལ་མཚན་ལ་གཤེན་ཉི་མས་རི་ཁྲོད་པ་ཆེན་པོ་ནམ་མཁའ་བློ་ལྡན་ལ་བསྟོད་པ་ཨུན་ཆེན་ཚངས་བའི་སྒྲ་རྒྱལ་དང་བསྟོད་པ་བྱིན་རླབས་དབང་གི་སྤྲིན་དཀར་རྒྱས་པའི་ཆར་འབེབས་ཞེས་པའི་བསྟོད་རྩོམ་རེ་རེ་བརྩམས་ཡོད།

  6 ཀློང་དགུའི་ཡི་དམ་དགུ་ཡང་ཞུ་སྟེ། སྐུ་དབལ་གསས་རྔམ་པ། གསུང་ལྷ་རྒོད་ཐོག་པ། ཐུགས་གཙོ་མཆོག་མཁའ་འགྱིང་། ཡོན་ཏན་དབལ་ཆེན་གེ་ཁོད། ཕུར་བ་འབྲུག་གསས་ཆེམ་པ། དབང་ཆེན་འབུམ་པ། རམ་པ་དུག་འདུལ། དབལ་ཆེན་ཁྲག་འཐུང་རོལ་བ། སྤྱི་འདུལ་རྟ་དབུ་བཅས་བོན་གྱི་གསང་སྔགས་ཀྱི་ལྷ་གལ་ཆེན་དགུ་ཡི་སྤྱི་མཚན་ཡིན། རེབ་གོང་ས་ཆའི་བོན་སྡེ་ཁག་ཏུ་དབང་ཆེན་འབུམ་པ་གཙོ་བོར་བྱེད་ལ་གསང་སྔགས་ཀྱི་ལྷ་འདི་ནི་རིག་འཛིན་སྔགས་ཀྱི་གྲོང་ཁྱེར་རེབ་གོང་བོན་མང་ཕུར་ཐོགས་སྟོང་དང་དགུ་བརྒྱས་ཁྱད་བོན་ནམ་ཕ་ཆོས་སུ་འཛིན། ཡིད་ཕངས་པ་ཞིག་ལ་མི་ཁ་ཤས་ཀྱིས་སྐུ་ལྔ་དྲིལ་སྒྲུབ་ལྟར་གྱི་ཡི་དམ་འབུམ་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཁྱུང་གཤོག་གིས་རྒྱན་པ་ཅན་འདི<<གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ>>ཞེས་པའི་དཔེ་ཆར་བཀོད་མེད་ཁར་གསང་སྔགས་མཉམ་པ་ཆེན་པོའི་འཕྲིན་ལས་ལས། ཡི་དམ་དབང་ཆེན་འབུམ་པ་ཡབ་ཡུམ་གྱི་སྐུ་བསྟོད་ལས་ཚིག་མགོ་འཇུག་མེད་པ་ཞིག་དྲངས་ནས་དབང་ལྷ་འབུམ་པ་ཡབ་ཡུམ་ཡིན་ཞེས་རི་མོ་ལ་རེབ་གོང་སོགས་ན་བསྐྱེད་རིམ་ལྟར་གྱི་ཚད་ལྡན་བཟོས་པ་མ་བཞག་པར། ཁྲོ་བོ་ཞལ་གཅིག་ལ་སྤྱན་གཉིས་མ་གཏོགས་ཡེ་ཤེས་ཀྱི་སྤྱན་བོར་བ། ཁྲོ་དབུ་དེ་ལ་འབྲུག་ཁྱུང་རྟ་དབུ་མེད་པ། ཡན་ལག་ལ་སྤྲུལ་རིགས་ཀྱི་དོ་ཤལ་མེད་པ། སྐུ་རྒྱབ་ལ་ཁྱུང་གཤོག་དྲུག་ཕར་ཞོག་ཆ་གཅིག་ཀྱང་མེད་པ། ཡུམ་ཤམ་ཐབས་མེད་པ་གཅེར་བུ། ཕྱག་ན་མཚོན་ཆ་གཅིག་ཀྱང་མེད་པ་ཞིག་བཞེངས་འདུག་ལ། དེ་ལས་ཀྱང་བློར་མི་བདེ་ཞིག་ནི་ཁྲོ་བོའི་ཕྱག་གཡས་སུ་སྟོན་པའི་དབུ་བཅད་པ་ལྟ་བུ་ཞིག་བཞག་ཡོད་པ་རེད། འདི་འདྲའི་བཀོད་འདོན་མཁན་དང་རང་རློམ་ཅན་དེ་སུ་ཡིན་པ་དང་མི་དེའི་དམིགས་ཡུལ་ཅི་ཡིན་ནམ། མ་གཞིར་དེང་དུས་བླ་སྤྲུལ་ཆུང་ཆུང་ཕལ་ཆེ་བ་དཔེ་ཆ་དཔར་སྐྲུན་དང་བོད་ཆོས་རྒྱ་བསྒྱུར་གྱི་ལོ་ཙྰ་བྱས་ཏེ་བསྟན་དོན་ཡིན་ཁུལ་གྱིས་རྒྱུ་གསོགས་པར་ཧ་ཅང་དགའ་པོ་འདུག ལས་དོན་འདིའི་རིགས་ནི་རང་ཕྱོགས་ཕུང་བའི་རྒྱུ་ལས་མ་འདས་པས་གོང་གི་གནས་ཚུལ་འདི་ལ་ཡིག་ལན་གང་རུང་ནས་རྒྱུ་མཚན་གསལ་བཤད་ཡོད་རག་བར་དུ་བློ་ཧ་ཅང་མི་བདེ་ལ་བྱ་སྤྱོད་འདི་རིགས་ལ་ཡིད་ཕམ་ཡོད།

  7 སྲུང་མ་འདི་ནི་དཔེ་རྙིང་ཁ་ཤས་སུ་བཙད་པོའི་དུས་ཀྱི་སྒྲ་བླ་ཡིན་པ། སྐྱེས་བུ་ཆེན་པོའི་བསྐུལ་བ་ལས། བཙད་པོས་གསོལ་མཆོད་ཁྱེད་ལ་བྱས། །ཁྱེད་ཀྱི་སྡོང་གྲོགས་རྗེ་ལ་མཛོད། །མིང་ཡང་བཙད་པོའི་སྒྲ་བླ་སྟེ། །རྗེ་ཡི་འགུར་ལྷ་ད་ཚུར་སྦྱོན། །རྫུ་འཕྲུལ་ཆེ་བ་ར་ལ་ཞོན། །ཅིར་ཡང་རྫུ་འཕྲུལ་ར་ལ་དགྱེས། །ཞེས་གསུངས་པ་བཞིན་ར་ལ་དགྱེས་ཤིང་རྫུ་འཕྲུལ་མྱུར་བའི་དམ་ཅན་རིགས་ཀྱི་རྒྱལ་པོ་ལྟ་བུ་དང་བཙད་པོའི་མཆོད་པའི་ལྷ་ཡིན་པས་གནམ་ལྷ་རྒྱལ་པོ་ཞེས་འབོད་པ་དེ་ཉིད་ཡིན། རྩེ་ཞིག་སྔགས་བཙུན་བསོད་ནམས་གཡུང་དྲུང་དབང་རྒྱལ་གྱི་མཛད་པའི་ཚོགས་མཆོད་ཡིད་བཞིན་ནོར་བུ་འདོད་དགུའི་གཏེར་ཆེན་ཏུ་དམ་ཅན་སྐྱེས་བུ་གནམ་ལྷ་དཀར་པོ་ཞེས་འབྱུང་བ་རེད། རེབ་གོང་དང་མཚོ་ལྷོ་ས་ཆའི་བོན་སྡེ་ཁག་ཏུ་ལྷ་འདི་ལ་བསྟེན་གསོལ་བྱེད་པ་མ་ཟད། དམག་ལ་འགྲོ་ན་དམག་དཔོན་བྱེད་པ་ཞེས་གསུང་པ་བཞིན་དུ་གོ་ཐོས་སུ་སྡེ་བ་གཞན་ཏུ་རྩོད་ཉོག་གིས་དམག་ལ་འགྲོ་དགོས་བྱུང་ན་སྲུང་མ་འདི་ཉིད་ཀྱི་ཞལ་ཐང་མདུང་ལ་སོགས་ལ་བཏགས་ནས་སྣེ་ཁྲིད་པའི་ཁྱེར་ནས་འགྲོ་བར་བཤད། འདི་ལ་རྩེ་ཞིག་རྒྱལ་བ་ཚུལ་ཁྲིམས་དང་བོན་བརྒྱ་གཡུང་དྲུང་ཕུན་ཚོགས་དང་བོན་བརྒྱ་ནམ་མཁའ་རྒྱལ་མཚན། མཁས་གྲུབ་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོ། སྔགས་འཆང་ལྕགས་པོ་རྒྱལ་སོགས་རིག་འཛིན་གོང་མ་རྣམས་ཀྱིས་འཕྲིན་བཅོལ་དང་བསྐང་གསོལ་གང་མང་མཛད་ཡོད་པ་ལ་གཞིགས་ན་སྲུང་མ་འདི་ནི་སྔ་འགྱུར་བོན་གྱི་ཐུན་མོང་མ་ཡིན་པའི་ལྷ་ཞིག་ཡིན་པ་ཤེས་ཀྱང་། ཡིད་ཕངས་པ་ཞིག་ལ་ཐོས་ཉུང་མགོ་སྟོང་ཅན་ལ་ལས་ལྷ་འདི་གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ་ཞེས་པའི་དཔེ་ཆར་མིང་ཙམ་ཡང་གླེང་མེད་པ་ནི་ཁྱོད་ཚོས་ལྷ་དང་སྲུང་མ་གཡུང་དྲུང་བོན་གྱི་ལྷ་ཚོགས་ལས་ཕུད་པ་ཡིན་ནམ་ཡང་ན་ལྷ་ཚོགས་ཡང་ཁ་ངོ་ཡིས་གདམས་བཀོད་བྱེད་ཀྱིན་ཡོད། འདི་འདྲའི་སྙིང་མཁན་ཅན་དཔེ་སྐྲུན་ཚན་ཁག་དང་གཙོ་སྒྲུབ་མི་སྣ་བླ་སྤྲུལ་མཁས་པའི་མིང་ཐོབ་སུ་ཡིན་རུང་། རང་གི་ལས་པའི་བྱ་བར་འགན་ཁུར་ཏེ་རེབ་གོང་བོན་མང་གཙོ་བྱས་པའི་ལྷ་སྡེ་མི་སྡེ་ལ་དགོངས་གསོལ་དང་གསལ་བཤད་བྱས་ན་རེད།

  8 རྗེའི་རྣམ་ཐར་༼ངོ་མཚར་པད་མོའི་ཕྲེང་བ་རུ་གསལ། ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་རྗེའི་བཀའ་འབུམ་མདོ་སྨད་འདུས་སྡེ་ཆེན་པོ་སྣང་ཞིག་དགོན་ཆེན་གྱི་མཁྱེན་ཡངས་ཚུལ་ཁྲིམས་ཀྱིས་བཤད་སྒྲུབ་སློབ་གླིང་གི་བསླབ་གཞི་ལ་དམིགས་ཏེ་དཔར་བ་པོད་བཅུ་ཡོད་པ་དེའི་དཔེ་སྐྲུན་གསལ་བཤད༢༠༡༦ལོའི་ཟླ་༩་པའི་ཚེས་༡༩་ཉིན་སྤོས་ལྡན་གྲོང་ནས་སྦྱར་བ་ཡིན་ཟེར་བ་དེར་གོང་གི་གསུངས་འདི་དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་གསུངས་པར་བཤད་པ་ནི་ཁོ་རྒྱུན་དུ་ཞིབ་ཚགས་མིན་པའི་རྟགས་མཚན་ལས་མ་འདས། དེ་ལྟར་མིན་ན་ཁོ་གཞན་དུ་ཅུང་ཟད་ནོར་དགོས་པ་ཡིན་སྲིད་མོད་རྗེའི་བཀའ་འབུམ་དཔེ་སྐྲུན་གསལ་བཤད་བྱེད་སྐབས་ཀྱང་དེ་འདྲའི་ཐུགས་སྣང་མི་མཛད་པ་ནི་ཡིད་སྐྱོ་བའི་གནས་ཤིག་རེད།

  9 རྣམ་ཐར་གནའ་བོའི་ཞལ་ལུང་དུ་མཚན་ལྡན་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ། ཞེས་འབྱུང་།

  10 ༼རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་ཐར་ངོ་མཚར་པད་མོའི་ཕྲེང་བ། ༽ ༼ སྐུ་འདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་། ༽༼རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན། ༽གསུམ་ཡིན།

  11 <<རྗེ་སྨན་རི་བ་ཆེན་པོའི་གསུང་འབུམ>> མཉམ་མེད་སྨན་རི་བ་ཤེས་རབ་རྒྱལ་མཚན། སྣང་ཞིག་དགོན་བཤད་སྒྲུབ་འདུས་སྡེས་བསྒྲིགས་རྩོམ་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

  12 <<རྒྱལ་བ་གཉིས་པ་སྨན་རི་བ་ཆེན་པོའི་བཀའ་འབུམ་བཞུགས་སོ>> མཉམ་མེད་སྨན་རི་བ་ཤེས་རབ་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོར་དཔར། ཀླུ་དགོན་བཤད་སྒྲུབ་འདུས་སྡེས་བསྒྲིགས་རྩོམ་བྱས། སྨན་རིའི་ཁྲི་འཛིན་སོ་གསུམ་པས་ཕྱག་ཡིག་ཅིག་བསྩལ་ཡོད།

  13 <<གཡུང་དྲུང་བོན་གྱི་ཞལ་འདོན་ཕྱོགས་སྒྲིགས>>ཤོག་ངོས་༥༠སྟེང་གི་གཞུང་དོན་གྱི་ཐིག་ཕྲེང་༡་ལ་གསལ།

  14 <<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས>> རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྒྲིག་རྩོམ་པ། ཨ་སྔགས་ཚེ་རིང་བཀྲ་ཤིས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས༤བར་གསལ།

  15 <<སྨྲ་དབང་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་གསུང་འབུམ་བཞུགས་སོ>>པོད་གཉིས་པ། ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་སྒྲིག་པ། བསོད་ལོ། ༢༠༢༡ལོའི་ཟླ་༥པའི་དེབ་གཟུགས་ཤོག་ངོས་༢༢ན་གསལ།

  16 <<གཤེན་ཉི་མ་རྒྱལ་མཚན་གྱི་གསུངས་འབུམ་བཞུགས་སོ>>པོད་དང་པོ། དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་སྒྲིག་པ། བསོད་ལོ། ༢༠༢༡ལོའི་ཟླ་༣པའི་དེབ་གཟུགས་ཤོག་ངོས་༡༠༢པར་གསལ།

  17 <<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས>> རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྒྲིག་རྩོམ་པ། ཨ་སྔགས་ཚེ་རིང་བཀྲ་ཤིས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས༡༨ཐིག་ཕྲེང་༡༡བར་གསལ།

  18 << གཤེན་ཉི་མ་རྒྱལ་མཚན་གྱི་གསུངས་འབུམ་བཞུགས་སོ>>པོད་དང་པོ། གོང་མཚུངས། ཤོག་ངོས་༡༧ཐིག་ཕྲེང་༡པར་གསལ། །

  19 གོང་མཚུངས། ཤོག་ངོས་༡༦ཐིག་ཕྲེང་༡༩པར་གསལ།

  20 << གཤེན་ཉི་མ་རྒྱལ་མཚན་གྱི་གསུངས་འབུམ་བཞུགས་སོ>>པོད་དང་པོ། གོང་མཚུངས། ཤོག་ངོས་༡༦ཐིག་ཕྲེང་༢༠པར་གསལ།

  21 གཤེན་ཉི་མས་རི་རྒྱལ་དགོན་རྩེར་སྤྲུལ་བའི་གཙུག་ལག་ཁང་ཆེན་མོ་དང་། བླ་བྲང་སྤེའུ་གཉིས་བཅས་ནོར་བུ་རྩེ་གསུམ་གྱི་ཚུལ་དུ་བཞེངས་པས་རྣམ་ཐར་དུ་རི་རྒྱལ་རྩེ་ཞེས་འབྱུང་།

  22 ཞང་ཞུང་སྐད་དེ། སྤུར་རྒྱལ་བོད་ཀྱི་སྐད་དུ་ཤེས་རབ་རྒྱལ་མཚན།

  23 <<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས>> རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྒྲིག་རྩོམ་པ། ཨ་སྔགས་ཚེ་རིང་བཀྲ་ཤིས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས་༣༤ཐིག་ཕྲེང་༢པར་གསལ།

  24 རྗེ་ཙོང་ཁ་བའི་རྒྱལ་ཚབ་རིན་བྱོན་རྣམས་ལ་ཞུ་ཞིང་ད་བར་དགའ་ལྡན་ཁྲི་རབས་༡༠༣པ་བློ་བཟང་བསྟན་འཛིན་རིན་པོ་ཆེ་ཕེབས་ཡོད།

  25 <<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ>> སྐལ་བཟང་བཀྲ་ཤིས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ལོའི་དེབ་གཟུགས་ཤོག་ངོས་༣༢༢ཐིག་ཕྲེང་༡༤པར་གསལ།

  26 སྨན་རིའི་མཁན་ཆེན་ཉི་རི་ཤེལ་བཞིན་གྱིས་མཛད།

  27 <<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས>> རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྒྲིག་རྩོམ་པ། ཨ་སྔགས་ཚེ་རིང་བཀྲ་ཤིས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས་༡༡༡པའི་ཐིག་ཕྲེང་༩ནས་༡༤བར་དུ་གསལ།

  28 ཞྭ་དཀར་རང་ལུགས་འཛིན་པའི་བོན་པོ་ཡོངས་ལ་གོ དེང་སྐབས་ཞིབ་འཇུག་ཁས་ཆེན་ཡིན་ཟེར་མཁན་ཁ་ཤས་ཀྱིས་བོན་གྱི་བསྟན་པ་ལ་ཕྱོགས་གཉིས་བཟོ་ཀྱིན་པའི་སྣང་ཚུལ་འདུག་ཀྱང་། བོན་བསྟན་གྱི་བདག་པོ་ལྟ་བུར་གྱུར་བ་ནི་རྗེ་སྨན་རི་པའི་རྒྱལ་ཚབ་རིམ་བྱོན་ཡིན།

  29 <<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས>> རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྒྲིག་རྩོམ་པ། ཨ་སྔགས་ཚེ་རིང་བཀྲ་ཤིས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས་༡༠༩ཐིག་ཕྲེང་༥པར་གསལ།

  30 <<གཤེན་ཉི་མ་རྒྱལ་མཚན་གྱི་གསུངས་འབུམ་བཞུགས་སོ>>པོད་དང་པོ། དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་སྒྲིག་པ། བསོད་ལོ། ༢༠༢༡ལོའི་ཟླ་༣པའི་དེབ་གཟུགས་ཤོག་ངོས་༡༥པའི་ཐིག་ཕྲེང་༡༤པར་གསལ།

  31 ཆོས་རྗེ་བོན་བརྒྱ་བ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོས་མཛད།

  32 <<མེས་པོའི་ཤུལ་བཞག་ལས། ཀློང་ཆེན་རབ་འབྱམས་ཀྱི་གསུང་འབུམ>>འཕྲུལ་གཟུགས་པོད་༢༦པའི་ཤོག་ངོས་༢༤༩ ཐིག་ཕྲེང་༩བར་གསལ།

  33 རིང་བརྒྱུད་ལ་ཞང་ཞུང་སྙན་བརྒྱུད་དུ་རིང་བརྒྱུད་མུ་ཆགས་སུ་བརྒྱུད་པ་ཞེས་ཟེར། འཕྲུལ་གཟུགས་ཤོག་ངོས་༣པའི་ཐིག་ཕྲེང་༢༣ལ་གསལ།

  34 ཉེ་བརྒྱུད་ལ་ཞང་ཞུང་སྙན་བརྒྱུད་དུ་ཉེ་བརྒྱུད་ཐོག་བབས་སུ་བརྒྱུད་པ་ཞེས་འཕྲུལ་གཟུགས་ཤོག་ངོས་༣པའི་ཐིག་ཕྲེང་༢༣ལ་གསལ།

  35 <<གཤེན་ཉི་མ་རྒྱལ་མཚན་གྱི་གསུངས་འབུམ་བཞུགས་སོ>>པོད་དང་པོ། དམུ་གཤེན་ཉི་མ་རྒྱལ་མཚན་གྱིས་མཛད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་སྒྲིག་པ། བསོད་ལོ། ༢༠༢༡ལོའི་ཟླ་༣པའི་དེབ་གཟུགས་ཤོག་ངོས་༡༦པའི་ཐིག་ཕྲེང་༥པར་གསལ།

  36 <<མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཕྱོགས་བསྒྲིགས>> རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྒྲིག་རྩོམ་པ། ཨ་སྔགས་ཚེ་རིང་བཀྲ་ཤིས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས་༡༨ཐིག་ཕྲེང་༧པར་གསལ།

  37 གོང་མཚུངས། <<གཤེན་ཉི་མ་རྒྱལ་མཚན་གྱི་གསུངས་འབུམ་བཞུགས་སོ>>པོད་དང་པོ་ལས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས་༡༦ཐིག་ཕྲེང་༡༧པར་གསལ།

  38 གོང་མཚུངས། <<གཤེན་ཉི་མ་རྒྱལ་མཚན་གྱི་གསུངས་འབུམ་བཞུགས་སོ>>པོད་དང་པོ་ལས། ༢༠༠༤ལོའི་དེབ་གཟུགས་ཤོག་ངོས་༡༦ཐིག་ཕྲེང་༡༨པར་གསལ།

  39 བོན་སྐུ། རྫོགས་སྐུ། སྤྲུལ་སྐུ།

  40 ༡.གསང་བ་འདུས་བ། ༢.སྟག་ལ་མེ་འབར། ༣.ཡོངས་སུ་དག་པ། ༤.མི་ལུས་བསམ་ལེགས། ༥.ཡེ་ཤེས་སྙིང་པོ། ༦.སྣང་བ་མདོག་ཅན་དང་དྲུག

  41 ༡.རྒྱལ་བོ་མུ་ཁྲི་བཙད་པོ། ༢.མོ་བོན་ཧ་ར་ཅི་པར། ༼བོད་སྐད་དུ་ཡེ་ཤེས་བླ་མ། ༽ ༣.བོན་མོ་སྟག་ཝེར་ལི་ཝེར། ༼བོད་སྐད་དུ། སྟག་ཟ་ཀླུ་རྒྱལ། ༽༤.ཞང་ཞུང་ཨ་ནུ་འཕྲག་ཐག ༥.ཞང་ཞུང་སད་ནེ་གེའུ། ༦.དད་མི་ཐད་ཀེ། ༧.ཤད་བུ་ར་ཁུག ༨.རྒྱ་བོན་ཟིང་བ་མཐུ་ཆེན། ༩.སྤེ་བོན་ཐོག་རྩེ། ༡༠.སྤེ་བོན་ཐོག་འཕྲུལ། ༡༡.ཧྲིང་ནི་མུ་ཏིང་། ༡༢.སུམ་པ་དབུ་དཀར། ༡༣.གླང་མུ་ཝེར་དང་བཅུ་གསུམ་ཡིན་པ་མཁན་ཉི་མའི་རང་རྣམ་དུ་གསུངས་སོ། །

  42 ༡.ཞང་ཞུང་དུ་མཁས་པ་སྟོང་རྒྱུང་མཐུ་ཆེན། ༢.བོད་དུ་མཁས་པ་སེ་བོན་ཤ་རི་དབུ་ཆེན། ༣.ལྡེ་བོན་གྱིམ་ཚ་རྨ་ཆུང་། ༤.མེ་ཉག་ལྕེ་ཚ་མཁར་བུ་དང་བཞི།

  43 ༡.དྲན་པ་ནམ་མཁའ། ༢.རྟག་གཟིགས་ཟ་རང་མེ་འབར། ༣.སུམ་པ་མུ་སྤུངས་གསལ་ཏང་། ༤.ཞང་ཞུང་ཧྲིས་པ་པ་གྱེར་མེད། ༥.རྗེ་ལྷ་སྒོམ། ༦.བློན་ཆེན་ར་སངས་ཁོད་རམ། ༧.སྟོང་དམུ་ཚ་གྱེར་མེད། ༨.ཞང་ཟླ་བ་རྒྱལ་མཚན་དང་བརྒྱད།

  44 ༡.གཤེན་ཆེན་ཀླུ་དགའ། ༢.གྱེར་མི་ཉི་མ་འོད་ཟེར། ༣.རྨ་སྟོན་སྲོལ་འཛིན། ༤.དབྱིལ་སྟོན་དཔོན་གསས་ཁྱུང་རྒོད་རྩལ།

  45 ༡.བྲུ་ཆེན་ནམ་མཁའ་གཡུང་དྲུང་། ༢.དབང་ལྡན་ཞུ་གཡས་ལེགས་པོ། ༣.སྤ་སྟོན་དཔལ་མཆོག་རྒྱལ་བ། ༤.རྨེའུ་སྟོན་ལྷ་རི་གཉེན་པོ།

  16 འདོད་ཆགས། ཞེ་སྡང་། གཏི་མུག

  47 འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག

  48 འདོད་ཁམས་ཉོན་མོངས་ཆེ་བའི་ས་དང་པོ་དང་དེའི་སྟེང་ལ་གཟུགས་ཁམས་ཉོན་མོངས་ཆུང་བའི་བསམ་གཏན་རིགས་བཞིའི་ས་བཞི་དེའི་སྟེང་ལ་གཟུགས་མེད་ཉོན་མོངས་སྲབ་པའི་གཟུགས་མེད་སྐྱེ་མཆེད་མུ་བཞི་བྱས་པའི་ས་དགུ་ཡིན་ཞེས་ཀུན་མཁྱེན་ཉི་མའི་འགྲེལ་བར་གསུངས་ཡོད།

  49 རྣམ་ཐར་ཁག་ལས་ཡེ་ཤེས་ལྷ་དང་བོན་སྐྱོང་སྲིད་པ་རྒྱལ་མོ་སོགས་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཞལ་གཟིགས་བྱུང་བར་གསུངས།

  50 ཀུན་མཁྱེན་ཤར་རྫ་བའི་དངོས་སློབ་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད།

  51 <<དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་པར་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་བཞུགས་སོ>> མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་སྐྲུན། ༢༠༡༢ལོའི་དེབ་གཟུགས་ཤོག་གྲངས་༣༣༠ཡི་ཐིག་ཕྲེང་༡༨པར་གསལ།

  52 རྗེ་སྨན་རི་བ་ཆེན་པོའི་རྒྱལ་ཚབ་སོ་གསུམ་པ་༡༩༢༩ལོའི་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་མདོ་སྨད་ཤར་ཁོག་ཏུ་འཁྲུངས་ཤིང་། ༡༩༦༠ལོར་རྒྱ་གར་དུ་ཕེབས། དགུང་གྲངས་སོ་ལྔའི་ཐོག་མ་སུ་རིའིMussoorrie་སློབ་གྲྭར་དགེ་རྒན་ཆེན་མོ་མཛད། དགུང་གྲངས་དོན་དགུ་པ༢༠༠༧ལོར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་ཆེན་མོ་བཞེངས་ཤིང་རྒྱལ་སྲས་ཕྱག་ན་མི་ཡི་གར་རོལ་མཆོག་རབ་གནས་དབུ་འབྱེད་ཀྱི་མཛད་སྒོའི་ཚོགས་མགོན་དུ་གདན་འདྲེན་བྱས། དགུང་གྲངས་གྱ་བརྒྱད་བཞེས་པ་༢༠༡༦ལོར་ཨ་རིའི་ནོའུ་ཡོག་ཏུ་ཕེབས་ནས་དད་ལྡན་ལ་རྫོགས་ཆེན་གྱི་བཀའ་ཁྲིད་གནང་། ༡༠༡༧ལོའི་ཟླ་༤པའི་ཚེས་༣ཉིན་བོན་གྱི་གདན་ས་ཆེན་མོ་ཕྱེས་གྱི་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་༧གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་དབུ་བརྙེས་ནས་མི་ལོ་༣༩འཁོར་བའི་དུས་ཆེན་མཛད་སྒོ་གཙོ་སྐྱོང་གནང་། དགུང་གྲངས་གྱ་དགུ་བ༢༠༡༧ལོའི་ཟླ་ད་༩བའི་ཚེས་༡༤ཉིན་རྒྱ་གར་སྨན་རི་དགོན་དུ་སྐུ་གཤེགས།

  53 འགྲེལ་བ་ལས། གསུང་འབུམ་པོད་གཉིས་པའི་ཤོག་ངོས་༢༣གྱི་ཐིག་ཕྲེང་༥བར་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།