བོད་ཀྱི་ཡི་གེའི་འབྱུང་ཁུངས་ལ་དཔྱད་པ་ལུང་རིགས་རྡོ་རྗེའི་གོ་ཆ་ཞེས་བྱ་བ།

[ཟླ་ཚེས། 2025-01-24 20:42:35][རྩོམ་པ་པོ། འབའ་དོན་གྲུབ་རྒྱལ་གྱིས་བརྩམས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དང་པོ།     ལོ་ངོ་བཞི་སྟོང་ལྷག་གི་སྔོན་དུ་བོད་ཡིག་ཡོད་པ་མངོན་སུམ་ཚད་མས་བསྒྲུབ་པ།
དེ་ཡང་རང་རེ་བོད་པ་ཚང་གི་ལོ་རྒྱུས་ཀྱི་སྟེང་དུ།        མི་ལོ་བཞི་སྟོང་གི་སྔོན་དུ་སྟོན་པ་གཤེན་རབ་སྐུ་འཁྲུངས་ཤིང་ཡི་གེ་མཛད་དེ་གཡུང་དྲུང་གི་བོན་སྤེལ་བར་བཤད་ལ།   དེའི་བདེན་དཔང་ལ་དེ་སྔར་གནའ་རྫས་བོད་ཡིག་ཅན་ཞིག་རྙེད་པ་ལ། འབུམ་རམ་པ་ལིའུ་ཧན་ཀིན[1] སོགས་ཀྱིས་བརྟག་པ་ལྟར་ན།  “གནའ་རྫས་འདི་དག་མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས་ནས་ཐོན་པ་དང་།   སྤྱི་ལོའི་སྔོན་གྱི་ལོ 2100 ནས 1700 ཡི་བར་དུ་བྱུང་ཞིང་།  ད་ལྟའི་བར་མི་ལོ 4000 ལྷག་གི་ལོ་རྒྱུས་ཡོད་པ་མ་ཟད།  གནའ་རྫས་འདི་དག་གི་ཐོག་ཏུ་ཡོད་པའི་བོད་ཡིག་ནི་མིག་སྔར་གསར་རྙེད་བྱུང་བའི་དུས་ཚོད་སྔ་ཤོས་ཀྱི་བོད་ཡིག་ཡིན་པ་ར་སྤྲོད་བྱུང་འདུག”ཅེས་འཛམ་གླིང་ཡོངས་ལ་ཕྱིར་བསྒྲགས་གནངས་སོ།།   
━━━━━━━━━
[1] ལིའུ་ཧན་ཀིན 一 ཀྲུང་གོའི་གནའ་བོའི་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ཕོ་ཉ་བའི་མཚན་སྙན་ཐོབ་ཡོད་པའི་འབུམ་རམ་པའམ་ཆེད་མཁས་པ་གྲགས་ཅན་ཞིག
       
དེ་ནས་བོད་བཙན་པོའི་རྒྱལ་རབས་ཡན་གྱི་བོད་ཀྱི་ཞང་ཞུང་ཁྱུང་ལུང་གི་རྒྱལ་པོ་ལིག་མི་རྐྱའི་ཕྱག་ཐམ་ཞང་ཞུང་ཡིག་རྒན་གྱི་ཚུགས་སུ“ཁ་ཚན་པ་ཤང་ལིག་ཞི་ར་ཙ།”ཞེས་པ་བོད་སྐད་དུ“ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ”ཞེས་པ་དེ་སྨན་རིའི་བླ་བྲང་གི་རྟེན་སྒམ་ནང་དུ་བཞུཊ་ཡོད་པ་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད།།
ཡང་སྤྱི་ལོ 2023 ལོའི་ཟླ 8 པའི་ནང་དུ་གསར་རྙེད་བྱུང་ཞིང་། ཟླ་དེའི་ཚེས 31 ཉིན། རྩོམ་པ་པོ་མུའུ་ཏན(牡丹)ཟེར་བས།   དུས་དེབ《蜀苑》ཟེར་བའི་སྟེང་དུ། རྩོམ་གྱི་ཁ་བྱང་ལ《三星堆考古新发现的文字是古藏文和古藏文数字》ཞེས་པ་སྤེལ་ཏེ།   གནའ་ཤུལ་དེའི་ནང་དུ“མྱི༡༡༡”(“མྱི༡༡༡”ཞེས་པ་ནི་སྐབས་དེའི་དམག་སྡེ་ངོས་འཛིན་བྱེད་ཀྱི་ལག་ཁྱེར་ལམ་ཡིག་ཅིག་ཡིན་ཤས་ཆེ་སྙམ་མོ)  ཞེས་པའི་བོད་ཡིག་བྲིས་ཡོད་པའི་གནའ་རྫས་ཞིག་གསར་རྙེད་བྱུང་འདུག་ཟེར་བ་ལ་དཔྱད་ན།“三星堆遗址”ཞེས་པའི་གནའ་ཤུལ་ནི་ཧ་ལམ་མི་ལོ 3000 ནས 1200 བར་འགོར་ཡོད་པར་གཏན་འཁེལ་བྱས་འདུག་པས།   དེས་ན།   འདི་དག་ནི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པས།          འདིས་ནི་ལོ་ངོ་སུམ་སྟོང་བཞི་སྟོང་གི་སྔོན་དུ་བོད་ལ་ཡི་གེ་ཡོད་པ་མངོན་སུམ་ཚད་མའི་རྟགས་ཡང་དག་གིས་་་་བསྒྲུབས་ཟིན་པ་ཡིན་ནོ།།
གཞན་ཡང《ཏུན་ཧོང་གཏེར་ཡིག》ལས་བྱུང་བའི“སྔར་སུག[1]ལས་བགྱིས་ལགསྟེ།”ཞེས་པ་དང་།   “རྔུལ(དངུལ)གྱི་སུག་བུ་ཆུང”ཞེས་པ་དང་། “གསེར་གྱི་ཡི་གེ་མྱི་ཆད་པར་སྩལད་པར་བཀའ། སྩལ་ཏོ”ཞེས་པ་དང་།  ད་དུང་སྡེ་དགེའི་ཤིང་པར་གྱི《མ་ཎི་བཀའ་འབུམ》ལས“རྒྱལ་པོ་ལྷ་ཐོ་ཐོའི་རིང་ལ་པང་ཀོང་ཕྱག་རྒྱ་དང་།  མདོ་སྡེ་ཟ་མ་ཏོག་བཅས་བོད་ཀྱི་ཡི་གེ་རུ་བྱུང་། ”   ཞེས་པ་སོགས་ཀྱིས་ཀྱང་སྲོང་བཙན་ཡར་སྔོན་ནས་བོད་ལ་ཡི་གེ་ཡོད་པའི་དངོས་ཤུཊ་གང་རུང་གི་བདེན་དཔང་ལ་ཅིའི་མི་འགྲོའོ།།
གཉིས་པ།  ཞང་ཞུང་དུ་སྟོན་པ་གཤེན་རབ་འཁྲུངས་ཏེ་གཡུང་དྲུང་བོན་གྱི་བསྟན་པ་སྤེལ་བ་ལུང་ཚད་མ་དང་རྗེས་དཔག་ཚད་མས་བསྒྲུབ་པ།
འདི་ནི་བོན་ཕྱོཊ་ཀྱི་འདོད་པ་ཡིན་པས་བོན་ལུང་དྲངས་མི་དགོས་ལ།    འདིར་བན་ལུང་འགའ་དྲངས་ན།   སློབ་དཔོན་པདྨ་འབྱུང་གནས་ཀྱིས།“སྟོན་པ་གཤེན་རབ་མི་བོ་ནི།། དེ་ནས་འོག་མིན་ཕོ་བྲང་གནས་ནས་ནི།། འགྲོ་བ་སེམས་ཅན་དོན་ལ་བྱོན་ཚུལ་ཏེ།།  འོད་ཟེར་ཁ་དོག་སྣ་ལྔ་ཅིར་ཡང་སྣང་བར་སྤྲུལ།། འོད་ཟེར་རབ་ཏུ་སྤྲོས་པས་འཇིག་རྟེན་ཁམས་རྣམས་ཁྱབ།། [2]” ཅེས་དང་།     ཡང་ཁོང་གིས། “ བོན་ནི་རྒྱ་མཚོའི་མཆིང་བས་གཏིང་
རིང་ཞིང་།། བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་།། བོན་གྱི་མཛོད་མིག་སུམ་བརྒྱ་དྲུག་ཅུར་བསྡུ།།… ཡིད་ཀྱི་ལས་སུ་ཏིང་འཛིན་དཀའ་བ་བསླབ།། 
━━━━━━━━━
[1] སུག 一 སུག་ཅེས་པ་སྐབས་དེའི་ཡི་གེའི་དོན་ནོ།།
[2] 《 བཀའ་ཐང་སྡེ་ལྔ 》(༡༩༨༦མི་རིགསཤ ༤༩༣-༤༩༦  )ལས་དྲངས།
ཏིང་ངེ་འཛིན་ལ་ཡན་ལག་འབུམ་དུ་བཤད།།      …ཕྱཱ་གཤེན་འཇུག་སྒོ(ལྟོ་རིགས)སུམ་བརྒྱ་དྲུག་ཅུ་དང་།།  དཔྱད་རིགས་བརྒྱད་ཁྲི་བཞི་སྟོང་འཇུག་པའི་སྒོ།།   སྣང་གཤེན་གྱེར་སྒོ་བཞི་ནས་འཇུག།།…”[1] ཞེས་གསུངས་ལ། 
འཇུ་མི་ཕམ་གྱིས “ཕྱྭ་གཤེན་ལ་སོགས་ཐེག་པ་དགུས།། གདུལ་བྱའི་དོན་མཛད་ཐུགས་རྗེའི་གཏེར།།   སྟོན་པ་གཤེན་རབ་མི་བོ་ནི།།  བརྒྱུད་དང་བཅས་ལ་གུས་ཕྱག་འཚལ།།[2] ”ཞེས་དང་།   ཡང་ཁོང་གིས། “གཤེན་ཡུལ་འོལ་མོ་གླིང་ཆེན་དུ།། སྟོན་པ་གཤེན་རབ་མི་བོར་བསྟན།། བོན་གྱི་ཐེག་པ་རིམ་དགུར་གསུང་།།  སྐྱེ་འགྲོ་ཐམས་ཅད་བདེ་ལ་བཀོད།། [3]”ཅེས་པ་སོགས་སུ་གསུངས་ཡོད་ལ།  སློབ་དཔོན་པདྨ་འབྱུང་གནས་དང་འཇུ་མི་ཕམ་གཉིས་ཀས་བསྟོད་པའི་ཚིག་ཟིན་ལ་དངོས་སུ་གཤེན་རབ་ཁོང“སྟོན་པ”ཡིན་ཚུལ་དང་བསྟན་པ་སྤེལ་ཚུལ་སོགས་ཁས་བླངས་ཡོད་པ་འདི་ནི་བོད་པ་བན་་་ལུགས་པ་ཀུན་ལ་ལུང་ཚད་མར་གྲུབ་པ་དང་།       ལྷག་པར་དུ་པདྨ་འབྱུང་གནས་ནི་ཕྱིའི་རྒྱལ་ཁབ་ཀྱི་མྱི་ཞིག་ཡིན་པར་མ་ཚད།   ད་དུང་ཁོང་ནི་བོན་སྣུབ་མཁན་གྱི་གཙོ་བོའང་ཡིན་པས།    ཁོང་གིས“བོན་རྒྱ་མཚོའི་མཆིང་རྣམས་པས་ཀྱང་གཏིང་རིང་།།    བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་དང་།། བོན་གྱི་མཛོད་མིག་སུམ་བརྒྱ་དྲུག་ཅུར་བསྡུ།།”ཞེས་གསུངས་འདུག་པ་དེ།   གལ་ཏེ་བན་དེ་ཚོས་བཤད་པ་ལྟར།   སྲོང་བཙན་སྔོན་དུ་བོད་ལ་རིག་གཞུང་གཏན་ནས་མེད་པ་ཞིག་ཡིན་ན། སངས་རྒྱས་གཉིས་པར་བསྔགས་པའི་པད་འབྱུང་གིས“མ་མཐོང་མཐོང་མདོག”གིས་བོན་པོ་ལ་དེ་སྔོན་རིག་གཞུང་མེད་པ་ཞིག་ཡིན་ན་ཡོད་པར་སྒྲོ་བཏགས་ནས་བསྒྲགས་དོན་ཅི་ཡིན་ནམ།  གལ་ཏེ། པད་འབྱུང་གིས“རྫུན་བཟོ”བྱས་པ་མིན་ན།    གཤེན་རབ་ཁོང་སྟོན་པ་ཡིན་པ་དང་ཁོང་གིས་རྒྱ་མཚོའི་མཆིང་བས་གཏིང་རིང་བའི་གཡུང་དྲུང་བོན་གྱི་་་་་བསྟན་པའང་སྤེལ་ནུས་པ་ཞིག་གིས། བསྟན་པ་སྤེལ་བྱེད་ཀྱི་ཡི་གེ་གསར་གཏོད་བྱེད་ནུས་པ་ནི་སྟོན་པ་ཁོང་ལ་མཚོན་ན་ཆེས་ལས་སླ་མོ་ཞིག་ཡིན་པ་་་་བློ་རྗེས་དཔག་གི་ཚད་མས་སྐད་ཅིག་ལའང་རྟོགས་ནུས་སོ།།
━━━━━━━━━
[1]《 བཀའ་ཐང་སྡེ་ལྔ 》(༡༩༨༦མི་རིགསཤ ༤༩༣-༤༩༦  )ལས་དྲངས།
[2]འཇུ་མི་ཕམ་གྱི《སྲིད་པ་འཕྲུལ་གྱི་ཇུ་ཐིག་གི་དཔྱད་དོན་སྣང་གསལ་སྒྲོན་མེ》﹙བོན་པོའི་ཐིག་མོ། སྡེ་དགེའི་ཤིང་དཔརཤ ༢ས་ཕ༡)ལས་དྲངས།
[3]འཇུ་མི་ཕམ་གྱི་གསུང་སྟེ《མཚོ་སྔོན་སློབ་གསོ》(༡༩༨༩ལོའི་དེབ་དྲུག་པ )ལས་དྲངས།
 གསུམ་པ། སྟོན་པ་གཤེན་རབ་ཀྱིས་ཞང་ཞུང་སྐད་ཀྱི་བོད་ཡིག་བཟོས་པ་ལུང་རིགས་གཉིས་ཀས་བསྒྲུབ་པ།
འདིར་བོན་ཕྱོགས་ནས།   མདོ་གཟེར་མིག་ལས།  “ ཡིག་འབྲུ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ།།  མགོ་ཡིས་ལམ་དྲངས་ཤད་ཀྱིས་མདོ་ཡང་བཅད།།   ཚེག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས།།   གུག་འགྲེང་ན་རེ་ཞབས་འཁྱུད་ཡ་ར་སྟ།།   སྐད་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས།། [1]” ཞེས་པས་འཐུས་ལ།  བན་ཕྱོགས་ནས་གོང་གསལ་དུ་སློབ་དཔོན་པད་མ་འབྱུང་གནས་སོཊ་་ཀྱིས།“གཤེན་རབ་སྟོན་པ་ཡིན་པ” དང་།   “འགྲོ་བ་སེམས་ཅན་དོན་ལ་བྱོན་པ”། “བོན་རྒྱ་མཚོའི་མཆིང་བས་གཏིང་རིང་བ”།“བོན་གྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཡོད་པ”། “སྐྱེ་འགྲོ་ཐམས་ཅད་བདེ་ལ་བཀོད་པ”སོགས་ཀྱི་ལུང་ཚད་མ་ཁས་ལེན་ན། གོང་གི་སྟོན་པ་གཤེན་རབ་ཀྱི་མདོ་ལས་གསུངས་པའི་ཡི་གེ་ཡོད་པར་བསྟན་པ་དང་། ཡི་གེའི་ཐོག་མའི་སྲོལ་འབྱེད་པ་དེ་སྟོན་པ་གཤེན་རབ་ཡིན་པ་སོཊ་ཀྱང་ཁས་ལེན་དགོས་པ་ཤེས་པར་གྱིས་ལ།  ཞར་ལ་བོན་སྒོ་བརྒྱད་ཁྲི་བཞི་སྟོང་སོགས་འཆད་ཁྲིད་དང་བརྒྱུད་འཛིན་བྱ་་་་་དགོས་ན།      ཡི་གེ་མེད་པ་མི་སྲིད་པའི་དཔྱད་འབྲས་འདིའང་རང་བློ་རྗེས་དཔག་གི་ཚད་མས་ཤེས་པར་མཛོད་ཅིག།
━━━━━━━━━
[1]《མདོ་གཟེར་མིག》(༡༩༩༡ཀྲུང་བོད་ཤ ༥༨༥ ཕ༩  )ལས་དྲངས།
བཞི་བ།  ད་ལྟའི་བོད་ཡིག་འདིའི་ཁུངས་གཏུག་ས་ནི་གནའ་བོའི་བོད་ཀྱི་ཞང་ཞུང་ཡི་གེ་ཡིན་པ་ལས་རྒྱ་གར་ལེགས་སྦྱར་མ་ཡིན་པ་མངོན་སུམ་ཚད་མས་བསྒྲུབ་པ།
དེ་ཡང་ད་ལྟའི་བོད་ཡིག་འདིའི་ཁུངས་གཏུག་ས་ནི་གནའ་བོའི་བོད་ཀྱི་ཞང་ཞུང་ཡི་གེ་ཡིན་པ་ལས་རྒྱ་གར་ལེགས་སྦྱར་མ་ཡིན་པ་ནི་རྒྱ་གར་ལ“ཅ་ཆ་ཇ”དང“ཞ་ཟ་འ”དྲུག་གི་སྒྲ་གཟུགས་མེད་པ་དང་ཞང་ཞུང་གི་བོད་སྐད་ལ་ཡོད་པས་མངོན་སུམ་ཚད་མས་བསྒྲུབ་ནུས་ཏེ།
(དང་པོ) ལེགས་སྦྱར་ལ“ཅ་ཆ་ཇ”དང“ཞ་ཟ་འ”མེད་པ་ནི་ཀུན་གྱིས་ཤེས་སླ་སྟེ། ཚང་མས་ཤེས་གསལ་ལྟར། རྒྱ་གར་གྱི་དབྱངས་བཅུ་བཞི་ནི“ཨཨཱཨིཨཱིཨུཨཱྀུརྀརཱྀ ལྀལཱྀཨེཨཻཨོཨཽ”རྣམས་དང་། གསལ་བྱེད་སོ་གསུམ་ནི“ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ།  ཊ་ཋ་ཌ་ཌྷ་ཎ།  ཏ་ཐ་ད་དྷ་ན།  པ་ཕ་བ་བྷ་མ།   ཡ་ར་ལ་ཝ།  ཤ་ཥ་ས་ཧ།”[1]བཅས་ཡིན་པ་སྟེ།    དེའི་ནང་དུ“ཅ་ཆ་ཇ”དང“ཞ་ཟ་འ”མེད་པ་ནི་མངོན་སུམ་ཚད་མའི་རྟགས་ཡང་དག་ཡིན་པས་འདི་ལ་སུས་ཀྱང་ཐེ་ཚོམ་མི་དགོས་སོ།།
(གཉིས་པ)  གནའ་བོའི་བོད་ཀྱི་ཞང་ཞུང་ཡི་གེ་ལ“ཅ་ཆ་ཇ”དང“ཞ་ཟ་འ”ཡོད་པ་ནི་གཤམ་གསལ་ལྟར་ཏེ།
༡.《མདོ་དྲི་མེད་གཟི་བརྗིད》ལས།“གཡུང་དྲུང་ལྷའི་སྐད་དུ།  མུལ་ཨ་དཀར་ཨུ་ཡ་འགུ་ཡ་ཅི།[2]”ཞེས་པའི“འ”དང“ཅ”གཉིས་དང་།
━━━━━━━━━
[1]《དབྱངས་ཅན་སྒྲ་མདོ》ལས་དྲངས།
[2]《མདོ་དྲི་མེད་གཟི་བརྗིད》པོད་བཞི་བ (༢༠༠༠བོད་ལྗོངས་དཔེ་རྙིང་ཤ༡ ཕ༤ ) ལས་དྲངས།
༢.《མདོ་དྲི་མེད་གཟི་བརྗིད》ལས། “གཡུང་དྲུང་ལྷའི་སྐད་དུ། ཁྲི་མ་ལམ་གསལ་ཧ་རཾ་ཅི།[1]”ཞེས་པའི“ཅ”དང་།
༣.《མདོ་དྲི་མེད་གཟི་བརྗིད》ལས།“གཡུང་དྲུང་ལྷའི་སྐད་དུ། ལམ་གསལ་ཧ་ར་པྲ་ཅི་ན།[2]”ཞེས་པའི“ཅ”དང་།
༤.《མདོ་དྲི་མེད་གཟི་བརྗིད》ལས།“གཡུང་དྲུང་ལྷའི་སྐད་དུ། ཁྲི་གསལ་མུ་རམ་ཧ་ཅི་ན།[3]”ཞེས་པའི“ཅ”དང་།
༥.ཤར་རྫའི《ལེགས་བཤད་གཏེར་མཛོད》ལས།“ཏི་ལ་ཏི་གྱིན་རཏྣ་མུ་གུང་ཏྲི་ཤིན་ཏན་ཧ་ཡི་ཆར་བྷ་ད་ཡ་ལྷན།[4]”ཞེས་པའི“ཆ”དང་།
༦.《བོན་སྤྱོད་ཕྱོགས་བསྒྲིགས》ལས།“ཆ་དུར་པ་གྲུབ་ཤ་ཕཊ། ཇ་དུར་པ་གྲུབ་ཤ་ཕཊ།[5]”ཞེས་པའི“ཆ”དང“ཇ”གཉིས་དང་།
༧.《མདོ་དྲི་མེད་གཟི་བརྗིད》ལས།“གཡུང་དྲུང་ལྷའི་སྐད་དུ། ཧ་ལོ་ཞི་ནེ་དར་ཡ་ད།[6]”ཞེས་པའི“ཞ”དང་།
༨.《ཞང་བོད་ལོ་རྒྱུས་གངས་ཏི་སེའི་འོད》ལས། ལིག་མི་རྒྱའི་ཕྱག་ཐམ་ལ། “ཁ་ཚན་པ་ཤང་ལིག་ཞི་ར་ཙ།[7]”ཞེས་པའི“ཞ”དང་།
━━━━━━━━━
[1]《མདོ་དྲི་མེད་གཟི་བརྗིད》པོད་དྲུག་པ (༢༠༠༠བོད་ལྗོངས་དཔེ་རྙིང་ཤ༢༩༣ཕ༤ ) ལས་དྲངས།
[2]《མདོ་དྲི་མེད་གཟི་བརྗིད》པོད་བཅུ་གཉིས་པ ( ༢༠༠༠བོད་ལྗོངས་དཔེ་རྙིང་ཤ༢༡༧ཕ༤ )ལས་དྲངས།
[3]《མདོ་དྲི་མེད་གཟི་བརྗིད》པོད་བཅུ་གཉིས་པ ( ༢༠༠༠བོད་ལྗོངས་དཔེ་རྙིང་ཤ༢༧༨ཕ༤)ལས་དྲངས།
[4]ཤར་རྫའི《ལེགས་བཤད་གཏེར་མཛོད》( ༡༩༨༧མི་རིགས་ཤན་སྦྱར་ཁ་བྱང )ལས་དྲངས།
[5]ཁྱུང་མོང་སྟོབས་ལྡན་དབང་ཕྱུག་གིས་བསྒྲིགས་པའི《བོན་སྤྱོད་ཕྱོགས་བསྒྲིགས》( ཤ༡༤༨ཕ༧ )ལས་དྲངས།
[6]《མདོ་དྲི་མེད་གཟི་བརྗིད》པོད་གཉིས་པ (༢༠༠༠ བོད་ལྗོངས་དཔེ་རྙིང་ཤ ༡༧༨ ཕ ༥ ) ལས།
[7]ནམ་མཁའི་ནོར་བུའི《ཞང་བོད་ལོ་རྒྱུས་གངས་ཏི་སེའི་འོད》(༡༩༩༦ ཀྲུང་བོད་ཤ༡༠༦ཕ༡༠ )ལས་དྲངས།
༩.བོན་པོའི《ཞལ་འདོན་ཉེར་མཁོ་ཕྱོགས་བསྒྲིཊ》ལས། “ཨོཾ་ན་ག་ཤོ་ཏི་སམ་སམ་སརྦ་ཟུར་ནམ་དེ་ཤོ་ཧ་ར་ཐོར་ཐོར་ཐིམ་ཐིམ་ཡེ་སཱ་ཧཱ།[1]”ཞེས་པའི“འ”དང“འ”གཉིས་དང་།
༡༠.《གཡུང་དྲུང་བོན་གྱི་ཞལ་འདོན་ཉེར་མཁོ་འདེམ་བསྒྲིགས》ལས། “ཝེར་ཟེ་གྱ་ནོམ།[2]”ཞེས་པའི“ཟ”དང་།
༡༡.《ཞང་བོད་ལོ་རྒྱུས་གངས་ཏི་སེའི་འོད》ལས། “ཀིཀྲཁིགོབྱམྲཟླ པྱུསྲུཀླུགས།།[3]”ཞེས་པའི“ཟ”དང་།
༡༢. བོན་པོའི《ཞལ་འདོན་ཉེར་མཁོ་ཕྱོཊ་སྒྲིག》ལས།     “ཨོཾ་ན་ག་ཤོ་ཏི་སམ་སམ་སརྦ་ཟུར་ནམ་དེ་ཤོ་ཧ་ར་ཐོར་ཐོར་ཐིམ་ཐིམ་ཡེ་སཱ་ཧཱ།[4]”ཞེས་པའི“ཟ”དང“འ”དང“འ”གསུམ་དང་།
༡༣.《མདོ་གཟེར་མིག》ལས།  “གཡུང་དྲུང་ལྷའི་སྐད་དུ། ཧྲི་བཀྲ་མུ་ཟེར་གྲག་ཏོག་ལྷང་པར་ལྷན།[5]” ཞེས་པའི“ཟ”དང་།
༡༤.《མདོ་གཟེར་མིག》ལས།  “གཡུང་དྲུང་ལྷའི་སྐད་དུ།   ཨ་མདལ་འོད་ཨ་པར་ཟེར་གླིང་ཕྱོད།[6]” ཞེས་པའི“འ”དང“ཟ”གཉིས་དང་།
━━━━━━━━━
[1]བོན་པོའི《ཞལ་འདོན་ཉེར་མཁོ་ཕྱོགས་སྒྲིག》(སྣང་ཞིག་དགོན་གྱི་ཕྱག་བྲིས་མ་ཤ༡༧༠ཕ༡༠ )ལས་དྲངས།
[2]སྣང་ཞིག་དགོན་གྱི་ནམ་མཁའ་གཡུང་དྲུང་གིས་བསྒྲིགས་པའི《གཡུང་དྲུང་བོན་ གྱི་ཞལ་འདོན་ཉེར་མཁོ་འདེམ་བསྒྲིགས》(ལྕགས་དཔར་མ་དེབ་གཉིས་པའི་ ཤ༤༡ཕ༣  )ལས་དྲངས།
[3]ནམ་མཁའི་ནོར་བུའི《ཞང་བོད་ལོ་རྒྱུས་གངས་ཏི་སེའི་འོད》( ༡༩༩༦ ཀྲུང་བོད་ཤ༡༠༧ཕ༦  )ལས་དྲངས།
[4]བོན་པོའི《ཞལ་འདོན་ཉེར་མཁོ་ཕྱོགས་སྒྲིག》( སྣང་ཞིག་དགོན་གྱི་ཕྱག་བྲིས་མ་ཤ༡༧༠ཕ༡༠  )ལས་དྲངས།
[5]《མདོ་གཟེར་མིག》(༡༩༩༡ཀྲུང་བོད་ཤ༧༢༥ཕ༣ )ལས་དྲངས།
[6]《མདོ་གཟེར་མིག》(༡༩༩༡ཀྲུང་བོད་ཤ༧༤༦ཕ༣ )ལས་དྲངས།
༡༥.《མདོ་གཟེར་མིག》ལས།  “གཡུང་དྲུང་ལྷའི་སྐད་དུ། མུལ་ཨེ་སངས་ཡོངས་འབར་གསལ།[1]” ཞེས་པའི“འ”དང་།
༡༦.《མདོ་གཟེར་མིག》ལས།“གཡུང་དྲུང་ལྷའི་སྐད་དུ། འོད་ནམ་འབར་བ་འབྲོང་ཏིང་ཤག[2]”ཞེས་པའི“འ”དང“འ”དང“འ”གསུམ་འབྱུང་པ་སོགས་ལྟ་བུ་སྟེ། འདི་དག་ནི་མངོན་སུམ་ཚད་མའི་རྟགས་ཡང་དག་ཡིན་པས། འདིས་ནི་མཁས་པ་རྣམས་ལ“ཅ་ཆ་ཇ”དང“ཞ་ཟ་འ”དྲུག་གི་ཁོངས་དེ་གང་ཡིན་པ་ཐད་ཀར་རྟོགས་ཐུབ་པར་མ་ཟད། སྤྱིར་བོད་ཀྱི་ཡི་གེའི་ཁུངས་དེ་གང་ལ་གཏུགས་པའང་ཕལ་ཆེར་ཞར་ལ་ཤེས་ནུས་པ་ཡིན་ནོ།།
དེས་ན། གཡུང་དྲུང་ལྷའི་ཡི་གེ་དེ་ད་ལྟའི་བོད་ཡིག་ཏུ་ཇི་ལྟར་འགྱུར་རམ་ཞེ་ན། མཉམ་མེད་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དང་ཆོས་རྒྱལ་ནམ་མཁའི་ནོར་བུ། མཁས་དབང་ཐུབ་བསྟན་ཕུན་ཚོགས་སོགས་ཞལ་མཐུན་པར། “དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར།  དེ་ནས་ཞང་ཞུང་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར།    སྨར་ཆེན་དབུ་ཆེན་ནམ་གཟབ་མར་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས། ”ཞེས་གསུངས་ལ། འདིར་གོང་གསལ་གྱི“བསྒྱུར། བསྒྱུར། བསྒྱུར”ཟེར་བ་དག་ནི་ཡིག་གཟུཊ་ཁོ་ན་བསྒྱུར་བ་ཙམ་མ་ཡིན་པར། ཐོག་མའི་ཞང་ཞུང་གི་སྐད་དང་ཡི་གེ་ནས་བོད་སྤྱིའི་སྐད་དང་ཡི་གེའི་ཐོབ་ཐང་སྦྱོར་་་་་ཚུལ་གྱི་བར་དུ་སྐབས་བསྟུན་གྱིས་སྙིཊ་དོར་བཅུད་ལེན་གྱི་བསྒྱུར་བཅོས་གང་མང་གནང་ཡོད་པ་ནི་བློ་རྗེས་དཔག་ཚད་མ་ལ་མི་གནོད་པ་འདི་བློ་གྲུབ་་་་་་མཐའི་ཕྱོགས་སུ་མ་ལྷུང་བ་རྣམས་ཀྱིས་མཁྱེན་སླའོ།།
━━━━━━━━━
[1]《མདོ་གཟེར་མིག》( ༡༩༩༡ཀྲུང་བོད་ཤ༣༨༣ཕ༤)ལས་དྲངས།
[2]《མདོ་གཟེར་མིག》(༡༩༩༡ཀྲུང་བོད་ཤ༤༢༥ཕ༣ )ལས་དྲངས།
ལྔ་བ།  ཞང་ཞུང་གི་ཡུལ་དེ་བོད་ཡུལ་ཡིན་པ་དང་ཞང་ཞུང་གི་སྐད་དེ་བོད་སྐད་ཡིན་པ། སྟོན་པ་གཤེན་རབ་ཁོང་བོད་མི་རྣམ་དག་ཡིན་ཚུལ་རྗེས་དཔག་སུམ་ཚད་མས་བསྒྲུབ་པ།
 ད་ལྟ་ཚང་མས་ཤེས་གསལ་ལྟར།    ཞང་ཞུང་གི་ཡུལ་ནི་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་ཏེ།    མདོ་འདུས་ལས། “འཛམ་བུ་གླིང་གི་ནུབ་བྱང་ན།།  མུ་ཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས།།  འཛམ་བུ་པྲིཀྵ་ཤིང་གི་རྩར།། རི་བོ་གངས་ཅན་ཏི་སེའི་དྲུང་།། མཚོ་ནི་མ་པང(ཕམ)གཡུ་མཚོའི་འགྲམ།། ཆུ་བོ་ཆེན་པོ་བཞི་འདུས་མགོ། སྤོས་རི་ངད་ལྡན་ཉེ་བའི་ས།།   རི་ནག་དགུ་འདུས་ར་བ་སྟེ།། ཆུ་བོ་པཀྵུ་སིདྷུས་བཅད།།  དུས་གསུམ་སྟོན་པ་བྱོན་པའི་ཞིང་།།  [1]”ཞེས་གསུངས་པ་དེ་ནི་ད་ལྟའི་བོད་ཡུལ་མངའ་རིས་ཀྱི་ས་ཆ་ཡིན་པ་ལ།       
དེ་ནས་སྟོན་པ་གཤེན་རབ་ཀྱི་རུས་རྒྱུད་ནི་བོད་རུས་བསེ་དམུ་ལྡོང་སྟོང་བཞིའི་དམུ་ཡི་རུས་རྒྱུད་དུ་ཡིན་པ་ནི་ཡབ་དམུ་རྒྱལ་ཐོད་དཀར་ཀྱི་སྲས་་་སུ་འཁྲུངས་པས་རྟོགས།   དེ་བས་ན་སྟོན་པ་གཤེན་རབ་ནི་བོད་མི་རྣམ་དག་ཡིན་ལ་ཁོང་གི་ཞལ་ནས་གསུངས་པའི་གཡུང་དྲུང་ལྷ་ཡི་སྐད་དམ་ཞང་ཞུང་གི་སྐད་ཆ་དེའང་བོད་ཀྱི་ཡུལ་སྐད་རྣམ་དག་ཡིན་ནོ།།
འདིར་ཁ་ཅིག་གིས།      གཡུང་དྲུང་ལྷའི་སྐད་དམ་ཞང་ཞུང་གི་སྐད་དེ་བོད་སྐད་མ་ཡིན་ཏེ། 《མདོ་དྲི་མེད་གཟི་བརྗིད》ལས།“གཡུང་དྲུང་ལྷ་ཡི་སྐད་དུ་ན།    མུ་ནམ་ཡང་དག་སྤྲོས་ནམ་གསལ།     གང་ཟག་མི་ཡི་སྐད་དུ་ན། གཤེན་གྱི་སྲུང་ཁྲིམས་རྣམ་པར་དག་པ་ཡན་ལག་གི་མདོ། [2]   ཞེས་སྐད་གཉིས་སྦྲཊ་མར་འབྱུང་བའི་ཕྱིར། ”ཟེར་ན་མ་ཁྱབ་སྟེ།    གནའ་སྔ་མོའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་སྐབས་ཀྱི་བོད་ཀྱི་ཡུལ་ལུང་སོ་སོའི་སྐད་ཆ་ནི་བོད་པ་ནང་ཕན་ཚུན་ལ་བརྡ་མི་འཕྲོད་པ་སྨོས་ཅི་དགོས།     དེའི་ཕྱིས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་བོད་པ་གཅིག་གྱུར་བྱས་ཟིན་པའི་ད་ལྟའི་བོད་མདོ་དབུས་་་་་ཁམས་གསུམ་་གྱི་ཡུལ་སྐད་ཆེན་པོ་གསུམ་ལ་མཚོན་ནའང་ནང་ཕན་ཚུན་ལ་བརྡ་ཡང་དག་པ་ཞིག་འཕྲོད་མི་ཐུབ་པ་ནི་ཚང་མས་ཤེས་གསལ་ལྟར་ཡིན།     ལྷག་པར་དུ་ད་ལྟའི་དབུས་དང་ཁམས་པ་རྒྱལ་རོང་བཅས་ཀྱི་རོང་ཁོག་སོ་སོའི་སྐད་ཆ་དང་། ཨ་མདོའི་ལུང་པའི་ཐེ་བོའི་སྐད་རྣམས་ཀྱིས་ནི་བོད་པ་སྤྱི་ལ་གཏན་ནས་བརྡ་འཕྲོད་ཀྱིན་མེད་པ་ནི་མངོན་སུམ་ཚད་གྲུབ་ཏུ་གནས་པ་རེད།  དེས་ན་དེ་དག་ཀྱང་བོད་མ་རེད་ཟེར་རྒྱུ་ཨེ་ཡིན།།
━━━━━━━━━
[1] ཤར་རྫའི《ལེཊ་བཤད་རིན་པོ་ཆེའི་མཛོད》( ༡༩༨༢མི་རིགསཤ ༨ ཕ༦)ལས་དྲངས།
[2] 《མདོ་དྲི་མེད་གཟི་བརྗིད》( ༢༠༠༠བོད་ལྗོངས་ཤ ༨༠ ཕ༤)ལས་དྲངས།
ཡང་དཔེར་ན།     ད་ལྟའི་ཨ་མདོའི་འབྲོག་སྐད་དག་མའི་ནང་དུའང་ཡུལ་སྐད་བསྲེས་ཚེ་དེའི་ནང་ནའང་བརྡ་མི་འཕྲོད་པ་ཤིན་ཏུ་མང་སྟེ། དཔེར་ན།  ཁོ་བོའི་ཕ་ཡུལ་ཏེ་ད་ལྟའི་ཨ་མདོའི་སྦྲ་ནག་གི་ཡུལ་སྐད་དུ།  
ཨ་ལ་ཧ་བོས་ཆི་ཆའོ་ཡི་གེ་ལ།།    
དེའི་མོས་ལན་འཇག་མང་ང་གཏད་བཏང་ཟིག།    
ད་ནི་ཧ་ནེས་ཉི་མ་ཆ་ཚིག་ག།      
ལེ་ལེ་མ་ཟིག་ཧྲོས་ཡ་སྐྱིད་པོ་ཤས།། ཞེས་པ་དེ།
བོད་ཀྱི་ཡིག་སྐད་དུ།
ཨ་ཙི་མ་བཟང་ཁྱེད་ཅག་ཚང་མ་ལ།།
དེ་འདྲའི་འོ་བརྒྱལ་མང་པོ་གཏད་བྱུང་བས།།
ད་ནི་ཚང་མས་ཉི་མ་འགའ་ཞིག་ལ།།  
ཁ་དྲོ་ངལ་གསོ་བྱས་ནས་སྐྱིད་པོ་གྱིས།།
ཞེས་པ་ལྟ་བུའི་སྔ་མ་ཨ་མདོའི་སྦྲ་ནག་གི་ཡུལ་སྐད་ཡིན་པ་དེ་བོད་སྐད་མ་རེད་ཟེར་རྒྱུ་ཡིན་ནམ།    འདི་ལ་སྐད་གཉིས་ཤན་སྦྱར་བྱས་ན་ཅིའི་མི་ཆོག  མགོ་མཚུངས་ཀྱི་རིགས་པ་འདིས་ནི་གཡུང་དྲུང་ལྷའི་སྐད་དམ་ཞང་ཞུང་གི་སྐད་ཆ་དེའང་།       བོད་སྤྱི་ལ་འཕྲོད་པའི་སྐད་ཆ་མ་ཡིན་ཡང་བོད་ཀྱི་ཡུལ་སྐད་བྱེ་བྲག་པ་ཞིག་ཡིན་པ་ནི་མྱུར་དུ་རྟོགས་སླ་བ་ལྟ་བུའོ། །
དྲུག་པ། ཐོན་མི་སམ་བྷོ་ཊས་བོད་ཡིག་བཟོས་པའི་གཏམ་རྒྱུད་ལ་དོགས་པ་སློང་བ།
   ཐོན་མི་སམ་བྷོ་ཊས་བོད་ཡིག་བཟོས་པར་འདོད་པ་རྣམས་ཀྱིས། འདི་འདྲའི་གཏམ་རྒྱུད་ཅིག་དྲངས་ཡོད་དེ།“རྒྱ་བོད་གཉིས་ཀྱི་སྐད་རིགས་མ་མཐུན་པའི་དབང་གིས་སྒྲ་འགའ་ཞིག་བསྒྱུར་དཀའ་བ་བྱུང་ནས། སློབ་དཔོན་ཐོན་མི་སམ་བྷོ་ཊ་རེ་ཞིག་ཐུགས་མུག་སྟེ་ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་ཙ་ན། མི་དཀར་པོ་ལྕགས་ཞྭ་དང་ལྕགས་གོས་གྱོན་པ་ཞིག་བྱུང་བར། སློབ་དཔོན་གྱིས། ཁྱེད་གང་ནས་བྱོན་བྱས་པར། ཞང་ཞུང་ནས་འོངས་ཟེར།  གང་དུ་འགྲོ་བྱས་པར། ཟ་འོར་དུ་འགྲོ་ཟེར། གང་བྱེད་དུ་འགྲོ་བྱས་པས། ཇ་ཉོ་རུ་འགྲོ་ཟེར། ནམ་སླེབ་བྱས་པས་ཅི་ཆ་ཟེར་བའི་མུ་ནས་མི་དེ་གར་སོང་ཆ་མེད་དུ་གྱུར་སོང་། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པས།  ཞང་ཞུང་ནས་འོངས་ཞེས་པའི་ཚིག་ཟུར་ལས་ཞ་ཡིག་རྙེད། ཟ་འོར་ཞེས་པའི་ཚིག་ཟུར་ལས་ཟ་ཡིག་དང་འ་ཡིག་གཉིས་རྙེད། ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཇ་ཡིག་རྙེད། ཅི་ཆ་ཞེས་པའི་ཚིག་ཟུར་ལས་ཅ་ཡིག་ཆ་ཡིག་གཉིས་རྙེད་ནས་རྒྱ་གར་ན་མེད་པའི་ཡིག་་་་གེ་དྲུག་བསྣན་པར་མཛད་དོ།[1]”ཞེས་ཟེར་རོ།།
━━━━━━━━━
[1] 《ཡིག་བཤད་མཁས་པའི་ཁ་རྒྱན》( ༡༩༨༧བོད་ལྗོངསཤ༡༢ཕ༡)ལས་དྲངས།
   དེ་ལ་འདི་ལྟར་དཔྱད་པར་བྱ་སྟེ། ཐོན་མིས་རྨི་ལམ་དུ་ཞང་ཞུང་བ་ཞིག་གི་སྐད་ཆའི་ཚིག་ཟུར་ལ་མ་བརྟེན་ན། བོད་རང་སྐད་ཀྱི་ནང་ན་ལྷན་སྐྱེས་སུ་བཞུགས་པའི་ཅ་ལག་དང་། ཅི་ཙམ། ཅུང་ཟད། ཅེ་རེ་ལོང་། ཅོ་ཏོ། གཅིག  གཅིན། གཅེན། གཅུང་། གཅོད། བཅད། གཅན་གཟན། ཆ་བྱད། ཆིབས་པ། ཆུ་བོ། ཆེན་པོ། ཆོས། མཆོག  མཆོངས། ཇ། ཇི་ལྟ། ཇི་འདྲ། ཇི་བཞིན། ཇུས་ཀ  ཇེང་། ཇོ་མོ། འཇིགས་རུང་། འཇིག་རྟེན། ཞྭ་མོ། འབྲོང་ཞི་ལེགས། ས་ཞིང་། ཞུན་མར། ཁ་ཞེང་།  ཞོགས་ཀ  གཞོན་ནུ།  ཟ་མ།   ཟ་ནམ་ཟིན་ལྡེ།  ཟམ་པ།  ཟིལ་བ།   ཟ་ཕྲུག ཟུག་རྔུ། ཟ་ཟེད། ཟོར་བ། བཟི། བཟུང་། ཁྲི་གཉན་གཟུངས་བཙན། འ་འུར། འུག་པ། འུར་རྡོ། འ་ཅག  འོ་མ།  འོ་བརྒྱལ། སོགས་གྲངས་མེད་པ་ཞིག་ཡོད་པ་རྣམས་སློབ་དཔོན་ཐོན་མི་གཙོས་པའི་སྐབས་དེའི་བོད་མི་རྣམས་ཀྱི་ངག་ན་ཚིག་ཟུར་ཙམ་ཡང་བརྗོད་རྒྱུ་མེད་པ་ཨེ་ཡིན། ཡིན་ན་འཚོལ་དགོས་དོན་མེད་ལ། མིན་ན་ཐོན་མིས་རང་སྐད་ལ་དེ་དག་ཡོད་པ་བརྟག་མ་ཤེས་པ་ཡིན་ནམ། མདོར་ན་ཐོན་མིས་རང་སྐད་ལ་དེ་དག་ཡོད་པ་གཅིག་ཀྱང་མ་དྲན་པ་ཨེ་ཡིན།     མདོར་ན་རྨི་ལམ་ཡིན་མིན་གང་ཡིན་རུང་། སྐད་ཆ་དྲིས་པ་དང་ལན་བཏབ་པ་ཙམ་གྱིས་ཡི་གེའི་སྒྲ་ཙམ་རྙེད་ཐུབ་པ་ལས་ཡི་གེའི་གཟུགས་གཏན་ནས་རྙེད་ཐབས་མེད་པ་ནི་བློ་རྗེས་དཔག་ཚད་མས་བསྒྲུབ་ཐུབ་པ་ཡིན་ནོ། །
སྤྱིར་བན་དེ་ཚོས་བོད་གངས་ཅན་གྱི་ལྗོངས་འདིར་སྟོན་པ་ཤཱཀྱ་ཐུབ་་་་པའི་བསྟན་པ་སྤེལ་ཞོར་དུ་གྲུབ་མཐའི་ཆགས་སྡང་གིས། བོད་རང་གི་མེས་པོས་གསར་གཏོད་བྱས་པའི་གཡུང་དྲུང་བོན་གྱི་སྙིང་རྗེའི་བསྟན་པ་ལ་ཞྭ་ནག་པོ་བསྐོན་ནས་རྩ་རྫོགས་བྱས་པ་མ་ཟད། དེ་འབྲེལ་གྱི་ལོ་རྒྱུས་ལའང་འཁྱོག་བརྗོད་དང་རྟོག་བཟོ་མང་དུ་བྱས་ཡོད་པས་ན། ཐོན་མི་ཁོང་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཡིན་པ་དང་དེས་བོད་ཡིག་བཟོས་ཚུལ་གྱི་གཏམ་རྒྱུད་སོགས་ལ་དེང་གི་བོད་ཕྱི་རབས་པའི་མཁས་པ་མི་ཉུང་བ་ཞིག་གིས་གཏན་་་་་་ནས་ཁས་ལེན་གྱིན་མི་འདུག  དེ་ཡང་ཁས་མི་ལེན་དོན་ཡང་ཕལ་ཆེར་གཤམ་གསལ་ལྟར་ཏེ།
(༡)ཐོན་མིའི་མིང་བོན་པོའི་རིག་གནས་ལོ་རྒྱུས་ན་མེད་པ། (༢)ཐོན་མིའི་མིང《ཏུན་ཧོང་ཡིག་རྙིང》ན་མེད་པ། (༣)ཐོན་མིའི་མིང《ཐང་ཡིག་གསར་རྙིང》ན་མེད་པ།  (༤)ཐོན་མིའི《སུམ་རྟཊ་རྩ་བ》དེ་ཡིག་རྙིང་གང་དུའང་མེད་པ།  (༥)ཐོན་མིའི《སུམ་རྟགས》དང་། 《ཐོན་མིའི་མགུར》། 《ཐོན་མིའི་ཡིག་ཕུལ》བཅས་སྲོང་བཙན་སྐབས་ཀྱི་རྩོམ་ཉམས་མེད་པར་ད་ལྟའི་རྩོམ་ཉམས་ཁོ་ན་ཡིན་པ་བཅས་ཀྱི་རྒྱུ་མཚན་གྱིས། བོད་ཡིག་བཟོ་མཁན་དེ་ཐོན་མི་མ་ཡིན་ནོ་ཞེས་སྙམ་ཞིང་བརྗོད།
དེས་ན་གྲོལ་ཐབས་མེད་པའི་ཐེ་ཚོམ་གྱི་མདུད་རྒྱ་ཆེན་པོ་དེ་དག་ཚང་མ་དེ། རང་རེའི་བཀའ་དྲིན་ཅན་གྱི་སློབ་དཔོན་ཆེན་མོ་དང་ལོ་ཙཱའི་ཐོག་མ། བློན་ཆེན་བཞི་བ། འཇམ་མགོན་ཐོན་མི་སམ་བྷོ་ཊ་གཅིག་པོའི་སྟེང་ལ་བབས་པ་དེ། སྟབས་མ་ལེགས་པ་ཡིན་ནམ་ལྟས་མ་འགྲིག་པ་ཡིན། འདི་འདྲའི་དཔེ་འབྱུང་སྲིད་དམ།།
འདི་ལ་ཁ་ཅིག་གིས། གླང་དར་མས་བསྟན་པ་བསྣུབས་པས་ཡིན་ཟེར་ན། ལྷ་སྲས་ཁྲི་དར་མས་གྲྭ་གྲངས་ཚོད་འཛིན་བྱས་པ་ཙམ་ལས། བསྟན་པ་ཡོངས་རྫོགས་བསྣུབ་རྒྱུ་ཕར་ཞོགས་ཏེ་ད་དུང་སྲུང་སྐྱོབ་དང་དར་སྤེལ་གནང་ཡོད་པ་ནི《ཏུན་ཧོང་གཏེར་ཡིག》ན་ཤིན་ཏུ་གསལ་བ་ལྟར་ཡིན། གལ་ཏེ་གླང་དར་མས་བསྟན་པ་བསྣུབས་ཡོད་པའི་དབང་དུ་བཏང་ནའང་། གྲྭ་བ་དང་ཆོས་དཔེ་མང་པོ་བསྣུབས་པ་ལས་སྲིད་བློན་ཐོན་མིའི་མིང་དང་མཛད་རྗེས་ཅི་ལ་བསྣུབ་སྟེ་བསྣུབ་མི་སྲིད་དོ།།                      
འདིར་ཞོར་དུ་གླེང་རྒྱུ་ཞིག་དྲན་བྱུང་བ་ནི། ཁྲི་དར་མས་ལོ་གཅིག་ཙམ་ལ་བསྟན་པ་བསྣུབས་ན་དེ་འདྲའི་ཚབས་ཆེན་ཞིག་ཡིན་ན། བན་དེ་ཚོས་མི་ལོ་སྟོང་ཕྲག་གི་རིང་ལ་བོན་བསྟན་བསྣུབས་སོང་བས། ད་ལྟ་ཞང་ཞུང་སྐད་ཡིག་ཏུ་བརྩམས་པའི་གཤེན་བསྟན་དང་བོན་པོའི་ཡིག་རྙིང་གི་བརྡ་སྤྲོད་གཞུང་་་་་་ལུགས་སྟོན་རྒྱུ་མེད་པ་དེའང་།   དར་མས་ཆོས་བསྣུབས་པས་ཐོན་མིའི་བསྟན་བཅོས་བརྒྱད་སྟོན་རྒྱུ་མི་རྙེད་པའི་མགོ་མཚུངས་རིགས་པ་འདི་ཕྱོགས་གཉིས་་་ཀར་ཐུན་མོང་དུ་འབབ་པའང་ཤེས་པར་མཛོད་ཅིག།
བདུན་པ།  ཚད་ལྡན་མཁས་པའི་གསུང་ལུང་བཀོད་དེ་མཇུག་བསྡུ་བ།
(༡)མཁས་དབང་དམུ་དགེ་བསམ་གཏན་གྱིས།“བོད་དུ་ཆོས་ལུགས་དར་བའི་སྔ་ཤོས་ནི་བོན་ཡིན་ལ། སྲོང་བཙན་སྒམ་པོའི་སྔོན་གྱི་བོད་ཀྱི་རྒྱལ་བློན་རྣམས་ནི་བོན་མཆོད་གནས་བཟུང་སྟབས་བོད་ཀུན་ཏུ་བོན་རྒྱ་ཆེར་དར། སྲོང་བཙན་སྒམ་པོའི་དུས་སུ་ཆོས་དར་ཡང་བོན་ལ་ཆེད་དུ་དགག་པ་མ་བཏང་། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་རྒྱལ་པོས་ཆོས་ལུགས་བྱེད་པ་ལས་བོན་ལུགས་བྱེད་་་་མི་ཆོག་པའི་བཀའ་བསྒྲགས་ཏེ་བོན་བསྣུབས།།”ཞེས་གསུངས་སོ།།
(༢) མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་རིན་པོ་ཆེ་མཆོག་གིས།“ད་ཡོད་བོད་ཀྱི་ལོ་རྒྱུས་དཔྱད་གཞིའི་ཡིག་རིཊ་ཁག་དང་གནའ་རབས་བོན་གྱི་ལོ་རྒྱུས་ཡིག་རིགས་འགའ་ཞིག་ཁོ་བོས་མཐོང་མྱོང་བ་དེ་ཚོར་ཞིབ་ཏུ་བརྟཊ་སྐབས་བོད་ལ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་སྟེ་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་དུས་ནས་བོད་ལ་རིག་གནས་ཡོད་པ་མ་ཟད། འགའ་ཞིག་ནི་རིག་གནས་ཀྱི་ཚད་ཅུང་ཟད་མཐོ་ཞིང་ཚན་རིག་དང་ཧ་ཅང་ཉེ་བོ་ཡོད་པ་དེ་འདྲ་ཞིག་རེད།།”ཅེས་དང་།
(༣) མཁས་དབང་ཆབ་སྤེལ་མཆོག་གིས།“ད་ལྟ་ང་ཚོས་མཇལ་མུས་ཡིན་པའི་སུམ་རྟགས་ཀྱི་རྩ་བ་དེ་ནི། སྐབས་དེ་དུས་ཐུ་མིས་མཛད་པ་རེད་ཅེས་བརྗོད་ན་དོན་དངོས་དང་མི་མཐུན་པ་ཞིག་རེད་སྙམ། གང་ལགས་ཤེ་ན། བཙན་པོའི་དུས་སྐབས་སུ་བྱུང་བའི་ཡིག་རྙིང་དང་བོད་སིལ་བའི་དུས་སྐབས་་ཀྱི་སྔ་རྗེས་སུ་བྱུང་བའི་ཡིག་ཚང་དེ་དག་ལ་བལྟས་ཚེ། ཕྲད་ཀྱི་ཐོབ་ཚུལ་སོགས་ཐད་སུམ་རྟགས་ཀྱི་འགྲོ་སྟངས་དང་རྩ་བ་ནས་གཅིག་པ་མ་ཡིན་པའི་སྣང་བ་་་ཞིག་ངང་ངམ་ཤུགས་སུ་ཡོང་གི་ཡོད། ང་རང་གི་བསམ་ཚོད་བྱས་ན། སུམ་རྟགས་ཀྱི་གཞུང་ལུགས་དེ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་མིན་ནམ་བསམ་གྱིན་འདུག་གོ།”ཞེས་དང་།
(༤) སློབ་དཔོན་བཀའ་དྲིན་ཅན་ཨ་ལག་དོར་ཞི་རིན་པོ་ཆེ་མཆོག་གིས།“དེང་སང་དཔྱད་བརྗོད་པ་ལ་ལས་སུམ་རྟགས་ས་སྐྱ་བའི་དུས་སུ་བྱུང་བ་ཡིན་ཟེར་བ་ཕལ་ཆེར་བདེན་པར་འདུག་བསམ། སུམ་ཅུ་བའི་ཚིག་སྦྱོར་ལ་སོགས་དེ་འདྲའི་བདེ་བ་དང་། ཏུན་ཧོང་གི་ཡིག་རྙིང་དང་རྡོ་རིང་སྟེང་གི་ཚིག་སྦྱོར་ལ་གདོད་མའི་རྣམ་པ་ཡོད་པ་དེར་བལྟས་ན། སྲོང་བཙན་སྐབས་ཀྱི་ཡིན་ཟེར་བ་དེར་དེ་འདྲའི་ཡིད་ཆེས་རྒྱུ་མེད།།”ཅེས་དང་།
(༥)མཁས་དབང་མི་ཉག་མགོན་པོ་མཆོག་གིས། “སྡེ་དགེའི་པར་མ༼   མ་ཎི་བཀའ་འབུམ ༽ ཨེ་པོད་ཀྱི་ཤོག་ལྡེབ་ཆིག་བརྒྱ་དྲུག་ཅུ་རེ་གཅིག་པའི་རྒྱབ་ངོས་ཀྱི་ཡིག་ཕྲེང་ལྔ་པར། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་དུས་སུ། གསེར་གྱི་གླེགས་བམ་ལ་བེཌཱུརྱ་ཞུན་མས་བོད་ཡིག་ཏུ་བྲིས་པའི་མདོ་སྡེ་ཟ་མ་ཏོག་བཀོད་པ་དང་། སྤང་སྐོང་ཕྱག་རྒྱ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང་། དགེ་བཅུའི་མདོ་དང་བཅས་པ་བཅུག་སྟེ་ཉི་མའི་འོད་ཟེར་དང་འགྲོཊ་ཏེ་ཕོ་བྲང་གི་སྟེང་དུ་བབས་པ་དང་། ”ཞེས་སོགས་པ་དང་།
(༦)མཁས་དབང་ནོར་བྲང་ཨོ་རྒྱན་གྱིས།“ད་ཕན་ལོ་རྒྱུས་དེབ་ཐེར་རྩོམ་པ་པོ་མང་ཆེ་བ་བསྟན་པ་ཕྱི་དར་རྗེས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་ཤ་སྟག་ལ་བརྟེན་ཁོང་ཚོས་བོན་ཆོས་ལ་དག་སྣང་མི་མཛད་པའི་དབང་གིས་་་གནའ་བོའི་ཞང་ཞུང་གི་ཡི་གེ་ལ་སོགས་པ་བོད་ཀྱི་རིག་གནས་འབྱུང་ཁུངས་་་་བོན་པོར་བརྟེན་ན་སངས་རྒྱས་ཆོས་ལུགས་པའི་ལ་རྒྱ་ཤོར་དོགས་ལྟ་བུས་སྣང་མེད་མཛད་པས། རང་རེའི་མེས་པོ་ཚོས་གསར་གཏོད་གནང་བའི་ཡི་གེ་ལ་སོགས་པའི་ལོ་རྒྱུས་ཐོག་གི་རླབས་པོ་ཆེའི་བྱ་བ་མང་པོ་བག་ལ་ཉལ་བར་བྱས་སོ།།”ཞེས་གསུངས།།
(༧) མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས།“རང་རེའི་ལོ་རྒྱུས་ཁག་ཏུ་རྒྱལ་པོ་འདིའི་སྐུ་དུས་སུ། ལོ་ཙཱ་བ་ཐོན་མི་སམ་བྷོ་ཊས་སུམ་རྟགས་སོགས་སྒྲའི་བསྟན་བཅོས་བརྒྱད་བརྩམས་པ་དང་། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་སོགས་བཀའ་བསྟན་བསྒྱུར་བ་དང་། རྒྱལ་པོ་རང་ཉིད་ཀྱིས་ཀྱང་མ་ཎི་བཀའ་འབུམ་བརྩམས་པར་གསལ་བ་སོཊ་ནི་ཕྱིས་ཀྱི་ལོ་རྒྱུས་སྨྲ་བ་དག་གིས་སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་་པར་ཡིད་ཆེས་བསྐྱེད་ཕྱིར་ཐབས་མཁས་མཛད་པ་ཙམ་ལས་བདེན་པ་མིན་་་་་ནོ།།”ཞེས་གསུངས་སོ།།
(༨)མཁས་དབང་འཕྲིན་ལས་ཆོས་གྲཊ་ཀྱིས།“གངས་ཅན་བོད་ལ་མཚོན་ན་མ་མཐར་སྤྱི་ལོའི་སྔོན་གྱི་ལོ་དྲུག་བརྒྱའི་ཡར་སྔོན་དུ་གཤེན་རབ་མི་བོ་ཆེས་ཡི་གེ་ཐོག་མར་བཏོད་པ་དང་གཡུང་དྲུང་བོན་གྱི་བསྟན་པའི་དབུ་བརྙེས་པའི་རྗེས་སུ་ཆོས་གཞུང་བསྒྱུར་སྤེལ་གྱི་བྱ་བའི་མགོ་བརྩམས། སྤྱི་ལོའི་སྔོན་གྱི་ལོ་སུམ་བརྒྱ་དྲུག་ཅུའི་ཡས་མས་ཤིག་སྟེ་ཡར་ཀླུང་སྤུར་རྒྱལ་གྱི་བཙན་པོའི་གདུང་རབས་ཐོག་མ་གཉའ་ཁྲི་བཙན་པོའི་དུས་ནས་ཞང་བོད་ལོ་ཙཱ་ཐོག་མ་དར་བ་ཡིན།།”ཞེས་གསུངས་སོ།།
(༩)ཀྲུང་དབྱང་མི་རིཊ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དོན་གྲུབ་དབང་འབུམ་ཀྱིས།“བོན་གྱི་རིག་གཞུང་ནི་བོད་མི་རིགས་ཤེས་རིག་རྒྱ་མཚོ་ཆེན་པོའི་ཁྲོད་དུ་མེད་མི་རུང་བའི་རིག་གཞུང་ཡན་ལག་བརྒྱད་ལྡན་གྱི་འབབ་ཆུ་ཞིག་་རེད། གནའ་ནས་བཟུང་ཡ་ཐོག་བོན་གྱི་ལོ་རྒྱུས་དང་རིག་གནས་རྣམ་པར་འཕེལ་ཞིང་། ཤེས་རིག་དེའི་སྲོལ་རྒྱུན་གྱི་ངོ་བོ་བོད་མི་རིགས་ཀྱི་སེམས་ཁམས་སུ་གོ་གནས་ངེས་ཅན་བཟུང་ཡོད་པ་རེད།། ”ཅེས་གསུངས་སོ།།
(༡༠)ཀྲུང་དབྱང་མི་རིཊ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་དཔལ་འབར་རྡོ་་་རྗེས།“བོན་ཆོས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མ་ལག་གལ་ཆེན་ཞིག་ཡིན། དེའི་ནང་དུ་ཆོས་ལུགས་དད་མོས་ལས་གཞན། ད་དུང་ཆབ་སྲིད་དང་། བསམ་བློ། རྩོམ་རིག  རིག་གནས། སྒྱུ་རྩལ། ཚན་རིག་སོགས་ཀྱང་འདུས་ཡོད་པས། བོན་གཞུང་ནི་བོད་རང་ས་ནས་བརྡོལ་བའི་རིག་གཞུང་ཀུན་འདུས་ཀྱི་གཞུང་ཆེན་་་ཞིག་ཡིན་ཞེས་བརྗོད་པར་འོས་སོ། ང་ཚོས་ཀྱང་བོད་ཀྱི་རིག་གནས་ཀྱི་རྩ་བ་ཚུགས་ས་བོན་ཆོས་ཡིན་ཞེས་བཤད་ཆོག་གོ།”ཞེས་གསུངས་སོ།།
(༡༡)མཁས་དབང་ལྡོང་ནོར་སྡེ་མཆོག་གིས། “གནའ་དང་མ་དང་གི་མགོ་མ་སྲོང་བཙན་སྒམ་པོ་མ་ཐོན་སྔུན་གྱི་ཡི་གེ་ཞིག་གི་རྨང་གཞི་ཞིག་ཡོད་འདུག བོན་པོ་ཚང་ལ་ཡི་གེ་ཞིག་ཡོད་འདུག  དེའི་ཡི་གེ་དེ་སྨར་ཆེན་སྨར་ཆུང་གིས་མཚོན་པར་བྱེད་པའི་བོན་པོའི་ཡི་གེ་རེད།  ད་ལྟ་ཕར་ལ་འདྲེས་ཚུར་ལ་འདྲེས་མཇུག་མཐར་ཅི་ཞིག་ཡིན་མི་ཤེས་ཀྱང་།   དེ་ཐོན་མི་སམ་བྷོ་ཊས་མ་ལས་པའི་སྔུན་དེར་དེ་ལྟ་བུའི་རྨང་གཞི་ཞིག་ཡོད་འདུག   དེ་གཉིས་ཀ་གཅིག་ཨེ་ཡིན་མི་ཤེས།།”ཞེས་གསུངས།།
(༡༢)མཁས་དབང་ཐུབ་བསྟན་ཕུན་ཚོགས་ལཊ་ཀྱིས། “སྤྱི་ལོའི་དུས་རབས་བརྒྱད་པ་སྟེ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བན་བོན་བར་དུ་གྲུབ་མཐའི་ཆཊ་སྡང་གི་འཁྲུག་པ་བྱུང་སྟེ། མཐར་བོན་པོ་ཕམ་སྟེ་བན་དེ་ལ་རྒྱལ་ཁ་ཐོབ། དེ་ནས་བཟུང་བོད་གཞུང་ནས་བོན་གྱི་ལོ་རྒྱུས་མཐའ་དག་བསུབ་རྐྱང་བྱེད་རྒྱུ་་་་་དེ། ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཞིག་ཏུ་ཆགས་ཏེ། དམ་ཆོས་བོད་དུ་མ་དར་གོང་ལ་བོད་འདི་ཤེས་རིག་ཡོན་ཏན་གང་ཡང་མི་དར་བའི་ཀླ་ཀློ་དང་་་་་མུན་ནག་གི་ཡུལ་ལྟ་བུ་ཞིག་ཡིན་ལ།  ཐུབ་བསྟན་བོད་དུ་དར་བ་ནས་བཟུང་བོད་འདིར་ཤེས་རིག་ཡོན་ཏན་ཐམས་ཅད་དབྱར་མཚོ་ལྟར་རྒྱས་ནས་བོད་་་་་ཡུལ་ལ་སྐྱིད་པའི་ཉི་མ་གསར་པ་ཞིག་ཤར་ཡོད་ཅེས་དྲིལ་བསྒྲགས་ཤུཊ་ཆེན་་་པོར་བྱས་པར་བརྟེན།  དེའི་རྗེས་ཀྱི་མཁས་པ་རྣམས་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་བོད་མཐའ་འཁོབ་ཡིན་པ་དང་། ཀླ་ཀློ་ཡིན་པ། མུན་ནག་གི་ཡུལ་ཡིན་པ་སོགས་དམ་པའི་ཆོས་ལ་ཆེ་བསྟོད་བྱེད་པའི་ཆེད་དུ་རང་གི་རིགས་ལ་དམའ་འབེབས་བྱེད་རྒྱུ་དེ་ངོ་མཚར་ཆེ་བ་དང་གཟི་བརྗིད་ལྡན་པ་འདྲ་པོ་་་་་་ཞིག་ཏུ་བརྩིས་ནས་གསུང་གིན་ཡོད་སྟབས།  བོད་ཀྱི་ཡི་གེ་བཤད་པའི་སྐབས་སུའང་སྲོང་བཙན་གོང་ན་བོད་དུ་ཡི་གེ་འབྲི་སྲོལ་མེད་ལ། དེ་ཡང་ཆོས་དང་ཆོས་རྒྱལ་རྣམས་ཀྱི་མཛད་འཕྲིན་ཡིན་པར་བཤད། དེ་ལྟར་ཆབ་སྲིད་ཀྱི་རང་བཞིན་ལྡན་པའི་དྲིལ་བསྒྲགས་ཀྱི་ལས་ཀ་དེ་ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་་་་་་ནས་བྱུང་ཡོད་པས།  ཕྱིས་ཀྱི་མཁས་པ་ཁ་ཅིག་ནི་དེ་ལྟར་དུ་ཡིན་པར་རློམ་ནས་དེའི་རྗེས་སུ་མ་དཔྱད་པར་འབྲངས་པ་དང་། ཁ་ཅིག་གིས་ནི་མི་འདོད་བཞིན་དུ་ཁས་ལེན་པའི་ཤུགས་ལ་སྲོང་བཙན་གོང་དུ་བོད་ལ་ཡི་གེ་ཡོད་པར་འདོད་པའི་ཚིག་མང་པོ་ལོ་རྒྱུས་དེབ་ཐེར་རྣམས་སུ་བྲིས་ཡོད་པ་སྟེ། དཔེར་ན།  ལུགས་གཉིས་མཁྱེན་པའི་སྤྱན་དཀྱུས་རབ་ཏུ་ཡངས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཚོས 《གསོ་རིག་སྨན་གྱི་ཁོག་འབུབས 》 ལས།    “སྤྱིར་ཀླ་ཀློ་ལ་སོགས་པ་ཁོལ་བུ་རེ་གཉིས་ལས་ཕལ་ཆེ་བ་མི་རིགས་ཡིན་ནོ་ཅོག་ལ་རང་གི་ཡི་གེ་རེ་ཡོད་པར་གྲགས་ཤིང་། མངོན་སུམ་དུའང་སྣང་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱ་འགྲེལ་དྲི་མེད་འོད་ལ་སོགས་པར་ཡང་དེ་བཞིན་དུ་བཤད་མོད། འོན་ཀྱང་བོད་ཡུལ་འདིར་ཆོས་ཀྱི་རྒྱལ་པོ་ཡབ་གནམ་རི་སྲོང་བཙན་ཡན་དུ་ཡི་གེ་མེད་པར་འདོད་པ་ལྟར་ན། ཞེས་ཡི་གེ་མེད་པའི་ལུཊ་ལ་མ་རངས་པའི་ཚིག་དང་བཅས་པས་གསུངས་ཡོད་པ་དང་། ཉང་རལ་མ་འོད་ཟེར་གྱིས་མཛད་པའི་ཆོས་འབྱུང《མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད》ལས། བོད་ཀྱི་ཡི་གེ་ཡང་ཁྲི་སོ་བུད་བཙན་པོའི་དུས་ནས་བྱུང་བར་འདོད་པ་ཡང་ཡོད་དོ།། ཞེས་དང་། སྡེ་དགེའི་ཤིང་པར་གྱི《མ་ཎི་བཀའ་འབུམ》ལས།  རྒྱལ་པོ་ལྷ་ཐོ་ཐོའི་རིང་ལ་པང་ཀོང་ཕྱག་རྒྱ་དང་།  མདོ་སྡེ་ཟ་མ་ཏོག་བཅས་བོད་ཀྱི་ཡི་གེ་རུ་བྱུང་། ཞེས་སོགས་གསུངས་ཡོད་པ་དེ་དག་ནི་སྲོང་བཙན་གོང་དུ་བོད་ཡིག་ཡོད་པར་སྟོན་བྱེད་ཀྱི་ནང་པའི་ལུང་གི་ཚད་མ་ཡིན་ལ། རིགས་པས་བརྟཊ་ནའང་ཡོད་པར་གསལ་ཏེ།  གཉའ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་སོ་གཉིས་པོ་ཆོས་རྒྱལ་རང་གི་ཡབ་་་མེས་གོང་མ་རྣམས་ཀྱི་མཚན་བྱང་དང་མཛད་རྗེས་རགས་རིམ་ཡིག་ཐོག་ཏུ་་་་འཁོད་ཡོད་པར་མ་་ཟད། 《ཆོས་འབྱུང་མཁས་པའི་དགའ་སྟོན》དང་།  ཏུང་ཧོང་གི་ཡིག་རྙིང་དེ་དག་ལས།  གཉའ་ཁྲི་བཙན་པོའི་གོང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། སིལ་མ་བཞི་བཅུ་རྣམས་ཀྱི་རྒྱལ་ཕྲན་སོ་སོའི་རྒྱལ་ས་དང་།  རྒྱལ་བློན་སོ་སོའི་མཚན་བྱང་བཅས་གསལ་ལྷང་ངེར་འཁོད་ཡོད་པ་འདི་ཁོ་ན་ལ་བསམས་ཚེ། ཆོས་རྒྱལ་སྲོང་བཙན་གོང་ལ་བོད་དུ་ཡི་གེ་བེད་སྤྱོད་བྱས་ཡོད་པར་ཤེས་ལྡན་སུ་ཞིག་ལ་ཐེ་ཚོམ་སྐྱེ་སྟེ། མི་ལོ་སྟོང་ཕྲག་སྔོན་གྱི་རྒྱལ་བློན་སོ་སོའི་མཚན་བྱང་དེ་དག་བོད་དུ་ཡི་གེ་དར་བ་ན་གཟོད་འབྲི་ཆོག་ཆོག་ཅིག་སུ་ཞིག་གིས་བཤད་ཐུབ་བམ།   འོན་ཀྱང་ཨུ་ཚུགས་ཅན་རྣམས་ལ་ལུང་རིགས་བསྟན་པའི་ངལ་བ་མི་བྱའོ།།”ཞེས་སོགས་སུ་གསུངས་པ་དེ་དེ་བཞིན་དུ་ཤེས་པར་བྱའོ། །
མཇུག་ཏུ།     སློབ་དཔོན་ཐོན་མི་སམ་བྷོ་ཊ་ཁོང་དུས་ནམ་ཞིག་ལ་འཁྲུངས་པ་དང་། བོད་ཀྱི་མཛངས་བློན་བཞི་བ་ཡིན་མིན་དང་། བོད་ཡིག་གསར་གཏོད་བྱེད་མཁན་ཡིན་མིན་དང་། བོད་ཀྱི་ལོ་ཙཱ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ཡིན་མིན་སོགས་ནི་ཐག་གིས་གཅོད་དཀའ་ཡང་།   ད་ལྟ་ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི《སུམ་རྟགས》གཉིས་ནི་ཁོང་གི་མཚན་ཐོག་ནས་མཛད་པ་ཡིན་འདུག་ལ།  དེས་ནི་བོད་ཀྱི་སྒྲ་རིག་པ་བཀོལ་སྤྱོད་དང་འཕེལ་རྒྱས་ལ་མཛད་རྗེས་བླ་ན་མེད་པ་བཞག་སོང་པས་ན། ཁོང་སུ་ཡིན་ཡང་ཁོང་ལ་སློབ་དཔོན་དུ་འབོད་ཅིང་ཁོང་ལ་བཀའ་དྲིན་ཅན་དུ་བརྗོད་པ་ནི་ཁོ་བོའི་སེམས་གཏིང་ནས་ནམ་ཡང་འགྱུར་པ་མེད་པ་ཡིན་ནོ། །
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།