བོན་གྱི་ལོ་རྒྱུས་ཡིག་རྙིང་དུ་འཁོད་པའི་འདུ་གནས་དང་སྒྲུབ་གནས་ཁག་གཅིག་བཙལ་འཚོལ།

[ཟླ་ཚེས། 2024-06-09 00:49:48][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

   ཆེས་གནའ་བོའི་དུས་སུ་ཞང་བོད་ཀྱི་ལྗོངས་ཆེན་པོར་བོན་གཤེན་རིག་འཛིན་རྣམས་ཀྱིས་བོན་བསྟན་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བསྟི་གནས་བོན་གྱི་སྒྲུབ་གནས་སོ་དྲུག་དང་། བོད་རྒྱལ་མུ་ཁྲི་བཙན་པོས་ཞང་ཞུང་བོན་གྱི་རིག་གནས་ནང་འདྲེན་བྱས་ཏེ་བོད་ཡུལ་རུ་བཞིའི་གནས་སུའང་བོན་གྱི་འདུ་གནས་དངོས་སུ་བཙུགས་ཏེ། གཡུང་དྲུང་བོན་བསྟན་འཕེལ་རྒྱས་སུ་བཏང་བའི་ལོ་རྒྱུས་ཡོངས་གྲགས་ལྟར་སྐབས་དེར་འདུ་གནས་སོ་བདུན་བཏབ་པ་ནི། དབུས་དང་གཙང་གཉིས་ལས་དབུས་ན་ཉི་ཤུ་ཐམ་པ་དང་། གཙང་ན་བཅུ་བདུན་ཏེ་སུམ་ཅུ་སོ་བདུན་ནོ། །དེ་དག་སླར་ཡང་ཞིབ་ཀྱིས་ཕྱེས་ན། དབུས་རུ་ན་བཅུ་གསུམ་དང་། གཡོན་རུ་ན་བདུན། གཙང་གི་གཡས་རུ་ན་བརྒྱད། རུ་ལག་ན་དགུ་བཅས་སོ་བདུན་དུ་བཞེད། དེ་དག་གི་མཚན་ཙམ་ཡིག་རྙིང་རྣམས་སུ་འཁོད་ཀྱང་ཆོས་ལུགས་གྲུབ་མཐའ་དང་། སྲིད་ཀྱི་དབང་འཛིན་པ་སོགས་འཕོ་འགྱུར་སྣ་ཚོགས་ཀྱི་ལོ་རྒྱུས་རིང་མོའི་ཁྲོད་སྔ་མ་དེ་དག་ཕྱི་མས་མིང་བསྒྱུར་བ་དང་། བཅོམ་པ། ཐ་ན་ཤུལ་མེད་དུ་བཟོས་པ་སོགས་བྱས་ཏེ་ད་ལྟ་རྙེད་དཀའ་བར་གྱུར།

  ད་སྐབས་ང་ཚོས་དད་ཞེན་ཁོ་ནའི་རྗེས་སུ་མི་འགྲོ་བར་ལོ་རྒྱུས་ལ་མཐོང་ཆེན་དང་ཞིབ་འཇུག་ཆེད་གནས་ཡུལ་འདི་དག་འཚོལ་ཞིབ་བྱ་རྒྱུ་ནི་རང་རེའི་ཕྲག་ཏུ་བབས་པའི་འོས་འགན་དུ་གྱུར། དེ་བས་གུས་པས་ལོ་མང་རིང་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་། གྲུབ་མཐའ་རིས་མེད་ཀྱི་བླ་མའི་རྣམ་ཐར། གནས་ཡིག ལམ་ཡིག གཞན་ཡང་ཡུལ་ལུང་སོ་སོའི་ལོ་རྒྱུས་ཡིག་ཆ་སོགས་ལ་ལྟ་ཞིབ་བྱས་ཤིང་། རྒྱུན་དུ་ཤེས་ཡོན་ཅན་དང་ལོ་རྒྱུས་ལ་དགའ་མོས་གནང་མཁན་མང་པོ་དང་བགྲོ་གླེང་ཞུས་པར་མ་ཟད། ས་གནས་སོ་སོར་དངོས་སུ་བསྐྱོད་ནས་དེ་གའི་རྒན་རབས་དང་ཡུལ་མིའི་ངག་རྒྱུན་བཤད་སྒྲོས་དང་གཏམ་དཔེ་གླུ་སྒྲུང་སོགས་ལའང་འདྲི་རྟོག་ཤེས་གསུམ་བྱས། རང་གི་རིག་པས་ཀྱང་ཞིབ་ཀྱིས་དཔྱད་དེ་ད་བར་ཡིག་ཐོག་ཏུ་འཁོད་པ་ཙམ་ལས་ས་ཡུལ་དངོས་འདི་ཞེས་ངོས་འཛིན་མ་ཐུབ་པ་འགའ་ཞིག་རྩད་ཆོད་བྱུང་བ་རྣམས་ངོ་སྤྲོད་སྙན་ཞུ་བྱ་བར་འདོད།


དང་པོ། བོན་གྱི་འདུ་གནས་ངན་ལམ་རལ་གསུམ་གྱི་སྐོར།

  དེ་ཡང་བོན་གྱི་འདུ་གནས་སྐོར་འཁོད་པའི་གཡུང་དྲུང་བོན་གྱི་ལོ་རྒྱུས་ཡིག་ཚང་གྲགས་ཆེ་བ་ནི། བླ་ཆེན་དྲན་པ་ནམ་མཁས་མཛད་པའི་《བསྒྲགས་པ་རིན་ཆེན་གླིང་གྲགས་》དང་། ཁོང་གི་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 སྤ་སྟོན་བསྟན་རྒྱལ་བཟང་པོའི་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱི་《གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》སོགས་རེད། འོན་ཀྱང་དེ་དག་ལས་“ངམ་ལམ་རམ་གསུམ་”1དང་། “ངན་ལམ་རལ་གསུམ།”2 “ངལ་ལན་རལ་གསུམ་”3ཞེས་“ངལ་“དང་“ངམ་“དེ་བཞིན་“ངན་“སོགས་ཅུང་ཟད་མ་འདྲ་བ་རེ་བྱུང་ཡང་དོན་ལ་ཁྱད་པར་མ་མཆིས། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “ངན་ལམ་རལ་གསུམ་ནི་བསམ་ཡས་ནས་སྐྱིད་ཤོད་ཡོང་བའི་བར།”4 ཞེས་འཁོད་ཡོད་ཀྱང་ཞིབ་ཕྲའི་གནས་གང་དུ་ཡོད་མེད་ཁ་གསལ་འཁོད་མེད། དེས་ན་དོན་དུ་ངན་ལམ་རལ་གསུམ་ཟེར་བ་ནི་ས་མིང་གསུམ་གྱི་བསྡུས་མིང་ཡིན། དེ་ཡང་དབུས་རུའི་དཔོན་ཚན་བཅུ་དྲུག་གི་ནང་ཚན་ངན་ལམ་དང་། བར་ལམ། རགྴ་གསུམ་པོ་གཅིག་བསྡུས་ཀྱི་མིང་དུ་ངེས་ཏེ། 《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས། “རགྴ་དང་གཅིག བར་ལམ་དང་གཅིག ངན་ལམ་དང་གཅིག”5 ཅེས་བྱུང་བས་སོ། །

  དེ་གསུམ་ཀ་ད་ལྟའི་ཆར་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་ཁོངས་སུ་ཡོད། 《ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་རྣམ་ཐར་རྒྱལ་བློན་མ་》ལས། “ངན་ལུང་པ་རལ་གསུམ་དང་ཡང་དེ་ལས་བྱང་མཁར་དང་། གཡའ་ལུང་གཉིས་གཡར་(དབྱར་)ས་དགུན་ས་བྱས། དགེ་སྦྱོར་བོག{ས}་ཆེ་བར་བྱུང་།” ཞེས་དང་། “དེ་ནས་བྱང་མཁར་ཕུག་ཏུ་བཞུགས་པས་ན། སྐབས་ཤིག་གྲུབ་མཐའ་ཆེན་པོ་མཛད་ནས་ཚར་བ། སེམས་ཅན་ལ་ཕན་ཐོག{ས་}པར་གྱུར་ཅིག་སྨོན་ལམ་བཏབ་པས། དེའི་ནུབ་མོ་ང་སྡོད་སའི་རྩེ་མོ་ལ་འབྲུག་ཆེན་པོ་ཞིག་གྲག་པས་རྒྱལ་ཁམས་ཐམས་ཅད་དུ་གྲགས་པར་སྨིན་(རྨིས)། ངན་ལམ་རལ་གསུམ་ནས་ཇེ་ཆེ་ཇེ་ཆེར་ལ་སོང་།”6 ཞེས་འཁོད་ཡོད་པས་ངན་ལམ་རལ་གསུམ་ཞེས་པའི་ལུང་པ་གསུམ་པོ་དེ་དག་མུ་འབྲེལ་དུ་ཡོད་པར་རྟོགས་ཐུབ།

  འོ་ན་ས་ཆ་དེ་དག་དངོས་སུ་གང་ལ་ངོས་འཛིན་དགོས་སྙམ་ན། དེ་ཡང་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས། “ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱི{ས་}བྲག་དམར་བསམ་ཡས་གསེར་མང་པོ་ཡོད་པ་ཐོས། བསམ་ཡས་སུ་ཡོང་ནས་ནུབ་མོ་སྐོར་བ་བྱས་པས། དཀོར་གཉེར་ན་རེ། ཁྱོད་ལྷོ་བལ་གྱི་མི་དད་པ་ཅན་འདུག་པས་མོས་གུས་གྱིས་གསུངས་ནས་སྒོ་བཅད་ནས་སོང་། དེར་སྒྲོ་བ་ཞིག་ལ་ཁྲོ་ཆུས་རྒྱས་བཏབ་པ་ཞིག་འདུག་ནས། བཏེག{ས་}པས་ལྕིད་ཆེ་སྟེ། འདི་ན་གསེར་ཡོད་སྙམ་ནས་ཁྱེར་ནས་བྲོས་སོ། །ནུབ་མོ་ཕྱིན་ཅིང་ཉིན་མོ་ནགས་གསེབ་ཏུ་བསྡད། དེ་ནས་ངན་ལམ་གྱི་ལུང་པ་སྲི་བྱ་བར་{བ}སླེབས་ཏེ། ཁྲོ་ཆུ་ཁོལ་མའི་རྒྱ་བཅག{ས་}ནས་སྒྲོ་བ་ཁ་ཕྱེས་པས།”7 ཞེས་འཁོད་པར་གཞིགས་ན་ངན་ལམ་ནི་སྲི་ཞེས་པའི་ལུང་པར་ཡོད་པར་ཤེས།

  སྤྱིར་ན་སྲི་ཡི་ལུང་པར་ལོ་རྒྱུས་ཡིག་ཆ་དང་། རྡོ་རིང་། བང་སོ། འབུམ་པ་སོགས་ཡོད། སྲི་ཞེས་པའི་ཐ་སྙད་དེ་ནི་དེང་སྐབས་ཡི་གེའི་འབྲི་ལུགས་འགྱུར་ཏེ་ཀྲིའི་ལུང་དུ་འབོད། དེ་ཡང་ངན་ལམ་སྟོང་སྡེའི་ཁུལ་ཏེ་བསམ་ཡས་ནས་སྐྱིད་ཤོད་ལྷ་སར་འགྲོ་སའི་ལམ་བར་ཡོད། 《སྟག་སྒྲ་ཀླུ་གོང་གི་བང་སོའི་རྡོ་རིང་སྐོར་གླེང་པ་》ཞེས་པའི་དཔྱད་རྩོམ་གྱི་མཆན་ཆུང་ལས། “ཀྲི་ཞེས་པའི་ཡུལ་འདི་ལ་སྲི་ཞེས་འབོད་པར་གསལ་ཏེ། 《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་ཡི་དཀར་ཆབ་གདོག་གོ་》བྱ་བའི་དབུ་མེད་ལག་བྲིས་མ་ལས་སྲིའི་རྡོ་རིང་ཞེས་གསལ་བ་དང་། 《རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་》ཞེས་བྱ་བ་ནའང་སྲིའི་རྡོ་རིང་ཞེས་གསལ་ཡོད་པས་ཤེས་ཐུབ་ལ། ཕྱིས་སུ་དབུས་གཙང་སོགས་ས་ཆ་མང་པོ་ཞིག་གི་ཕལ་སྐད་དུ་སྲ་ལ་ཀྲ་དང་སྲོག་ལ་ཀྲོག་ཅེས་པའི་སྒྲ་ཐོན་པས་ན་སྲི་ཞེས་པའི་སྒྲ་ཀྲི་ལ་གྱུར་པ་ཡིན་ནོ།།”8 ཞེས་བཤད་པ་ནི་བདེན་པར་སྣང་།

  སྲི་ལུང་པར་ཡང་རྨ་ལུང་དང་། བྲག་ལ། (བྲག་རལ) གཡའ་ལུང་བཅས་པའི་ལུང་ཆུང་གསུམ་ཡོད་པ་ལས། རྨ་ལུང་གྱང་རལ་ལ་སྔོན་བོན་གྱི་དགོན་པ་ཡོད་པར་གྲགས། བསམ་ཡས་ནས་ཡོང་བའི་ལུང་པ་དེ་ཡིན། གཡའ་ལུང་ནང་རྡོ་རིང་གཤོག་པ་ཅན་ཡོད་པ་དེ་ནི་སྔར་སྟག་ར་ཀླུ་གོང་གི་བང་སོའི་རྡོ་རིང་ལྷ་ས་ཞོལ་ལ་སྤོས་པའི་ཚབ་ཏུ་འཛུགས་འཆར་བྱས་པའི་རྡོ་རིང་ཞིག་མིན་ནམ་སྙམ། རི་ཁུག་ཏུ་ཡུལ་མིས་ས་གྲུ་བཞི་ཞེས་འབོད་པའི་བློན་པོ་ངམ་སྟག་ར་ཀླུ་གོང་གི་བང་སོ་རྒྱ་ཆེན་པོ་ཞིག་ཀྱང་ཡོད། འདིར་དེ་སྔོན་ཕོ་བྲང་པོ་ཏ་ལའི་ཞོལ་རྡོ་རིང་སྔ་ཕྱི་གཉིས་དང་གཤོག་པ་ཅན་བཅས་གསུམ་ཙམ་ཡོད་འདུག 《དུང་དཀར་ཚིག་མཛོད་ཆེན་མོ་》ལས་ངན་ལམ་སྟག་ར་ཀླུ་གོང་དང་ངམ་སྟག་སྒྲ་ཀླུ་ཁོང་ཁ་ཁར་བཤད་9ཀྱང་འདིར་དོགས་པ་ཅུང་ཙམ་འདུག་པས་དཔྱད་པར་བྱ།

  སྲི་ལུང་པའི་མདའ་ལ་འབའ་རྡོག་དགོན་པ་དང་རྒྱ་ཚ་འབུམ་པ་ཞེས་མཆོད་རྟེན་གྱི་ཤུལ་དང་བང་སོ་དང་། བར་དེར་ཆུ་མིག་ཁྲ་མོ། ཆུ་མིག་དང་བང་སོ་བརྒྱ་དང་བརྒྱད་རེ་ཡོད་ཟེར། ལྷ་ཀླུང་སྒྲུབ་ཁང་བླ་མ་ཞང་ཆུང་ངུའི་དུས་ཀྱི་ཞབས་རྗེས། བྱང་མཁར་ལ་བླ་མ་ཞང་གི་སྐུ་གདུང་དང་ཞབས་རྗེས་གྲུབ་རྟགས་བཅས་ཡོད། འདུ་གནས་ནི་སྟག་ར་ཀླུ་གོང་གི་བང་སོའི་ཐད་ཀྱི་ཡུལ་ལྷ་གསོལ་སའི་ཐོག་མཁར་དམར་དགོན་ཤུལ་ལམ། བསམ་གཏན་ཨ་ནེའི་རི་ཁྲོད་ཀྱི་ཤུལ་ཟེར་བ་དེར་ཡིན་པར་སྙམ། ད་ལྟའི་གནས་ཡུལ་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་དཔལ་ལྡིང་གྲོང་ཚོ། ཁྲོན་བོད་གཞུང་ལམ་ནས་སྤྱི་ལེ་ལྔ་ཙམ་བསྐྱོད་པས་གནས་དེར་འབྱོར་ཐུབ།


གཉིས་པ། བོན་གྱི་འདུ་གནས་འདམ་ཤོད་སྣར་མོའི་སྐོར།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “འདམ་ཤོད་སྣར་མོ་བོན་གྱི་འདུ་འཚོགས་གནས།”10 །ཞེས་དང་། དེ་བཞིན་“འདམ་མནར་མོ་”11 དང་“འདམ་ཤོད་སྣར་མོ་”12 སོགས་སུ་གསལ་བ་དེ་ནི། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “འདམ་ཤོད་སྣར་མོ་ནི་གཉན་ཆེན་ཐང་ལྷའི་མདུན་འདམ་གཞུང་།”13 ཞེས་གསལ། དེས་ན་འདུ་གནས་དེ་ནི་དེང་གི་འདམ་གཞུང་སྙིང་དྲུང་སྟོད་གླིང་གི་བྲག་ནག་དང་དངུལ་ལུང་གཉིས་སྦྲེལ་མཚམས་སུ་རི་དེའུ་ཞིག་གི་སྟེང་ལ་མཁར་ཤུལ་རྒྱ་ཆེན་ཞིག་ཡོད་པ་དེ་ཡིན་པར་ངེས་ཏེ། གོང་དུ་《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས་གཉན་ཆེན་ཐང་ལྷའི་མདུན་དུ་གསུངས་པའི་དོན་དང་ཡོངས་སུ་མཐུན་པར་མ་ཟད། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “ག་ཆུས་བྱང་མདོ་ཤོད་སྣར་མོའི་གཞུང་དུ། གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས། བྲག་ནག་རྟ་མགོ་སུམ་ལག་ཏུ། ཁྲི་འདུལ་གསལ་བའི་དགོན་པ་བཞེངས། བོན་གྱི་འཁོར་ལོ་བསྐོར།”14 ཞེས་དང་། 《དགེ་བསོད་འདུལ་རྒྱུད་རྣམ་ཐར་ཤེལ་གོང་མ་ནི་》ལས། “ག་ཆུ་གཙུག་ཕུད་རྒྱལ་བས་འདམ་ཤོད་སྣར་མ་རུ་གཡུང་དྲུང་ཁྲི་འདུལ་ལྷ་ཁང་དང་བྲ[ག་]ནག་རྟ་མགོ་སུམ་ལག་ཏུ་ཁྲི་འདུས་གསལ་བའི་གནས་དགོན་བཏབ།”15 ཅེས་དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས། “ག་ཆུས་བྱང་མདོ་ཤོད་སྣར་མོའི་གཞུང་དུ། གཡུང་དྲུང་ཁྲི་འདུལ་གྱི་ལྷ་ཁང་བཞེངས། བྲག་ནག་རྟ་མགོ་སུམ་ལག་ཏུ། ཁྲི་འདུལ་གསལ་བའི་དགོན་པ་བཏབ། བོན་གྱི་འཁོར་ལོ་བསྐོར།” །16 ཞེས་དང་། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “དེ་རྗེས་དབུ་རུ་འདམ་ཤོད་སྣར་མོ་རུ། །གཡུང་དྲུང་ཁྲི་འདུས་འོད་ཀྱི་གསས་ཁང་བཞེངས། །”17ཞེས་ག་ཆུ་གཙུག་ཕུད་རྒྱལ་བས་གསས་ཁང་བཞེངས་ཤིང་འདུལ་བསྟན་སྤེལ་བའི་གནས་ཀྱང་ཡིན།

  ལུང་དེ་དག་ལས་བཤད་པའི་“བྲག་ནག་རྟ་མགོ་སུམ་ལག་”ཅེས་པའི་ས་མིང་དེ་རྣམས་ལས་བྲག་ནག་དང་རྟ་མགོ་ཞེས་པ་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད། དེ་ཡང་བོན་གྱི་འདུལ་བ་དང་པོ་དར་ས་རྟག་གཟིགས་དང་། གཉིས་པ་ཞང་ཞུང་། གསུམ་པ་མངའ་རིས། བཞི་པ་ཁམས། ལྔ་པ་དབུས་གཙང་བཅས་བཤད་པའི་སྐབས། འདི་ནི་མངའ་རིས་འདུལ་རྒྱུད་སྐབས་ཀྱི་གཙུག་ཕུད་ཚུལ་ཁྲིམས་ཀྱི་མཁན་བུ་ག་ཆུ་དང་། ཡ་གོང་། ཕམ་ཤི། ལྡེ་བཙུན་བཞིས་གནས་སྡེ་ཆེན་པོ་བཞི་བཞེངས། གནས་ཕྲན་བཅུ་གཉིས་སོགས་བརྩེགས། རྒྱལ་བློན་འབངས་གསུམ་གོང་འོག་ཚང་མར་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། འདུལ་བསྟན་དར་ཞིང་འདུལ་གོས་སྔོན་པོ་མིན་པ་གྱོན་མི་ཆོག་ཅིང་། སྐབས་དེ་དུས་འདུལ་བསྟན་དར་སོ་བྱེད་པའི་དུས་ཤིག་བྱུང་བར་ངེས་ཏེ། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “ག་ཆུ་གཙུག་ཕུད་རྒྱལ་བ་དང་། ཡ་གོང་ཡེ་ཤེས་རྒྱལ་མཚན། ཕམ་ཤི་དཔལ་གྱི་འབྱུང་གནས། ལྡེ་བཙུན་རབ་གསལ་བཞི་བྱུང་། དེའི་རིང་གནས་སྡེ་ཆེན་པོ་བཞི་བཞེངས།” ཞེས་དང་། “གཡས་རུ་དང་གཡོན་རུའི་གནས་ཕྲན་བཅུ་གཉིས་བརྩེགས། གོས་སྔོན་པོ་མིན་པ་གྱོན་དབང་མེད། དགེ་སྤྱོད་བོན་ལ་བྱེད། དེའི་དུས་སུ་རྣམ་དག་འབུམ་གྱི་སྐོར། ཀློག་འདོན་འབྲི་གསུམ་བྱེད། སྤྱོད་ལམ་ཚུལ་ཁྲིམས་ལ་གནས། བར་ཆོད་ཚ་ཚ་མཆོད་རྟེན་གྱིས་སེལ། བོན་སྤྱོད་ཕ་རོལ་ཕྱིན་བཅུ་ལ་སྤྱོད། རྒྱལ་གྱི་སྐུ་འཚོ། བློན་གྱི་བུ་གསོ། དད་པ་ཅན་ཚུལ་ཁྲིམས་ལ་འཇུག ཤི་བ་སྐྱབས་དང་མཆོད་རྟེན་གྱིས་འདྲེན།”18 ཞེས་གསུངས་པས་ཤེས་སོ། །

  གཞན་ཡང་ད་ཆར་གཉན་ཆེན་ཐང་ལྷའི་གཤམ་ནས་སྙིང་དྲུང་བར་གྱི་ཐང་ཆེན་དེའི་ལྷོ་ངོས་དངུལ་ལུང་པ་དང་བྲག་ནག་ལུང་པའི་འདུས་མདོ་དེའུ་ཆུང་ཞིག་ཡོད་པ་དེ་ལ་དེང་དུས་ཡུལ་མིས་བཤད་པ་ལྟར་ན་འདི་གར་གནའ་སྔ་མོ་བོན་དགོན་ཞིག་ཡོད་པ་དེ་མཐུ་ཡིས་འཇིག་པར་བཤད་ལ། ད་ལྟའི་དེའུ་དེའི་མིང་ལ་བོན་དགོན་ཨ་ལྡག བོན་དགོན་སྡུག་ལྡག རྩྭ་ཟད་ཐལ་ལྡག་སོགས་མིང་གསུམ་འབོད་བཞིན་འདུག་པ་དེ་ནི། བོན་དགོན་ཆགས་མྱོང་བའི་རྐྱེན་གྱིས་བོན་དགོན་ཨ་ལྡག་དང་། དེའུ་དེའི་སྟེང་དུ་སྐྱེས་པའི་ཤུག་པ་དང་དེ་བཞིན་ས་རྡོ་སོགས་གང་བྱུང་ཁྱེར་ན་གནོད་པ་ཡོང་གི་ཡོད་པའི་ཆ་ནས་བོན་དགོན་སྡུག་ལྡག་དང་། རྩྭ་ལྡུམ་སྐྱེ་ཉུང་བས་རྩྭ་ཟད་ཐལ་ལྡག་སོགས་ཟེར། སུམ་ལག་ཅེས་པའི་དོན་ཡང་ལུང་པ་དབྱི་དང་། དངུལ། བྲག་ནག་གསུམ་གྱི་འདུས་མདོ་ཡིན་པས་དེ་ལྟར་ཐོགས། དངུལ་གྱི་ལུང་པར་ཤ་འབས་རྫ་དང་རྟ་གུང་མའི་ལུང་པར་རྟ་མགོ་གྲོང་ཚོ་ཡོད། རི་དེའུ་བོན་དགོན་སྡུག་ལྡག་གི་བྱང་ཕྱོགས་མཚམས་ལ་ཐང་ཆེན་མོ་ཞིག་ཡོད་པ་དེ་ལ་མེ་འབར་ཐང་ཞེས་འབོད། དེའི་རྒྱུ་མཚན་ཡུལ་མིའི་བཤད་རྒྱུན་ལ་སྔར་བོན་དགོན་དེ་བཤིགས་པའི་སྐབས་སུ་ནང་རྟེན་བྱམས་མའི་སྐུ་མི་ཞིག་གིས་ཁྱེར་བས་གནོད་པ་བྱུང་མཚམས་ཐང་དེ་རུ་བསྐྱུར་ཞིང་། དེའི་མཚན་མོ་སྐུ་དེ་མེ་འབར་བས་དེ་ནས་བཟུང་མེ་འབར་ཐང་ཞེས་ཐོགས་པ་རེད་ཟེར། དོན་དངོས་སུ་དེ་ནི་སྣར་མོ་ཐང་ཡིན་ངེས་སོ། །ད་ལྟའི་གནས་ཡུལ། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྙིང་དྲུང་ཡུལ་ཤོག་སྟོད་གླིང་གྲོང་ཚོའི་རུ་ཁག་གསུམ་པ་དང་དྲུག་པའི་བར་མཚམས་དེར་ཡོད།


གསུམ་པ། བོན་གྱི་འདུ་གནས་འཕན་ཡུལ་བྲག་དཀར་སྐོར།

  དེ་ལ་འདུ་གནས་འཕན་ཡུལ་བྲག་དཀར་དང་། ཟངས་ལུང་བོན་གྱི་དགོན་ཤུལ། སྒྲུབ་གནས་འབྲན་ར་ཕུག་མོ་ཆེ་དང་གསུམ་ལས། དང་པོ། འདུ་གནས་འཕན་ཡུལ་བྲག་དཀར་ནི། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “འཕེན་ཡུལ་བྲག་དམར་བོན་གྱི་འདུ་འཚོགས་གནས།”19 ཞེས་དང་། གཞན་ཡང་“འཕན་ཡུལ་སྲབ་དཀར་”20དང་“འཕེན་ཡུལ་བྲག་དཀར་”21སོགས་འབོད་པའི་འདུ་གནས་དེ་ནི། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “འཕན་ཡུལ་བྲག་དཀར་ནི་དབུ་རུ་བྱང་ངོས་འཕེན་པོའི་ནང་”22 ཡིན་པར་གསུངས། འཕན་ཡུལ་འདི་ཐོག་མར་ཟིང་པོ་རྗེ་ཡིས་དབང་བསྒྱུར་བའི་ཡུལ་ངས་པོ་དེ་གནམ་རི་སྲོང་བཙན་གྱིས་མངའ་འོག་ཏུ་བསྡུས་ནས་འཕན་པོ་རུ་མིང་བསྒྱུར་བ་ནི། 《ཏུན་ཧོང་བོད་ཀྱི་ཡིག་རྙིང་》ལས། “P1287, 0184 རྐོང་(པོ)བྲེ་སྣར་ཡན་ཆད། བཙན་པོ་ཕྱག་ཏུ་བོན་ཏེ། བཙན་པོ་ཁྲི་སློན་བཙན་གྱྀས་བཀའ་སྩལ་ཏེ། ཡུལ་ངས་པོ་ལས། P1287, འཕན་ཡུལ་དུ་མྱིང་སྤོས་སོ།།”23ཞེས་པས་བོད་རྒྱལ་མུ་ཁྲིའི་སྐབས་སུ་དབུས་གཙང་དུ་འདུ་གནས་སོ་བདུན་བཙུགས་ཡོད་པས་འདུ་གནས་འདི་ཡང་དེའི་ཁོངས་སུ་ཚུད་ཡོད་ལ་མིང་ཡང་འཕན་ཡུལ་བྲག་དཀར་ཡིན།

  འཕན་ཡུལ་དུ་བྲག་དཀར་དང་། བག་དཀར། བྲག་དཀར་ཤོད་ཅེས་པའི་ས་མིང་འགའ་ཞིག་ཡོད་ཀྱང་འདུ་གནས་དངོས་ནི་སྔར་ཐོག་རྩེའམ་འཕན་ཡུལ་བྲག་དཀར་དང་དེང་སྐབས་སྟོང་རྩེའམ་འཕན་ཡུལ་རྩ་རི་ཞེས་པ་འདི་ཡིན་ཏེ། བོན་དཔེ་གྲགས་ཅན་《སྐྱབས་སྟོན་ཁྲོ་འགྲེལ་》ལས། “བོད་ཀྱི་མགུར་ལྷ་བཅུ་གསུམ་གྱི་ཆེ་བ་སྟེ། ཐོག་ཙེའམ་འཕན་ཡུལ་བྲག་དཀར་བྱ་བའི་ཕུག་པ་སྟེ་རྨའི་འདུ་གནས་ལས་བཤད། ཁ་ཅིག་གིས་བྲག་དམར་ཟེར་བ་ལྟར་དེང་སང་དབུས་དང་འཕན་ཡུལ་ས་མཚམས་བྲག་དཀར་མོ་ཟེར་བ་རྫོང་ཆེན་དང་བཅས་པ་དེའོ། །སྤ་གྲོ་ལས་འཕན་ཡུལ་འགྲམ་ར་ཕུག་མོ་དང་། མ་རྒྱུད་ན་འཕན་ཡུལ་རྩ་རི་ཟེར།”24 ཞེས་འཁོད་པ་ལྟར་རོ། །

  གཞན་ཡང་《འཕན་ཡུལ་སྟོང་རྩེའི་གནས་བཤད་སྐལ་བཟང་རྣ་རྒྱན་》ལས། “འཕན་ཡུལ་རིག་པའི་འབྱུང་གནས་སམ། འཕན་ཡུལ་དཀར་མོའི་ལྗོངས་ཞེས་གྲགས་པའི་ཡུལ་གྱི་རྒྱན་དུ་གྱུར་པའི་གནས་མཆོག་ཙྭ་རི་ཊ་གཉིས་པ། དཔལ་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་ཕོ་བྲང་འཕན་ཡུལ་སྟོང་རྩེ་གནས་རི་ནི་ལྷ་ས་ནས་སྤྱི་ལེ་བདུན་ཅུ་ཙམ་གྱི་འཕན་པོ་ལྷུན་གྲུབ་རྫོང་གི་སྟོད་ཕྱོགས་སུ་གནས། གནས་རི་འདི་ནི་རི་བོ་གཞན་ཀུན་ལས་དབྱིབས་ཀྱི་བཀོད་པ་དང་། སྤང་བྲག་གི་ཁ་དོག་སོགས་ངོ་མཚར་ཁྱད་དུ་འཕགས་པའི་ཚུལ་དུ་འགྱིང་ངེར་གནས། མདུན་ཕྱོགས་སུ་བྱང་ཁ་ཤང་དང་རྒྱབ་ངོས་མཚོ་སྟོད་ཤང་གི་ཁོངས་སུ་གཏོགས། དེ་ཡང་སྤྱིར་འཕན་པོའི་རི་དང་ས་ཕལ་ཆེ་བ་མདོག་དམར་པོའི་རང་བཞིན་དུ་ཡོད་ཀྱང་། གནས་རི་སྟོང་རྩེ་འདི་ནི་བྲག་དཀར་པོ་བ་གམ་གྲུ་བཞིར་བརྩེགས་པའི་ཚུལ་དུ་ཡོད་པ་ནི། དཔལ་འཁོར་ལོ་བདེ་མཆོག་གི་ཕོ་བྲང་དངོས་དང་དབྱེར་མ་མཆིས་ལ། བར་བར་དུ་སྤང་རི་དང་སྤང་གཤོང་ཡིད་དུ་འོང་བ་དང་། ལྷ་ཤིང་ཤུག་པ་དང་སྙུག་མ་སོགས་ཤིང་སྣ་སྣ་ཚོགས་ཀྱིས་བརྒྱན་པ་ནི་བྱེད་པོས་ཆེད་དུ་བསྐྲུན་པའི་སྐྱེད་མོས་ཚལ་དང་གཉིས་སུ་མ་{འཆིས།}[མཆིས]།”25 ཞེས་ཁ་གསལ་གོ་བདེར་གསུངས་པས་རྟོགས་ནུས་ལ། ཡུལ་མིའི་ངག་རྒྱུན་དུའང་སྟོང་རྩེའི་སྲུང་མ་གཡུང་དྲུང་ལྷ་མོ་བྱ་བ་ཤ་བ་ཡུ་མོ་ལ་ཆིབས་ཏེ། གནས་འདིའི་གཏེར་ཁ་དང་སྲོག་ཆགས་སྐྱེ་དངོས་སོགས་ལ་དུས་ཀུན་ཏུ་བྱ་ར་བྱེད་པས་ཡུལ་འདིར་ཤ་བའི་མགོ་མཐུར་གྱི་ཤུལ་ཡོད་ཅེས་ཟེར།

  ཡུལ་འདིར་བོད་རྒྱལ་མུ་ཁྲིའི་དུས་སུ་བོན་གྱི་འདུ་གནས་དང་སྒྲུབ་གནས་སོགས་ཆོས་ལུགས་སྤེལ་གནས་ཡོད་པ་དང་། སྟག་རི་གཉན་གཟིགས་སྐབས་སུ་ཟིང་པོ་རྗེའི་དཔལ་འབྱོར་བློན་པོ་གཤེན་ཁྲི་བཞེར་ཞེས་པའི་གཤེན་བོན་ཡོད་པ། ཁྲི་སྲོང་ལྡེ་བཙན་དུས་སུ་ངན་ལམ་སྟག་སྒྲ་ཀླུ་གོང་སོགས་བོན་ལ་དད་པའི་བློན་འབངས་མང་པོས་རྐྱེན་པས་སློབ་དཔོན་པདྨ་འབྱུང་གནས་འཕན་ཡུལ་ལ་གཟིགས་མ་བདེ་བ་བྱུང་ནས་མ་ཕེབས་པའི་ལོ་རྒྱུས་ཤིག་ཀྱང་མཆིས་ཏེ། 《རྙིང་མའི་ཆོས་འབྱུང་》26དང་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “དེ་ནས་མ་ལེ་ཤོར་བྱོན་ནས་འཕན་ཡུལ་ལ་གཟིགས་པས་ཡུལ་ངན་རྟ་རོ་ཁ་ཕྱེ་བ་འདྲ་བ་འདི་ལ་ང་མི་འགྲོ་གསུངས་ནས་སྟོད་ལུང་ཡ་རལ་ན་ཡར་བྱོན།”27 ཞེས་དང་། ད་དུང་ཇོ་བོ་རྗེ་ཨ་ཏི་ཤ་ཡང་འདིར་ཕེབས་མི་འདོད་པས་མ་ཕེབས་ཏེ། 《ཇོ་བོའི་རྣམ་ཐར་བཀའ་གདམས་ཕ་ཆོས་》ལས། “དེ་ནས་ཞང་ཆེན་མོས་འཕན་ཡུལ་སྟོད་དུ་སྤྱན་དྲངས་པས། ལུང་པ་དམར་པོ་རྟ་རོ་ཁ་ཕྱེ་བ་འདྲ་བ་འདིར་མི་འགྲོ་གསུངས་ནས་མ་བྱོན།”28 ཞེས་གསལ་ལ། དེ་རྗེས་བཀའ་གདམས་བསྟན་པའི་རྗེས་འཛིན་བཀའ་གདམས་པའི་དགེ་བཤེས་དུ་མ་ཞིག་གིས་ལུང་པ་འདི་ཆོས་ལ་བསྒྱུར་བར་དམ་བཅའ་བཞག་པའི་ལོ་རྒྱུས་ཡོད་པ་དང་། སྟོང་རྩེ་རི་ཞེས་པའང་དགེ་སློང་སྟོང་ཕྲག་རྒྱུན་དུ་བཞུགས་མཛད་པས་སྟོང་རྩེ་རི་ཞེས་པའི་བཤད་རྒྱུན་སོགས་ཡོད་པར་གྲགས་སོ། །

  གཉིས་པ། འཕན་ཡུལ་ཟངས་ལུང་བོན་གྱི་དགོན་ཤུལ་ནི། འཕན་པོ་དར་ཡུལ་ལུང་པའི་ཕུ་ནུབ་ཏུ་ཟངས་ལུང་བོན་གྱི་དགོན་ཤུལ་ཏེ་དར་ཡུལ་ལྷས་ར་(ཡུལ་སྐད་ལ་ལྷབ་རས་)གྲོང་ཚོའི་ལྷ་སྟེང་རང་བྱུང་གྲོང་གི་ཟངས་ལུང་རྫ་རིའི་ངོས་སུ་རྡོ་ཡི་ཁང་བུ་རྡོ་གཡམ་གྱིས་ཐོག་ཕུབ་པའི་ངོ་མཚར་ཅན་ཆེ་ཆུང་མི་འདྲ་བ། དཔེར་ན། མི་གཅིག་སྡོད་ས་དང་དེ་བཞིན་གསུམ་ལྔ་དགུ་སོགས་སྡོད་ས་ཡོད་པར་བརྩིགས་པ། བཀོད་པ་དེ་ཙམ་མེད་པ་ཕྱི་ལོགས་སུ་རྡོ་ཕུང་ཞིག་དང་འདྲ་བའི་ཆེས་གནའ་བོའི་སྒོམ་ཁང་མ་ཞིག་པ་མང་པོ་དང་། ད་དུང་རྡོ་རྩིག་ཚད་ལྡན་ཅན་གྱི་འདུ་ཁང་དང་ཕྱོགས་བཞིར་རྒྱལ་ཐོ་བཞི་སོགས་མདོར་ན་ཆེ་ཆུང་མི་འདྲ་བའི་ཁང་པ་བདུན་ཅུ་ལྷག་གི་ཞིག་རལ་དང་ཤུལ་བཅས་ཡོད། ད་ལྟའི་ཆར་འཕན་པོ་ལྷུན་གྲུབ་རྫོང་བྱང་ཁ་ཡུལ་ཤོག་གི་ཁོངས་སུ་ཡོད་པའི་སྐོར་ཞིབ་ཕྲ་གཤམ་དུ་ཞུའོ། །

  གསུམ་པ། འཕན་ཡུལ་འབྲན་ར་ཕུག་མོ་ཆེ་ནི། དར་ཡུལ་དགོན་པའི་རྒྱབ་ལོགས་རི་ངོས་དེར་དེང་སྐབས་ཁྲོ་མོ་བྲག་ཅེས་པ་བོན་གྱི་ལོ་རྒྱུས་དུ་མར་འཕན་ཡུལ་དུ་རྒྱ་ཧ་ཅང་ཆེ་བའི་ཕུག་པ་ཞིག་ཡོད་པར་བསྟན་29པ་དེ་འདི་ལ་ངོས་འཛིན་དགོས། དེའི་གནས་ཀྱི་བཀོད་པ་ནི་《འཕན་ཡུལ་དགོན་སྡེའི་གནས་བཤད་》ལས། “རྩེ་མོ་བྲག་དང་རྫ་རི་རྒྱང་རིང་ནས་བལྟས་ན་བྱ་རྒྱལ་ཁྱུང་ཆེན་ལྡིང་བ་འདྲ་བ། གཡས་གཡོན་གསེར་ཉ་ཁ་སྤྲོད། བྲག་འོག་ཕུག་པ་སྐྱིལ་ཀྲུང་། སྐེད་པ་སྤང་དང་སྨན་རྩྭ། འདབས་སུ་རྩི་ཤིང་སྣ་ཚོགས། བྱ་རིགས་སྐད་སྙན་ལྷག་པར་སྒྲོག གཅན་གཟན་རི་དྭགས་བག་ཕེབས་སུ་འཚོ། ཤར་ངོས་སུ་ཆུ་མིག་དྭངས་གཙང་རོ་དང་དྲིའི་སྐྱོན་གྱིས་མ་གོས་པས་ལྷུང་སྒྲ་སྒྲོག་ཅིང་། སྐོམ་པའི་གདུང་བ་རང་བཞིན་ཉིད་ཀྱིས་སེལ་བ། འབྱུང་བཞི་ལུས་ཀྱི་འདུ་བ་སྙོམ་པའི་དབེན་གནས་ཉམས་དགའ་བ་ཞིག་སྣང་ངོ་།།”30 ཞེས་པ་དེ་ཉིད་བོན་གྱི་སྒྲུབ་གནས་སོ་དྲུག་གི་ནང་ཚན་འཕན་ཡུལ་འགྲོ་མར་ཕུག་མོ་ཆེའམ་འཕན་ཡུལ་འབྲན་མོ་ཕུག་ཡིན་པར་དཔོག་ནུས་སོ། །ཕུག་པ་འདི་སྔོན་ནས་ད་བར་རིམ་བཞིན་བོན་པོ་དང་རྙིང་མ་བཀའ་བརྒྱུད་དགེ་ལུགས་བཅས་ཆོས་བརྒྱུད་མང་པོས་བདག་བཟུང་བྱས། དེང་སྐབས་ཕུག་པའི་ནང་གི་མཆོད་རྟེན་རྩ་ཆེན་གཉིས་དང་དགོན་པ་དེར་སྟག་ལུང་བཀའ་བརྒྱུད་པའི་གྲྭ་བཙུན་བདུན་གྱིས་བསྟན་པ་འཛིན་སྐྱོང་གནང་བཞིན་འདུག གྲྭ་བཙུན་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་གསུང་དོན་ཕུག་པ་འདིར་ཨོ་རྒྱན་རིན་པོ་ཆེ་ཡབ་ཡུམ་སྒྲུབ་པར་བཞུགས་མྱོང་བར་མ་ཟད། 《བར་ཆད་ལམ་སེལ་》ལས། “རྒྱལ་བའི་བསྟན་པ་བཙུགས་པའི་ཚེ། །གཡའ་རི་ནགས་ལ་སྒྲུབ་པ་མཛད། །བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕངས། །རྡོ་རྗེ་ཕྱག་རྒྱས་བླངས་ཤིང་བསྒྲིལ། །བསྒྲིལ་ཕུར་ཙན་དན་ནགས་སུ་འཕང་། །མེ་འབར་འཁྲུག་ཅིང་མཚོ་ཡང་སྐམ། །གསེབ་ཀྱི་མུ་ཏིག་ས་གང་བསྲེགས། །ཡག་ཤ་ནག་པོ་རྡུལ་དུ་བརླགས། །”31 ཞེས་པའི་ཚིག་དང་མཐུན་པའི་འགྲེལ་བརྗོད་འདྲ་ཆགས་པོ་ཞིག་གནང་མཛད་སོང་། ཡིན་ནའང་འདི་ལྟར་ཡིན་མིན་དང་གུ་རུ་རིན་པོ་ཆེ་འཕན་ཡུལ་ལ་ཕེབས་ཡོད་མེད་ཐག་མི་ཆོད་པས་དཔྱད་གཞིའི་གནས་སོ། །

  ད་ལྟའི་གནས་ཡུལ་ནི་འཕན་པོ་ལྷུན་གྲུབ་རྫོང་ཁོངས་ཏེ། རྫོང་ནས་བྱང་ཁ་ཡུལ་ཤོག་ལ་སྤྱི་ལེ་(༡༥)མཚམས་སུ་སྟོང་རྩེ་གནས་རིར་འབྱོར། བྱང་ཁ་ཡུལ་ཤོག་ནས་སྤྱི་ལེ་(༡༨)མཚམས་ནས་ཁྲོ་མོ་དགོན་དང་ཟངས་ལུང་ཁག་སོ་སོར་སླེབ། དེ་ནས་གོམ་པ་བརྒྱབ་ནས་ཏོག་ཙམ་ཕྱིན་རྗེས་ཟངས་ལུང་དགོན་ཤུལ་མཇལ་ཐུབ། དེ་བཞིན་འཕན་པོ་དཔལ་གླིང་ཡུལ་ཤོག་དུ་ཡོད་པའི་གྲབ་གསལ་ཁང་ཆོས་སྡེ་ཡང་སྔ་མོ་བོན་གྱི་དགོན་གནས་ཤིག་ཡིན་པར་ངེས་ཏེ། 《འཕན་ཡུལ་དགོན་སྡེའི་གནས་བཤད་》ལས། “ཐོག་མར་འདིར་ཡང་བོན་གྱི་ལྷ་ཁང་སྟེ་གསས་ཁང་ཡིན་པར་སྣང་སྟེ། ད་ལྟའི་བླ་རྒན་རྣམས་ཀྱི་ངག་རྒྱུན་ལ། ཞིག་རལ་གྱུར་པའི་རྩི་སེར་པོ་བྱུགས་པའི་མཆོད་རྟེན་འདི་དག་ནང་བོན་ལུགས་པའི་སྐུ་ཆས་སོགས་སྦས་ཏེ། མནན་པར་བྱས་སོ། །ཞེས་སྔར་གསལ་ཁང་དགོན་གྱི་གྲྭ་པ་(༢༠༡༣)ལོར་དགུང་ལོ་(༨༡)སོན་པའི་ཐུབ་བསྟན་བརྩོན་འགྲུས་ནས་གསུངས།”32 ཞེས་གསལ་བས་སོ། །ད་དུང་གསལ་ཁང་ཡང་གསས་ཁང་ལས་ཟུར་ཆག་པར་འདྲ་བས་སོ། །

བཞི་པ། བོན་གྱི་འདུ་གནས་མལ་དྲོ་བ་རབ་སྐོར།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “མལ་གྲོ་གསས་མཁར་བོན་གྱི་འདུ་འཚོགས་གནས། །”33 ཞེས་དང་། ཡང་“མལ་དྲོ་བ་རབ་”34དང་“མལ་གྲོས་ར་བ་”35ཞེས་གསལ་བའི་གནས་དེ་ནི། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “མལ་གྲོ་ར་བ་ནི་དབུ་རུ་ཤར་ལྷོའི་ཕྱོགས་མལ་གྲོའི་ས།”36ཞེས་གསལ། འདུ་གནས་དེ་ནི་དེང་སང་མལ་གྲོ་གུང་དཀར་རྫོང་གི་ཉེ་འཁོར་ཤར་ཕྱོགས་ལམ་ཆེན་གྱི་ཟུར་དེར་ཡོད། འོན་ཀྱང་དེང་རབས་ཀྱི་འཛུགས་སྐྲུན་འདྲ་མིན་བྱས་ཟིན་པས་ད་ཆར་གནས་ཤུལ་གྱི་རྣམ་པ་མི་གསལ་བར་གྱུར། དེ་མིན་ལོ་ཤས་སྔོན་དུ་འདི་གར་མཆོད་རྟེན་གྱི་ཤུལ་ཡོད་པར་མ་ཟད། གོང་དུ་ཡུལ་ལྷ་གསོལ་ས་ཞིག་དང་བྱང་དུ་ཀ་ཚལ་དགོན་པའང་ཡོད། ད་ལྟའི་ཡུལ་མིང་ཡང་བ་རབ་ཟེར་ལ། ཡུལ་མིས་བཤད་པའི་བ་རབ་ཀྱི་སྐོར་ལ་གཏམ་རྒྱུད་ཅིག་འདུག་པ་དེའི་ནང་དོན་སྒྲ་བཤད་ནི། གནའ་སྔ་མོ་ཡུལ་འདིར་ཨ་མ་གཤིས་རྒྱུད་འཇམ་པ་བ་འདྲ་བ་ལ། ཕྲུ་གུ་སྤྱོད་པ་རྩུབ་པ་ར་འདྲ་བ་ཞིག་ཡོད་པས་ན་བ་ར་ཞེས་ཟེར། བ་རབ་ཀྱི་རི་རྩེར་བག་དཀར་ཁྱུ་བ་ལ་སྒྲུབ་ཕུག་གཉིས་དང་རྫ་མགོ་ལའང་སྒྲུབ་ཕུག་གཉིས། བླ་མ་ཐེག་ཆེན་དགོན་ཤུལ་དང་ཨ་ནེ་དགོན་ཤུལ། བྲག་ལ་བླ་མའི་ཞབས་རྗེས་དང་བའམ་མཛོ་ཡི་རྨིག་རྗེས་ཡོད་ཀྱང་ཕྱི་མ་རིག་གསར་དུས་སུ་ཆུ་རགས་བཟོ་སྐབས་གཏོར་སོང་བ་རེད་ཟེར།

  འདུ་གནས་གནས་ཡུལ་ད་ལྟའི་མལ་དྲོ་གུང་དཀར་རྫོང་དང་དག་པ་རྫ་མ་གྲོང་ཚོའི་བར་གྱི་བ་རབ་གྲོང་ཚོ་ཞེས་གཞུང་ལམ་ཨང་(༣༡༨)ཀྱི་ཟུར་དེར་ཡོད། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས་གསུངས་པའི་“མལ་གྲོ་གསས་མཁར་བོན་གྱི་འདུ་འཚོགས་གནས།” །ཞེས་པའི་གསས་མཁར་ནི་བོན་གྱི་ལྷ་ཁང་གི་མིང་གི་རྣམ་གྲངས་ཙམ་དང་ཀ་ཚལ་གཙུག་ལག་ཁང་འདི་གསས་ཁང་དེ་ཉིད་ཡིན་པའང་སྲིད་ལ། ཀ་ཚལ་དགོན་པ་ནི་སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་བཟའ་འུན་ཤིང་ཀོང་ཇོས་རྒྱའི་གབ་ཙེ་བསྐོར་ནས་བོད་ཁམས་སྲིན་མོ་གན་རྐྱལ་མའི་གཟུགས་སུ་བཀོད་པའི་རྐང་གཡས་མནན་ཕྱིར་བཞེངས་པའི་མཐའ་འདུལ་གཙུག་ལག་ཁང་བཞིའི་ཡ་གྱལ་ཡིན་ཞིང་། དུས་རབས་འཕོ་འགྱུར་སྣ་ཚོགས་ནང་གྲུབ་མཐའ་འདྲ་མིན་གྱིས་བདག་བཟུང་བྱས་ཤིང་ད་ལྟ་དགོན་འདི་འབྲི་གུང་བཀའ་བརྒྱུད་པས་སྐྱོང་བཞིན་པ་རེད་འདུག


ལྔ་པ། བོན་གྱི་འདུ་གནས་ཤུན་གྱི་བྲག་དམར་སྐོར།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “ཕུན་གྱི་བྲག་དམར་བོན་གྱི་འདུ་འཚོགས་གནས། །”37ཞེས་དང་། ཡང་དཔེ་རྙིང་གྲགས་ཅན་བླ་ཆེན་དྲན་པའི་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་》ལས། “ཤུན་གྱི་བྲག་དབར།”38ཞེས་འཁོད། འོན་ཀྱང་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས། “མཆིམ་གྱི་བྲག་དམར།”39ཞེས་འབྱུང་བས། དེ་ལ་བརྟེན་ནས་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “མཆིམ་གྱི་བྲག་དམར་ནི་བསམ་ཡས་མཆིམ་ཕུ།”40ཞེས་བོན་གྱི་འདུ་གནས་འདི་བསམ་ཡས་མཆིམ་ཕུ་ལ་ཡོད་པར་བཞེད། ཤར་ཡུལ་ཕུན་ཚོགས་ཚེ་རིང་གི་《ཆོས་འབྱུང་མཁས་པའི་དགོངས་རྒྱན་》ལས་ཀྱང་དེ་དང་མཐུན་པར་འབྱུང་ཡང་། 《སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་》ལས། “ཤུན་གྱི་བྲག་དམར།”41ཞེས་དང་། ད་དུང་《སྐྱབས་སྟོན་ཁྲོ་འགྲེལ་》དང་། 《གསང་སྔགས་རྫོང་འཕྲང་།》 ཤར་རྫའི་《ལེགས་བཤད་མཛོད་》སོགས་བོན་དཔེ་ཕལ་མོ་ཆེའི་ནང་ཤུན་གྱི་བྲག་དམར་ཞེས་གཅིག་གྱུར་དུ་འཁོད།

  དེས་ན་ཁོ་བོས་ཀྱང་ཤུན་གྱི་བྲག་དམར་ནི་ལྷ་སའི་ནུབ་ཀྱི་བྲག་རི་འདི་རང་ཡིན་པར་འདོད། དེའི་རྒྱུ་མཚན་ཡང་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་སྒྲིག་རྩོམ་མཛད་པའི་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བའི་《བོད་བཙན་པོའི་རྒྱལ་རབས་》ལས། རྒྱ་བཟའ་ཀོང་ཇོས་ས་དཔྱད་བརྟག་ཚུལ་སྐོར་འཆད་སྐབས། “དེ་ལྟར་ཤར་གྱི་སྟག་སྐྱ་བོ་དགའ་གདོང་འགོ་མ། ལྷོ་ཡི་གཡུ་འབྲུག་སྔོན་མོ་སྐྱིད་ཆུ། ནུབ་ཀྱི་བྱ་དམར་མོ་ཤུན་གྱི་བྲག་དམར་བྱ་གདོང་། བྱང་གི་རུས་སྦལ་རྒྱ་བོ་ཉང་བྲན་ཕ་བོང་ཁ་སྟེ།”42ཞེས་དང་། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》ལས། “ནུབ་ཕྱོགས་ཤུན་གྱི་བྲག་ལ་བདུད་ནག་པོ་བྱ་ར་བྱེད་པ་འདྲ་བའི་ས་དགྲ་ཡོད། དེའི་ཕྱོགས་མཆོད་རྟེན་བསེ་རུ་[བ]རྩིགས།”43ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》44དང་། 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་འཕྲེང་བ་》གཉིས་མཐུན་པར་“ནུབ་ན་ཤུན་གྱི་བྲག་དམར་བདུད་པོ་བྱ་ར་བྱེད་པ་ལྟ་བུ་དང་རི་སྲིན་མོ་རལ་པ་ཟིང་པ་འདྲ་བ་ལ་རྡོ་ཡི་མཆོད་རྟེན་བསྟན།”45 ཞེས་པ་འདིར་སྔར་ནས་ད་བར་གཞིས་ཆགས་པའི་ཡུལ་མིས་ཀྱང་ཡུལ་ལ་ཤུན་དང་བྲག་ལ་ཤེལ་དཀར་བྲག་ཕུག་གམ་གྲོང་འདི་གདོང་དཀར་ཟེར་བཞིན་ཡོད་པས་སོ། །

  བྲག་ཕུག་ནང་གི་ཆུ་མིག་ནི་བཏུང་ཡང་མི་ཉུང་ལ། བཞག་ཀྱང་མི་འཕེལ་བ། བླ་མ་ལི་ཤུའི་བྱིན་རླབས་ཞུགས་ཡོད་ཟེར་ལ། ཤེལ་རྡོའམ་ཅོང་ཞིའི་རང་བྱུང་གི་ཀ་བ་དེ་དག་ནི་གཅོ་གཤེན་ཕྱག་དཀར་བསམ་ཡས་ཀྱི་མཆོད་རྟེན་ཆེན་པོ་བཞི་གཟིགས་ཚེ་རྫུ་འཕྲུལ་གྱིས་བཞེངས་པར་འདོད་པ་སྟེ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས། “གཅོ་གཤེན་ཕྱག་དཀར་གྱིས་ཕྱག་རྒྱ་བར་སྣང་ལ་བསྒྱུར་བས། བདུད་འདུལ་སྒྲ་སྒྲོག་གཡུང་དྲུང་བརྩེགས་པའི་མཆོད་རྟེན་ཞིག་བར་སྣང་ལ་བཀྲ་ལམ་མེར་གདའོ། །དེ་ལ་འོད་འཕྲོས་ལྷ་སའི་བྲག་ལ་བབས་པས། ད་ལྟ་རང་བྱུང་ཤེལ་གྱི་མཆོད་རྟེན་དུ་གྲགས་སོ། །”46ཞེས་གསུངས་པས་སོ། །རི་གཤམ་དུ་སྔོན་བོན་གྱི་འདུ་གནས་སམ་འདུལ་བསྟན་ཆགས་པའི་མཁར་ཤུལ་དང་དུར་ཁྲོད་ཤུལ་ཡང་ཡོད་ལ། ཡང་ཡུལ་མིའི་ཁ་རྒྱུན་དུ་ཡང་། “རི་ཤུན་བྲག ཤིང་གནམ་འཛེར། མི་གདོང་དཀར།”ཞེས་འདི་ཁུལ་གྱི་རི་དང་ཤིང་མི་བཅས་གསུམ་ཀ་རྩུབ་མོའི་རྣམ་པ་ཡོད་པའི་བཤད་ཚུལ་ཞིག་ཀྱང་འདུག་ལ། རིག་གསར་གོང་དུ་བལ་པོ་བ་ཚོ་བྲག་ཕུག་འདིར་མཇལ་ཞིང་བྲག་ཕུག་གི་ས་ཐོད་པར་འབྱུག་པའི་སྲོལ་ཞིག་ཡོད་འདུག47

  ཤེལ་དཀར་ཕུག་པའི་སྒོ་འགྲམ་གྱི་ཞབས་རྗེས་དེ་སློབ་དཔོན་སྟོང་རྒྱུང་མཐུ་ཆེན་ནམ་བླ་མ་ལི་ཤུའི་ཞབས་རྗེས་ཡིན་སོགས་ཟེར། བོན་གཤེན་དེ་དག་ཕྱོགས་འདིར་ཕེབས་པའི་སྐོར་ནི། 《ཡང་རྩེ་ཀློང་ཆེན་》ལས། “འདུ་གནས་སུམ་ཅུ་རྩ་བདུན་དུ། བོན་ཆེན་ཉི་ཤུ་རྩ་བཞི་དང་། སྒྲུབ་པ་པོ་ཉི་ཤུ་རྩ་བརྒྱད། མཐུ་བོ་ཆེ་མི་དགུ། མཁས་པ་མི་བཞི། མཁས་པ་ཉི་ཤུ། དེ་ཚོས་བསྟན་པ་བཟུང་།”48ཞེས་གསུངས། འགའ་ཞིག་གིས་འདི་ནི་བླ་མ་ལི་ཤུའི་བཞུགས་གནས་ཤེལ་གྱི་བྲག་དཀར་རྩེ་རྫོང་དུ་ངོས་འཛིན་མཁན་ཡོད་འདུག་ཀྱང་། 《ཡང་རྩེ་ཀློང་ཆེན་》མཛད་ས་ཤེལ་གྱི་བྲག་དཀར་རྩེ་རྫོང་ཞེས་སྔར་ནས་ད་བར་རླུང་ལྟར་གྲགས་པ་དེ་ཉིད་ནི་ད་ལྟའི་དཔལ་མགོན་རྫོང་གནམ་མཚོའི་བྱང་ཕྱོགས་སྤུ་གྲོ་གྲོང་རྡལ་ཤེལ་བྲག་ཕུག་པ་དགོན་གྱི་བྲག་རི་དཀར་པོ་ཞིག་ཡོད་པ་དེར་ཡིན་དགོས་ཏེ། 《རྫོགས་ཆེན་སྔོན་འགྲོ་》ལས། “ཤེལ་གྱི་བྲག་དཀར་རྩེ་རྫོང་གི་སྒྲུབ་གནས་སུ། །བླ་མ་ལི་ཤུ་སྟག་རིང་ལ་གསོལ་བ་འདེབས། །”49ཞེས་དང་། 《ཡང་རྩེ་ཀློང་ཆེན་》ལས། “བྲག་དཀར་གནས་སུ་སྙན་རྒྱུད་གཏན་ལ་ཕབ། །རྫོགས་ཆེན་དོན་རྟོགས་གཉའ་ཆེན་ཁྱེད་ལ་བསྟོད། །”ཅེས་དང་། ཡང་དེ་ཉིད་ལས། “དེའི་དུས་སུ་ཁ་ཅོ་བྲག་དཀར་དུ་མཁའ་འགྲོ་ཅོ་ཟ་དང་། མཁས་པ་ཉི་ཤུས་ཚོགས་ཀྱི་འཁོར་ལོ་བརྒྱ་རྩ་བརྒྱད་བསྐོར་ནས། བླ་མས་སྙན་རྒྱུད་《ཡང་རྩེ་ཀློང་ཆེན་》བྱ་བ་མཛད་དོ། །”50ཞེས་དང་། ཡང་དེ་ཉིད་ལས། “བྲག་དཀར་རྩེ་རྫོང་བཀའ་རྟགས་བརྩེགས་པའི་ཕྱག་རྒྱ་ཅན་དུ་ལྷ་ཀླུ་མི་གསུམ་གྱི་རྣལ་འབྱོར་པས། ཐུགས་ཀྱི་མཛོད་བསྐུལ་ནས། བསྒྲགས་པ་གསུམ་གྱི་བཅུད་བསྡུས་ཡང་རྩེ་ཀློང་ཆེན་མཛད།”51 ཅེས་སོགས་ཤིན་ཏུ་མང་ལ། ལྷག་པར་གོ་བདེ་ལ་དོན་ཚང་བ་སྐྱབས་སྟོན་རིན་ཆེན་འོད་ཟེར་གྱིས་མཛད་པའི་《ཡང་རྩེ་ཀློང་ཆེན་གྱི་འགྲེལ་》ལས། “དེ་ལ་གཞུང་འདི་མཛད་པའི་དཔོན་གསས་ནི། ཡེ་གཤེན་གཙུག་ཕུད་ཀྱི་སྤྲུལ་པ། ལི་ཤུ་སྟག་རིང་གིས་མཛད། མཛད་པའི་ཡུལ་ནི། ལ་སྟོད་ཀྱི་ས་ཆའམ། ཡང་ན་གནམ་མཚོའི་བྱང་ཕྱོགས་ན། ཁ་ཅོ་བྲག་དཀར་ཞེས་ཀྱང་བྱ། ཤེལ་གྱི་བྲག་དཀར་རྩེ་རྫོང་ཞེས་བྱ་བ། གཡུང་དྲུང་འཁོར་ལོ་པད་མ་རིན་པོ་ཆེ། བཀའ་རྟགས་ཕྱག་རྒྱ་བརྩེགས་པ་འདྲ་བའི་གནས་སུ་མཛད།”52 ཅེས་མིང་གཉིས་དང་དེ་བཞིན་གནམ་མཚོའི་བྱང་དང་ད་དུང་ལ་སྟོད་ཀྱི་ས་ཆ་ཞེས་ས་ཕྱོགས་དང་བཅས་པ་ཤིན་ཏུ་གསལ་པོར་བསྟན་པའི་ཕྱིར་རོ། །

  ཡང་ཁ་ཅིག་གིས་གོང་དུ་ལུང་ལས་ཤུན་གྱི་བྲག་དམར་ཞེས་འབྱུང་བས། འདིར་བྲག་དཀར་ཡིན་དོན་ཅི་ཡིན་ཞེ་ན། དེ་ནི་ཕལ་ཆེར་ཐོག་མར་བྲག་དམར་གྱི་རྣམ་པ་ཡིན་ཡང་ལོ་རབས་ནས་ལོ་རབས་བར་ཉི་རླུང་ཆར་གསུམ་གྱིས་སྲེག་གཏོར་འཁྲུད་གསུམ་བྱས་པས་མདོག་ཀྱང་དཀར་པོའི་རྣམ་པར་གྱུར་ཡོད་པར་མངོན་ཏེ། དུས་རབས་བརྒྱད་པར་བཞུགས་པའི་དྲན་པ་ནམ་མཁས་“འཕན་ཡུལ་བྲག་དམར་བོན་གྱི་འདུ་འཚོགས་གནས་”ཞེས་གསུངས་ཀྱང་། དུས་རབས་བཅུ་བཞི་པའི་ནང་བྱོན་པའི་སྤ་སྟོན་བསྟན་རྒྱལ་བཟང་པོས་“འཕན་ཡུལ་བྲག་དཀར་”ཞེས་དང་། མཁས་པ་དཔལ་ཚུལ་གྱིས་ཀྱང་དེ་དང་མཐུན་པར་“འཕན་ཡུལ་བྲག་དཀར་ནི་དབུས་རུ་བྱང་ངོས་འཕེན་པོའི་ནང་”ཞེས་གནས་ཡུལ་གཅིག་ལ་མིང་ཚིག་མ་འདྲ་བར་འབྱུང་བ་ནི་དེ་ལྟར་ལོ་དུས་རིང་པོའི་ནང་ཁོར་ཡུག་འགྱུར་ལྡོག་གི་རྣམ་པ་ལས་མ་འདས་སོ། །

  མདོར་ན་ཤུན་གྱི་བྲག་འདི་ལ་འགྲེལ་བཤད་བྱེད་མཁན་ཡ་མཚན་ཅན་འགའ་ཡོད་དེ། བོན་ལུགས་སུ་བོན་གྱི་འདུ་གནས་ཡིན་ཚུལ་བསྟན་འབྱུང་ལོ་རྒྱུས་མང་པོའི་ནང་འཁོད་ཡོད་ལ། སྔ་རབས་རྒྱ་བཟའི་རྩིས་དང་ཆོས་པའི་མཁས་པས་ས་དགྲ་དང་བདུད་རི་ཡིན་ཚུལ་གོང་གསལ་ཆོས་འབྱུང་དུ་མའི་ནང་དུའང་བྲིས་ཡོད་པ་ལྟར་རོ། །དེ་ལས་ཀྱང་ཡ་མཚན་པ་ཞིག་ལ་ཉེ་ཆར་གསར་དུ་འགྲེལ་བཤད་བྱེད་མཁན་རེ་འགས་གནས་འདི་ནི་སྤྱན་རས་གཟིགས་ཀྱི་གནས་རི་ཡིན་ཞེས་རོ་རྒྱབ་ཁུར་ལྟ་བུའི་བཤད་ཚུལ་དགོད་བྲོ་བ་འགའ་ཡང་ཐོན་ཡོད། འདུ་གནས་དེ་ནི་ད་ལྟའི་གནས་ཡུལ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་གདོང་དཀར་ཡུལ་ཤོག་རུ་ཁག་དང་པོའི་ཁོངས་སུ་ཡོད།

དྲུག་པ། བོན་གྱི་འདུ་གནས་དབྱེ་ལུང་གང་བར་སྐོར།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “གཡེ་ལུང་གངས་སར་བོན་གྱི་འདུ་འཚོགས་གནས། །”53ཞེས་དང་། ཡང་སྐབས་འགར་“གཡའ་ལུང་གངས་སར”56ཞེས་འབྱུང་ཡང་། དཔེ་རྙིང་མང་པོའི་ནང་“དབྱེ་ལུང་གང་བར་”54ཞེས་འཁོད་པས་བདག་གིས་དེར་ཚད་མར་བྱས་སོ། །འདུ་གནས་དེ་ནི་《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “གཡེ་ལུང་གང་བར་ནི་ཨེ་དག་གི་མཚམས།”55 ཞེས་གསུངས་པ་ལྟར་ན་ཨེ་དང་དྭགས་གཉིས་ཀྱི་མཚམས་སུ་ཡོད་པར་ངེས། དེ་ལས་ཨེ་ནི་དེང་དུས་ཆུ་གསུམ་རྫོང་ཁོངས་སུ་ཡོད་དེ། 《མཁར་ནག་ཆོས་འབྱུང་》ལས། “རྗེ་བཙུན་ཙོང་ཁ་པའི་བསྟན་པ་ཨེ་འམ་དབྱེའི་ཕྱོགས་སུ་དར་ཚུལ་ནི།”57 ཞེས་པ་དེའི་ཤུགས་ལས་ངེས་ནུས། དེ་ཡང་ས་མིང་འདི་ལ་གཡེ་དང་། གཡའ། དབྱེ། ཨེ་སོགས་འབྲི་ལུགས་འགའ་ཡོད། དག་ནི་དྭགས་ཏེ་དྭགས་པོ་ལ་གོ་དགོས་པ་ཡིན་ཏེ། ས་ཆ་དེར་གོང་ཁང་གསར་ཞེས་པའི་ལུང་པ་ཞིག་ཡོད་པ་དེའི་བྱང་ཕྱོགས་མཚམས་ནས་དྭགས་པོའི་ས་དང་སྦྲེལ་ཡོད་པས་སོ། །དེར་མ་ཟད་གོང་ཁང་གསར་ཡུལ་མི་རྒན་རབས་ཚོས་ལོ་གསར་ཚེས་པ་གཅིག་དང་ལྔ་ལ་དྭགས་ཆས་གྱོན་པའི་ལུགས་སྲོལ་ད་དུང་བསྡད་འདུག་པས་ས་ཆ་དེ་དྭགས་པོ་དང་འབྲེལ་བ་དམ་ཟབ་ཡོད་པར་མཚོན་ནོ། །

  སྤྱིར་ཨེ་ཡི་ཁུལ་འདིར་ཨེ་ལྷ་རྒྱལ་རི་ནི། བོད་བཙན་པོའི་རྒྱལ་རྒྱུད་མངའ་བདག་དཔལ་འཁོར་བཙན་གྱི་རྒྱུད་པ་ས་སྐྱོང་རྒྱལ་རི་པའི་ཕོ་བྲང་གནས་ས་ད་ལྟའི་ཆུ་གསུམ་རྫོང་གི་ལྷོ་ངོས་ཕོ་བྲང་ཡོད་ས་དེར་ཡིན་ཡང་། ལོ་རྒྱུས་དང་རིག་གནས་ལག་ཤེས་སོགས་གཙོ་ཆེ་བ་གོང་ཁང་གསར་འདིར་འབུར་དུ་ཐོན་ཞིང་ལོ་རྒྱུས་དུས་ཚོད་རིང་བར་ངེས་ཏེ། གཅིག་ནི། གོང་ཁང་གསར་ཞེས་པའི་ལུང་པ་འདིར་གསས་མཁར་དང་དགོན་པ་རི་ཁྲོད་ལྷ་ཁང་མཆོད་རྟེན་སོགས་ཀྱི་ཤུལ་མང་པོ་ཡོད་པ་དང་། གཉིས་ནི། གཏེར་སྟོན་པ་དང་། གདུང་རྒྱུད་བླ་མའི་ཁྱིམ་རྒྱུད། ཡིག་བྲིས་པ། ལྷ་བྲིས་པ། རྫ་བཟོ་བ། ལྷ་མོའི་འཁྲབ་སྟོན་པ་སོགས་ཕུལ་དུ་བྱུང་བ་མང་པོའི་རྒྱུད་འཛིན་ད་ལྟའི་བར་དུ་ཡོད་ཅིང་། ལྷག་པར་ཡིག་གཟུགས་ཨེ་བྲིས་ཞེས་ཨེ་པ་དྲུང་ཡིག་གིས་བྲིས་པའི་ཡིག་གཟུགས། བོད་ས་གནས་སྲིད་གཞུང་གི་དྲུང་ཡིག་ལ་ཨེ་དྲུང་དང་དེ་དག་གི་ལས་ཁུངས་ལ་ཨེ་ཁང་སོགས་གནས་བབས་ངེས་ཅན་བཟུང་མྱོང་ཡོད་པ་དང་། ལྷ་བྲིས་དམིགས་བསལ་གསེར་ཐང་རྒྱལ་དབང་ལྔ་པ་དང་གོང་མ་མཇལ་འཕྲད་མཛད་པ་སོགས་རྩེ་པོ་ཏ་ལའི་ལྡེབས་རིས་འབྲི་མཁན་བཅས་ལུང་པ་འདི་ནས་བྱུང་བར་བཤད།

  གསུམ་ནི། ད་དུང་གྲོང་ནང་དུ་མངའ་བདག་གི་མཁར་ཤུལ་གྱང་རལ་དང་ལོ་ལྔ་སྟོང་ཅན་གྱི་ཤིང་སྦྱར་པའི་སྡོང་པོ་དང་ལོ་ཆིག་སྟོང་ཅན་གྱི་ལོ་རྒྱུས་ཡོད་ཟེར་བའི་ཤུག་པའི་སྡོང་པོ་སོགས་ཤིང་སྡོང་ཆེན་པོ་འགའ་ཞིག་ཡོད་ཀྱང་སྲུང་སྐྱོབ་བྱེད་མཁན་དེ་ཙམ་མེད་པའི་རྣམ་པར་མངོན། བཞི་ནི། དེང་སྐབས་གོང་ཁང་གསར་ལ་གོང་དེར་ཨེ་དགོན་པ་སར་ཞེས་པ་རིག་གསར་སྐབས་སུ་གཏོར་བའི་དགོན་ཤུལ་ཡོད་ལ། དེ་ནི་འདུ་གནས་ཀྱི་གནས་ཡུལ་ངོ་མ་དེ་ཡིན་སྲིད། གོང་ཁང་གསར་ཟེར་བ་འདི་ཐོག་མར་གང་སར་རམ། གངས་སར། གང་བར་སོགས་ཟེར་ཞིང་རྗེས་སུ་ལྷ་རྒྱལ་རིའི་རྒྱུད་པ་ཡུལ་འདིའི་མངའ་བདག་གིས་མཁར་རྫོང་གསར་པ་བཞེངས་ནས་དབྱེ་ལུང་གང་བར་གྱི་སྔོན་ཆགས་ས་མིང་དང་རྗེས་བསྐྲུན་མཁར་མིང་གཉིས་ཡུལ་ལ་བཏགས་ཏེ་གོང་ཁང་གསར་ཞེས་སུ་གྱུར་པ་མིན་ནམ་སྙམ། ད་ལྟའང་ལུང་པ་སྤྱིའི་མིང་ལ་གོང་ཁང་གསར་དང་། ལུང་པའི་སྟོད་ཀྱི་གྲོང་ཚོ་ལ་གང་སྟོད་གྲོང་ཚོ། ལུང་པའི་སྨད་ཀྱི་གྲོང་ཚོ་ལ་གང་སྨད་གྲོང་ཚོ་འབོད་བཞིན་འདུག་པར་གཞིགས་ན་རྟོགས་ནུས་སོ། །

  ལྔ་ནི། གནས་འདི་ནི་ལོ་རྒྱུས་ཀྱི་ཡིག་ཚང་དུ་མར་འཁོད་པའི་ས་ཆ་གལ་ཆེན་ཞིག་ཡིན་ཏེ། ལོ་ངམ་གྱིས་ཉང་རོ་ཐལ་བ་ཚལ་དུ་གྲི་གུམ་བཙན་པོ་བཀྲོངས་ནས་སྐུ་གདུང་ཟངས་སྒམ་ཁ་སྤྲོད་ནང་དུ་བཅུག་སྟེ་གཙང་ཆུའི་ནང་དུ་འཕངས་པ་དེ་ཆབ་གཞུག་གསེར་ཚངས་སུ་ཀླུ་འོ་དེ་བེད་དེ་རིངས་མོས་ཉར། རུ་ལས་སྐྱེས་ཀྱིས་གྲི་གུམ་པུར་བླུ་བར་ཕྱིན་ཚེ། ཀླུ་ཁོད་དེ་རིང་མོས་གླུད་58རིན་ཡོན་དུ་མིའི་བུ་མོ་བྱ་ལོ་པ་མིག་བྱ་མིག་ལྟར་འོག་ནས་ཡར་ལ་འགེབས་པ་ཞིག་དགོས་ཟེར་བ་བཙལ་བཙལ་བས་ཐ་མ་ཡུལ་དབྱེ་ལུང་གང་བར་ནས་རྙེད་པར་《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས། “ཨེའི་གང་བར་སྤུས་འོག་ན་ཕ་མཚར་ལ་སྦ་ཐེན་བྱ་བ་དང་། མ་སྦོས་བཟའ་ཕྱུག་མོ་བྱ་བ་ལ། བུ་མོ་མིང་དགེ་ཡུ་བྱ་བ་དེ་འདྲ་བ་གཅིག་འདུག”59ཅེས་དང་། རྒྱལ་ཕྲན་སིལ་མའི་སྐབས་སུ་ཡུལ་དབྱེ་མོ་ལུང་ཟེར་བའང་ཡོད་དེ། ཏུན་ཧོང་ཡིག་རྙིང་ལས་བྱུང་བ་《བོད་བཙན་པོའི་རྒྱལ་རབས་》ལས། “ཡུལ་དབྱེ་མོ་ཡུལ་བཞི་(ལྷོ་ཁ་དབྱེའམ། ཨེའི་ས་ཁུལ།)ན། རྗེ་དབྱེ་རྗེ་མཁར་བ། བློན་པོ་དབོ་དང་། རྟུག་གཉིས།”60 ཞེས་གསལ་བར་གསུངས་ཡོད་པའི་ཕྱིར་རོ། །

  ཡང་《ཏུན་ཧོང་ཡིག་རྙིང་》ལས། “P1060,0078 དབྱེ་མོ་ཡུལ་དུག་(དྲུག་)ནའ་རྗེ་མཁར་པའ། ལྷ་དབྱེ་བླ་སྤྱི་བགངས། ཕོ་གུམ་དང་ཕོག་རོལ། དབྱེ་རྟ་ཐང་མངས།”61ཞེས་དང་། 《ལྷ་རྒོད་དྲག་བདར་》ལས། “བསྭོ་ཡུལ་ནི་དབྱལ་མོ་ཡུལ་དྲུག་ན། །ཡུལ་ལྷ་སྤྱི་བསང་གཉེན་པོ་བསྭོ། །”62 ཞེས་དབྱེ་ལྷ་སྤྱི་གངས་སམ་སྤྱི་བསང་གཉེན་པོ་ཞེས་པའི་ཡུལ་ལྷ་ཞིག་ཡོད་དགོས་ཤིང་། དེ་ཡང་ཡབ་འོད་དེ་གུང་རྒྱལ་དང་ཡུམ་ཨེ་མ་ཐང་ཤོད་མ་གཉིས་ཀྱི་སྲས་ད་ལྟའི་པུ་དྲངས་ལ་ཡི་གཡས་ཕྱོགས་སུ་ཡོད་པའི་ཡུལ་མིས་ཨེ་ལྷ་སྤྱི་དཀར་ཞེས་པའི་རི་དེའི་གནས་བདག་ཡིན་ངེས། ཡུལ་འདི་གར་ལོ་ལྟར་ཟླ་བ་དང་པོའི་ཚེས་(༡༥)ལ་ཡུལ་མིས་ཡུལ་གྱི་ལྷ་ཆེན་རོང་ལྷ་རྒྱལ་མཚན་གསོལ་བའི་ལུགས་སྲོལ་ཡང་ཡོད་འདུག་པས་རྒྱུ་མཚན་ངེས་ཅན་ཡོད་པའོ། །

  ཞོར་འཕྲོས་ཏེ། ཆུ་གསུམ་རྫོང་གི་ཉེ་བའི་བྱང་ཕྱོགས་སུ། མདོ་མཁར་འགྱིང་མཁར་ཐང་གི་གནའ་བོའི་བང་སོ་ཆེ་ཆུང་ཉེར་གཅིག་འདིའི་རྩིག་པ་ལ་དམིགས་བསལ་འཛུགས་སྐྲུན་ཅན་ཏེ་སྤེན་མ་དང་གྱང་ས་གཡམ་རྡོ་བཅས་སྦྲགས་རྩིག་བྱས་པ་གྱང་ཞེང་སྤྱི་ཁྲེ་བཞི་ཙམ་ཡོད་པའི་བང་སོ་ཆེ་ལ་ངོ་མཚར་ཅན་ཞིག་ཡོད་ཀྱང་། ལོ་རྒྱུས་ཁ་གསལ་བ་ཞིག་མེད་ནའང་དབྱེ་རྗེའི་མཁར་དང་འབྲེལ་བ་ཡོད་མེད་སོགས་མ་འོངས་ལོ་རྒྱུས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཏུ་མངོན་ནོ། །འདུ་གནས་གནས་ཡུལ་ནི་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་གོང་སྟོད་གྲོང་ཚོ་ལ་ཡོད། རྫོང་ནས་སྤྱི་ལེ་(༢༧)སྣུམ་ནག་ལམ་བརྒྱུད་འདིར་འབྱོར་ཐུབ་ལ། རྫོང་ལ་མ་ཕྱིན་པར་གང་ཁང་གསར་ལ་ཐད་ཀར་འགྲོ་སའི་ཉེ་ལམ་ཞིག་ཀྱང་ཡོད་དོ། །ཨེ་མོ་ཡུལ་དྲུག་ནི། ཨེ་གོང་པོ་དང་། ཨེ་ཟེ་མཁར། ཨེ་ལྷ་རྒྱལ་རི། ཨེ་བསེའུ། ཨེ་སྟོད་གཟིགས། ཨེ་ཆུ་མདོ་བཅས་ཡིན་ངེས་ཞེས་ཆུ་གསུམ་རིག་གནས་ཅུས་ཀྱི་ཅུས་དཔོན་བསོད་ནམས་བག་གྲོས་བཞེད་དོ། །


བདུན་པ། བོན་གྱི་འདུ་གནས་མྱང་སྟོད་སྟག་ཚལ་སྐོར།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “ཉང་སྟོང་སྟག་ཚལ་བོན་གྱི་འདུ་འཚོགས་གནས། །”63ཞེས་དང་། ཡང་“ཉང་སྟོད་སྟག་ཚལ་”64ལམ་“ཉང་སྟོང་སྟག་ཚལ”65ཞེས་སུ་གྲགས་པའི་འདུ་གནས་དེ་ནི། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “ཉང་སྟོད་སྟག་ཚལ་ནི་ཉེ་རི་ལུང་པའི་ཕུ། །”66ཞེས་དང་། ཤར་ཡུལ་ཕུན་ཚོགས་ཚེ་རིང་གི་《ཆོས་འབྱུང་མཁས་པའི་དགོངས་རྒྱན་》ལས་འདུ་གནས་སྐོར་དཔལ་ཚུལ་གྱི་གསུང་ལ་རྗེས་ཟློས་ཙམ་བཀོད་པ་སྟེ། “ཉང་སྟོད་སྟག་ཚལ། འདི་ནི་ཉེ་རོ་ལུང་པའི་ཕུ་རུ་གནས།”67ཞེས་བྲིས་གནང་འདུག འོན་ཀྱང་ཉེ་རོའམ་ཉིང་རུ་ལུང་པར་དེང་སྐབས་ཁང་དམར་རྫོང་གི་ཉིང་རུ་སྟོད་ཡུལ་ཤོག་དང་། ཉིང་རུ་སྨད་ཡུལ་ཤོག་ཅེས་སྲིད་འཛིན་ཡུལ་ཤོག་ཁག་གཉིས་ལ་ས་རྒྱ་ཆེན་པོ་ཡོད་པ་དེར་ཉིན་མང་རྟོག་ཞིབ་བཙལ་འཚོལ་བྱས་ཀྱང་སྟག་ཚལ་ཟེར་བའི་ས་ཆ་ཞིག་རྙེད་པར་མ་གྱུར། དེ་ལྟར་ནའང་འདི་གར་ཡུལ་མིས་ངག་རྒྱུན་ལས། “མྱང་སྟོད་གསེར་གཞུང་རིང་མོ། །རྟ་བཟང་གྲོ་ལ་ཕུད་ས། །”ཞེས་སྔར་བོད་རྒྱལ་གྱི་དམག་རྟ་འཚོ་སྐྱོང་བྱ་ཡུལ་རེད་ཟེར། འདིའི་རྒྱུད་དུ་བོད་རྒྱལ་བྱུང་བ་དེ་ནི་གྲི་གུམ་བཙན་པོ་ལས་འགྲོ་ས་མེད་པ་དང་། འདི་གར་དམག་རྟ་གསོ་ཚགས་བྱ་ས་ཡིན་ཞིང་། ཤར་ཕྱོགས་སུ་ལྷོ་བྲག་ཡོད་པ་སོགས་ལ་དཔྱད་ན་ལོ་ངམ་མིང་ལ་ལྷོ་བྲག་ལོ་ངམ་དང་ལོ་ངམ་རྟ་རྫི་ཟེར་བ་དག་རྒྱུ་མཚན་དུ་མ་ཡོད་པར་ངེས་སོ། །ཉེ་རོའི་ཆུ་ཡི་སྨད་དུ་རྒྱལ་རྩེའི་གློག་ཁང་གི་གོང་དེར་ཐལ་དབང་ཚལ་ཞེས་པའི་ས་ཞིག་ཡོད་པ་དེ་ནི་གྲི་གུམ་བཙན་པོ་འབངས་ལོ་ངམ་གྱིས་བཀྲོངས་ས་མྱང་རོ་ཐལ་བ་ཚལ་ཡིན་སྲིད་པའོ། །

  ད་ནི་མྱང་སྟོད་སྟག་ཚལ་སྐོར་ཞུ་བ་ལ། མྱང་སྟོད་ནི་ཡུལ་ལུང་སྤྱིའི་མིང་ལ་ཟེར་བ་ཡིན་ཞིང་། 《སྤྱི་སྤུངས་རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་》ལས། “ཡུལ་མྱང་རོ་སྟག་ཚལ། མཁར་གྱང་རོ་ཤམ་པོ་ན་བཙན་པོ་ཁྲི་ལྡེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ་སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ་ཟླ་དགུ་ངོ་བཅུ་སྲས་གཅིག་བལྟམས།”68 ཞེས་གསལ་བའི་སྟག་ཚལ་ནི་དེང་སྐབས་སྣ་རོང་ཡུལ་ཤོག་དང་། མཁར་དགའ་སྟོད་ཡུལ་ཤོག མཁར་དགའ་སྨད་ཡུལ་ཤོག སྟག་རྩེ་ཡུལ་ཤོག་སོགས་ཀྱི་ཁུལ་ཏེ་ཡུལ་བྱེ་བྲག་པ་ཞིག་གི་མིང་ཡིན་པར་ངེས་ཏེ། 《མྱང་ཆོས་འབྱུང་》ལས། “མྱང་སྟོད་སྟག་རྩེའི་ཕུ་ན་[ནང་རོལ་གྱི་ནང་ན་]སྟག་ཚལ་ཟེར་[ནང་རོལ་གྱི་ཉེ་བའི་མདའ་ན་མཁར་དགའ་སྨོན་སྤྲོ་ཟེར་བ་དེ་ཡོད་]བ་ཡོད། དེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བླའི་དགེ་བའི་བཤེས་གཉེན་མཆོག་དམ་པ་རྣམས་ཀྱི་ཐུགས་དམ་དུ་བཞེངས་པ།”69ཞེས་དང་། “ཆོས་ཟབ་མོ་དཔག་ཏུ་མེད་པ་བསྒྱུར་བའི་ལོ་ཙཱ་པ་པཱ་ཚབ་[འཁྲུངས་ཡུལ་མྱང་སྟོད་སྟག་རྩེའི་ནང་སྟག་ཚལ་ནས་ཡིན། རྒྱུད་འཛིན་གྱི་གདུང་རྒྱུད་ད་ལྟ་ཡོད་པ་བཞིན་ནོ།]ཚུལ་ཁྲིམས་རྒྱལ་པོ་ཞེས་པ་བཞུགས་པའི་མཐིལ་པ་སྣམ་རྫོང་རྩེ་དང་། ཆོས་འཆད་པའི་དགོན་པ་དགའ་སྡོང་དེ་ཡིན།”70ཞེས་དང་། ཡང་“མར་པའི་བཀའ་བབ་བཞིའི་ནང་ཚན་སློབ་མ་གཙང་རོང་གི་མེས་སྟོན་ཆེན་པོ་འཁྲུང་ས་སྟག་ཚལ་ཡིན།”71 ཞེས་སོགས་གསུངས་པར་གཞིགས་ན་མྱང་སྟོད་ཡུལ་དུ་སྟག་ཚལ་ཟེར་བའི་ལུང་པ་ཞིག་ཡོད་པར་གསལ་བས་དེ་ལ་མྱང་སྟོད་སྟག་ཚལ་ཟེར་རོ། །སྤྱིར་ལུང་པ་འདིར་སྟག་ཚལ་དཀྱུས་ཐང་དང་། སྟག་ཚལ་ཡོལ་ལྕགས། སྟག་ཚལ་བྱ་ཀན། སྟག་ཚལ་མན་ལུང་སོགས་སྔ་ནས་ད་བར་ཡོད་འདུག་ལ། སྟག་རྩེ་ཟེར་བ་དེར་དཔྱད་ཀྱང་དམིགས་བསལ་གང་ཡང་མི་འདུག འདུ་གནས་དངོས་ནི་མཁར་དགའ་རྫོང་རྙིང་ངམ་སྲིད་པའི་ལྷ་ཆེན་ཡར་ལྷ་གསོལ་ས་ཞེས་སྔར་སྲོལ་ལྟར་དེང་སྐབས་ཡུལ་འདིའི་ཡུལ་ལྷ་གསོལ་ས་གཙོ་བོར་གྱུར་འདུག་པ་འདི་ཡིན་ཏེ། 《བླ་མ་ཀུན་དགའ་ཞིག་པོའི་རྣམ་ཐར་》ལས། “སྟག་ཚལ་སྡོང་སྔོན་བོན་པོ་ཚོ་ཡིས་སྤྱན་དྲངས་ནས་ཞུས་པས།”72ཞེས་དང་། 《བོན་ཞིག་ཁྱུང་ནག་གི་རྣམ་ཐར་》ལས། “ཉང་སྟོད་སྟག་ཚལ་སྡོང་སྔོན་དུ། །རྩ་བའི་བླ་མ་བཀའ་དྲིན་ཅན། །ཞིག་པོ་ཀུན་དགའི་དྲུང་དུ་ཕྱིན། །”73 ཞེས་རྣམ་ཐར་ཁག་གཉིས་ཞལ་མཐུན་པ་དང་། ས་མིང་སྡོང་སྔོན་ཡང་འདིར་ཡོད་པས་ཡིན། མཁར་དགའ་རྫོང་ཆགས་ས་སྡོང་སྔོན་རི་ལ་སྔར་ཤིང་ལྷ་ཤུག་དང་། གླང་ར། སྤེན་མ་སོགས་སྣ་ཚོགས་ཤིང་གི་ཚལ་ཆེན་པོས་གཏམས་པས་ན་སྟག་ཚལ་ཞེས་ཟེར། སྔར་སོག་དམག་གིས་ནགས་ཚལ་མེར་བསྲེགས་པས་ཤིང་རྣམས་མེད་པར་གྱུར་ཡང་ས་མིང་དུས་ད་ལྟའང་སྔར་བཞིན་སྟག་ཚལ་དུ་འབོད། མྱང་རུས་ཀྱི་མི་རྒྱུད་ད་ལྟ་རི་གཤམ་དུ་སྤོས་ནས་གནས་ཡོད། འདུ་གནས་ཉང་སྟོད་སྟག་ཚལ་གྱི་ད་ལྟའི་གནས་ཡུལ་ནི། གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་མཁར་སྟོད་ཡུལ་ཤོག་མཁར་དགའ་གྲོང་ཚོར་ཡོད།

  གོང་དུ་འདུ་གནས་མྱང་སྟོད་སྟག་ཚལ་སྐོར་གླེང་ཟིན་པའི་ཞོར་འཕྲོས་སུ་བོན་གྱི་སྒྲུབ་གནས་སམ་གྲི་གུམ་གྱི་ཕོ་བྲང་ཤམ་པོ་རྩེ་དགུ་རུ་གྲགས་པ་དེ་ཉིད་ཀྱི་གནས་ཡུལ་ཉང་རོ་ཤམ་པོ་རྩེ་དང་ཉང་རོ་ཏ་ཤལ་སྐོར་ཅུང་ཙམ་ཞུས་ན། ཉང་ཡུལ་ལམ་མྱང་ཡུལ་དུ་ཤམ་པོ་རྩེ་དགུ་ནི་ད་ལྟའི་རྩེ་ཆེན་དགོན་པ་ཆགས་ས་འདིར་ཡིན་ངེས་ཏེ། 《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་》ལས། “དུས་དེ་ཙམ་ནས། ཡུལ་ཉང་རོ་སྟག་ཚལ། མཁར་ཉང་རོ་ཤམ་པོ་ན། བཙན་པོ་ཁྲི་བདེ་ཡག་པ་དང་བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ། སྲས་ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ། ཟླ་དགུ་ངོ་བཅུ་ལ་སྲས་ཤིག་འཁྲུངས་པ།” ཞེས་པ་ནས། “སྐུ་གཤེན་ཕ་ཝ་མཚེ་ཅོ་ཡིས། མཚན་ཡང་གྲི་རུམ་བཙན་པོ་བཏགས་སོ།།”74ཞེས་དང་། 《མྱང་ཆོས་འབྱུང་》ལས། “དེའི་འོག་ཙམ་ན་ཤམ་བུ་རྩེ་དགུ་ཡང་རྩེ་ཆེན་ཡང་ཟེར། ས་འདིར་རྒྱལ་པོ་གྲི་གུམ་བཙན་པོའི་ཕོ་བྲང་ཡོད་ཅིང་། སྔོན་དུས་བོད་ཀྱི་རྒྱལ་པོ་རྣམས་རྒྱལ་སྲིད་ཀྱི་བྱ་བ་ལེགས་པར་གྲུབ་རྗེས་ལྷ་ཡི་དམུ་ཐག་ལ་བྱོན་ནས་ལྷ་ལུས་རོ་མེད་དུ་གྱུར་པ་ཤ་སྟག་ཡིན་པ་ལ། རྒྱལ་པོ་གྲི་གུམ་བཙན་པོའི་ཐུགས་ལ་གདོན་ཞུགས་ནས་རང་གི་འབངས་ལ་འཐབ་ཟླ་བྱེད་དགོས་སྨྲས་ནས་རང་གི་རལ་གྲི་གུ་ཟི་ཀླད་ལ་བསྐོར་ནས་ལྷ་ཡི་དམུ་ཐག་དང་རྐྱང་ཐག་བཅད་པ་དང་། རྒྱལ་པོ་འཐབ་གྲལ་དུ་བཀྲོངས་པ་སོགས་ཤམ་བུ་རྩེ་དགུ་པ་འདི་ལ་བྱུང་བ་ཡིན་ནོ།།”75ཞེས་དང་། “འབངས་ཀྱི་མཁར་བཟུང་སྐབས་མཛོ་པ་རུ་ལ་སྐྱེས་ཀྱི་ངར་གསོས་ཀྱི་ཤམ་བུ་རྩེ་དགུའི་རི་ལ་རྒོད་ཚང་དུ་བསྡད་ནས་མཁར་ཕབ། ཕོ་བརྒྱ་བསད། མོ་བརྒྱ་སོགས་(གསོག)ཀྱི་ལོ་རྒྱུས་འབྱུང་བ་ཡིན།”76ཞེས་དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས། “དེར་རུ་ལ་སྐྱེས་ཀྱིས་སྤུ་ལྡེ་སྤྱན་དྲངས།” ཞེས་པ་ནས། “ལོ་ངམ་ཕ་བརྒྱ་བུ་སྟོང་གྲི་རུ་བསད་དོ།།”77ཞེས་དང་། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “དེ་ཚེ་བཙུན་མོ་ལུག་རྫིར་གཉིད་པའི་དུས། །ཤམ་པོའི་བརྫུས་བུ་ཞུགས་སྐྱེས་རུ་ལ་སྐྱེས། །དེ་ཡིས་གཅེན་པོ་སྤུ་ལྡེ་སྤྱན་དྲངས་ནས། །དབུས་མཁར་ཕྱིང་བ་སྟག་རྩེར་རྒྱལ་སར་བཏོན། །གཙང་དུ་དམག་དྲངས་ལོ་རྔམ་འཁོར་བཅས་བསད། །ཉང་རོ་ཤམ་པོ་རྩེར་ཕབ་མངའ་དབང་བསྡུས།” །78ཞེས་སོགས་གསལ་བ་ལྟར་དང་པོ་གྲི་གུམ་གྱིས་བོན་བསྣུབས། བར་དུ་འབངས་ལོ་ངམ་གྱིས་གྲི་གུམ་བཙན་པོ་བསད་དེ་མཁར་བཟུང་། རྗེས་སུ་རུ་ལས་སྐྱེས་ནར་སོན་པས་སྤུ་ལྡེ་སྤྱན་དྲངས་ཤིང་དབུས་ཀོང་དམག་གཙང་ཁུལ་དུ་དྲངས་ཏེ་ལོ་ངམ་འཁོར་དང་བཅས་པ་བཅོམ་ཞིང་སླར་ཡང་བོན་སྲིད་ཀྱི་རྒྱལ་མཚན་བཙུགས་པའི་ས་གནས་དེ་ཡིན་ནོ། །

  དེ་ལྟར་ཉང་ཡུལ་དེ་གཙང་ཁུལ་འདིར་ཡིན་ལ། གོང་དུ་སྨོས་ཟིན་པ་ལྟར་ཉེ་རོ་ལུང་པའི་ཡུལ་མིས། “མྱང་སྟོད་གསེར་གཞུང་རིང་མོ། །རྟ་བཟང་གྲོ་ལ་ཕུད་ས། །”ཞེས་སྔར་བོད་རྒྱལ་གྱི་དམག་རྟ་འཚོ་སྐྱོང་བྱ་ཡུལ་རེད་ཟེར་བ་འདིའི་རྒྱུད་དུ་བོད་རྒྱལ་བྱུང་བ་དེ་གྲི་གུམ་ལས་འགྲོ་ས་མེད་པ་དང་། འདི་གར་དམག་རྟ་གསོ་ཚགས་བྱ་ས་ཡིན་ཞིང་། ཤར་ཕྱོགས་སུ་ལྷོ་བྲག་ཡོད་པ་སོགས་ལ་དཔྱད་ན་ལོ་ངམ་མིང་ལ་ལྷོ་བྲག་ལོ་ངམ་དང་ལོ་ངམ་རྟ་རྫི་ཟེར་བ་དག་ལ་རྒྱུ་མཚན་དུ་མས་ངེས་ཤིང་། ད་དུང་ཉེ་རོའི་ཆུ་ཡི་སྨད་དུ་རྒྱལ་རྩེ་རྫོང་ལུང་དམར་ཤང་[རྒྱལ་རྩེའི་གློག་ཁང་གི་གོང་དེར་]ཐལ་དབང་ཚལ་ཞེས་པའི་ས་ཞིག་ཡོད་པ་དེ་ནི་གྲི་གུམ་བཙན་པོ་འབངས་ལོ་ངམ་གྱིས་བཀྲོངས་ས་མྱང་རོ་ཐལ་བ་ཚལ་ཞེས་པ་དེ་ཡིན་ངེས་ཏེ། 《འབེལ་གཏམ་ལུང་གི་སྙིང་པོ་》ལས། “ལྷོ་བྲག་ལོ་ངམ་དེ་རྒྱལ་ཕྲན་བཅུ་གཉིས་ཀྱི་གཅིག་ཡིན་པར་བཤད་པ་དང་། དེ་མི་རྟ་ཧྲག་པ་དང་ཕོ་རྒོད་པའི་རྐྱེན་སོགས་ལ་བརྟེན་ནས་རྒྱལ་པོའི་ཐུགས་རངས་པོ་མེད་པར་མངོན། རྒྱལ་པོ་དང་འབངས་ལོ་ངམ་གཉིས་འཁྲུགས་ས་ལ་ཉང་རོ་རྟ་ཞལ་དང་། ཉང་རོ་ཐལ་བ་ཚལ་ཟེར་བ་སོགས་ཅུང་ཙམ་མི་འདྲ་བ་བྱུང་ཡང་། ལྷོ་བྲག་དང་ཐག་ཅུང་ཉེ་བའི་ཉང་ཡུལ་ཞིག་ཡིན་དགོས་ཏེ།”79ཞེས་དང་། 《རྒྱལ་རབས་གསལ་མེ་》ལས། “ལོ་ངམ་གྱིས་གནངས་ཉིན་རྒྱལ་པོ་ངེད་རང་གསོད་དུ་འོང་སྟེ།”80 ཞེས་གསུངས་པས་ཉང་ཀོང་ནས་རྟ་ཞོན་ཏེ་གནངས་ཉིན་སླེབ་ཐབས་མེད་པ་སོགས་ཀྱིས་མ་མཐར་ཡང་ལྷོ་བྲག་དང་ཐག་ཉེ་བའི་ཉང་ཡུལ་ཞིག་ཡིན་པར་ཤེས་ནུས་ལ། ཉང་རོ་ཏ་ཤལ་དང་ཉང་རོ་ཐལ་བ་ཚལ་ཞེས་པ་དེའང་ད་ལྟའི་ཐལ་དབང་ཚལ་ཡིན་པར་རྟོགས་ནུས། འདི་ནི་སྒྲུབ་གནས་སོ་དྲུག་གི་ཉང་རོ་ཏ་ཤལ་ཡིན་པའོ། །

  རྒྱབ་རི་རྒོད་ཚང་འདི་ཡང་རུ་ལས་སྐྱེས་སོགས་ཀྱིས་ཤམ་བུ་རྩེ་དགུའི་རིར་ལོ་ངམ་ཕ་བུ་དམག་སྟོང་དང་བཅས་པ་བསད་ཅེས་པས་མི་མང་པོ་བསད་པའི་རོ་བྱ་རྒོད་ལ་གཏོར་ནས་འདིར་དུར་ཁྲོད་བྱས་པ་ཡིན་ངེས་ལ། ཕྱིས་དུར་ཁྲོད་འདིར་གྲུབ་ཐོབ་པ་དང་གཅོད་པ་སོགས་ཀྱིས་གཉན་ས་གཅོད་པའི་ལམ་སྲོལ་ཡང་བྱུང་འདུག ཁ་ཅིག་གིས་གཙང་ཁུལ་དུ་གྲི་གུམ་གྱིས་ཕོ་བྲང་བཞེངས་པའི་རྒྱུ་མཚན་གང་ཡང་མེད་ཟེར་ཡང་། གོང་དུ་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་》དང་《མྱང་ཆོས་འབྱུང་》གི་ལུང་དེས་གསལ་བཤད་བྱས་པས་དེ་གས་ཆོག་པར་འདུག་པས་མ་སྤྲོས། ཡང་ཁ་ཅིག་གིས་ཉང་ཡུལ་ཟེར་བ་ནི་དེང་དུས་ཉིང་ཁྲི་གྲོང་ཁྱེར་གྱི་ལུང་པའི་ཉང་ཀོང་རྒྱུད་དུ་ཡིན་དགོས་པ་ལས་གཙང་ཁུལ་མིན་ཟེར་ན། ལོ་ངམ་གྱིས་གཙང་མྱང་ངམ་ཉང་སྟོད་དུ་རྒྱལ་པོ་བསད་ཚར་རྗེས་སྲས་གསུམ་བྲོས་སའི་ཡུལ་ཞིག་གི་མིང་ལ་ཉང་པོ་ཟེར་བ་ཡོད་དེ། 《རྒྱལ་རབས་གསལ་མེ་》ལས།“རྒྱལ་པོའི་སྲས་གསུམ་པོ་ནི། ཀོང་པོ་དང་། ཉང་པོ། སྤོ་བོ་གསུམ་གྱི་ཡུལ་དུ་བྲོས་སོ།།”81ཞེས་དང་། 《རྒྱ་བོད་ཆོས་འབྱུང་རྒྱས་པ་》ལས། “སྲས་སྐུ་གསུམ་མཁར་གཡུ་བུའི་རྩེ་ལ་བཞུགས་པ་ལ། གསོད་མི་བྱུང་ནས་བྲོས་པས།” ཞེས་པ་ནས། “ཤ་ཁྲི་ཉང་པོའི་རྒྱལ་པོར་གཤེགས། བྱ་ཁྲི་ཀོང་པོའི་རྒྱལ་པོར་གཤེགས། འབྲིང་ཉི་ཁྲི་སྤུ་བོའི་ཡུལ་དུ་གཤེགས།”82ཞེས་དང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། “ལྷ་སྲས་མཆེད་གསུམ་ཡབ་ཀྱི་དཀོར་མཛོད་ནས། །ལྷ་ཡི་གླང་བུ་ཅེ་འུ་རུ་དཀར་ཞེས། །འཕུར་ཤེས་བཞོན་ནས་ཀོང་པོའི་ཡུལ་དུ་བྲོས། །གཅེན་པོ་ཤ་ཁྲིས་ཀོང་གི་རྗེ་བོ་མཛད། །འབྲིང་པོ་བྱ་ཁྲིས་པོ་བོའི་མངའ་དབང་མཛད། །གཅུང་བ་ཉ་ཁྲིས་ཉང་པོའི་རྗེ་མཛད་སྐད། །”83ཅེས་གསུངས་འདུག་པས། སྲས་དེ་དག་ལོ་ངམ་གྱི་འཇིགས་པ་ལས་གཡོལ་ནས་བྲོས་སའི་ཉང་པོའི་ཡུལ་ཞིག་ཡོད་པར་དངོས་སུ་བསྟན་པའི་ཕྱིར་རོ། །

  《ལེགས་བཤད་མཛོད་》དུ་“《བསྒྲགས་བྱང་》ལས་ལུང་དྲངས་པ། “དེ་ཡང་གཙང་དུ་ནུབ་པ་ཡིན་པ་ལས། དབུས་མན་ཆད་མ་ནུབ་པའོ།།”84ཞེས་དང་། 《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ་》ལས། “དབུས་ཀྱི་ས་སྐོར་དུ་བོན་མ་ནུབ་པར་སྤྱོད་དོ།’”85ཞེས་དང་། “དེར་རྒྱལ་པོས་གཤེན་རྣམས་བསགས་ཏེ་གསུངས་པ། སྐུ་གཤེན་རྣམས་གསོན་དང་། ང་ཡི་རྒྱལ་སྲིད་དང་། ཁྱོད་ཀྱི་བོན་སྲིད་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས།”86 ཞེས་གྲི་གུམ་གྱིས་བོན་གཤེན་ཕལ་ཆེ་བ་ཕྱིར་འབུད་བྱས་ནས་བོན་བསྣུབས་ས་ཡང་གཙང་ཁུལ་དུ་ཡིན་པར་བསྟན་ལ། དབུས་སོགས་བོད་ཀྱི་ས་ཆ་གཞན་དུ་བོན་མ་ནུབ་པར་གྲགས་སོ། །

  མདོར་ན་ཤམ་པོ་རྩེ་དགུ་འདི་ནི། བོན་གྱི་གསང་སྔགས་སྒྲུབ་གནས་སོ་དྲུག་གི་ཡ་གྱལ་ཡིན་ལ། ལོ་རྒྱུས་ལས་གྲགས་པའི་བོན་བསྟན་ཐེངས་དང་པོ་ནུབ་ས་དང་། གཞན་ཡང་གྲི་གུམ་བཙན་པོ་དང་ལྷོ་བྲག་ལོ་ངམ་གཉིས་ཀྱིས་སྔ་ཕྱིར་བོད་ཀྱི་རྒྱལ་སྲིད་བཟུང་ཞིང་མཐའ་མ་ཤུལ་མེད་དུ་ཕྱིན་པ་སོགས་བོད་ཀྱི་ལོ་རྒྱུས་ཐོག་བོན་སྲིད་གཉིས་ཀའི་གནས་བབས་འཕོ་འགྱུར་ཧ་ཅང་བྱུང་མྱོང་བའི་ས་ཆ་ཞིག་རེད། གྲི་གུམ་གྱི་ཕོ་བྲང་གནས་སའི་རི་འདི་ཡང་ཟུར་ནས་བལྟས་ན་རྟ་སྒ་ཐང་ལ་བཞག་པ་འདྲ་བ་ཞིག་ཡོད་པ་ཡིན་ཏེ། 《མྱང་ཆོས་འབྱུང་》ལས། “མྱང་སྟོད་ལྟས་ངན་རི་བཅུ་གསུམ་ཡོད། ཤམ་བུ་རྩེ་དགུའི་རི་གློ་བ་ཆུས་བཤལ་བ་འདྲ། རྗེ་དྲི་གུམ་བཙན་པོའི་རི་འདི་རྟ་སྒ་སྐྱེ་(སྐེ་)ཉག་འདམ{ས}་ལ་བཞག་པ་འདྲ།”87 ཟེར་བ་དེས་ཀྱང་རི་དབྱིབས་ངོས་འཛིན་གནང་བ་ལྟར་ད་ལྟ་ང་ཚོས་ཇི་མ་ཇི་བཞིན་མཇལ་རྒྱུ་ཡོད་པ་དེ་ལྟར་ལགས་སོ། །

  གྲི་གུམ་བཙན་པོའི་ཕོ་བྲང་གནས་ཡུལ་ནི། ཤམ་བུའི་རི་རྒྱུད་རྩེ་ཆེན་དགོན་པ་རང་ལ་ངོས་འཛིན་བྱེད་པ་དང་། དེའི་ནུབ་ཏུ་རི་ཆུང་ཞིག་གི་རྩེར་དེང་སྐབས་ཡུལ་མིས་བདེ་ཆེན་ལྷུན་གྲུབ་ཟེར་བའི་མཁར་རམ་དགོན་ཤུལ་ཡོད་པ་དེར་ངོས་འཛིན་བྱེད་སྲོལ་དང་གཉིས་ལས་སྔ་མ་དེ་ཡིན་ལ། ཕྱི་མ་དེ་གྲི་གུམ་གྱི་སོ་པ་འདུག་ས་ཡིན་པའོ། །དེའི་རྒྱབ་ཀྱི་རི་དེང་སྐབས་རྒྱལ་རྩེའི་དུར་ཁྲོད་རྒོད་ཚང་ཟེར་བའི་མཁར་ཤུལ་དེ་ནི། སྔར་བོན་གྱི་སྒྲུབ་གནས་དགོན་པ་བྱ་རྒོད་ཚང་ཟེར་བ་དེ་ཡིན་མིན་ད་དུང་མུ་མཐུད་ནས་དཔྱད་དགོས། དེང་དུས་ཕོ་བྲང་གི་གནས་ཡུལ་ནི། རྒྱལ་རྩེ་རྫོང་རྩེ་ཆེན་ཡུལ་ཤོག་ཤམ་པོ་གྲོང་ཚོ་དང་། ཉང་རོ་ཏ་ཤལ་གྱི་དེང་དུས་གནས་ཡུལ་ནི་རྒྱལ་རྩེ་རྫོང་ལུང་དམར་ཡུལ་ཤོག་ཐལ་དབང་རྩེ་གྲོང་ཚོ་ལའོ། །


བརྒྱད་པ། བོན་གྱི་འདུ་གནས་མཁར་ཆེན་བྲག་དཀར་སྐོར།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “མཁར་ཆེན་བྲག་དཀར་བོན་གྱི་འདུ་འཚོགས་གནས། །”88 ཞེས་གསལ་བ་ལྟར་དཔེ་རྙིང་མང་པོར་གཅིག་མཚུངས་སུ་འབྱུང་།89 དེ་ཡང་《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “མཁར་ཆེན་བྲག་དཀར་ནི་དེ་ནས་འབྲིག་མཚམས་ཕྱོགས་འགྲོ་ལམ་ཡོད་དེ་དེང་སང་བྲག་དམར་ཟེར།”90ཞེས་དང་། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “དེ་དུས་བོན་གཅིག་དམ་ལ་མ་ཐོགས་པ་ཅོ་ཟ་བོན་མོ་ཡིན། ཁོང་མཁར་ཆེན་བྲག་ལ་བཞུགས་པ་ལ།”91ཞེས་དང་། 《པདྨ་བཀའ་ཐང་》ལས། “མཁར་ཆེན་བྲག་ལ་ལོ་གཅིག”92 ཅེས་པ་འདི་ལ་ཡུལ་མིས་བྲག་མཁར་ཆེན་ཞེས་མིང་མ་ཉམས་པར་འབོད་བཞིན་པ་དང་། གཞུང་ལམ་ཨང་(༣༡༨)ལམ་ཟུར་དུ་དེང་སྐབས་བྲག་མཁར་ཆེན་དགོན་ཞེས་ལམ་རྟགས་གསལ་པོར་བཀོད་ཡོད་པ་འདི་རང་ལ་ངོས་འཛིན་བྱ་དགོས་ཤིང་། འདི་གར་བྲག་ངོས་སུ་སྒྲུབ་ཕུག་ཆེ་ཆུང་གསུམ་དང་། བྱ་ཁྱུང་། གླང་ཆེན། དུང་དཀར་རང་བྱོན། རྩ་བར་འདུ་ཁང་སྦུག་མཇལ་དུ་མཁན་སློབ་ཆོས་གསུམ་སོགས་ཀྱི་སྐུ་འདྲ་གསར་བཞེངས་བྱས་ཡོད་པའི་རྙིང་མའི་རི་ཁྲོད་ཆུང་ཆུང་ཞིག་འདུག གཞུང་ལམ་ཨང་(༣༡༨)བརྒྱུད་ལྷ་རྩེ་རྫོང་ཁོངས་མཚོ་ལ་ཡར་ནང་ལམ་ཆེན་བཞི་མདོ་ནས་ལྷོ་ས་སྐྱ་རྫོང་ཕྱོགས་སུ་མ་སོང་བར་བྱང་ཕྱོགས་འཛིམ་དགོན་པ་འགྲོ་སའི་ལམ་ནས་སྤྱི་ལེ་(༣)དང་། དེ་ནས་བྲག་དཀར་པོ་གསུམ་མཐོང་བའི་དཀྱིལ་མ་དེ་མཁར་ཆེན་བྲག་ཡིན་པས་དེར་སྤྱི་ལེ་(༡༠)ཡོད། བྲག་དཀར་ནུབ་མ་དེ་ཀུན་དགའ་རྫོང་དང་ཤར་མ་དེ་འཛིམ་དགོན་པའམ་གླང་ཆེན་བྲག་ཡིན། ད་ལྟའི་གནས་ཡུལ་ལྷ་རྩེ་རྫོང་ཞི་ཆེན་ཡུལ་ཤོག་འཛིམ་གྲོང་ཚོའི་མཁར་ཆེན་བྲག་ཡིན།


དགུ་པ། བོན་གྱི་འདུ་གནས་གྲམ་པ་ཁའུ་ཡི་སྐོར།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “གྲམ་པ་ཁ་ཆུ་བོན་གྱི་འདུ་འཚོགས་གནས། །”93ཞེས་དང་། ཡང་དཔེ་རྙིང་རེ་འགར་“གྲམ་པ་ཁའུ་”94ཞེས་གསུངས། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “གྲམ་པ་ཁ་འུ་ནི་ས་སྐྱའི་ཡར་གྲམ་པའི་ལུང་ནང་།”95ཞེས་དང་། ཀ་ཐོག་སི་ཏུའི་《དབུས་གཙང་གནས་ཡིག་》ལས། “ཕུ་ན་དཔལ་མགོན་ཞལ་ཐིམ་པའི་ཁ་འུ་བྲག་རྫོང་།”96 ཞེས་པས། དང་པོ་གྲམ་པ་ནི་ས་སྐྱ་དགོན་པ་གནས་སའི་ཡུལ་ལུང་གི་མིང་ཡིན་ཏེ། 《ས་སྐྱ་ལེགས་བཤད་》ཀྱི་མཇུག་བྱང་ལས། “གཙང་ལ་སྟོད་གྲོམ་པ་དཔལ་ས་སྐྱའི་གཙུག་ལག་ཁང་ན་གནས་པ།”97ཞེས་དང་། 《གཞིས་རྩེའི་ལོ་རྒྱུས་རིག་གནས་དཔྱད་གཞི་རྒྱུ་ཆ་བདམས་བསྒྲིགས་དང་པོ་》ལས། “ས་སྐྱའི་ལྟེ་བའི་གནས་ཡུལ་ནི་གྲུམ་ཆུ་རྒྱུག་ཁུལ་དུ་ཡོད། ལོ་དགུ་བརྒྱའི་གོང་དུ་ས་སྐྱ་གྲུམ་པ་ཞེས་འབོད་པ་དང་། ས་སྐྱ་དགོན་པ་བཏབ་རྗེས་ས་སྐྱ་ཞེས་འབོད།”98 ཅེས་གསལ་བར་གསུངས་པ་དང་། ད་ལྟ་ཆུ་ཡི་མིང་དུ་གྲོམ་ཆུའམ་གྲམ་ཆུ་ཞེས་འབོད་པ་འདིས་ཀྱང་ངེས་ཤེས་རྙེད་ནུས་པ་ཡོད་དོ། །

  གཉིས་པ་ཁའུ་ནི་སྔར་ཁའུ་དང་དེང་སྐབས་ཁའུ་སྐྱེད་ལྷས་སུ་འབོད་པ་ཡིན་ཏེ། 《དཔལ་མགོན་ཞལ་བཞིའི་སྒྲུབ་ཐབས་》ལས། ཡིད་ཆེས་ཤིང་ཁུང་བཙུན་པར་བྱེད་པའི་ལོ་རྒྱུས་འཆད་པའི་སྐབས་སུ། “དེ་ནས་རིམ་གྱིས་བྱོན་ཏེ་དཔལ་ས་སྐྱའི་ཕུ་གནམ་ཁའུ་སྐྱེད་ལྷས་སུ་ཕེབས། མགོན་པོ་བཞུགས་པའི་གཙུག་ལག་ཁང་བཞེངས་ནས་ཕྱག་ནས་མཛད། ཆོས་སྐྱོང་འདི་ལ་བཀའ་གཏད་མཛད་དུས་གཙུག་ལག་ཁང་ལ་མེ་འབར་བས་མེ་འབར་གྱི་གཙུག་ལག་ཁང་ཞེས་གྲགས་སོ། །གཉན་ལོ་ཙ་བ་ཆེན་པོས་བླ་མ་གནམ་ཁའུ་ཆོས་ཀྱི་རྒྱལ་མཚན་ལ་ཆོས་སྐྱོང་འདིའི་རྗེས་གནང་སོགས་གདམས་པ་རྫོགས་པར་གནང་། འདིའི་ལས་ཚོགས་ལ་བརྟེན་ནས་ཁའུའི་མདུན་རི་ལ་བོན་པོའི་གྲོང་མང་དུ་ཡོད་པ་དང་འགྲས་པ་ལ། ལོ་གཅིག་གི་ནང་དུ་བོན་པོ་ཕོ་མོ་བརྒྱ་ཙམ་ཤི་ནས་གྲོང་ཁྱེར་བརླག་པར་མཛད་པ་ནི་ཆོས་སྐྱོང་འདིའི་ནུས་མཐུའི་སྒོ་ནས་ཡིན་པ་ནས་ནུས་མཐུ་མྱུར་ཞིང་ཚ་བར་གྲགས་སོ།།”99ཞེས་དང་། 《གནའ་གྲོང་ས་སྐྱའི་ཡུལ་སྐོར་ལམ་ཡིག་》ལས། “ཁའུ་སྐྱེད་ལྷས་ཞེས་པའི་མིང་ཐོབ་ཚུལ་ནི། སྒྲུབ་གནས་གནས་ཡུལ་ཤིན་ཏུ་ནས་གུ་དོག་ལ་བྲག་ལྡེབས་ཡོད་ཅིང་། ནམ་མཁའི་ཁ་ཡང་འུབ་པར་འདྲ་ལ་ལྷག་པར་དུ་བྲག་རིའི་སྐྱེད་པར་ལྷས་ར་ལྟར་ཡོད་པས་ན་ཁའུ་སྐྱེད་ལྷས།”100 ཞེས་པའི་ཐ་སྙད་བྱུང་བར་གྲགས། སྔར་བླ་མ་གནམ་ཁའུ་པ་དང་རྗེ་བཙུན་གོང་མ་རྣམ་ལྔ་སོགས་ད་ལྟའི་བར་ས་སྐྱའི་སྐྱེས་ཆེན་དུ་མའི་སྒྲུབ་པ་ཉམས་ལེན་བྱ་སའི་གནས་བྱིན་ཆེན་ཡིན་ལ། ད་ལྟ་ས་སྐྱ་དགོན་གྱི་སྒྲུབ་གྲྭ་གནས་སའང་ཡིན་པའོ། །《བོད་ཡུལ་གནས་ཀྱི་ལམ་ཡིག་》ལས། “གཡག་ར་ཞེས་པའི་ཡུལ་དང་ས་སྐྱར་ཡོང་ན། ས་སྐྱ་ཐོག་མར་ཆགས་སའི་གནས་དེ། རུ་ལག་གི་འདུ་གནས་གྲོམ་པའུ་ཟེར་བ་དེ་ཡིན་ནོ།།”101 ཞེས་པ་དེ་ནི་གཡུང་དྲུང་ཚུལ་ཁྲིམས་ཀྱི་མཁན་བུ་གཙུག་ཕུད་ཚུལ་ཁྲིམས་ཀྱིས་གྲམ་པ་དཔལ་རིར་མར་ལམ་གཡུང་དྲུང་བརྩེགས་པའི་གསས་ཁང་དང་ཕམ་ཤིས་ལ་སྟོད་ཁྲོམ་པ་རུ་ཁྲི་འདུལ་འོད་ཀྱི་ལྷ་ཁང་བཞེངས་པ་སོགས་གནས་དང་གནས་ཕྲན་དག་ལ་དགོངས་པ་ངེས་པས་དཔྱད་པར་འོས་སོ། །ད་ལྟའི་གནས་ཡུལ་ནི། ས་སྐྱ་རྫོང་ས་སྐྱ་གྲོང་རྡལ་ཁའུ་བྲག་གམ་སྐྱེད་ལྷས་རི་ཁྲོད་དོ། །


བཅུ་པ། བོན་གྱི་འདུ་གནས་ར་ས་ཐང་ཟླུམ་དང་སྒྲུབ་གནས་ར་ས་གཡུང་དྲུང་རོལ་པ།

  《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “རག་ཟ་ཐང་ཟླུམ་བོན་གྱི་འདུ་འཚོགས་གནས། །”102ཞེས་དང་། ཡང་དཔེ་རྙིང་རེ་འགར་“རག་ཟ་ཐང་ཟླམ་”103དང་“ར་ས་ཐང་ཟླུམ་”104ཞེས་སོགས་ཅུང་མ་འདྲ་བར་འབྱུང་། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》ལས། “རག་ཟ་ཐང་ཟླུམ་ནི་གྲམ་པ་དང་མང་མཁར་གཉིས་བར་བྱེ་བྲག་ཅིག་ཡིན་ཚོད་དེ་དཔྱད།”105ཅེས་གསུངས། 《བསྒྲགས་པ་རིན་ཆེན་གླིང་གྲགས་》ལས། “ལྡེ་བཙུན་གྱིས་ར་ཟ་གཡུང་དྲུང་རོལ་པའི་ལྷ་ཁང་བཞེངས། བཤད་ཉན་བོན་གྱི་བསྟན་པ་མཛད། གཡས་རུ་གཡོན་རུའི་གནས་ཕྲན་བཅུ་གཉིས་བརྩེགས། གོས་སྔོན་པོ་མིན་པ་གོན་དབང་མེད།”106ཅེས་དང་། 《དགེ་བསོད་ཀྱི་འདུལ་རྒྱུད་རྣམ་ཐར་ཤེལ་གོང་མ་ནི་》ལས། “སྡེ་བཙུན་རབ་གསལ་གྱིས་ར་སའི་རག་ཟ་ཐང་ཟླུམ་འདུ་གནས་སུ་གཡུང་དྲུང་རོལ་པའི་གསས་ཁང་སོགས་གཡས་རུའི་རྒྱུད་དུ་འདུ་གནས་བཅུ་གཉིས་བརྩེགས། བསྟན་པ་ཤིན་ཏུ་དར།”107ཞེས་དང་། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་》ལས། “ལྡེ་བཙུན་གྱིས་ར་གསར་དུ་གཡུང་དྲུང་རོལ་པའི་ལྷ་ཁང་བཞེངས། གཡས་རུ་རུ་གནས་ཕྲན་བཅུ་གཉིས་འཕེལ། དེ་དུས་ཟང་ཟང་ལྷ་རྩེ་རུ། དྲང་སྲོང་ལྔ་བརྒྱ་སུམ་ཅུ་རྩ་གསུམ་ཙམ་གྱིས་འཕན་ཡུལ་འདུལ་ཁྲིམས་ཀྱི་བོན་གཞུང་བཞིན་སྤྱད་པས་བསྟན་པ་རྫོགས་པར་ངེས། ཕུང་པོ་ལྷག་མེད་དུ་སངས་རྒྱས་སོ།།”108ཞེས་གསུངས་པ་ལྟར་《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་》109ལས་ཀྱང་དེ་དང་མཐུན་པར་འབྱུང་། དེ་ལྟར་གསལ་བའི་འདུ་གནས་འདི་ལ་དཔྱད་ན་ཡུལ་མིང་ར་ས་སྟེ་ད་ལྟའི་ར་ས་ཡུལ་ཤོག་གི་ཡུལ་སྤྱི་དང་། ཐང་ཟླུམ་ནི་འདུ་གནས་དང་འདུས་སྡེ་ཆགས་ས་སྟེ། ར་ས་ཡུལ་གྱི་ཐང་ཤོད་དུ་ཡོད་པའི་གོང་ལ་རི་དེའུ་དང་འོག་ཏུ་བྲག་དེའུ་ཡོད་པའི་གནས་ཟླུམ་པོ་འདི་གར་ཡིན་པར་རྟོགས་སོ། །

  དགོན་འདིའི་བླ་མའི་ཞལ་ནས་དགོན་པ་འདི་ནི་ཤངས་པ་བཀའ་བརྒྱུད་སྲོལ་གཏོད་པ་པོ་ཁྱུང་པོ་རྣལ་འབྱོར་པས་དགོན་པ་བརྒྱ་དང་བརྒྱད་བཞེངས་པའི་ནང་ཚན་ར་ས་བྱང་ཀོང་རིན་ཆེན་དགོན་ཟེར། བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྐབས་སུ་འདིར་ར་ས་རྫོང་གཞིས་ཆགས་ལ་གཡས་གཡོན་དུ་ར་ས་དགོན་བཞི་སོགས་སྔོན་མའི་མཁར་ཤུལ་མང་པོ་ཡོད་ཀྱང་རིག་གསར་ནས་དེང་སྐབས་བར་ས་རྡོ་མི་སེར་གྱིས་ཁང་པ་རྒྱག་བྱེད་དུ་དབོར་ཡང་ད་དུང་ལྷག་ཡོད། འདི་གར་གནམ་གྲུ་གསུམ་ས་གྲུ་གསུམ་མགོན་པོ་ཕྱག་དྲུག་གི་གནས་ཁྱད་པར་ཅན་ཡིན་སོགས་གསུངས།110 སྔོན་མ་ཤངས་པ་བཀའ་བརྒྱུད་པ་ཡིན་ཞེས་ཀྱང་གསུངས། སྔར་བོན་གྱི་གསང་སྔགས་སྒྲུབ་གནས་སོ་དྲུག་ནང་ཚན་དང་མངའ་རིས་འདུལ་རྒྱུད་ཀྱི་སྐབས་སུ་གནས་སྡེ་ཆེན་པོ་བཞི་དར་བའི་ཡ་གྱལ་ར་ས་གཡུང་དྲུང་རོལ་པ་ཞེས་མིང་དུ་གྲགས་པ་དེ་ནི་གུས་པ་རི་ཡི་ཤར་ངོས་སུ་ཡོད་པའི་དེང་སྐབས་ན་བཟའ་དགོན་ཞེས་པ་དེ་ཡིན་ཞིང་། འདིར་ས་སྐྱའི་བླ་མ་བདུན་དང་ར་རྫི་གཅིག་བཅས་འཇའ་ལུས་གཤེགས་ས་དང་། གྲུབ་ཐོབ་འདར་ཕྱར་པ་ཡིས་རྟ་མགྲིན་ཞལ་གཟིགས་བྱུང་ས་སོགས་ཡིན། ཤངས་པ་བཀའ་བརྒྱུད་པས་ཀྱང་དགོན་པ་བཞེངས་པ་ཡིན་འདུག ད་ལྟ་རི་དགོན་གཉིས་ཀྱི་ཚུལ་དུ་གནས་ཡོད། ཁ་ཅིག་གིས་ར་ས་ཟེར་བ་ལྷ་སར་ཡིན་དགོས་ཟེར་ན་འདིར་གླེང་བཞིན་པའི་འདུ་གནས་དེ་གཙང་གཡོན་རུར་ཡོད་པའི་འདུ་གནས་དགུ་ཡི་ཡ་གྱལ་ཡིན་ལ་ལྷ་ས་ནི་དབུས་ཡིན་པ་ལས་གཙང་མ་ཡིན་པའོ། །ད་ལྟའི་གནས་ཡུལ་ནི། ལྷ་རྩེ་རྫོང་ར་ས་ཡུལ་ཤོག་ནས་སྤྱི་ལེ་(༤)བྱང་གོང་གྲོང་ཚོ་རིན་ཆེན་དགོན་པ་སྟེ་གཞུང་ལམ་ཨང་(༣༡༨)ལམ་རྒྱུད་དེར་ཡོད་དོ། །

མཇུག་བསྡུའི་གཏམ།

  འདིར་འདུ་གནས་ཁ་ཤས་བཙལ་འཚོལ་བྱས་པའི་སྙན་ཞུ་ཉུང་ངུ་ཞིག་ལ་ཞིབ་འཇུག་གི་རིན་ཐང་ལྡན་པར་དཀའ་མོད་ཀྱང་། བཙལ་འཚོལ་བྱས་པའི་རྒྱུད་རིམ་ཁྲོད་དུ་ལོ་རྒྱུས་ཀྱི་ཡིག་ཆར་ལྟ་ཀློག་དང་། ཡུལ་མིའི་ཞལ་རྒྱུན་ཟིན་བྲིས་སུ་བཏབ་པ། ཡུལ་དངོས་ལ་བརྟག་དཔྱད་གྲངས་མང་བརྒྱུད་དཔར་ལེན་སོགས་ཞིབ་འཇུག་གི་ཐབས་ལམ་སྣ་ཚོགས་བཀོལ་བའི་འབྲས་བུ་ཞིག་ཡིན་ལ། མ་འོངས་པར་འདུ་གནས་ཆ་ཚང་ཞིབ་འཇུག་བྱས་ཏེ་ཇི་ཙམ་ཤེས་རྟོགས་བྱུང་བ་དག་ཡིག་ཐོག་ཏུ་དགོད་འཆར་གྱི་སྔོན་འགྲོའི་རྨང་གཞི་ཙམ་ཡང་ཡིན།

  ལར་ནས་བོད་གངས་ཅན་གྱི་རི་ཆུ་ཀླུང་གསུམ་སྤྱི་དང་ལྷག་པར་དུ་ཆེས་རྙིང་པའི་འདུ་གནས་དང་། རི་ཁྲོད། བྲག་ཕུག་ཁག་གི་ངོ་སྤྲོད་ནི་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་ཚད་ལྡན་ཞིག་བྱ་བར་མེད་དུ་མི་རུང་བའི་ལམ་ཡིག་གལ་ཆེན་ཞིག་ཀྱང་ཡིན་པས། ལོ་རྒྱུས་ལ་དང་དོད་ཅན་དག་ལའང་དཔྱད་གཞིའི་རྒྱུ་ཆ་རུ་ཕུལ་བ་ཡིན། དེ་བས་ཕྱོགས་སོ་སོ་ན་བཞུགས་པའི་མཁས་དབང་རྣམས་ཀྱིས་དེ་ལུགས་ཀྱི་སློབ་སྟོན་དང་སྐྱོན་སེལ་གྱི་བཀའ་སློབ་ཀྱང་མང་ཙམ་གནང་བའི་རེ་བ་ཞུ་རྒྱུ་ཡིན་ལགས། མུ་ཙུག་སྨར་རོ།། །

  དཔྱད་མཆན།

  1 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།》 དྲན་པ་ནམ་མཁའ། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ དེབ་གཟུགས་ཀྱི་ཤོག་ངོས་(༡༠༧)ལས། “ངམ་ལམ་རམ་གསུམ་བོན་གྱི་འདུ་འཚོགས་གནས།” །ཞེས་གསལ།

  2 《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 དྲན་པ་ནམ་མཁའ། ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། ༡༩༩༣ དེབ་གཟུགས་ཀྱི་ཤོག་ངོས་(༢༡)ལས་གསལ།

  3 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 སྤ་སྟོན་བསྟན་རྒྱལ་བཟང་པོ། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ དེབ་གཟུགས་ཀྱི་ཤོག་ངོས་(༢༨༦)ལས་གསལ།

  4 《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 དཔལ་ལྡན་ཚུལ་ཁྲིམས། ༡༩༨༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས་ཀྱི་ཤོག་ངོས་(༤༩༢)ལས་གསལ།

  5 《རྒྱ་བོད་ཆོས་འབྱུང་རྒྱས་པ།》 མཁས་པ་ལྡེའུ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༡ དེབ་གཟུགས་ཀྱི་ཤོག་ངོས་(༢༤༤)ལས་གསལ།

  6 《ཞང་གཡུ་བྲག་པ་བརྩོན་འགྲུས་གྲགས་པའི་རྣམ་ཐར་རྒྱལ་བློན་མ།》 མཛད་པ་པོ་མི་གསལ། ཤིང་དཔར་མ། དཔེ་གཟུགས་ཀྱི་ཤོག་ངོས་(༡༦)ནས་(༡༨)བར་རིམ་བཞིན་གསལ།

  7 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༣༢༧)ལས་གསལ།

  8 《སྟག་སྒྲ་ཀླུ་གོང་གི་བང་སོའི་རྡོ་རིང་སྐོར་གླེང་པ།》 བན་ཤུལ་དཔལ་མཁར་རྒྱལ། 《ཕོ་བྲང་པོ་ཏ་ལ།》 ལོ་ཕྱེད་དུས་དེབ། ༢༠༡༤ ཤོག་ངོས་(༩)པ་ལས་གསལ།

  9 《དུང་དཀར་ཚིག་མཛོད་ཆེན་མོ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༢༠༢ དེབ་གཟུགས་ཀྱི་ཤོག་ངོས་(༩༩༩) ལས། “གཞན་ཡང་ལོ་རྒྱུས་ཡིག་ཚང་ནང་བློན་སྟག་ར་ཀླུ་གོང་ཞེས་པ་ཞིག་ཀྱང་འདུག་པ་དེ་ནི་ཁྲི་སྲོང་གི་བློན་པོ་ཡིན་རུང་འདི་ཆོས་ལ་གནག་པས་མཐར་འཕན་པོར་དུར་དུ་བཅུག་པ་དེ་ཡིན་པ་ལས་སྟག་སྒྲ་ཀླུ་ཁོང་མ་ཡིན་ནོ།” །ཞེས་གསུས་སོ། །

  10 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༠༧)ལས་གསལ།

  11 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)ལས་གསལ།

  12 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༦)ལས་གསལ།

  13 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༤༩༢)ལས་གསལ།

  14 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༥༡)ལས་གསལ།

  15 《དགེ་བསོད་འདུལ་རྒྱུད་ཤེལ་གོང་མ་ནི།》 《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་འཕྲེང་བ།》 བྲིས་མ་བསྐྱར་དཔར། དེབ་གཟུགས་ཀྱི་ཤོག་ངོས་(༤༦༩)ལས་གསལ།

  16 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༤)ལས་གསལ།

  17 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༢༢༡)ལས་གསལ།

  18 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༥༡)ལས་གསལ།

  19 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༠༧)ལས་གསལ།

  20 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)པར་གསལ།

  21 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༦)ལས་གསལ།

  22 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༤༩༢)ལས་གསལ།

  23 《ཏུན་ཧོང་བོད་ཀྱི་ཡིག་རྙིང་》ལས་བྱུང་བ། 《བོད་བཙན་པོའི་རྒྱལ་རབས།》 འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་རྩོམ་སྒྲིག་བྱས། སྲོང་བཙན་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན། ༢༠༡༠ དེབ་གཟུགས་ཀྱི་ཤོག་ངོས་(༡༦༥)ལས་གསལ།

  24 《ཁྲོ་བོ་དབང་ཆེན་ངོ་མཚར་རྒྱས་པའི་རྣམ་བཤད་གསལ་བའི་སྒྲོན་མ།》 སྐྱབས་སྟོན་རིན་ཆེན་འོད་ཟེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། ༢༠༡༥ དེབ་གཟུགས་ཀྱི་ཤོག་ངོས་(༧༡)ལས་གསལ།

  25 《གནས་མཆོག་ཙཱ་རི་གཉིས་པ་འཕན་ཡུལ་སྟོང་རྩེ་གནས་རིའི་གནས་བཤད་སྐལ་བཟང་རྣ་བའི་རྒྱན།》 ལེགས་བཤད་བཟོད་པ། དཔལ་ནཱ་ལེནྡྲ་ནས་དཔར་དུ་བསྐྲུན། ཤོག་ངོས་(༢༡)ལས་གསལ།

  26 《རྙིང་མའི་ཆོས་འབྱུང་།》 སྟོད་ཆ། ཐུབ་བསྟན་འོད་ཟེར་བསྟན་པའི་ཉི་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ ཤོག་ངོས་(༢༡༡)ལས། “དེ་ནས་མེ་ཤོར་དུ་བྱོན་ནས་འཕན་ཡུལ་གཟིགས་པས་ཡུལ་ངན་རྟ་རོ་དམར་པོ་ཁ་བྱེ་བ་འདྲ་བ་འདི་ལ་མི་འགྲོ་གསུངས་ནས་སྟོད་ལུངས་ཡ་རལ་ན་ཡར་བྱོན།” ཞེས་གསལ་ལོ། །

  27 《ཆོས་འབྱུང་མཁས་པའི་དགའ་སྟོན།》 སྟོད་ཆ། དཔའ་བོ་གཙུག་ལག་འཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༨ དེབ་གཟུགས་ཀྱི་ཤོག་ངོས་(༢༤༠)ལས་གསལ།

  28 《ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ དེབ་གཟུགས་ཀྱི་ཤོག་ངོས་(༡༦༠)ལས་གསལ།

  29 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༦)ལས། ལྷོ་གཏེར་ལྟར་ན་ཞེས་ལུང་དྲངས་ནས་ “འཕན་ཡུལ་འགྲན་ར་ཕུག་མོ།” ཞེས་གསལ།

  30 《འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་བསྟན་པའི་གནས་གཞི་དག་གི་རྟེན་དང་བརྟེན་པའི་བྱུང་བ་སོ་སྐྱེའི་སྣང་ངོར་ཅུང་ཟད་བརྗོད་པ་དགེ་ལེགས་ཀུན་འབྱུང་།》 སྲི་ཐར་དོན་འགྲུབ་དང་ཞི་སྡིངས་སྐྲ་བཟང་ནས་རྩོམ་སྒྲིག་བྱས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ དེབ་གཟུགས་ཀྱི་ཤོག་ངོས་(༡༤༩)ལས་གསལ།

  31 《བར་ཆད་ལམ་སེལ་བསམ་པ་མྱུར་འགྲུབ།》 དཔེ་གཟུགས་བྲིས་མ་ལས་གསལ།

  32 གོང་མཚུངས་《འཕན་ཡུལ་རིག་པའི་འབྱུང་གནས་ཀྱི་བསྟན་པའི་གནས་གཞི་དག་གི་རྟེན་དང་བརྟེན་པའི་བྱུང་བ་སོ་སྐྱེའི་སྣང་ངོར་ཅུང་ཟད་བརྗོད་པ་དགེ་ལེགས་ཀུན་འབྱུང་།》 ཤོག་ངོས་(༣)ལས་གསལ།

  33 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༠༧)ལས་གསལ།

  34 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་ (༢༡) པར་གསལ།

  35 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་ (༢༨༦) ལས་གསལ།

  36 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་ (༤༩༢) ལས་གསལ།

  37 གོང་མཚུངས་《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས།》 ཤོག་ངོས་(༡༠༧)ལས་གསལ།

  38 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)ལས་གསལ།

  39 གོང་མཚུངས་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 ཤོག་ངོས་(༢༨༦)ལས་གསལ།

  40 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༤༩༢)ལས་གསལ།

  41 《རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་འགྲེལ་པ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།》 འགྲོ་མགོན་བློ་གྲོས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ དེབ་གཟུགས་ཀྱི་ཤོག་ངོས་(༡༢༦)ལས་གསལ།

  42 གོང་མཚུངས་《བོད་བཙན་པོའི་རྒྱལ་རབས།》 ཤོག་ངོས་(༢༣༥)ལས་གསལ།

  43 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད།》 ཉང་ཉི་མ་འོད་ཟེར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ དེབ་གཟུགས་ཀྱི་ཤོག་ངོས་(༢༣༤)ལས་གསལ།

  44 གོང་མཚུངས་《ཆོས་འབྱུང་མཁས་པའི་དགའ་སྟོན།》 ཤོག་ངོས་(༢༢༡)ལས་གསལ།

  45 《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་འཕྲེང་བ།》 སྟོད་ཆ། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གཉིས་ཀྱིས་སྒྲིག་རྩོམ་བྱས།

  བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ དེབ་གཟུགས་ཀྱི་ཤོག་ངོས་(༡༩༧)ལས་གསལ།

  46 གོང་མཚུངས་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 ཤོག་ངོས་(༣༡༢)ལས་གསལ།

  47 ཡུལ་མིའི་ཞལ་རྒྱུན་དྲི་བ་ཞུ་ས། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གདོང་དཀར་ཤང་རུ་ཁག་དང་པོའི་བག་གྲོ་ལགས་དང་། ཀུན་དགའ་ཚེ་རིང་ལགས་ཡིན།

  48 《རྫོགས་པ་ཆེན་པོ་ཡང་རྩེ་ཀློང་ཆེན།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་ཉེར་གསུམ་པ། ཤོག་ངོས་(༤༦༣)ལས་གསལ།

  49 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་ཉེར་གསུམ་པ། ཤོག་ངོས་(༡༣)ལས་གསལ།

  50 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་ཉེར་གསུམ་པ། ཤོག་ངོས་(༡༣)ལས་གསལ།

  51 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་ཉེར་གསུམ་པ། ཤོག་ངོས་(༡༢༧)ལས་གསལ།

  52 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་ཉེར་གསུམ་པ། ཤོག་ངོས་(༢༦༩)ལས་གསལ།

  53 《ཡང་རྩེ་ཀློང་ཆེན་གྱི་འགྲེལ་པ་ཉི་ཟེར་སྒྲོན་མ།》 སྐྱབས་སྟོན་རིན་ཆེན་འོད་ཟེར། གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་དུ་བསྐྲུན། ༢༠༡༡ དེབ་གཟུགས་ཀྱི་ཤོག་ངོས་(༩༠)ནས་(༩༡)བར་གསལ།

  54 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༠༧)ལས་གསལ།

  55 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)ལས་གསལ།

  56 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༦)ལས་གསལ།

  57 《མཁར་ནག་ཆོས་འབྱུང་།》 མཁར་ནག་དཔལ་འབྱོར་རྒྱ་མཚོ། སེར་གཙུག་ནས་དཔར། དེབ་གཟུགས་ཀྱི་ཤོག་ངོས་(༡༤༧)ལས། “རྫོང་འདིར་ཨེ་རྒྱལ་ལྷ་རྒྱལ་རིའི་ཕོ་བྲང་གནས་ས་ཡིན་པས་རྫོང་མིང་ལ་ལྷ་རྒྱལ་རི་རྫོང་ཟེར། རིག་གསར་རྗེས་ ༡༩༦༥ ལོའི་ཟླ་བ་ ༦ ཚེས་ ༥ ཉིན་རྫོང་མིང་ལ་མངའ་བདག་བྲལ་རིམ་དང་འབྲེལ་བ་ཡོད་པར་སྙད་དེ་རྙིང་གཏོར་གསར་བརྗེ་བྱས་ནས་རྫོང་འདི་ད་ལྟའི་རྫོང་ནས་འབབ་པའི་བྱང་བྲག་ཕུ་ཆུ་དང་གཅིག གོང་ཁང་སར་ནས་འབབ་པའི་གོང་པོ་ཕུ་ཆུ་དང་གཉིས། སྟོད་གཟིགས་ནས་འབབ་པའི་རྒྱང་ཐང་ཕུ་ཆུ་འམ་གསེར་ཆུ་ཨ་མ་གསུམ་གྱི་མིང་ལ་གཞི་བཅོལ་ནས་ཆུ་གསུམ་རྫོང་ཞེས་བཏགས།” ཞེས་ཆུ་གསུམ་རྫོང་རིག་གནས་ཅུས་ཀྱི་ཅུས་དཔོན་བསོད་ནམས་བག་གྲོ་ལགས་ཀྱིས་ངོ་སྤྲོད་གནང་བྱུང་།

  58 “གླུད་”ཅེས་པ་འདི་ནི། གོང་མཚུངས་ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ། 《བོད་བཙན་པོའི་རྒྱལ་རབས།》 ཤོག་ངོས་(༡༡༦)ལས། “སྤུར་གྱི་གླུད་(༡༤༨)དུ། མྱིག་བྱ་མྱིག་དང་མཚུངས་འོག་ནས་འགེབས་པ་གཆིག་(ཅིག)འདོད།” ཅེས་གསལ་བ་ལྟར་བྲིས་པ་ཡིན་ལ། གཞན་ཡང་གོང་མཚུངས་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 ཤོག་ངོས་(༢༩༧)ལས། “རྒྱལ་པོའི་སྤུར་ནི་ཀླུ་ལྕམ་ཁོད་དེ་རིང་མོ་བྱ་བས་བསྡམས་འདུག་པས། དེ་སླུ་བའི་ཐབས་ལ་ཁྱེའུ་ངར་ལ་ངར་སོ་ཞེས་བྱ་བ།” ཞེས་དང་། གོང་མཚུངས་《རྒྱ་བོད་ཆོས་འབྱུང་རྒྱས་པ།》 ཤོག་ངོས་(༢༣༤)ལས། “དེ་ནས་བུ་མོ་དེ་ངར་ལ་སྐྱེས་ཀྱིས་ཀླུ་སྲིན་མ་དེ་ལ་སྤུར་གྱི་བླུད་མར་བྱིན་ནས་ཀོང་ཡུལ་སེ་མོ་ཕུག་ཏུ་སྤྱན་དྲངས་ཏེ།” ཞེས་གསལ་བ་ལྟར་“གླུད་”དང་། སླུ་“བླུད་”སོགས་ཅི་རིགས་བྲིས་འདུག་པས་དཔྱད་དགོས།

  59 གོང་མཚུངས་《རྒྱ་བོད་ཆོས་འབྱུང་རྒྱས་པ།》 ཤོག་ངོས་(༢༤༦)ལས་གསལ།

  60 གོང་མཚུངས་《བོད་བཙན་པོའི་རྒྱལ་རབས།》 ཤོག་ངོས་(༣༦)ལས་གསལ།

  61 གོང་མཚུངས་《བོད་བཙན་པོའི་རྒྱལ་རབས།》 ཤོག་ངོས་(༣༨)ལས་གསལ།

  62 《སྲིད་པའི་ལྷ་རྒོད་དྲག་བདར་དབུ་ཕྱོགས་བཞུགས།》 ལྷ་ས་ཡེར་པའི་གཏེར་མ། རག་ཤིའི་བསང་ཡིག་ལག་བྲིས་མ། དཔེ་གཟུགས་ཀྱི་ཤོག་ངོས་(༩)པ་ལས་གསལ།

  63 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༠༧)ལས་གསལ།

  64 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)པར་གསལ།

  65 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༦)ལས་གསལ།

  66 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༤༩༢)ལས་གསལ།

  67 《ཆོས་འབྱུང་མཁས་པའི་དགོངས་རྒྱན།》 ཤར་ཡུལ་ཕུན་ཚོགས་ཚེ་རིང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༢ དེབ་གཟུགས་ཀྱི་ཤོག་ངོས་(༦༢)ལས་གསལ།

  68 གོང་མཚུངས་《རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་འགྲེལ་པ་རིན་པོ་ཆེ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན།》 ཤོག་ངོས་(༡༢༧)ལས་གསལ།

  69 《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 ཇོ་ནང་ཏཱ་ར་ན་ཐ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ དེབ་གཟུགས་ཀྱི་ཤོག་ངོས་(༡༠༩)ལས་གསལ།

  70 གོང་མཚུངས་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 ཤོག་ངོས་(༡༢༨)ལས་གསལ།

  71 གོང་མཚུངས་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 ཤོག་ངོས་(༡༡༠)ལས་གསལ།

  72 《བླ་མ་ཀུན་དགའ་ཞིག་པོའི་རྣམ་ཐར།》 གོང་མཚུངས་《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་འཕྲེང་བ།》 ཤོག་ངོས་(༣༡༢)ལས་གསལ།

  73 གོང་མཚུངས་《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་འཕྲེང་བ།》 ཤོག་ངོས་(༤༩༡)ལས་གསལ།

  74 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)ལས་གསལ།

  75 གོང་མཚུངས་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 ཤོག་ངོས་(༨༨)ལས་གསལ།

  76 གོང་མཚུངས་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 ཤོག་ངོས་(༨༨ ནས ༨༩)ལས་གསལ།

  77 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༦)ལས་གསལ།

  78 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༡༢༡)ལས་གསལ།

  79 《སྔ་རབས་བོན་གྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ།》 སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག དཔལ་འབྱོར་དཔར་སྐྲུན་ཁང་། ༡༩༩༧ དེབ་གཟུགས་ཀྱི་ཤོག་ངོས་(༩༩)ལས་གསལ།

  80 གོང་མཚུངས་《རྒྱལ་རབས་གསལ་བའི་མེ་ལོང་།》 ཤོག་ངོས་(༥༦)ལས་གསལ།

  81 གོང་མཚུངས་《རྒྱལ་རབས་གསལ་བའི་མེ་ལོང་།》 ཤོག་ངོས་(༥༦)ལས་གསལ།

  82 གོང་མཚུངས་《རྒྱ་བོད་ཆོས་འབྱུང་རྒྱས་པ།》 ཤོག་ངོས་(༢༤༥)ལས་གསལ།

  83 གོང་མཚུངས་《ཆོས་འབྱུང་མཁས་པའི་དགའ་སྟོན།》 ཤོག་ངོས་(༡༦༢)ལས་གསལ།

  84 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》 ཤར་རྫ་བཀྲ་ཤིས་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ དེབ་གཟུགས་ཀྱི་ཤོག་ངོས་(༢༨༣)ལས་གསལ།

  85 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༧)ལས་གསལ།

  86 གོང་མཚུངས་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》 ཤོག་ངོས་(༡༨༦)ལས་གསལ།

  87 གོང་མཚུངས་《མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ངོ་མཚར་གཏམ་གྱི་ལེགས་བཤད་མཁས་པའི་འཇུག་ངོགས།》 ཤོག་ངོས་(༥(ནས་(༦)བར་ལས་གསལ།

  88 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༠༧)ལས་གསལ།

  89 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)ལས། “རུ་ལག་ན་གཡུང་དྲུང་གི་བོན་འདུ་ཞིང་འཚོགས་པའི་གནས་དགུ་སྟེ། མྱང་སྟོད་སྟག་ཚལ་བོན་གྱི་འདུ་འཚོགས་བྱེད་པའི་གནས། ཆུ་འགོ་རྡོ་རིངས། མཁར་ཆེན་བྲག་དཀར།” ཞེས་སོགས་དང་། ཡང་གོང་མཚུངས་《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 ཤོག་ངོས་(༢༨༦)ལས། “རུ་ལག་དགུ་ནི། ཉང་སྟོད་སྟག་ཚལ། ཆུ་འགོ་དོ་རིང་། མཁར་ཆེན་བྲག་དཀར།” ཞེས་སོགས་གསལ་བ་ལྟ་བུའོ། །

  90 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༤༩༢)ལས་གསལ།

  91 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༣༥)ལས་གསལ།

  92 《པདྨ་བཀའ་ཐང་།》 ཨོ་རྒྱན་གླིང་པའི་གཏེར་མ། དཔེ་གཟུགས་ཀྱི་ཤོག་ངོས་(༦༡༩)ལས་གསལ།

  93 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༣༥)ལས་གསལ།

  94 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)ལས་གསལ།

  95 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༤༩༢)ལས་གསལ།

  96 《གངས་ལྗོངས་དབུས་གཙང་གནས་སྐོར་ལམ་ཡིག་ནོར་བུ་ཟླ་ཤེལ་སེ་མོ་དོ།》 སི་ཏུ་ཆོས་ཀྱི་རྒྱ་མཚོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ཤོག་ངོས་(༤༡༧)ལས་གསལ།

  97 《ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་དང་འགྲེལ་པ།》 ཀུན་དགའ་རྒྱལ་མཚན། ༡༩༨༢ དེབ་གཟུགས་ཀྱི་ཤོག་ངོས་(༩༠)ལས་གསལ།

  98 《གཞིས་རྩེའི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས་དང་པོ།》 གཞིས་རྩེ་ས་ཁུལ་སྲིད་གྲོས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༥ དེབ་གཟུགས་ཀྱི་ཤོག་ངོས་(༣༢)ལས་གསལ།

  99 《དཔལ་མགོན་ཞལ་བཞིའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་ཏ་ཐྰ་ག་ཏ་རཀྴིཏས་མཛད་པ།》 《སྒྲུབ་ཐབས་ཀུན་བཏུས།》 པོད་ཨང་ ༩། (ཏ) འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་འཇམ་དབྱངས་བློ་གཏེར་དབང་པོས་བསྒྲིགས། དཔར་གཞི་༡༩༠༢ལོར་བརྐོས་པའི་སྡེ་དགེའི་ཤིང་དཔར། PRINTED KANGRA, H.P. INDIA. 1991 དཔེ་གཟུགས་དབྱིན་ཨང་ཤོག་ངོས་(༤༨༡)ལས་གསལ།

  100 《གནའ་གྲོང་ས་སྐྱའི་ཡུལ་སྐོར་གནས་ཡིག》 མཛོད་རྟ་ཕུར་བུས་རྩོམ་སྒྲིག་བྱས། མི་རིགས་དཔེ་སྐྲུན་ཁང་། ༢༠༡༤ དེབ་གཟུགས་ཀྱི་ཤོག་ངོས་(༡༢༤)ལས་གསལ།

  101 《བོད་ཡུལ་གནས་ཀྱི་ལམ་ཡིག་གསལ་བའི་དམིགས་བུ།》 སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག ཁྱུང་པོ་སྟེང་ཆེན་དགོན་ནས་དཔར་དུ་བསྐྲུན། ༢༠༡༤ དེབ་གཟུགས་ཀྱི་ཤོག་ངོས་(༡༥)ལས་གསལ།

  102 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༠༧)ལས་གསལ།

  103 གོང་མཚུངས་《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ།》 ཤོག་ངོས་(༢༡)ལས་གསལ།

  104 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ།》 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༦)ལས་གསལ།

  105 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༤༩༢)ལས་གསལ།

  106 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༡༥༡)ལས་གསལ།

  107 གོང་མཚུངས་《དཔལ་ལྡན་བླ་མའི་རྣམ་ཐར་མུ་ཏིག་འཕྲེང་བ།》ཤོག་ངོས་(༤༦༩)ལས་གསལ།

  108 གོང་མཚུངས་《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། ཤོག་ངོས་(༢༨༤)ལས་གསལ།

  109 གོང་མཚུངས་《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན།》 ཤོག་ངོས་(༢༢༢)ལས། “ཡ་གོང་སློབ་མ་ལྡེ་བཙུན་རབ་གསལ་ནི། །འདུལ་ཁྲིམས་སྡེ་བཞི་ཡ་བརྒྱད་འཁོར་ཚོགས་བསྐྱངས། །སྟོན་པའི་བསྟན་པ་མངོན་པ་འདུལ་བའི་སྡེ། །འཆད་ཉན་ཤིང་རྟའི་སྲོལ་ཆེན་བཏོད་ཅིང་སྤེལ། །གཡོན་རུ་རག་ཟ་ཐང་ཟླུམ་འདུ་གནས་སུ། །གཡུང་དྲུང་ཁྲི་སྐོས་རོལ་པའི་གསས་ཁང་བཞེངས། །གཡས་རུའི་རྒྱུད་དུ་འདུ་གནས་བཅུ་གཉིས་བརྩེགས། །དགུང་ལོ་བརྒྱ་ལྷག་བསྟན་པའི་སྲོག་ཤིང་མཛད།” །ཅེས་གསུངས་སོ། །

  110 དགོན་འདིའི་བླ་རྒན་མཚན་ལ་བསོད་ནམས་ཆོས་འགྲུབ། ཕྱི་ལོ་(༢༠༡༧)ལོར་དགུང་ལོ་(༨༤)ཅན་གྱིས་གསུངས་སོ། །

《བོན་སྒོ་》ལོ་དེབ་འདོན་ཐེངས་༢༩དང་༣༠གཉིས་སུ་མུ་འགོད་བྱས་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།