སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་དཔྱད་པ།

[ཟླ་ཚེས། 2025-01-08 16:32:00][རྩོམ་པ་པོ། བསམ་གཏན་བློ་གྲོས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]


སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་སྐུ་ཚེའི་ལོ་རྒྱུས་སྐོར་ལ་དཔྱད་པ།

  [ནང་དོན་གནད་བསྡུས།] སྐྱབས་སྟོན་རིན་ཆེན་འོད་ཟེར་ནི་བོན་གྱི་ལོ་རྒྱུས་སྟེང་གི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་རླབས་ཆེན་ཞིག་ཡིན་ཁར་མྱི་ཚེ་གང་བོར་བོན་གྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་བཏང་ཡོད། ཁོང་གིས་གཤེན་རབ་མི་བོ་ཆེའི་བཀའ་དང་འབྲེལ་བའི་བཀའ་བརྟེན་དུ་མ་ཞིག་མཛད་ཡོད། རྩོམ་གཞུང་ཁག་ན་གཞིག་ཚེ་རྩོམ་ལུས་ཀྱི་ཆ་ནས་ཀྱང་སུམ་རྟགས་དག་གསུམ་དང་། ཚིག་གི་སྡེབ་སྦྱོར། དོན་གྱི་འགྲེལ་པ་སོགས་ཕྱོགས་གང་གིས་ཐད་ནས་ཀྱང་མཁས་པ་གཞན་དང་མི་མཚུངས་བའི་ཐུན་མིན་གྱི་ཁྱད་ཆོས་བདོག་པར་ཁོང་གིས་མཛད་པའི་ལྗགས་རྩོམ་དག་ལས་ཤེས་ནུས་སོ། །མིག་སྔར་འུ་ཚོའི་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པར་གྲགས་པའི་བཀའ་བརྟེན་ཡོད་དོ་ཅོག་རེའུ་མིག་ཏུ་བཀོད་དེ་གྲོངས་འབོར་གྱི་ཐད་ནས་རྩིས་སུ་བགྲང་པ་ལྟར་ན། ཁོང་གིས་མཛད་པའི་བཀའ་འགྲེལ་ཁྱོན་སྡོམ་བདུན་ཅུ་དོན་གྲངས་ཤིག་ཡོད་པར་ཚོར་ལ། དེའི་ཁྲོད་ནས་《ཁྲོ་བོ་དབང་ཆེན་གྱི་འགྲེལ་པ་》དེ་ནི་ད་ལྟ་བོད་རིག་པ་བ་རྣམས་ཀྱི་ཞིབ་འཇུག་བྱ་ཡུལ་དུ་གྱུར་ཡོད་ཚོད། ལར་བྱས་ན་ཁོང་ནི་རྗེ་མཉམ་མེད་(༡༣༥༣--༡༤༡༥)དང་དུས་མཚུངས་ཏེ་སྤྱི་ལོའི་དུས་རབས་བཅུ་བཞིའི་ནང་དུ་བྱོན་པའི་ཞུ་ཡི་བསྟན་པ་ལ་སྐུ་དྲིན་བླ་ལྷག་ཏུ་ཆེ་བའི་མཁས་གྲུབ་ཞིག་ཡིན་གཤིས། འོན་ཀྱང་། རབ་ཏུ་ཡིད་སྨྲེང་དགོས་པ་ཞིག་ལ་ཞུ་བསྟན་རྗེས་འཇུག་གི་མཁས་པ་དང་། བོན་གྱི་ལོ་རྒྱུས་བསྟན་འབྱུང་རྩོམ་པ་པོ་ཚོས་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་སྐུ་ཚེའི་ལོ་རྒྱུས་ལ་དོ་སྣང་བགྱིད་མེད་པ་འམ་ལོ་རྒྱུས་བསྟན་འབྱུང་ཁག་ན་བྲིས་མེད་པ་དེ་ནི་རབ་ཏུ་ཞེ་སྨྲེང་འོས་པ་ཞིག་ཏུ་མ་ལགས་སམ། འོན་ཏེ། མིག་སྔར་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་སྐོར་ལ་རྟོགས་གཞིག་བགྱིད་མཁན་ལ་ཤས་ཀྱིས་ནི་གདུང་རྒྱུད་སྐྱ་འོ་འམ་རྨེའུ་འདུལ་རྒྱུད་ཞུ་ཞེས་དང་། ཁག་ཅིག་གིས་ནི་སྐྱབས་སྟོན་རིན་ཆེན་འོད་ཟེར་ཞུ་ཡི་གདུང་ཁུངས་ནས་ཕྱིར་ཕུད་བགྱིད་པར་མ་མཐོང་ངམ་ཞིབ་ཏུ་མ་གཟས་ནས་གོ་ལོག་གོལ་ཏེ་ཞུ་ཡིན་པའི་སྒྲུབ་རྟགས་ལྟར་སྣང་དང་། དགོས་མེད་ཀྱི་ངལ་བ་མཛད་ཀྱིན་འདུག་བས་དེ་དག་ལ་སུན་འབྱིན་དང་། སྐྱབས་སྟོན་གྱི་འཁྲུངས་ཡུལ་ཕྱོགས་གང་དུ་ཡིན་པ། གདུང་རྒྱུད་གང་གི་ཁོངས་སུ་གཏོགས་པ་སོགས་ཀྱི་སྐོར་ལ་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》དང་《ཕུར་དགོན་གཡུང་དྲུང་འོ་ཚལ་གླིང་གི་ལོ་རྒྱུས་རགས་བསྡུས་》དྲུག་ཅུའི་གནའ་མི་རྒན་པོ་དག་གིས་བསྙད་པ་སོར་བཞག་ཐོག་སྡེ་དགེ་ཞེ་གཤོང་ཁོང་ས་ཆ་སྐྱ་འོ་ཁ་རུ་སྐྱབས་སྟོན་སྐུ་འཁྲུངས་མིན་དང་། ཁོང་གི་གདུང་རྒྱུད་སྐྱ་འོ་འམ་རྨེའུ་ཡིན་ཟེར་བ་དེ་དག་ཡིད་རྟོན་རུང་བའི་རྒྱུ་མཚན་ཅི་ཞིག་བདོག་མིན། ལྷག་ཏུ་ས་ཆ་དེ་དག་ཡིག་ཚང་དང་དྲུག་ཅུའི་གནའ་མི་རྒན་པོ་དག་གིས་རྨེད་པ་ལྟར་སྐྱབས་སྟོན་དང་འབྲེལ་བ་མཆིས་མིན་སོགས་ཀྱི་སྐོར་ལ་ཁུངས་སྣེ་བཟུང་སྟེ་ཡུལ་དངོས་སུ་ཆས་ཏེ་རྟོགས་དཔྱོད་རེས་ཙམ་བྱས་ཡོད།

  [བརྡ་ཆད་གཙོ་བོ།] སྐྱབས་སྟོན་རིན་ཆེན་འོད་ཟེར། གདུང་རྒྱུད། འཁྲུངས་གཞིས།

  སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་འཁྲུངས་འདས་ལོ་ཚིགས་ཐད་ན་གསལ་ཐག་ཆོད་པ་ཞིག་ཞིབ་འཇུག་པ་སུས་ཀྱང་རྙེད་མེད་ལ་རྙེད་རྒྱུ་འང་དཀའ་སྟེ། ཁོང་གི་ལོ་རྒྱུས་ཆ་རེ་བྲིས་པའི་ཡིག་ཚང་གང་དུ་འང་མེད་མོད། འོན་ཀྱང་མེད་ངེས་རི་བོང་རྭ་ཅོ་ལྟ་བུ་ནི་མ་ཡིན་ཏེ།1 《རྨད་འབྱུང་ནོར་བུའི་མགུལ་རྒྱན་》དུ། རྗེ་མཉམ་མེད་དང་ཞུ་ཡི་རྒྱལ་ཐེབས་སྐྱབས་སྟོན་རིན་ཆེན་འོད་ཟེར་གཉིས་དུས་མཉམ་ཡིན་ཚུལ་གསུངས་པ་ལ་རབ་ཏུ་བསམ་གཟས་བྱས་ན་སྐྱབས་སྟོན་རིན་ཆེན་འོད་ཟེར་སྤྱི་ལོ་(༡༣༠༠)དུས་རབས་བཅུ་བཞིའི་ནང་དུ་འཁྲུངས་པར་རགས་ཙམ་དཔོག་ཐུབ་བོ། །སྐྱབས་སྟོན་རིན་ཆེན་འོད་ཟེར་ཕྱོགས་གང་དུ་འཁྲུངས་པར་རྨེད་མཁན་རང་རེས་བོན་གྱི་བསྟན་འབྱུང་ནོར་བུ་ལྟར་སྤུངས་ཤིང་བྲག་རི་བཞིན་རྩེགས་པའི་ཁྲོད་ནས་2《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》དེ་ཁོ་ན་ཉིད་དུ་ངེས་ཐལ། དེར་ལྟར་ན། ཁམས་སུ་སྐུ་འཁྲུངས་མཁྱེན་རབ་རྩལ་སྟོབས་ཆེ། །མཁས་གྲུབ་མང་བསྟེན་ཁྱད་པར་ཉང་སྟོད་ཀྱི། །དབང་ལྡན་གདན་ས་ལྷུན་སྒང་དུ་བྱོན་བཞུགས། །ཞེས་མཁས་མཆོག་ཁོང་སྐུ་ཡི་ན་སོ་དར་སྒང་དང་རིག་པའི་རྦ་རླབས་རྒོད་སྐབས་ཤིག་ན། མཁན་ཆེན་གྲགས་པ་རྒྱལ་མཚན་དང་། སློབ་དཔོན་བསོད་ནམས་སེང་གེ་གཉིས་ཀྱི་ཞུ་རི་ཞིང་ཟུང་དུ་བསྐྱངས་གནང་བའི་སྐབས་སུ། མཁན་ཆེན་གྲགས་རྒྱལ་བསྟན་འགྲོའི་དོན་དུ་ཁམས་ཕྱོགས་སུ་འཕྲིན་ལས་རབ་ཏུ་རྒྱས་པའི་དུས་ཤིག་ཀྱང་ཚེས་འདུག་པས། སྐབས་དེར་སྐྱབས་སྟོན་རིན་ཆེན་འོད་ཟེར་མཁན་ཆེན་གྲགས་རྒྱལ་དང་ལྷན་དུ་དབུས་གཙང་ཞུ་ཡི་གདན་ས་ཞུ་ལྷུན་གྲུབ་སྒང་དུ་ཕེབས་ནས། མཁན་སློབ་དེ་གཉིས་ཀྱི་ཟུང་གི་དྲུང་ནས་གཙང་མ་གཙུད་ཕུད་ཀྱི་སྡོམ་ཁྲིམས་མནོས་ཏེ་འཆད་རྩོད་རྩོམ་གསུམ་དང་། མདོ་སྔགས་རིག་གནས་ཀུན་ལ་སྦྱོང་སྟོབས་མཐར་ཕྱིན་པར་མཛད་ནས་མཐར་མཁྱེན་རྒྱ་རབ་ཏུ་ཕྱུག་པའི་གནམ་གྱིས་ས་ཁེབས་པ་ལྟ་བུའི་མཁས་པ་ཞིག་ཏུ་གྱུར་གཤིས། དེར་རིམ་པར་སྐྱབས་ཀྱི་སྟོན་པ་རིན་ཆེན་འོད་ཟེར་ཞེས་མཁས་བཙུན་གྲུབ་པའི་དབང་ཕྱུག་བསྟན་པའི་ཉི་མ་ཆེན་པོ་དེ་ཉིད་རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་དབང་ལྡན་ཞུ་ཡི་བསྟན་པའི་གསལ་བྱེད་དུ་གྱུར་རོ། །

  སྐྱབས་སྟོན་རིན་ཆེན་འོད་ཟེར་ཁམས་ཕྱོགས་སུ་འཁྲུངས་ཤིང་སྟོད་ཕྱོགས་དབུས་གཙང་དབང་ལྡན་ཞུ་ཡི་རིང་ལུགས་ཉིན་མོར་མཛད་པར་བསྙད་མཁན་རང་རེས་བོན་གྱི་བསྟན་འབྱུང་ནོར་སྤུངས་ཁྲོད་ནས་《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》ལས་དེ་ཡིས་སྔོན་དུ་བྲིས་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་ཀུན་ཀའི་ནང་དུ་བཙལ་འཚོལ་བགྱིད་པ་ཡིན་ཀྱང་དེ་ལྟའི་སྒྲོས་ཚུལ་ཞིག་ནི་མ་མཐོང་། འོ་ན་མཁས་དབང་ཁོང་ལོ་སྣ་རབ་ཏུ་བགྲེས་ནས་གང་འདོད་འཆོལ་ལབ་བྱས་པ་ཞིག་ཡིན་ནི་ཨེ་རེད་ཅེ་ན། དེ་འདྲ་དཔེ་ཅི་ལ་སྲིད་དེ་གཏན་ནས་མི་དཔེའོ། །འོ་ན་མཁས་མཆོག་ཁོ་པས་ཡིད་རྟོན་རུང་བའི་རྒྱུ་མཚན་ཅི་ཞིག་ལ་འཇུས་སམ་ཞེ་ན་དེ་དག་ནི་བྱི་ལས་ཁོམ་ཚོད་དང་ཞི་ལས་ཟིན་ཚོད་ལྟར་གཤམ་དུ་རྨེད་རྒྱུ་ཡིན།

  མཁས་དབང་དཔལ་ཚུལ་གྱིས་གསུངས་པ་ལྟར་སྐྱབས་སྟོན་རིན་ཆེན་འོད་ཟེར་ཁམས་ཕྱོགས་ས་ཆ་གང་དུ་འཁྲུངས་སམ་ཞེ་ན། དེ་ནི་མིག་སྔར་འུ་ཚོས་3《ཕུར་ནག་དགོན་གཡུང་དྲུང་འོ་ཚལ་གླིང་གི་ལོ་རྒྱུས་རགས་བསྡུས་》དང་དྲུག་ཅུའི་གནའ་མི་རྒན་པོ་དག་གིས་བསྙད་ཚུལ་དག་ལ་མ་འཇུས་ཐུ་མེད་ཆགས་འདུག་སྙམ། དེ་དག་ནི་རང་ཕྱོགས་མིན་པར་རྒྱུ་མཚན་གྱིས་སོ་ཞེས་ཅི་ནས་ཀྱང་ལབ་སྙིང་འདོད་དོ། །དེར་བྱས་ན། སྙེ་མོ་འཕགས་ཕུའི་རྨེའུ་ཚང་གི་གདུང་ཕྲེང་ཞིག་ཁམས་ཕྱོགས་སྡེ་དགེ་ཞེ་གཤོང་ཁོང་དུ་འཕྲོས་པ་དང་། དེར་ས་ཆ་སྐྱ་འོ་ཁ་རུ་སྐྱབས་སྟོན་རིན་ཆེན་འོད་ཟེར་འཁྲུངས་པ་དང་ས་མིང་རུས་ཐོགས་ཀྱིས་སྐྱ་འོ་བླ་མ་རུ་འབོད་པའི་གདུང་རྒྱུད་ནང་ལས་ཆེ་བ་སྐྱབས་སྟོན་རིན་ཆེན་འོད་ཟེར་དང་དེ་མཆེད་སྐྱབས་སྟོན་དཔོན་སྲས་གྲགས་པ་གཉིས་ཀྱི་ལོ་རྒྱུས་འགར་བདོག་ཀྱང་མཆེད་པོ་དེ་གཉིས་ཀྱི་ཡབ་ཡུམ་གཉིས་ཀྱི་ལོ་རྒྱུས་རྨེད་རྒྱུ་ཕར་ལ་ཞོག་མ་མཐར་ཡང་མཚན་ཟུར་ཙམ་ལས་མ་རྙེད་པ་དེ་བོན་གྱི་ལོ་རྒྱུས་རྩོམ་པོ་ཚོས་ལན་ཁག་ཅི་ཞིག་ཏུ་ཁུར་བ་རེད་དམ།4 《ཕུར་ནག་དགོན་གཡུང་དྲུང་འོ་ཚལ་གླིང་གི་ལོ་རྒྱུས་རགས་བསྡུས་》ནང་དུ། སྐྱབས་སྟོན་རིན་ཆེན་འོད་ཟེར་དང་དེ་མཆེད་སྐྱབས་སྟོན་དཔོན་སྲས་གྲགས་པ་གཉིས་གངས་སྐོར་དུ་ཕེབས་འདོད་ཞེ་རུ་འཁྲུངས་ཏེ་རིམ་བཞིན་སྡེ་དགེ་ཞེ་གཤོང་ཁོང་ནས་བརྒྱུད་དེ་ཁམས་སྟོད་དྭངས་རྩེ་དྲུག་ཅུ་ཚོ་པའི་མངའ་ཁོངས་འབོ་གུ་ལ་ངལ་མདོ་རུ་སླེབས་ཚུལ་བྲིས་ཡོད། ཡང་ཅིག་བཤད་ན་འོམ་བསམ་ཐེ་ལས་བོན་རྒན་གྱིས་སྐྱ་འོ་བླ་མ་དང་ཐོག་མར་ཁམས་སྡེ་དགེ་ཞེ་གཤོང་ཁོང་ནས་གངས་སྐོར་དུ་ཕེབས་སྐབས་དྭངས་རྩེ་དྲུག་ཅུ་ཚོ་པའི་ཡ་གྱལ་འོམ་གསུམ་གྲོང་ཚོར་སྒར་བརྒྱབ་པ་དང་། ཕྱི་ཉིན་བླ་མ་འབྱོན་དུ་མ་འཇུག་པར་ཉམས་ཚོད་ཀྱིས་བླ་མ་བརྟགས་ཏེ་མཁས་ཤིང་གྲུབ་པ་ཐུབ་པ་ཞིག་ཡིན་པར་འཁུམས་ཏེ་བཙན་རྒོལ་གྱིས་རང་ཤོག་གི་བླ་མར་བསྐོས་སོ་སྐད།

  དེས་ན་ཡར་རྩིས་པའི་སྤྱི་ལོ་ཆིག་སྟོང་སུམ་བརྒྱ་དུས་རབས་བཅུ་བཞིའི་སྐབས་སུ་སྐྱབས་སྟོན་རིན་ཆེན་འོད་ཟེར་དང་སྐྱབས་སྟོན་དཔོན་གྲགས་གཉིས་དྭངས་རྩེ་དྲུག་ཅུ་ཚོ་པར་ཕེབས་སྐབས་སྡེ་དཔོན་གསར་ཆགས་ནང་ཚག་དམ་ཞིང་དབང་ཤེད་ལྡན་པ་དེས་དབང་ཞུས་ནས་ཚོད་དཔག་ཉམས་ལེན་བྱས་མཐར་ཚང་མ་བློ་ཡིད་གཅིག་མཐུན་གྱི་དཔོན་སྡེ་གཉིས་ཀྱི་མདུན་གྲོས་ཀྱིས་རང་ཤོག་གི་བླ་མར་བཞུགས་རོགས་ཀྱི་ཞུ་བ་ཡང་ནན་གྱིས་མ་བཞེས་བྱོན་པས། མི་དཔུང་ཧྲགས་བསྡུས་ཀྱིས་དམག་ཤེད་ངོམ་ནས་ཅི་བྱ་བརྟོལ་མེད་དུ་གྱུར་སྐབས། བླ་མ་དཔོན་སྡེ་བཅས་གང་བྱེད་གྲོས་མདུད་ནང་མཐར་བཞུགས་གནས་དྭངས་རྩེ་དྲུག་ཅུའི་ས་མཆོག་གསུམ་གདམ་ཁ་བཏང་ཞིང་ཁྲལ་མེད་སྒེར་བདག་ཏུ་བཞག་རྒྱུའི་ཁ་དན་བྱས།

  དེ་ནས་རིམ་པར། མཁན་ཆེན། ལུང་ཆེན། བང་རྒྱན་གསུམ་སྐོར་གཡེང་བྱས་མཐར་སྐྱབས་སྟོན་དཔོན་སྲས་གྲགས་པའི་ཁམས་ཞེ་གཤོང་ཁོང་གི་རྨེའུ་ཚང་བླ་བྲང་དེ་དྲུག་ཅུའི་མངའ་ཁུངས་སུ་གཞིས་སྤོ་བྱས་ནས་ལུང་ཆེན་ནང་དུ་གཞིས་སྡོད་མཛད་པ་དང་། སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་སྨུག་ལྷ་ལུང་སུམ་མདོ་མདོ་སྨད་ས་གནད་བཅོ་བརྒྱད་ནང་ཚན་ས་གནད་དྲག་པོ་ཡིན་ཚུལ། དེ་བཞིན་བྱེ་བ་རྟག་རྩེ་འམ་རྒྱལ་མཚན་མཐོན་པོ། འཆི་མེད་ཡབ་སྲས་གསུམ་གྱིས་བྱིན་གྱི་བརླབས་པའི་གནས་རི་ཡིན་ཚུལ་སོགས་གསལ་བཤད་མཛད་རྗེས་དྲུག་ཅུའི་རེ་འདོད་ཞུས་བཞིན་འདོད་བློ་བསྐང་ཕྱིར་དགོན་པས་སྨོན་ལམ་ཉ་སྟོང་ཆགས་མེད་འབུལ་བའི་སྲོལ་འཛུགས་ཤིང་མཐར་དབུས་ཞུ་རི་ཞིང་དུ་འབྱོན་པའི་ལམ་བར་དུ་ནད་ཀྱིས་གདུང་ནས་བྱོན་དུ་མ་བཏུབ་ནས་ནགས་ཤོད་ས་མཚམས་སུ་འདས་སོ་སྐད། གལ་ཏེ་རིག་གནས་གསར་བརྗེ་ཞེས་པའི་ཕ་གཞིས་སྒྱོགས་གཏོར་དང་ཕ་བརླ་རྡོ་བརྡུངས་བྱེད་པའི་དུས་སྐབས་དེ་འདྲ་ཞིག་ཤར་མེད་ཚེ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་ཐོད་རུས་སོར་གསུམ་ཙམ་ཞིག་ལ་རིང་སྲེལ་རྒྱ་སྲན་ཙམ་ཞིག་དང་སྐྱབས་སྟོན་དཔོན་སྲས་གྲགས་པའི་བསྟན་བཤད་དང་མཛད་རྩོམ་སོགས་མེ་བསྲེགས་ཆུ་བསྐྱུར་བྱས་མེད་ན་ཞིབ་འཇུག་པར་མཁོ་བའི་རྒྱུ་ཆ་འགའ་ཅི་ནས་ཀྱང་བདོག་པར་སྙམ། འོན་ཀྱང་རྟེན་གསུམ་ཀུན་པོ་གཏོར་བརླགས་སུ་སོང་མེད་དེ་དེ་ནི་སྐྱབས་སྟོན་དཔོན་སྲས་གྲགས་པའི་རྒྱ་ནག་གླང་ཆེན་འགྱིང་རིར་བྱོན་ནས་གཏེར་དུ་གདན་དྲངས་པའི་སྟོན་པའི་ཚེམས་དུང་འཕར་ཆེན་གསེར་ཁ་དངུལ་ཤོག་ཞེས་ཐུགས་དཀར་སྐྱེ་མེད་ཡི་གེ་ཨ་དཀར་སོགས་ངོ་མཚར་ཅིང་དྭངས་བ་འདྲེན་པའི་རྟེན་གསུམ་དུ་མ་ཞིག་མཇལ་དུ་ཡོད་པ་དེ་ལགས། འོན་ཀྱང་། རབ་ཏུ་ཡིད་སྨྲེང་ནས་རྨེད་དགོས་པ་ཞིག་ལ་ཞིབ་འཇུག་དང་ཡིད་རྟོན་གྱིས་དབེན་པའི་མི་བུ་འགའ་ཞིག་གིས་ལུང་ཆེན་སྐྱ་འོ་བླ་མ་སྐྱབས་སྟོན་དང་འབྲེལ་ཆེ་བའི་རྒྱུ་མཚན་གྱིས་སྐྱ་འོ་བླ་མ་ཞུ་ཚང་ཡིན་པར་སྒྲུབ་བྱེད་བཀོད་པ་དང་གདུང་རུས་རྨེའུ་ཡིན་མིན་སོམ་ཉི་བྱེད་པ་སོགས་གོ་ལོག་གོལ་ཏེ་འགལ་བའི་ཁུར་ཆེན་འགའ་ཁུར་གྱིན་འདུག་སྟེ་དེ་དག་ལ་བསམ་གཟས་ནས་འདི་རྨེད་རྒྱུ་ཡིན།

  ལུང་ཆེན་སྐྱ་འོ་བླ་མ་ལོ་རྒྱུས་ཁུངས་བཙུན་ཁག་ན་རྨེའུ་ཡིན་པའི་དཔང་པོ་ཡོད་ལ་ལྷག་ཏུ་མཁས་པའི་མཆོག་གྱུར་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་ཀྱང་ལུང་ཆེན་སྐྱ་འོ་བླ་མ་རྨེའུ་ཚང་ཡིན་པར་སྐྱ་འོ་དཔོན་སློབ་ཡོངས་འཛིན་སངས་རྒྱས་བསྟན་འཛིན་གྱི་ལོ་རྒྱུས་ལས་གསལ་པོ་བཀོད་ཡོད།5 《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་ཕྲེང་བ་》དང་《ཟིལ་པ་མུ་ཏིག་མདངས་འཛིན》ཞེས་པའི་རྣམ་ཐར་རིགས་རྒྱུད་ཆེ་འབྲང་གི་ཆེ་བ་བཤད་པའི་ལེའུ་དུམ་ནང་དུ། ཧོར་ཐོར་པ་རྐྱ་བདུན་གྱི་རྒྱུད་པ་རྒྱལ་པོ་དམར་པོའི་གདུང་བརྒྱུད་ཧོར་སྤྱི་ཁྱབ་བེའུ་ཁྲི་རྒྱལ་རྗེ་ཆེན་གྱི་མངའ་འབངས་ཚོ་ཁག་སུམ་ཅུ་སོ་དགུའི་ནང་མཚན། ཧོར་ཚོའི་འབྲོག་ཤོག་ཕྱེད་དྲུག་བརྒྱའི་ཁོངས་གཏོགས། རྔུལ་རྫ་ལ་མོའི་སྒང་སྟོད་ཀྱི་ས་ཡི་ཆ། གཡམ་གཞུང་རྫ་ཆུ་རྒན་ཟེར་བ་ལུང་ཆེན་སྐྱ་འོ་བླ་མ་ཞེས་མཁས་མཆོག་རྨེའུ་རིགས་གདུང་རྒྱུད་དུ་གཏོགས་པ་ཞིག་སྔ་ནས་ཆགས་པ་ཡིན་ཡང་སྐབས་འདིར་ཤེས་རྟོགས་དམན་ཞིང་ཡུལ་དེའི་འདི་ཕྱིའི་རེ་གནས་སུ་གྱུར་བ་ཨ་ཡང་ལྷ་བྷིས་ཞུ་བ་དང་། དེའི་ལྕམ་མང་ར་དཀར་མཚོ་གཉིས་ལ་སྲས་སྟོབས་དབང་ཞུ་བ་དེ་འཁྲུངས། དེ་ཉིད་སྐུ་ཁམས་དུས་སུ་རྒྱས་སྐབས། གྱུར་མུར་བཟའ་དགྱེས་མཚོ་ཁབ་ཏུ་བསུས་པ་ཡིན་ལ། ཡབ་ཡུམ་དེ་གཉིས་ལ་ཡོངས་འཛིན་རིན་པོ་ཆེ་དང་། ཉི་བསྟན། བུ་མོ་བདེ་དགའ། དགྲ་འདུལ། བུ་མོ་འོ་རྡིས། ཁྲམ་ལུ་དཀར་དཀར། ཀུན་གསལ་བཅས་དྲུག་དང་། བུ་མོ་གཉིས་བཅས་བལྟམས་པ་ལགས། རབ་བྱུང་བཅོ་ལྔ་པའི་ཆུ་བྱི་ལོར་དམ་པ་འདི་ཉིད་སྐུ་འཁྲུངས། སྐུ་ན་ཆུང་ངུ་ནས་འཇིག་རྟེན་བོན་བརྒྱད་ཀྱི་ལས་ལ་རང་བཞིན་གྱིས་ཐུགས་མི་རངས་པའི་ཚུལ་ཇི་སྙེད་དུས་རྟག་ཏུ་བསྟན་པས་ཡབ་སྲས་རྣམས་ཀྱིས་བཟའ་ལྷད་ལྟར་དུ་བྱེད་ནས་བཞག་གི་ཡོད་པར་གསུངས་ཡོད་པས་ལུང་ཆེན་སྐྱ་འོ་བླ་མ་རྨེའུ་ཚང་ཡིན་པར་མ་ཚད་ཁྱིམ་རྒྱུད་སྡེ་དགེ་ཞེ་གཤོང་ཁོང་གི་རྨེའུ་ཚང་དང་སྐྱབས་སྟོན་རིན་ཆེན་འོད་ཟེར་དང་སྐྱབས་སྟོན་དཔོན་སྲས་གྲགས་པ་གཉིས་ཀྱི་འབྲེལ་བ་འོ་ཆུ་གཅིག་འདྲེས་ཀྱི་འབྲེལ་བ་བདོག་པར་ཟུར་བསྟན་ལེབ་མཐོང་ངོ་། །

  སྡེ་དགེ་ཞེ་གཤོང་ཁོང་གི་རྨེའུ་ཁྱིམ་རྒྱུད་ལུང་ཆེན་དུ་འཕྲོས་པ་ནས་བཟུང་ཁྱིམ་རྒྱུད་དེ་ལས་སྐྱབས་སྟོན་བསྟན་རྒྱལ། སྐྱབས་སྟོན་ལྷུན་གྲུབ། སྐྱབས་སྟོན་ཉི་མ་ཁྱུང་གྲགས། སྐྱབས་སྟོན་བསྟན་འཛིན་རྒྱལ་མཚན་སོགས་ མཁས་ཤིང་གྲུབ་པ་ཐོབ་པའི་སྐྱ་བླ་མུ་ཕྲེང་བཞིན་དུ་བྱོན་ཡོད། མིག་སྔར་གོང་གསལ་ལྟར་ས་ཆ་སྐྱ་འོ་ཁ་དང་སྡེ་དགེ་ཞེ་གཤོང་ཁོང་ཟེར་བའི་ས་ཆ་དེ་དག་རབ་ཏུ་བསམ་གཟས་ནས་དཔྱད་ན་6《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》དུ། སྙེ་མོ་འཕགས་ཕུའི་རྨེའུ་ཚང་ཞིག་ཁམས་སྡེ་དགེ་ཞེ་གཤོང་ཁོང་དུ་འཕྲོས་པ་དང་། སྡེ་དགེ་ཞེ་གཤོང་ཁོང་གི་རྨེའུ་ཚང་གདུང་རབས་ཧོར་སྟོད་དང་། བྱང་གི་རྫ་དམར་དུ་འཕྲོས་ཚུལ་གསུངས་ཡོད། བསྙད་ཚུལ་དེ་དག་མཁས་དབང་དཔལ་ཚུལ་གྱིས་མཛད་པའི་《ལེགས་བཤད་སྐལ་བཟང་མགྲིན་རྒྱན་》ལས་དེ་སྔོན་དུ་བྲིས་པའི་བོན་གྱི་ལོ་རྒྱུས་བསྟན་འབྱུང་ཁག་ན་གཞིག་པ་ཡིན་ཀྱང་སྙེ་མོ་འཕག་ཕུའི་རྨེའུ་ཚང་ཞིག་ཁམས་སྡེ་དགེ་ཞེ་གཤོང་ཁོང་དུ་འཕྲོས་པ་དང་སྡེ་དགེ་ཞེ་གཤོང་ཁོང་གི་རྨེའུ་ཚང་ཧོར་སྟོད་དུ་འཕྲོས་དོན་རྨེད་པ་དེ་དག་གང་ལས་ཀྱང་མ་གསལ། མ་ཚད་མཁས་དབང་ཁོང་སྡེ་དགེ་ཞེ་གཤོང་ཁོང་དུ་ཕེབས་མྱོང་བའི་ལོ་རྒྱུས་མེད་ལ་མར་གན་རྒན་པོ་དག་གིས་ཀྱང་མཁས་དབང་ཁོང་ཟླ་ལུང་ལ་ཕེབས་མ་མྱོང་བར་བཤད་ཀྱིན་འདུག འོ་ན་དེ་དག་མཁས་དབང་ཁོང་ཐོན་མི་བཞིན་ཁ་སྦུབ་ནས་གཉིད་བསྡད་པའི་སྐབས་སུ་ལུང་བསྟན་གྱི་ལ་ཁ་ནས་བྲིས་པ་ཞིག་རེད་དམ་ཞེ་ན་དེ་ལྟར་ཅི་ལ་ཡོང་སྲིད་དེ་གཏན་ནས་མི་དཔེའོ། །འོ་ན་ཇི་ལྟར་བགྱིས་ནས་བྲིས་སམ་ཞེ་ན། དེ་ནི་དྲུག་ཅུའི་གནའ་མི་རྒན་པོ་དག་གིས་ངག་རྒྱུན་ལྟར་བྲིས་པ་ཞིག་ཡིན་པར་ཐག་གིས་ཆོད་འདུག་སྙམ། ལར་རྨེད་ན། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཁམས་སྟོད་དྭངས་རྩེ་དྲུག་ཅུ་ཚོ་པའི་ཡ་གྱར་ལག་རྩ་སྒན་དུ་སྐུ་འཁྲུངས་ཤིང་སྐུ་ན་ཆུང་དུས་རང་གི་ཕ་དགོན་གཡུང་དྲུང་འོ་ཚལ་གླིང་དུ་བསྒྲིགས་བཞུགས་པ་དང་། སྐུ་ཡི་ན་སོ་དར་ལ་སྨིན་སྐབས་ངོ་ཆེ་བཟང་རྒྱལ་ལམ་དཔོན་སློབ་ཡོན་ཏན་རྒྱ་མཚོ་དང་ལྷན་དུ་བཀྲེས་པ་ཟས་འདོད་ལྟར་གཡུང་དྲུང་གླིང་དུ་སློབ་གཉེར་དུ་ཕེབས་སོ་སྐད། ཡང་ཁ་ཅིག་ཚེམས་དཀར་ཅན་གྱིས། ཡོངས་འཛིན་སངས་རྒྱས་བསྟན་འཛིན་དང་། དཔོན་སློབ་ཡོན་ཏན་རྒྱ་མཚོ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་བཅས་ཕུར་ནག་དགོན་པའི་གྲྭ་པ་ཡིན་པ་དང་། སྐབས་དེར་དགོན་པའི་སེ་ར་དགོན་པར་གྲ་ཁྲལ་འཇལ་དགོས་པས་དེ་དག་ཀུན་པོ་གྲ་ཁྲལ་ཡིན་པར་བཤད། གནས་ཚུལ་དེ་དག་ཅུང་བསམ་གཟས་བྱ་དགོས་པ་ཞིག་ཡིན་པ་ལས་ངས་འདིར་ཐག་བཅད་མི་ནུས་སོ། །དེར་ཚད་མ་ཞིག་དང་གོ་ལོག་ཏུ་ཐལ་བ་ཞིག་བདོག་པར་བརྒྱ་ཆའི་བརྒྱ་རེད་སྙམ། མིག་སྔར་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་དང་དྲུག་ཅུའི་གནའ་མི་རྒན་པོ་དག་གིས་བསྙད་པའི་"ཁམས་ཕྱོགས"། "སྡེ་དགེ་ཞེ་གཤོང་ཁོང་"སྐྱ་འོ་ཁ་རུ་སྐྱབས་སྟོན་རིན་ཆེན་འོད་ཟེར་སྐུ་འཁྲུངས་"ཞེས་པའི་ས་ཆ་དང་ལོ་རྒྱུས་གླེང་ཚུལ་དེ་དག་གཙོར་བཞག་ཐོག་རྩིང་མོ་ཞིབ་ཏུ་འཐག་ཞིབ་མོ་ཚགས་ཀྱིས་བཙགས་ཨེ་བཏུབ་བྱ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་འཁུམས་སོ། །

  དེ་ཡང་རང་སྡེའི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་འབྱུང་སྙིང་གི་དབུས་ན་གནས་པ་འདི། །རང་ཡུལ་ཁ་བ་ཅན་གྱི་མི་རིགས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། །ཞེས་པའི་སྙིང་སྟོབས་དང་། རང་བས་གཞན་དོན་ཁུར་དུ་ལེན་ཐུབ་པའི་ཤེས་རབ་ཅན་གྱི་དཔའ་རྟུལ་ཅང་མིན་རུང་། མི་ཆུང་སེམས་དཀར་དང་བྱ་མིག་ཡར་འགེབས་ཞེས་པའི་དཔེ་ལྟར་༢༠༢༤་༡༢་༢༦དགུན་གནང་གི་སྐབས་དང་བསྟུན་ཏེ་ཁམས་སྡེ་དགེའི་ས་ཆར་ཆས་འགོ་ཚུགས། དེང་དུས་ཀྱི་དབང་དུ་བྱས་ན་ས་གནས་དེ་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་གཏེར་སྟོན་ཤང་ཟླ་ལུང་གྲོང་ཚོར་འདུག ས་གནས་དེར་འཇེབ་འཁོར་འགྲོ་མཁན་མེད་ཅིང་གླས་མ་བྱས་ནས་སོང་ན་ཀྲུང་སྒོར་༡༢༠༠ཙམ་དགོས་ཀྱིན་འདུག སྟབས་ལེགས་པ་ཞིག་ལ་ཨ་ཁྲོམ་རི་ཁྲིད་ཀྱི་དབུ་བླ་བླ་མ་ཚུལ་ཁྲིམས་དཔལ་ལྡན་མཆོག་གིས་ཟླ་ལུང་ནས་ཡིན་པའི་བླ་མ་ཞིག་གི་འཕྲིན་གྲངས་རྨད་བྱུང་བས་ཁོང་དང་འབྲེལ་བས་ཁོང་གིས་ཆབ་མདོ་ནས་ཡོང་བའི་འཕྲུལ་འཁོར་ཞིག་གི་ནང་དུ་གཏོང་ཐལ། ཟླ་ལུང་ལ་སླེབས་དུས་གྲོགས་ཟླ་སྨྱོན་ལགས་ཀྱིས་སྣེ་ལེན་བྱས་ཤིང་ཕྱི་ཉིན་ཞོགས་ཀར་ཁྲི་གདུགས་ཉི་མ་ཤར་རིའི་རྩེ་ནས་འཕགས་དུས་འཕྲུལ་རྟ་རླུང་དང་འགྲོགས་ཏེ་དང་པོ་སྐྱ་གཞིས། སྐྱ་འོ་ཐང་སོགས་སྐོར་བ་དང་། དེ་ནས་རིམ་པར་ལུང་པ་འཕྲང་དོག་ཅིང་ཚང་ཚིང་ནགས་ཀྱིས་གཡོགས་པའི་ལམ་ཆུང་ནས་བརྒྱུད་དེ་སོང་སོང་མཐར་དྲུག་ཅུའི་གནའ་མི་རྒན་པོ་དག་གིས་རྨེད་པའི་ས་ཆ་སྐྱ་འོ་ཁ་རུ་བརྟོལ། གྲོགས་ཀྱིས་ཟེར་ཚུལ་ལ་ས་གནས་དེར་སྐྱབས་སྟོན་རིན་ཆེན་འོད་ཟེར་འཁྲུངས་པ་དང་རྒན་རབས་ངག་རྒྱུན་ལས་ས་ཆ་དེར་སྐྱ་འོ་བླ་མའི་དབྱར་འཚེར་དང་སྡེ་དགེ་ཞེ་གཤོང་ཁོང་དགུན་འཚེར་ཡིན་པར་རྨེད་དོ་སྐད། དེ་ནས་རིམ་པར་སྡེ་དགེ་ཞེ་གཤོང་ཁོང་དུ་སླེབས་ཐལ། སྡེ་དགེ་ཞེ་གཤོང་ཁོང་དུ་རྨེའུ་ཚང་བླ་བྲང་གི་ཞིག་ཤུལ་ཞིག་ཀྱང་མཐོང་ཐལ། མ་གཞི་ཡུལ་ལུང་དེར་གཞིས་ཆགས་པའི་ཁྱིམ་ཚང་ཀུན་པོ་ད་ལྟ་ཤིང་ཁང་ཞིག་གི་ནང་དུ་བསྡད་ཀྱིན་ཡོད་ཀྱང་སྐྱ་འོ་བླ་བྲང་ནི་སྔོན་ཆེད་ཙ་ན་ཤིང་ཁང་ནས་ས་ཁང་ཞིག་གི་ནང་དུ་གནས་སྤར་བྱས་ཡོད་པར་གྱང་ཤུལ་དང་རྨིང་རྡོ་དག་ལས་ཤེས་ནུས། གྲོགས་ཀྱིས་ཟེར་སྲོལ་ལ་སྔོན་ཆེད་སྐྱབས་སྟོན་གྱི་ལོ་རྒྱུས་ལ་དོ་སྣང་བྱེད་པའི་གྲྭ་བཙན་ཞིག་གིས་སྐྱབས་སྟོན་གྱི་གདུང་རྒྱུད་ཅི་ཞིག་ཡིན་མིན་རྩད་ཞིབ་བྱེད་སྐབས་ཁོང་གིས་རྨེའུ་ཡིན་པའི་རྒྱུ་མཚན་བགྲངས་དུས་ཙ་ན་ཁོ་པས་ཁོང་ཞུ་རི་ཞིང་དུ་སློབ་གཉེར་གནམ་ཚུལ་ཞུ་ཡི་འདུལ་རྒྱུད་སོགས་ལས་གསལ་ཚུལ། ཞུ་ཡིན་པའི་སྒྲུབ་བྱེད་ལྟད་སོ་དང་བྲལ་ཞིང་རྒོད་བྲོ་བའི་གཏན་ཚིགས་འགའ་བཀོད་ཡོད་ཚོད། ཁོང་གིས་སྒྲུབ་བྱེད་དེ་དག་ཞེ་ཅི་ལ་ལེན་སྲིད་དེ་དེ་ལས་ལྡོག་སྟེ།7 《ཞང་བོད་ཚིག་མཛོད་ཆེན་མོ》འི་ནང་དུ། སྐྱབས་སྟོན་རིན་ཆེན་འོད་ཟེར་གདུང་རྒྱུད་ཞུ་ཚང་མིན་པ་དང་། འདུལ་རྒྱུད་ཞུ་ཚང་ལ་ཐུགས་ཚུལ་འགར་གསུངས་ཁར། ཁུངས་བཙུན་ལོ་རྒྱུས་དག་ལས་ཀྱང་རྨེའུ་ཚང་གདུང་རྒྱུད་ཁམས་སུ་འཕྲོས་ཚུལ་ལས་ཞུ་ཡི་གདུང་རྒྱུད་ཁམས་སུ་འཕྲོས་ཚུལ་མེད་ཁར་སྐྱབས་སྟོན་ཁམས་སུ་འཁྲུངས་ཟེར་བའི་ས་ཆ་དེ་སྐྱ་འོ་ཁ་ལས་གཞན་ཕྱོགས་གང་དུ་ཡང་རྙེད་དུ་མེད་ཚུལ་སོགས་དཔེ་ཐོག་རྟགས་སྤྲོད་འགའ་བྱས་ཡོད་ཚོད།

  ངས་ཐོས་ཡུལ་ལ་སྐྱབས་སྟོན་གྱིས་མཛད་པའི་《ཙ་ཀ་ལི་བཀོད་པའི་སྒྲུབ་པ་མདུན་སྐྱེད་རིམ་པ་》ཟེར་བའི་དཔེ་ཆ་དེ་འདོད་རྒྱལ་དིལ་རའི་ཡང་དབེན་དུ་སྦྱར་གསུངས་སའི་ས་ཆ་དེ་ད་ལྟ་གཏེར་སྟོན་ཤང་སེར་ཞིག་དགོན་པའི་ས་གནས་སུ་ཡོད་སྐད། གོང་གསལ་སྡེ་དགེ་ཞེ་གཤོང་ཁོང་གི་མཁས་པ་རྨེའུ་ཁྱིམ་རྒྱུད་དེ་གཞའ་ཚོན་ཡལ་བ་བཞིན་མི་མངོན་པར་འགྱུར་སོང་ནི་ཨེ་རེད་ཅེ་ན། དེ་ལྟར་ཅི་ལ་འགྱུར་སྲིད་དེ་གཏན་ནས་མི་དཔེ་སྟེ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་སྙེ་མོ་འཕགས་ཕུའི་རྨེའུ་ཚང་སྡེ་དགེ་ཞེ་གཤོང་ཁོང་དང་ཧོར་སྟོད་དུ་འཕྲོས་ཚུལ་རྨེད་ཡོད། འདི་ལ་བསམ་གཟས་རབ་ཏུ་བྱས་ནས་དཔྱད་ན་ཧོར་སྟོད་ཀྱི་རྨེའུ་ཁྱིམ་རྒྱུད་དེ་བཙལ་འཚོལ་བགྱིད་ན་ལུང་ཆེན་སྐྱ་འོ་བླ་མ་འམ་ལུང་ཆེན་རྨེའུ་ཚང་ལས་གཞན་ཧོར་སྟོད་ཀྱི་རྨེའུ་ཚང་གི་ཁྱིམ་རྒྱུད་ཅིག་བཙལ་འཚོལ་ཡེད་དུ་མེད་མོད། རྒྱུ་མཚན་དྲུག་ཅུའི་མངའ་ཁུངས་སུ་མཆིས་པའི་རྨེའུ་བླ་མ་དང་། སྐྱ་འོ་དཔོན་སློབ་ཡོངསའཛིན་སངས་རྒྱས་བསྟན་འཛིན་གྱི་ཁྱིམ་རྒྱུད་འབྲོག་ཤོག་སོགས་སུ་མཆིས་པའི་སྐྱ་འོ་བླ་མ་འམ་རྨེའུ་ཁྱིམ་རྒྱུད་ཀུན་གྱི་གཞིས་ཁུངས་ལུང་ཆེན་སྐྱ་འོ་བླ་མ་ཚང་ལ་ཐུག་པར་ཀུན་པོས་བསྙད་དུ་ཡོད་སྟབས་ཞེ་གཤོང་ཁོང་གི་རྨེའུ་ཚང་དང་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱི་འཁྲུངས་ཡུལ་ཁྱིམ་རྒྱུད་མགོ་མར་བཙལ་འཚོལ་དགོས་ཚེ་རྒྱུ་མཚན་འདི་ཅན་པོ་ལ་འཇུ་དགོས་པར་སེམས་ཏེ་དགོས་མིན་ལེགས་ཉེས་བླངས་དོར་ལ་མཁས་ཤིང་རྒྱུ་མཚན་གཏན་ཚིགས་རིགས་པ་ལ་རབ་ཏུ་ཕྱུག་པའི་མཁས་དབང་རྣམས་ཀྱིས་དཔྱད་པར་འཚལ་ལོ། །

  དཔྱད་གཞིའི་ཡིག་ཆ།

  1.«གཡུང་དྲུང་བོན་གྱི་ལོ་རྒྱུས་དཀར་ཆག་རྨད་འབྱུང་ནོར་བུའི་མགུལ་རྒྱན།» ཡོངས་འཛིན་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད། 219ལོའི་ཟླ་བ་6པར་དཔར་ཐེངས་དང་པོ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཤོག་ངོས་226ན་གསལ།

  2.«ལེགས་བཤད་སྐལ་བཟང་མགྲིན་རྒྱན།»མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས། 2017ལོའི་ཟླ་བ་གསུམ་པར་དཔར་ཐེངས་བཞི་པ་བཏབ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་219ན་གསལ།

  3.«ཕུར་ནག་དགོན་གཡུང་དྲུང་འོ་ཚལ་གླིང་གི་ལོ་རྒྱུས་རགས་བསྡུས།» སྐྱབས་སྟོན་བསྟན་འཛིན་རྒྱལ་མཚན་གྱིས་མཛད། 2015ལོའི་ཟླ་11པར་དཔར་ཐེངས་1བཏབ། སྦྲ་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས། འདོན་ཐེངས་གཉིས་པ། ཤོག་ངོས་177ན་གསལ།

  4.«ཕུར་ནག་དགོན་གཡུང་དྲུང་འོ་ཚལ་གླིང་གི་ལོ་རྒྱུས་རགས་བསྡུས།»སྐྱབས་སྟོན་བསྟན་འཛིན་རྒྱལ་མཚན་གྱིས་མཛད། 2015ལོའི་ཟླ་11པར་དཔར་ཐེངས་1བཏབ། སྦྲ་ཆེན་རྫོང་སྲིད་གྲོས་ཀྱིས་བསྒྲིགས། འདོན་ཐེངས་གཉིས་པ། ཤོག་ངོས་119ན་གསལ།

  5.«དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་ཕྲེང་བ།» ཨང་གྲངས་20 ཤོག་ངོས་518ན་གསལ།

  6.«ལེགས་བཤད་སྐལ་བཟང་མགྲིན་རྒྱན།» མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས། 2017ལོའི་ཟླ་བ་གསུམ་པར་དཔར་ཐེངས་བཞི་པ་བཏབ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས་286ན་གསལ།

  7 «ཞང་བོད་ཚིག་མཛོད་ཆེན་མོ།» 2020ལོའི་ཟླ་12པར་དཔར་ཐེངས་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྨད་ཆ། ཤོག་ངོས་721ན་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།