པཎ་ཆེན་སྐུ་ཕྲེང་དང་བོན་པོ།
[ཟླ་ཚེས། 2025-01-25 09:19:18][རྩོམ་པ་པོ། ཏཱ་དབེན་ཤེར་དབང་།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
(ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་མོའི་རྗེས་དྲན་དུ་བྲིས།)
1
དུས་རབས་བཅུ་བཞི་པའི་ནང་ཤར་ཕྱོགས་རྒྱལ་མོ་རོང་དང་མདོ་སྨད་ཙོང་ཁའི་ཡུལ་ནས། བོད་གངས་ཅན་གྱི་ལྗོངས་ཆེན་པོའི་ཤེས་རིག་ལ་འོད་མདངས་གཞན་བས་བླ་མེད་ཅིག་སྐྲུན་མྱོང་བའི་སྐྱེས་བུ་ཆེན་པོ་གཉིས་ཡུལ་དབུས་གཙང་དུ་སློབ་གཉེར་ལ་ཕེབས། སྐྱེས་བུ་དེ་གཉིས་ཀྱི་མཚན་ལ་མགོ་ནག་བོད་པ་དག་གིས་མཉམ་མེད་ཤེས་རབ་རྒྱལ་མཚན་དང་ཙོང་ཁ་པ་བློ་བཟང་གྲགས་པ་ཞེས་འབོད། ཁོང་གཉིས་ཀྱིས་ཕྱག་བཏབས་མཛད་པའི་དགོན་པ་ལ་སྨན་རི་དགོན་དང་དགའ་ལྡན་དགོན་ཞེས་དང་། རྗེས་འཇུག་བསྟན་འཛིན་སྐྱེས་བུ་ལ་སྨན་རི་བ་དང་དགེ་ལྡན་པ་ཞེས་གྲགས། ཁོང་རྣམ་གཉིས་ལ་སྐབས་རེར་རྗེ་རིན་པོ་ཆེ་ཞེས་ཀྱང་གསོལ་བས་རྗེས་འཇུག་སྤུན་ཟླ་རྣམས་ཀྱིས་རྗེ་རིན་པོ་ཆེ་ཞེས་ཐོས་མ་ཐག་ཏུ། དགེ་ལྡན་པ་རྣམས་ཀྱི་བློ་ངོར་རྗེ་ཙོང་ཁའི་དོན་སྤྱི་ཤར་ཞིང་སྨན་རི་བ་རྣམས་ཀྱི་ངོར་མཉམ་མེད་པའི་དོན་སྤྱི་ཤར་སྲིད།
མཉམ་མེད་པ་ནི་ཤར་རྒྱལ་མོ་རོང་ནས་སྤྱི་ལོ1372ལོར་རྐང་གོམ་པས་ས་དོག་མོ་འདོམ་ལ་འཇལ་ཏེ་དབུས་གཙང་གི་ཕྱོགས་སུ་ཕེབས་ཤིང་། སྐབས་དེར་དགུང་ལོ་བཅུ་བདུན་ཙམ་ཡིན་པར་འདུག རྗེ་ཙོང་ཁ་པ་ཡང་སྤྱི་ལོ1374ལོར་ཙོང་ཁའི་ཡུལ་ནས་དབུས་གཙང་གི་ཕྱོགས་སུ་ཕེབས་པས་སྐབས་དེར་དགུང་ལོ་བཅོ་བརྒྱད་ཡིན། ཁོང་རྣམ་གཉིས་ཕ་ཡུལ་དང་ཕ་ཡུལ་ནས་ཐོན་དུས་སོགས་མི་འདྲ་ན་ཡང་། དབུས་གཙང་གི་གདན་ས་གྲགས་ཅན་ར་སྟོད་བདེ་བ་ཅན་དང་། བོད་ཀྱི་ནཱ་ལེན་དྲ་གསང་ཕུ་ནེའུ་ཐོག་སོགས་སུ་སློབ་གཉེར་མཉམ་དུ་མཛད་མྱོང་བ་ཚོད་དཔག་བྱེད་ཆོག ཡིན་ན་ཡང་ཁོང་གཉིས་ཀྱི་རྣམ་ཐར་ཇི་སྙེད་ཅིག་མཆིས་པ་དག་ལས་དངོས་སུ་ཐེངས་གཅིག་ཙམ་ལས་འཕྲད་མྱོང་མེད་པའི་བཟོ་འདྲ་བསྟན་མོད། དོན་དུ་ཐེངས་མང་འཕྲད་པ་མ་ཟད་སློབ་གཉེར་དགོན་སྡེ་གཅིག་ལ་བགྱིས་མྱོང་ཡོད་པའང་སྐབས་དེའི་རིག་གནས་སློབ་གཉེར་གྱི་གནས་སྟངས་དང་རྣམ་ཐར་གྱི་གསེང་བར་ནས་མཐོང་ཐུབ།
ཁོང་གཉིས་ཐེངས་གཅིག་ཙམ་འཕྲད་པའི་སྐབས་དེར་བགྲོ་གླེང་ལྷུག་པོ་བྱུང་བ་འབྲེལ་ཡོད་ཡིག་ཆ་ཁག་ལས་གསལ་ཞིང་། འཕྲད་ས་ནི་གཙང་ཆུའི་འགྲམ་ངོགས(1)ཤིག་ཏུ་ཡིན་ངེས། ཁོང་གཉིས་ལ་མཚོན་ན་མདོ་སྔགས་རིག་གནས་གང་ལ་བགྲོ་གླེང་མཛད་ན་ཤུན་ཐོགས་མེད་ཀྱང། སྐབས་བབས་ཉག་ཕྲ་བའི་གནས་སུ་གྱར་ཡོད་པ་ནི་ཕྱི་སྤང་ལམ་འདུལ་བའི་བསླབ་བྱ་ཉམས་སུ་ལེན་མཁན་ཆགས་ཡོད་པས། འདུལ་བའི་སློབ་གསོ་ཉམས་གསོ་དང་དར་སྤེལ་དགོས་ཚུལ་གླེང་མོལ་མཛད་པ་མ་ཟད། སླད་ཕྱིན་གཅིག་ཕན་གཅིག་གྲོགས་མཛད་ནས་བསྟན་པ་ལ་ཞབས་ཕྱི་སྒྲུབ་པར་ཐུགས་དགོངས་གཅིག་ཏུ་འདྲེས་ཞེས་བརྗོད།
2
ཕྱིས་སུ་ཁོང་གཉིས་ཀྱི་དམ་བཅའ་དེ་ཡང་ཏག་ཏག་ཕྱོགས་གཉིས་ཀྱི་སློབ་རྒྱུད་རྣམ་པས་བརྩི་སྲུང་བྱས་ཡོད། དེ་ཡང་མཉམ་མེད་ཤེས་རབ་རྒྱལ་མཚན་ལ་སློབ་མ་བརྒྱ་ཕྲག་ཡོད་པ་ལས་ཁོང་དང་འགྲོགས་ཆེ་ཤོས་ནི། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་མངའ་རིས་བསོད་ནམས་རྒྱལ་མཚན་གཉིས་ཡིན་ལ། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་ནི་རྗེས་སུ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཁྲི་འཛིན་ཏེ། སྨན་རིའི་ཁྲི་འཛིན་དུ་བསྐོས་ཤིང་། རྗེ་ཙོང་ཁ་པའི་སློབ་མ་ཡང་བརྒྱ་ཕྲག་དུ་མ་ཕེབས་པ་ལས་ཁོང་གིས་ཐུགས་མཉེས་ཤོས་སམ། ཆེས་འབུར་དུ་ཐོན་པ་ནི་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ཡིན། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་རིག་ལམ་དང་སྐུ་ཡོན་སྐབས་དེར་སྐད་གྲགས་ཤིན་ཏུ་ཆེ་སྟེ། རྗེ་ཙོང་ཁ་པའི་ཆེ་བ་བརྗོད་སྐབས། ཙོང་ཁ་པ་སྐུ་སྐྱེ་བ་བཞེས་དོན་མདོར་དེད་ན་གང་ཟག་གཅིག་དང་བསྟན་བཅོས་གཅིག་གི་ཆེད་དུ་ཡིན་ཟེར། བསྟན་བཅོས་ནི«སྔགས་རིམ་ཆེན་མོ»དང་། གང་ཟག་གཅིག་ནི་མཁས་གྲུབ་དགེ་ལེགས་དཔལ་བཟང་ཡིན་སྐད། གང་ཞེ་ན། གལ་ཏེ་རྗེ་ཙོང་པ་གངས་ཅན་ལྗོངས་སུ་མ་འཁྲུངས་ན་མཁས་གྲུབ་དགེ་ལེགས་ཀྱིས་རང་གི་རྣམ་དཔྱོད་ཀྱིས་སྐྲུན་པའི་གྲུབ་མཐའ་གསར་པ་ཞིག་གི་སྲོལ་ཕྱེ་ནས། བོད་ཀྱི་ནང་པའི་བསྟན་པ་ཡོད་ཚད་རེ་ཞིག་ངལ་གསོའི་གནས་ལ་སྐྱེལ་སྲིད་པའི་ངེས་པ་ཆེ་བར་བསྙད།
གཏམ་འདི་བདེན་ཡང་སྲིད་དེ། དེང་དུས་མཇལ་ཡུལ་དུ་གྱུར་པ་ཁོང་གི་གསུང་འབུམ་པོ་ཏི་བམ་མཐུག་པོ་ཅན་བཅུ་གྲངས་ཤིག་མཆིས་པ་ལས་ཁོ་བོས་ཁ་ཤས་མཇལ་བའི་སྐལ་པ་ཐོབ་ཅིང་། ཁོང་གི་རྣམ་དཔྱོད་ཀྱི་ཤེས་རབ་དང་ཐོས་པ་ལ་ངོ་མཚར་བ་མ་ཟད་རྩོམ་རྩལ་ལ་དེ་བས་སྤྲོ་བ་བསྐྱེད་མྱོང་། མི་རྣམས་ཀྱིས་ཁོང་ལ་པཎྜི་ཏ་ཆེན་པོའི་མཚན་སྙན་གྱི་བླ་དག་གསོལ་ཞིང་། ཁོང་གི་སྐུ་སྐྱེ་བསོད་ནམས་ཕྱོགས་ཀྱི་གླང་པོ་ལ་པཎ་ཆེན་སྐུ་ཕྲེང་གཉིས་པ་ཞེས་བཏགས་པ་ནས། ལོ་རྒྱུས་ཁྲོད་པཎ་ཆེན་སྐུ་ཕྲེང་རིམ་བྱོན་བྱུང་བ་ཡིན།
3
མཁས་གྲུབ་རྗེ་འདི་ཉིད་ནི་པཎ་ཆེན་སྐུ་ཕྲེང་དང་པོ་ཡིན་ཅིང་། ཁོང་གི་སྐུ་ཕྲེང་ད་ལྟའི་བར་དུ་བཅུ་གཅིག་ཕེབས་ཟིན་པ་ལས། སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་སྤྱི་ལོ1663ལོར། བོན་གྱི་གདན་ས་གྲགས་ཅན་གཡས་རུ་དབེན་ས་ཁའི་བསྟན་བདག་བྲུ་ཚང་གི་གདུང་ལས། ཡབ་བསོད་ནམས་གྲགས་དང་ཡུམ་ཚེ་བརྟན་བུ་ཁྲིད་གཉིས་ཀྱི་སྲས་འཁྲུངས(2)། ཁོང་གི་སྐུ་གོང་མ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི། རྒྱལ་དབང་ལྔ་པ་ཆེན་མོའི་དགེ་བའི་བཤེས་གཉེན་ཡིན་པ་མ་ཟད། སྐབས་དེར་དགེ་ལུགས་སྤྱི་ཡི་བསྟན་པའི་བདག་པོ་ཡང་ཡིན་པར་བཤད་པས། པཎ་ཆེན་བློ་བཟང་ཡེ་ཤེས་ཡང་སྤྲུལ་དུ་ངོས་འཛིན་བྱེད་མཁན་ནི་རྒྱལ་དབང་ལྔ་པ་ཆེན་མོ་ཁོང་ཡིན་པར་འདུག
སྤྱིར་བཏང་བྱས་ན“ནམ་རྒྱུན་དུ་མི་ཁྱིམ་ཞིག་ཏུ་དགེ་ལུགས་པའི་སྤྲུལ་སྐུ་འཁྲུངས་ན་མི་ཁྱིམ་དེའི་མི་དང་ཡུལ་འཁོར་ཚང་མ་སྤྲུལ་སྐུའི་དགོན་པས་གཞུང་བཞེས་བྱེད་སྲོལ་ཡོད་ན་ཡང་། འདི་སྐབས་སུ་བྲུ་ཚང་གི་གདུང་བརྒྱུད་རང་གནས་སུ་བཞག་སྟེ་བདག་རྐྱེན་མཛད”(3)ཅེས་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གསུང་འདུག་པ་ལྟར། རྒྱལ་དབང་ལྔ་པ་ནི་བླ་མ་གཞན་དང་མཁས་པ་ཕལ་དང་མི་འདྲ་བར་ཐུགས་དགོངས་སྒམ་ཞིང་དཀྱེལ་ཡངས་པ་ཡོད་པས། གྲུབ་མཐའ་དང་ཆོས་རྒྱུད་གང་ཡིན་ཡང་ཐུགས་བརྩེ་བ་ཆེན་པོས་མཉམ་པོར་གཟིགས་ཀྱི་ཡོད་ཚུལ་མང་མང་གིས་གླེང་།
གང་ལྟར། སྐབས་དེར་བོན་ལུགས་ཀྱི་བྲུ་ཚང་ཁྱིམ་གཞིས་ནས་པཎ་ཆེན་ཡང་སྲིད་ཅིག་འཁྲུངས་པར། སྲོལ་རྒྱུན་ལམ་ལུགས་ལྟར་ན་བྲུ་ཚང་གི་ཁྱིམ་གཞིས་ཆ་ཚང་གཙང་བཀྲ་ཤིས་ལྷུན་པོ་རུ་གནས་སྤོ་བྱ་རྒྱུ་ཡིན་མོད། ཆོས་རྒྱུད་གྲུབ་མཐའ་ཁ་ཁ་ཡིན་པ་ལ་བསམ་གཞིག་གནང་ནས་བྲུ་ཚང་གཞིས་ཀ་རང་གནས་སུ་བཞག་མཛད་འདུག་པས། འདི་ནི་ཆོས་རྒྱུད་གྲུབ་མཐའི་དད་མོས་ཀྱི་ཁེ་དབང་བརྩི་སྲུང་ཞུས་པ་ཙམ་མ་ཟད། བོན་གྱི་བསྟན་པ་རྒྱུད་འཛིན་དར་སྤེལ་ལ་བླ་མེད་ཀྱི་ཐུགས་བཞེས་གནང་བའང་ཡིན་ཏེ། བྲུ་ཚང་ནི་སྤྱིར་བཏང་གི་ཁྱིམ་རྒྱུད་ཕལ་པ་ཙམ་མ་ཡིན་པར། གཤེན་ཆེན་ཀླུ་དགའ་ནས་རྒྱུད་པའི་བོན་གྱི་བསྟན་བདག་གལ་ཆེན་ཞིག་ཀྱང་ཡིན་པས་སོ། །
4
པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་བོན་ཁྱིམ་གཡས་རུ་བྲུ་ཡི་གཞིས་སུ་འཁྲུངས་པ་མ་ཟད། རྟེན་འབྲེལ་གྱི་གནད་དམ་ལས་དབང་ཞིག་གིས་པཎ་ཆེན་ཐམས་ཅད་མཁྱེན་པའི་སྐུ་ཕྲེང་དྲུག་པ། དཔལ་ལྡན་ཡེ་ཤེས་ཞུ་བ་སྤྱི་ལོ1738ལོར་སྐུ་འཁྲུངས་པ་དེ་ཉིད་ཀྱི་མ་ཡུམ་ཉི་ཟླ་དབང་མོ་ཟེར་བ་དེ་ཉིད་ཀྱང་། བོན་གྱི་གདུང་རྒྱུད་ཆེ་དྲུག་ཏུ་གྲགས་པའི་ནང་ཚན་བྲུ་ཚང་གི་གཞིས་ནས་ཡིན་པར་གྲགས། དེ་ཡང་གོང་དུ་པཎ་ཆེན་སྐུ་ཕྲེང་ནི་རྗེ་ཙོང་ཁ་པའི་དངོས་སློབ་མཆོག་ཏུ་གྱུར་པ་མཁས་གྲུབ་དགེ་ལེགས་ཀྱི་སྐྱེ་ཕྲེང་ཡིན་ལ། རྒྱལ་བ་བྲུ་ཚང་ཡང་རྗེ་མཉམ་མེད་པའི་བསྟན་པ་ཡིན་ཏེ། མཉམ་མེད་བླ་མ་ནི་རྒྱལ་བ་བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁའི་དབུ་རྩེ་དཀར་དམར་གྱི་གདན་ས་འཛིན་མཁན་ཡིན་པ་དང་། དབེན་ས་ཁ་འབྱུང་བའི་འཇིག་པ་འཕྲད་རྗེས་ཁོང་གིས་དགོན་གནས་སྨན་རི་བཟུང་ཡང་རིང་ལུགས་སྔར་བཞིན་བྲུ་ཡི་ལུགས་འཛིན་གྱི་ཡོད། དེར་བརྟེན། རྗེ་རྣམ་གཉིས་དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་པས་སམ་འདི་ལྟར་ཡང་ཡང་འབྲེལ་བ་བྱུང་བ་ནི། རྟེན་འབྲེལ་གྱི་དོད་དུ་གཏམ་རྒྱུད་སྒྲིག་པ་མ་ཡིན་པར་དངོས་བྱུང་གི་ལོ་རྒྱུས་ཡིན།
5
པཎ་ཆེན་སྐུ་ཕྲེང་གོང་མ་གཉིས་འདི་ལྟར་བོན་དང་འབྲེལ་བ་དམ་ཟབ་བྱུང་བས། སྤྱི་ལོ1782ལོར་སྐུ་འཁྲུངས་པའི་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་གིས་ཀྱང་། བོན་གྱི་བསྟན་དགོན་ལ་ཐུགས་བརྩེ་ཟབ་མོས་སྐྱབས་སྦྱིན་མཛད་མྱོང་ལ་མཉམ་མེད་པའི་གདན་ས་འཛིན་མཁན་དང་ཐད་ཀར་འབྲེལ་བ་དམ་ཟབ་བཙུག་ཡོད། དཔེར་ན། སྤྱི་ལོ1813ལོར་ཁམས་ལྷ་ཐོག་ནས་སྐུ་འཁྲུངས་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཁྲི་འཛིན་ཉེར་གསུམ་པ། བོན་གྱི་མཁས་པ་ཆེན་མོ་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་དུ་པཎ་ཆེན་བསྟན་པའི་ཉི་མའི་སྐོར་ལན་གཅིག་ཙམ་མིན་པར་ལན་མང་འཁོད་ཡོད།
དེ་ཡང་ཀུན་མཁྱེན་ཉི་མ་དགུང་ལོ་སོ་བཞིར་བཞེས་པའི་སྐབས་ཏེ། སྤྱི་ལོ1846ལོར་དེང་དུས་བོད་ལྗོངས་སྦྲ་ཆེན་རྫོང་ཁོངས་ཀྱི་དགོན་པ་ཆེ་ཤོས་སམ། སྐབས་དེར་གདན་ས་སྨན་རིའི་བསྟན་སྦྱིན་ཧོར་སྤྱི་ཁྱབ་རྒྱལ་པོའི་དགོན་པ་ཀླུ་ཕུག་དགོན་དུ། གྲུབ་མཐའ་གཞན་གྱིས་བཙན་གནོད་ཐེབས་པར་ཀུན་མཁྱེན་ཉི་མས་པཎ་ཆེན་བསྟན་པའི་ཉི་མ་མཆོག་ལ་ཞུ་གསོལ་ཕུལ་བ་ལྟར། པཎ་ཆེན་རིན་པོ་ཆེས་ཀྱང་དེ་ལུགས་ཐུགས་བཞེས་ཆེན་པོས་རྒྱབ་སྐྱོར་གནང་ཚུལ«ཀུན་མཁྱེན་ཉི་མའི་རང་རྣམ་ཉི་མ་འབུམ་གྱི་འོད་ཅན»ལས། “བོན་གྲྭ་ཆེན་པོ་དཔལ་ལྡན་སྨན་རིའི་དགོན་ལག་ཏུ་གྱུར་པའི་ཧོར་དགོན་གསར་གཡུང་དྲུང་བདེ་ཆེན་གླིང་ལ། གྲུབ་མཐའ་གཞན་སྡེ་དགོན་པ་ཆེ་བཙན་སོགས་མཆོག་དམན་སུས་ཀྱང་སྙད་ཚོལ་འགལ་ཟླ་མི་ཆོག་པའི་ཤེ་བམ་ནི། གོང་མ་གནམ་བསྐོས་ཆེན་པོའི་དབུ་བླ་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ། རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའམ། རྒྱ་ནག་སྐད་དུ། ཏ་མིའི་བླ་མ་པཎ་ཆེན་ཨན་ཏི་ནིར་མཚན་གསོལ་བ་དེ་ཡི་དྲུང་ནས་ཞུས་པས་གནད་ཟབ་མཆན་མེད་དུ་རྩོལ་བྱུང་བ་ཡང་ཧོར་དགོན་དུ་མར་ཕུལ་བར་བྱས།”(4)ཞེས་གསལ་བ་ལྟ་བུ་ལགས།
སྤྱིར་བཏང་སྐབས་དེར་བོད་དུ་གོལ་ཥའི་དམག་གི་བཙན་འཛུལ་བྱེད་སྒང་ཡིན་པས་པཎ་ཆེན་བསྟན་པའི་ཉི་མ་འདི་ཉིད་ཀྱི་སྐུ་རིང་གཅིག་པུ། གོལ་ཥས་ཐེངས་གཉིས་ཙམ་བཙན་འཛུལ་བྱས་ནས་སྤྱི་ཚོགས་ཟང་ཟིང་དུ་ཆགས་ཡོད། དེ་བས་བོད་ནི་དུས་རབས་སྔ་ཕྱི་བར་གསུམ་དུ་ནང་འཁྲུགས་ཀྱི་ཟུངས་ཁྲག་བཞུར་རྒྱུན་ཆད་མྱོང་མེད་པས། གྲུབ་མཐའ་ཕན་ཚུན་བཙན་གནོན་དང་བསྙད་འདོགས་སོགས་ཀྱི་རྩོད་རྙོག་གི་འདམ་དུ་བྱིང་ཡོད།
སྤྱི་ལོ1847ལོར་ཡང་བསྐྱར་བོན་གྱི་གདན་ས་གོང་འོག་བར་གསུམ་ལས་འོག་མ་རུ་ལག་གཡུང་དྲུང་གླིང་དུའང་གྲུབ་མཐའི་རུ་ཏྲ་བྱུང་བས། “སྐབས་འདིར་བོད་དུ་རྒྱ་ནག་ནས་དཀྲུང་ཐང་ཆེན་མོ་བྱ་བ་བྱོན་སྐབས་སུ། སྨན་རིའི་དགོན་ལག་རབ་ལེགས་གཡུང་དྲུང་གླིང་ལ་གྲུབ་མཐའ་རུ་ཏྲ་མཁན་རྣམས་ཀྱིས་བསམ་སྦྱོར་ལ་བརྟེན་པའི་ཉེར་འཚེ་འབྱུང་དོགས་ཆེར་བྱུང་བ་དང་། ཁ་སྨྲས་བསྐུར་བའི་འཇིགས་དངངས་ཆེར་ཤར་ཚེ། ཕྲན་མཁན་མིང་པས་ལྷ་སྲུང་ལ་གསོལ་བ་བཏབ་ནས་བསྟན་པ་གནས་པའི་སྨོན་ལམ་ཡང་དག་བགྱིས་ནས། དེ་དོན་དུ་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི་དྲུང་ནས། གཡུང་དྲུང་གླིང་ཡང་རང་ལུགས་གཡུང་དྲུང་བསྟན་པའི་འཛིན་སྐྱོང་སྒྲིག་མཐུན་ཚད་ལྡན་ལ་མ་དགོན་སྨན་རི་གཙོར་བཞག་དགོས་ཤིང་ཆོག་པ། དེ་ལ་གཞན་གྱི་སྙད་འཚེ་བྱེད་མི་ཆོག་པའི་ཤེ་བམ་གཙང་བཙན་ཞུས་བཞིན་གནང་བྱུང་བ་གཡུང་དྲུང་གླིང་དུ་བསྩལ་ཡོད།”(5)ཅེས་འཁོད་པ་ལྟར། པཎ་ཆེན་བསྟན་པའི་ཉི་མ་འདི་ཉིད་ཀྱིས་ཐེངས་གཅིག་མིན་པར། ལན་མང་པོར་བོན་ལ་ཐུགས་བརྩེ་ཟབ་མོས་སྐྱབས་སྦྱིན་ཡང་ཡང་གནང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་མཇལ་ཡུལ་དུ་བཞུགས།
སྤྱིར་ཆོས་རྒྱུད་གྲུབ་མཐའ་ཕན་ཚུན་དབང་ཤུགས་ལ་བརྟེན་ནས་ཞྭ་བསྒྱུར་གྱི་སྣང་ཚུལ་དེ་ལྟ་བུ་ཆོས་འབྱུང་ཁག་ནས་མང་པོ་མཐོང་རྒྱུ་ཡོད་ཀྱང་། པཎ་ཆེན་བསྟན་པའི་ཉི་མའི་ཐུགས་དྲིན་ལ་བརྟེན་ནས་བོན་གྱི་དགོན་ཆེན་གཉིས་འདི་ལྟར་སྲུང་སྐྱོབས་མཛད་པ་མ་ཟད། རྗེ་མཉམ་མེད་བླ་མའི་འཁྲུངས་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་གི་ཕྱོགས་སུའང་བོན་པོ་རྣམས་བཙན་གནོན་གྱི་དྲག་སྤྱོད་འབའ་ཞིག་མནར་བཞིན་ཡོད་པར་བརྟེན། ཀུན་མཁྱེན་ཉི་མ་བསྟན་འཛིན་ནི་བོན་པོ་སྤྱི་ཡོངས་ཀྱི་བདག་པོ་ཡིན་པས། སྤྱི་ལོ1850ལོར་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ། ཞང་ཞུང་མི་རྒྱུད་ཕྱི་མ་རྣམས་ཀྱི་རྒྱུད་པ་དགེ་བཤིས་རྩ་ནས་ཀྱང་། བསྟན་པ་དགོན་པ་འཛུགས་པ་ལ་གྲུབ་མཐའ་གཞན་གྱི་ཆེ་བཙན་གནོད་པ་ཐེབས་ཚུལ་གདན་ས་སྨན་རིར་འཕྲིན་ཡིག་འབྱོར་འདུག
ཐེངས་འདིར་ཡང་བསྐྱར་ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་ཉི་མ་མཆོག་ལ་ཡར་ཞུ་བྱས་པས། ཁོང་གིས་ཀྱང་ཐུགས་སུན་པ་མེད་པར་སྐབས་སྔོན་མ་དག་དང་འདྲ་བ་དང་། ཡང་ན་ཐེངས་འདིར་རྗེ་མཉམ་བླ་མེད་བླ་མའི་འཁྲུངས་ཡུལ་དངོས་ཡིན་པའི་ཐུགས་དགོངས་བཞེས་པ་ཡིན་ངེས་ཏེ། སྐྱབས་འཇུག་གི་སྐུ་དྲིན་བླ་མེད་བསྐྱོངས་ཚུལ«ཀུན་མཁྱེན་ཉི་མའི་རང་རྣམ་ཉི་མ་འབུམ་གྱི་འོད་ཅན»ལས། “སྐབས་འདིར་ཕྲན་གྱི་དངོས་སློབ་དགེ་བཤེས་རྩིའི་མཆོག་སྤྲུལ་སུམ་ལྡན་གྱི་དྲང་སྲོང་ཚེ་དབང་རྒྱལ་པོ་རིན་པོ་ཆེ་ཡིས། རྒྱལ་རོང་དགེ་བཤེས་རྒྱལ་པོའི་ཐ་གྲུ་ལྷུན་གྲུབ་དཔལ་གྱི་གླིང་ལ་རང་རེ་སྨན་དགོན་གྱི་རིང་ལུགས་དྲི་མེད་མཛད་ཕྱིར། དགོན་པ་གསར་བཞེངས་ལ་འདུ་ཁང་ཀ་བ་བཅུ་དྲུག་དང་། ཕྱི་འཁྱམས་ཀ་བ་ལྔ་བཅུ་ང་དྲུག་གི་ཚད་ལྡན་སྒྲུབ་སྐབས་གྲུབ་མཐའ་གཞན་བཙན་པས། དགོན་པ་འདེབས་ཆོག་མིན་གྱི་འཕྲོ་ས་བྱུང་ཕྲལ་དགེ་བཤེས་མཆོག་སྤྲུལ་ཟུང་ནས་ཁོ་བོ་ལ་ཅི་བྱེད་གང་དྲག་གི་གསུང་ཤོག་འབྱོར་སྐབས། རང་གིས་ཀྱང་སྐྱབས་མགོན་པཎ་ཆེན་ཨེར་ཏི་ནིར་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་ལ་ཞུས་པས། གོང་ས་ནས་གྲུབ་མཐའ་ཕྱོགས་རིས་མེད་པར་གཡུང་དྲུང་བསྟན་པ་ལ་ཕན་པའི་ཤེ་བམ་གཙང་བཙན་གནང་བྱུང་།”(6)ཞེས་ཐུགས་དགྱེས་པའི་ངང་གསུང་འཕྲིན་ཕྱག་ཐམ་ཅན་གནང་བས་བསྟན་པ་ཚུགས་ཐུབ་པ་བྱུང་ཚུལ་འཁོད་ཡོད།
6
འདི་ལྟར་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་རིན་པོ་ཆེས་ལན་གྲངས་བོན་ལ་སྐྱབས་འཇུག་གི་གནང་བ་ཆེན་པོ་བསྩལ་བས། ཁོང་གི་སྐུ་རྗེས་མ་སྟེ། པཎ་ཆེན་སྐུ་ཕྲེང་བརྒྱད་པ་ཡང་བསྐྱར་བོན་གྱི་གདུང་རྒྱུད་ཆེན་མོ་རྒྱལ་བ་བྲུ་ཚང་དུ་འཁྲུངས་ཡོད། པཎ་ཆེན་སྐུ་ཕྲེང་བརྒྱད་པའི་མཚན་ལ་བསྟན་པའི་དབང་ཕྱུག་ཟེར་ཞིང་། ཁོང་ནི་སྤྱི་ལོ1855ལོར་ཡབ་བྲུ་བསྟན་འཛིན་དབང་རྒྱལ་དང་ཡུམ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྲས་སུ་གཡས་རུ་བྲུ་ཡི་གདུང་ལས་སྐུ་བལྟམས། སྐུ་འཁྲུངས་ཁའི་སྔོན་ནས་ཀུན་མཁྱེན་ཉི་མ་བསྟན་འཛིན་དང་ཁོང་གི་བླ་མ་གྲུབ་དབང་རིན་པོ་ཆེ་གཉིས་ཀྱིས་ཀྱང་སྔ་ལྟས་བཟང་པོ་ཤར་བ་གཟིགས་ཡོད།
དེའི་སྐོར་བླ་མ་རྣམ་གཉིས་ཀྱི་རང་རྣམ་དུ་ཧ་ཅང་གསལ་པོ་འཁོད་ཅིང་། པཎ་ཆེན་བསྟན་པའི་དབང་ཕྱུག་སྐུ་མ་འཁྲུངས་པའི་སྔོན། མ་ཡུམ་གྱི་མངལ་དུ་སྦྲུམ་སྐབས་ནས་མཚན་ལ་རྣམ་རྒྱལ་དབང་བསྡུད་རྒྱལ་མཚན་ཞེས་གྲུབ་དབང་མཆོག་གིས་གསོལ་གནང་མཛད་འདུག་པ་མ་ཟད། པཎ་ཆེན་ཡང་སྲིད་རྟགས་རིལ་སྦྲིལ་སྐབས་ལྷ་ས་ཀུན་དྷ་གླིང་དུ་གྲུབ་དབང་རིན་པོ་ཆེ་མཉམ་དུ་གཟིམ་གུར་དབུབ་ནས་བཞུགས་ཚུལ་ཁོང་གི་རང་རྣམ་དུ་རྒྱས་པར་འཁོད་ཡོད། འདི་ལྟར་པཎ་ཆེན་སྐུ་ཕྲེང་གཉིས་བོན་གྱི་གདན་ས་རྒྱལ་བ་བྲུ་ལས་འཁྲུངས་པ་མ་ཟད། གཅིག་གི་མ་ཡུམ་བོན་ནས་ཡིན་ལ་སྐུ་ཕྲེང་བདུན་པ་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མས་ཀྱང་། རང་གི་བསྟན་པ་དང་དགོན་པ་འཕྲད་པ་ལྟ་བུའི་བོན་ལ་ཐུགས་ཁུར་ཟབ་མོ་གནང་།
7
པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་གོང་མ་དུ་མ་ཞིག་འཁྲུངས་གཞིས་དང་མ་ཡུམ་བོན་དང་འབྲེལ་བའམ། པཎ་ཆེན་བསྟན་པའི་ཉི་མ་ལྟ་བུས་སྔར་ནས་བོན་ལ་གཟིགས་དགོངས་འདི་ལྟར་ཟབ་པས། སྤྱི་ལོ1938ལོར་མཚོ་སྔོན་ཞུན་ཧྭ་རྫོང་བིས་མདོ་ཤང་དུ། ཡབ་མགོན་པོ་ཚེ་བརྟན་དང་ཡུམ་བསོད་ནམས་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་མོ་ཡང་། སྤྱིར་དགུང་ལོ་ཆུང་དུས་ནས་དཀའ་ཁག་དུ་མ་གདོང་གཏོད་ཀྱིས་བོད་མི་རིགས་སྤྱི་ཡི་བདེ་སྡུག་ཆ་ཚང་ཕྲག་ཏུ་བཞེས་པ། མགོ་ལ་རྣ་ཆོ་དང་ཀླད་པ་ཡོད་མཁན་ཞིག་ཡིན་ན་མི་ཤེས་མི་སྲིད་པར་ངེས་ལ། སྐུ་གོང་མ་དག་དང་འདྲ་བར་བོན་ལ་ཡང་མཛད་རྗེས་བསུབ་ཏུ་མེད་པ་བཞག་མྱོང་།
བཅུ་པ་ཆེན་མོ་དགུང་ལོ་བཅུ་རེ་ཟུང་ནས་བོད་ཀྱི་སྤྱི་ཚོགས་ནི་དཀའ་རྙོག་དང་ཟང་ཟིང་གི་ཁྲོད་དུ་ཚུད་ཡོད་པས། ཁོང་ལྟ་བུ་རིགས་ཞེན་གྱི་ལ་རྒྱ་དང་སྙིང་སྟོབས་རྡོ་རྗེའི་བྲག་ལས་སྲ་བ་ཞིག་མེད་ཕྱིན། ད་ལྟའི་བོད་ཀྱི་སྐད་ལུགས་གོས་སྟབས་དང་རིག་གནས་སློབ་གསོའི་གནས་སྟངས་འདི་ལྟ་བུ་ཞིག་ག་ལ་ཡིན་ཏེ་མིན་ནོ། །རང་རེའི་མི་རིགས་ཀྱི་སྤུན་ཟླའི་བདེ་སྡུག་ཆེད་དུ“སྔོན་ཆད་མང་ཚོགས་ཀྱིས་བླ་མར་སྐུ་འགྱེད་འབུལ་སྲོལ་ཡོད་པ་ལས་བླ་མས་མང་ཚོགས་ལ་ཇ་ཕོར་ཉོ་དགོས་པ་ཐོས་མྱོང་ཙམ་ཡང་མེད། སྤྱི་ཚོགས་རྙིང་པའི་ནང་ལྟོ་སློང་བའི་སྤྲང་བོ་ཞིག་གི་ལག་ཏུའང་ཇ་ཕོར་ཞིག་ཡོད་པ་རེད། ཅང་ཅེ་ཧྲི་དང་མ་པུའུ་ཧྥང་གིས་མཚོ་སྔོན་དབང་བསྒྱུར་ལོ་བཅུ་ལྷག་བྱས་པའི་རིང་ལའང་བོད་རིགས་མི་དམངས་ལ་ཇ་ཕོར་ཙམ་ཡང་མེད་པའི་ཚད་ལ་སླེབས་མེད”ཅེས་པ་ལྟ་བུའི་མཚོན། བོད་མདོ་དབུས་ཁམས་གསུམ་དུ་ཡུལ་གྲུ་རེ་རེ་བཞིན་གཟིགས་མོར་ཕེབས་ཏེ། མང་ཚོགས་ལ་སྐུ་འགྱེད་སྦྱིན་པ་དང་དཀའ་སྡུག་གི་འཚོ་བ་ལ་རྒྱུས་ལོན་བྱས་ནས། མང་ཚོགས་ཀྱི་ཆེད་དུ་གསུང་སྐད་མ་འགག་བར་དུ་གོང་རིམ་ལ་བདེ་སྡུག་ཞུས་པ་འདི་ནས་གླེང་ཚར་བ་ཞིག་གཏན་ནས་མིན། དཔེར་ན། “མང་ཚོགས་ཀྱི་སྡུག་བསྔལ་ནི་རང་གི་སྡུག་བསྔལ་ལ་བརྩི་དགོས་པ་དང་། མང་ཚོགས་ཀྱི་དགའ་སྤྲོ་དེ་རང་གི་དགའ་སྤྲོ་ལ་བརྩི་དགོས། མང་ཚོགས་ལ་དགའ་སྤྲོ་སྐྱེས་ན་རང་གི་ཆེས་ཆེ་བའི་བདེ་སྐྱིད་ཡིན”(7)ཅེས་པ་ལྟ་བུ་རེད།
ཁོང་གིས་སྔ་བར་ཕྱི་གསུམ་དུ་མི་རིགས་ཀྱི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ངོ་མ་དེ་ཡིན་པའི་ངོས་འཛིན་མཛད་ནས། སྔར་མེད་པའི་བོད་ཡིག་སློབ་གྲྭ་ཆེ་ཆུང་མང་པོ་ཞིག་གསར་དུ་ཚུགས་པ་དང་། སྔར་གྱི་སློབ་ཆེན་དང་སློབ་འབྲིང་མང་པོ་ཞིག་ལ་བོད་སྐད་ཡིག་གི་སློབ་སྦྱོང་ཉམས་ནས་མེད་པར་གྱུར་བ་དག་སླར་གསོ་གནང་བ་མ་ཟད། ཁོང་གི་མདུན་དུ་བོད་མི་རྒྱ་སྐད་ཤོད་མཁན་ཞིག་བྱུང་ན་ལག་པ་ཡང་འཇོག་ཉེན་ཡོད་པ་འདྲ། དེ་ལྟར་མི་རིགས་འདི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་མ་ཐུབ་ན་ང་ཤི་ཡང་མིག་མི་བཙུམ་པའི་ཁ་ཕོ་ཡང་བསྒྲགས་མྱོང་ངོ་། །
8
བོན་གྱི་ངོས་ནས་མཚོན་ན་ཉེ་ལམ་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཨ་ལགས་ཟླ་བ་ལགས་ཀྱིས། པཎ་ཆེན་རིན་པོ་ཆེའི་རྗེས་དྲན་ཚོགས་འདུར་སྒྲོག་སྦྱང་མཛད་པའི་རྩོམ་ཡིག(8)ཏུ་སྤྱིར་བཏང་གསལ་བར་འཁོད་འདུག་པས། འདིར་ད་དུང་དམིགས་བསལ་ཅི་ཡང་སྨྲ་རྒྱུ་ལྷག་མི་འདུག་ན་ཡང་། གནད་ཅན་ཁ་ཤས་སླར་ཡང་གླེང་བར་བྱས་ན། སྔར་པཎ་ཆེན་བསྟན་པའི་ཉི་མས་སྐྱབས་འཇུག་གནང་མྱོང་བའི་བོན་གྱི་གྲྭ་ས་འོག་མ་གཡུང་དྲུང་གླིང་དུ་བཅུ་པ་ཆེན་མོ་དངོས་སུ་ཞབས་སོར་འཁོད། འོན་ཀྱང་། སྐབས་དེར་གཡུང་དྲུང་གླིང་ཉམས་གསོ་བྱས་མ་ཐག་པ་ཡིན་པས་གང་ཐད་ནས་ཆ་རྐྱེན་ཞན་སྟབས། རིན་པོ་ཆེ་ཁོང་རས་གུར་ཆུང་ཆུང་ཞིག་ཏུ་བཞུགས་ནས་དགོན་དེའི་དཔོན་སློབ་ཀུན་བཟང་བློ་གྲོས་དང་དགེ་སློང་ཤེས་རབ་བསྟན་འཛིན་གཉིས་ཀྱིས་མཚོན་པའི་དགེ་འདུས་པ་རྣམས་ལ། འདི་ལྟར་གསུང་སྟེ། “ཁྱོད་ཚོ་དཀའ་སྡུག་ཅི་འདྲ་ཞིག་འཕྲད་ཀྱང་སེམས་ཀྱི་དཔའ་ཞུམ་མི་ཉན། མཐུན་སྒྲིལ་གྱི་སྒོ་ནས་སྙིང་སྟོབས་བསྐྱེད། ཐོས་བསམ་དང་སློབ་གཉེར་ལ་བརྩོན་འགྲུས་གྱིས། སྙེན་སྒྲུབ་དང་སྒོམ་པ་ལ་ནན་གཏན་མཛོད། རང་བསྟན་རང་གིས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་འགྲོ་བ་སེམས་ཅན་སྤྱི་དང་། རང་མི་རིགས་ལ་ཕན་པའི་དམངས་དོན་རྒྱ་ཆེར་མཛད་དགོས”ཞེས་བཀའ་སློབ་ཟབ་གནད་ཅན་གནང་བ་མ་ཟད། པཎ་ཆེན་སྐུ་ཕྲེང་ལྔ་པའི་པད་ལྷམ་ཆ་གཅིག་གནང་ནས་འདིའི་བདག་པོ་ཁྱོད་ཚོ་ཡིན་ཅེས་གསུང་སྐད།
ཡང་མཚོ་སྔོན་དུ་ཕེབས་སྐབས་ཤིག་ལ“བོན་བརྒྱ་རིན་པོ་ཆེ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་ལ། ཁྱོད་ཀྱིས་མདོ་སྨད་ཀྱི་བོན་དགོན་ཁག་ལ་བདག་གཉེར་ལེགས་པོ་གྱིས་ལ། བོན་གྱི་རབ་བྱུང་པའི་དགོན་སྡེ་ཞིག་གིས་གཞི་བཟུང་། གྲྭ་བ་མང་ནས་མི་གཙོ་རྣམ་དག་གཙོ་བས། ཐུགས་མཐུན་ཁྲིམས་གཙང་གི་སྡེ་ཞིག་བཙུག་ན་ལེགས”(9)ཞེས་བཀའ་སློབ་གནང་སྟེ་གྲྭ་མང་ལ་སྐུ་འགྱེད་ཀྱང་གནང་བར་གྲགས།
9
ལོ་རབས་བརྒྱད་ཅུའི་ནང་ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པའི་སྐབས་དང་བསྟུན་ནས། ཀུན་གཟིགས་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱིས“ནང་བསྟན་སློབ་གླིང་”ཐོག་མར་ཚུགས་ཏེ་གྲུབ་མཐའ་ཕན་ཚུན་རྒྱུས་ལོན་དང་བརྩི་འཇོག མཐུན་སྒྲིལ་སོགས་ཡོང་བར་ཐུགས་དགོངས་ཟབ་མོ་བཞེས་ཡོད། འོན་ཀྱང་། མི་རིགས་ཆོས་དོན་ཨུ་ཡོན་ལྷན་ཁང་དང་བོད་ཀྱི་བླ་སྤྲུལ་འགའ་རེས་གྲོས་བསྡུར་བྱས་པ་བརྒྱུད། བོན་པོའི་གྲུབ་མཐའ་ནང་བསྟན་སློབ་གླིང་གི་གྲས་སུ་འཇོག་མི་འཇོག་གི་གྲོས་འཆམ་མ་བྱུང་བས། བོན་གྱི་བླ་ཆེན་ཧོར་སྲས་གཡུང་དྲུང་རྒྱལ་བ་རིན་པོ་ཆེ་དང་བཀའ་གྲོས་མཛད་པར། ཁོང་གིས་བོན་འདི་ནི་བོད་ཀྱི་གནའ་བོའི་དུས་ནས་བྱུང་བའི་བོད་རང་གི་རིག་གནས་རྙིང་པ་ཞིག་ཡིན་པ་མ་ཟད། བོན་འདི་ཉིད་བོད་དུ་དར་བའི་རིང་ལ་མུ་སྟེགས་པ་ཞེས་པ་ཞིག་ལར་ནས་བོད་དུ་བྱུང་མ་མྱོང་བའི་ཚུལ་གསུང་མཛད་དེ། ནང་བསྟན་གྲས་སུ་འཇོག་མིན་ཁྱད་པར་མེད་ཅིང་གཙོ་བོ་ཁྱོད་ཚོའི་འདུན་པ་ལྟར་གྱིས། ངས་ང་ར་གི་གྲུབ་མཐའ་དང་མཚམས་པའི་སློབ་གླིང་ཞིག་འཛུག་ཆོག་གསུང་།
དེའི་རྗེས་སུ་པཎ་ཆེན་བཅུ་པ་ཆེན་མོ་མཆོག་ཧོར་སྤྱི་ཁྱབ་རྒྱལ་པོའི་གདུང་སྲས་གཡུང་དྲུང་རྒྱལ་བའི་དྲུང་དུ་དངོས་སུ་ཕེབས་ནས། བོན་གྱི་གྲུབ་མཐའ་བོད་བརྒྱུད་ནང་བསྟན་གྲས་སུ་བཞག་ཀྱང་རུང་ལ་མ་བཞག་ཀྱང་ཆོག ཁྱད་པར་མེད་ཅེས་བཤད་པ་དེ་ནི་ཁྱོད་ཀྱི་ནོར་འཁྲུལ་ཞིག་རེད། གཡུང་དྲུང་བོན་ནི་བོད་མི་རིགས་ཀྱི་ཕ་མྱེས་ཡང་མྱེས་ནས་བརྒྱུད་པའི་ཕ་མེས་ལྷ་ཆོས་དེ་ཡིན་པས། ང་ཚོ་བོད་པ་རྣམས་མཐུན་སྒྲིལ་གོང་བུ་གཅིག་གྱུར་དང་སྟོབས་ཤུགས་དཔུང་པ་མཉམ་གཤིབ་དགོས་ཚུལ་གསུང་མཛད་ནས། ནང་བསྟན་སློབ་གླིང་དུ་བོན་པོ་བཞག་པ་མ་ཟད། སྟོན་པ་གཤེན་རབ་མི་བོ་ཆེའི་གདུང་རྒྱུད་ཁྱིམ་ཚང་ད་ལྟ་དངོས་སུ་གཞིས་ཀ་རྩེར་བཞུགས་ཡོད་པ་གསན་སྟབས། ཆེད་དམིགས་དམུ་རིགས་གཤེན་གྱི་གཞིས་ཁྱིམ་དུ་ཕེབས་ཏེ། མ་འོངས་པར་བོན་གྱི་གྲྭ་ས་གོང་འོག་རྣམས་གཙོས་དགོན་སྡེ་དང་རིག་གནས་ཇི་ལྟར་དར་སྤེལ་དགོས་མིན་ཐད་བཀའ་གྲོས་མཛད་ཅིང་། གཤེན་སྲས་ནོར་བུ་དབང་རྒྱལ་མཆོག་གཞིས་ཀ་རྩེའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དུ་བསྐོས་ཤིང་། རིམ་གྱིས་བོད་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་སོགས་གོ་གནས་རིམ་སྤར་བགྱིས།
10
ལྷག་དོན་དུ་དུས་ནམ་ཡང་གསུབ་པ་མེད་པའི་མཛད་རྗེས་ཆེས་རླབས་ཆེ་བ་གཞན་ཞིག་བཞག་པ་ནི། རིག་གསར་རྗེས་ལ་བོན་གྱི་བཀའ་འགྱུར་ཚར་གཅིག་རང་ལས་མ་ལྷག་པ་དེ་ཉིད། དཀར་མཛེས་ཁུལ་ཉག་རོང་དུ་ཡོད་པ་གསན་ནས་སྤྱི་ལོ1986ལོར་སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་མཆོག་བོད་ནང་དུ་ཕེབས་སྐབས། སློབ་མ་གཉིས་ཉག་རོང་དུ་མངགས་ཏེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་མགྱོགས་མྱུར་ངང་དཔར་སྐྲུན་དགོས་པའི་འབོད་བསྐུལ་བྱས་ཀྱང་། ཁོ་ཚོས་ཡོངས་འཛིན་རིན་པོ་ཆེའི་སློབ་མ་གཉིས་ཀྱི་འབོད་བསྐུལ་ལ་མ་ཉན་པ་མ་ཟད། མཐའ་ན་དགེ་བཤེས་གཉིས་ཀྱང་ཉག་རོང་དུ་སྡོད་མི་ཆོག་པར་གང་མགྱོགས་འགྲོ་དགོས་ཚུལ་སོགས་བརྡ་འདེད་བྱས་པ་ན། སྐབས་དེར་ཏག་ཏག་པཎ་ཆེན་བཅུ་པ་ཆེན་མོ་དཀར་མཛེས་སུ་ཕེབས་ཡོད་འདུག་པས། སྨན་རིའི་ཡོངས་འཛིན་ཆེན་མོའི་སློབ་མ་བསྟན་འཛིན་དབང་རྒྱལ་གྱིས། དོན་ཚན་བཞི་ཅན་གྱི་སྙན་ཞུ་ཞིག་པཎ་ཆེན་མཆོག་ལ་ཕུལ་བས་ཁོང་ཡང་ཐུགས་ཤིན་ཏུ་དགྱེས་ཏེ་བཀའ་སློབ་ཟབ་མོ་ལྷུག་གནང་མཛད་པ་མ་ཟད། ཉག་རོང་ཡེ་ཤེས་དགོན་གྱི་བླ་མ་ཨ་གཡུང་ལ་བཀའ་འགྱུར་དཔར་སྐྲུན་གྱི་འགན་བཞག་སྟེ་མགྱོགས་མྱུར་དཔར་སྐྲུན་བྱེད་པ་དང་། བོད་ཡོངས་ལ་དཔེ་རྒྱུན་ཁྱབ་སྤེལ་དགོས་ཚུལ་གྱི་བཀའ་གནང་བས། མཐར་བཀའ་འགྱུར་ཚར་གཅིག་པོ་དེ་ཉིད་ཀྱང་སྲུང་སྐྱོབ་ཐུབ་པར་བྱུང་ཚུལ«གྱ་དྲུག་ལོར་བོད་ནང་གི་མཐོང་ཐོས།»(10)ཞེས་པར་བྲིས་འདུག
གཞན་ཡང་བོན་གྱི་དགོན་སྡེར་ཕེབས་པ་དང་སྐུ་འགྱེད་གནང་བ། བཀའ་སློབ་བསྩལ་བ། ཐུགས་དགྱེས་མཛད་ཚུལ་སོགས་ནི་གྲུབ་མཐའ་སྤྱི་དང་མཚུངས་པས་འདིར་དམིགས་སུ་བཀར་ཏེ་མ་གླེང་ངོ་། །
[གསལ་བཤད། རྩོམ་འདི་སྤྱི་ལོ2017ལོའི་ཟླ1ཚེས27ཉིན་བྲིས་པ་མུ་ཁྲི་བཙན་པོའི་ལོ་དེབ་ཏུ་བཀོད་ཅིང་། སྤྱི་ལོ2024ལོའི་ཟླ་བ1ཚེས23ཉིན་ཡང་བསྐྱར་བཅོས་འཕྲི་ཅུང་ཟད་བྱས་ནས་གྲུབ།]
དཔྱད་མཆན།
(1) རྣམ་ཐར་ཁག་ཏུ་ཆུ་བོ་གསེར་ལྡན་ཁར་མཉམ་མེད་ཤེས་རབ་རྒྱལ་མཚན་དང་ཙོང་ཁ་པ་བློ་བཟང་གྲགས་པ་གཉིས་འཕྲད་པར་བཤད་ཡོད། ཡིན་ན་ཡང་སྐབས་དེར་ཆུ་བོ་གསེར་ལྡན་ནི་དེང་དུས་ཀྱི་ཆུ་བོ་གསེར་ལྡན་ལ་གོ་ན་ཅུང་མི་འགྲིག་པར་འདུག་སྙམ། ལྷག་དོན་དུ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་གྱིས་མཛད་པའི་ལམ་རིམ་འགྲེལ་བའི་མཇུག་བྱང་དུ། ཆུ་བོ་གསེར་ལྡན་གྱི་གཡོན་ཕྱོགས་ནས་སྦྱར་ཞེས། ཆུ་བོ་གསེར་ལྡན་ནི་གཙང་ཆུ་ལ་ངོས་འཛིན་བྱས་པའང་འདུག་པས་སྐབས་འདིར་དེ་རང་འཐད་ལྡན་དུ་སེམས་སོ། །
(2) «པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ།» ཡཱ་ཧན་ཀྲང་གིས་བརྩམས། བློ་བཟང་ཕུན་ཚོགས་དང་རྟ་མགྲིན་འབྲུག་གྲགས་ཀྱིས་བསྒྱུར། 2011ལོའི་ཟླ5པར་པར་ཐེངས་གཉིས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P:102
(3) «བོན་དཔྱད་སྤྱི་རྒྱ་རླབས་གཅོད།» “རྒྱལ་དབང་ལྔ་པ་མཆོག་གིས་བོན་གྱི་ལྷ་སྡེ་ལ་གཟིགས་ཕྱོགས།” མཁར་རྨེའུ་བསམ་གཏན་གྱིས་བརྩམས། 2015ལོའི་ཟླ8པར་པར་ཐེངས་དང་པོ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། P:364
(4) (5) (6) «ཀུན་མཁྱེན་ཉི་མ་བསྟན་འཛིན་གྱི་རང་རྣམ་ཉི་མ་འབུམ་གྱི་འོད་ཅན།» ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་མཛད། 2012ལོའི་ཟླ9པར་པར་ཐེངས་པོ། མི་རིགས་དཔེ་སྐྲུན་ཁང་། P:299 P:300
(7) «བདེན་པའི་རང་མདངས་གསལ་བའི་མེ་ལོང་།» “དཔའ་བོའི་མཛད་རྣམ་ཕྱོགས་བསྡུས།” 1999ལོའི་ཟླ1པོར་པར་ཐེངས་དང་པོ། དྷ་རམ་ས་ལ་ནས།
(8) (9) «པཎ་ཆེན་ཐམས་ཅད་མཁྱེན་པས་གཡུང་དྲུང་བོན་ལ་བརྩེ་གཟིགས་གནང་ཚུལ།» རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བས་བརྩམས། 2017ལོའི་ཟླ1པོར་ཧི་མ་ལ་ཡའི་བོན་དུ་གསལ།
(10) «གྱ་དྲུག་ལོར་བོད་ནང་མཐོང་ཐོས་ཀྱི་གཏམ་གསར་ཀུན་ཕན་ནོར་བུ།» དགེ་བཤེས་བསྟན་འཛིན་དབང་རྒྱལ་གྱིས་བརྩམས། གློག་རྡུལ་འཕྲུལ་དེབ།