མདོ་དྲི་མེད་གཟི་བརྗིད་ལས་བསྟན་པའི་བཟོ་རིག་པའི་སྐོར་མདོ་ཙམ་གླེང་བ།
[ཟླ་ཚེས། 2024-03-11 10:14:59][རྩོམ་པ་པོ། བསྟན་འཛིན་ཚེ་དབང་།][རྩོམ་ཁུངས། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག][ཀློག་གྲངས། ]
ནང་དོན་གནད་བསྡུས། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་ལ་རྒྱས་འབྲིང་བསྡུས་གསུམ་དུ་དབྱེ་བ་ལས་རྩོམ་ཡིག་འདིའི་ནང་རྣམ་ཐར་རྒྱས་མ་མདོ་དྲི་མེད་གཟི་བརྗིད་ནང་འཁོད་པའི་དཀྱིལ་འཁོར་དང་སྐུ་གདུང་། གསས་ཁང་བཅས་ཀྱི་བཞེང་ལུགས་བཞེང་ཚུལ་དང་བྱེ་བྲག་གི་ཁྱད་ཆོས། རང་རང་གི་མཚོན་དོན་སོགས་བཟོ་རིག་པ་དང་འབྲེལ་བའི་བརྗོད་དོན་རྣམས་ཧྲག་བསྡུས་བྱས་ཏེ་དཔྱད་བརྗོད་བྱས་ཤིང་། མདོ་དྲི་མེད་གཟི་བརྗིད་ནི་མི་སྣའི་རྣམ་ཐར་ཙམ་མ་ཡིན་པར་བཟོ་རིག་གི་དཔྱད་གཞི་གལ་ཆེན་ཞིག་ཡིན་ཚུལ་གླེང་འདུག
བརྡ་ཆད་གཙོ་བོ། མདོ་དྲི་མེད་གཟི་བརྗིད། སྟོན་པ་གཤེན་རབ་མི་བོ། བཟོ་རིག་པ།
ཁ་བ་གངས་རིའི་ཡུལ་གྱི་ཕུགས་ནོར་དུ་གྱུར་པའི་རིག་གནས་ཆེ་ཆུང་བཅུ་ལས་ཆེ་བ་ལྔའི་ནང་གསེས་བཟོ་རིག་པ་ཞེས་པ་ནི་ཤིན་ཏུ་ནས་ཀྱང་རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་ཤིག་ཡིན། སྒོ་གསུམ་གྱི་བཟོ་ལ་བཟོ་རིག་ཙམ་དུ་མ་ཟད་ཤེས་བྱ་ཀུན་ཀྱང་འདུ་ཞེས་གསུངས་པ་ལྟར་སྤྱིར་ཤེས་བྱ་ཐམས་ཅད་བཟོ་རིག་པའི་ནང་དུ་མི་འདུ་བ་མེད་ཀྱང་། བྱེ་བྲག་སྒོ་གསུམ་གྱི་བཟོ་ལས་ལུས་བཟོའི་ནང་གི་སྐུ་གསུང་ཐུགས་རྟེན་དང་འབྲེལ་བའི་ཤེས་བྱ་མི་ཉུང་བ་ཞིག་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་མདོ་དྲི་མེད་གཟི་བརྗིད་དུ་འཁོད་པས། འདིར་དཀྱིལ་འཁོར་དང་སྐུ་གདུང་། གསས་ཁང་བཅས་ཀྱི་བཞེང་ལུགས་སྐོར་རགས་བསྡུས་ཤིག་གླེང་བར་བྱ་བ་ལ། དང་ཐོག་མདོ་དྲི་མེད་གཟི་བརྗིད་ཀྱི་སྐོར་ངོ་སྤྲོད་མདོ་ཙམ་ཞུས་ན། མདོ་དྲི་མེད་གཟི་བརྗིད་ནི་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་ལ་རྒྱས་འབྲིང་བསྡུས་གསུམ་དུ་དབྱེ་བ་ལས་རྒྱས་མ་དེ་ཡིན་ཞིང་། བསྡུས་པ་མདོ་འདུས་དང་འབྲིང་བ་མདོ་གཟེར་མིག་བཅས་ཡིན། མཁས་དབང་ཤར་ཡུལ་ཕུན་ཚོགས་ཚེ་རིང་མཆོག་གིས་སྤྲུལ་སྐུ་བློ་ལྡན་སྙིང་པོས་ཀ་ལེགས་གཡུང་དྲུང་གི་ཉེ་འགྲམ་གནས་རི་ས་ཡི་བྲག་རི་སྒོར་མོར་མདོ་དྲི་མེད་གཟི་བརྗིད་ཡིག་ཐོག་ཏུ་གཏན་ལ་ཕབ་ཅེས་འཁོད་པར་གཞིགས་ན། ད་བར་མི་ལོ་དྲུག་བརྒྱ་ལྷག་ཙམ་སོང་བའི་དཔེ་རྙིང་ཞིག་ཡིན་པར་རྟོགས་ཐུབ།ཅེས་གསུངས་པ་ལྟར། རྣམ་ཐར་རྒྱས་མ་དེ་ནི་དུས་རབས་བཅུ་བཞིའི་དུས་མཇུག་ཏུ་སྤྲུལ་སྐུ་བློ་ལྡན་སྙིང་པོས་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན་པར་མངོན། གཤམ་ལ་རྣམ་ཐར་དེའི་ནང་དུ་འཁོད་པའི་ཕུན་སུམ་ཚོགས་པའི་བཟོ་རིག་གི་ཤེས་བྱའི་སྐོར་གླེང་བར་བྱའོ། །
དང་པོ། དཀྱིལ་འཁོར་གྱི་སྐོར།
དཀྱིལ་འཁོར་ནི་བན་བོན་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་གིས་གཙིགས་ཆེར་འཛིན་པའི་ཡི་དམ་ལྷའི་ཕོ་བྲང་གི་བཀོད་པའམ་དག་པའི་ཞིང་ཁམས་ཀྱི་བཀོད་པ་ལྟ་བུ་ཞིག་ཡིན་ཞིང་། བྱེ་བྲག་དཀྱིལ་འཁོར་གྱི་བཞེང་ལུགས་བཞེང་སྟངས་ཐད་རང་རང་གི་འདོད་ཚུལ་ཅུང་མི་འདྲ་བས་ཆོས་བརྒྱུད་ཁག་གི་དཀྱིལ་འཁོར་ལ་རང་རང་གི་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པ་གདོན་མི་ཟ། མདོ་དྲི་མེད་གཟི་བརྗིད་ཀྱི་ལེའུ་བཅུ་གཅིག་པར་ཀུན་དབྱིངས་སྐུ་ལྔའི་དཀྱིལ་འཁོར་གྱི་མདོ་ཞེས་དཀྱིལ་འཁོར་གྱི་སྐོར་ལེའུ་གཅིག་ཐ་དད་དུ་དབྱེ་ཞིང་། སྤྱིར་ནི་འཕན་ཡུལ་འདོད་མཆོད་ལས། །དཀྱིལ་འཁོར་ཆེན་པོ་བཞི་རུ་བྱུང་། །རྣམ་དག་ཡུམ་གྱི་དཀྱིལ་འཁོར་དང་། །ཀུན་དབྱིངས་ཡབ་ཀྱི་དཀྱིལ་འཁོར་དང་། །ཀུན་འབྱུང་ཐབས་ཀྱི་དཀྱིལ་འཁོར་དང་། །ཡོངས་རྫོགས་ཤེས་རབ་དཀྱིལ་འཁོར་བཞི། །འཕན་ཡུལ་དཀྱིལ་འཁོར་གཞུང་བཞི་ཡིན། །དེ་ལས་སོ་སོར་གྱེས་པ་ཡི། །དཀྱིལ་འཁོར་བརྒྱ་དང་རྩ་བརྒྱད་དབྱེ། །[1]ཞེས་དཀྱིལ་འཁོར་གྱི་རྣམ་གྲངས་མདོར་བསྡུས་ཤིག་བསྟན་ཞིང་། དཀྱིལ་འཁོར་ཇི་ལྟར་བཞེང་པའི་རིམ་པ་ལ། ཐོག་མར་དཀྱིལ་འཁོར་གྱི་ཐིག་རྩ་འདེབས་ཚུལ་ནས་གསུངས་ཡོད་དེ།
དེ་ནས་དང་པོ་དཀར་ཐིག་གདབ་སྟེ། གྲུ་བཞི་བཅད་ལ་མཐའ་ཡི་ཐིག་བཞིར་གདབ། དེ་ནས་ཕྱོགས་མཚམས་འབྱེད་པའི་ཐིག་བཞིར་གདབ། མཐའ་ཐིག་སོར་བཞི་གཅལ་ལ་ལྕགས་རིའི་ཚད་དུ་གདབ། དེ་ནས་དབུས་ཀྱི་རྒྱ་གྲམ་སོ་ནས་བཟུང་ལ་ཕྱི་ནང་རིམ་གསུམ་དབྱེ། བར་སྒོར་བཅུ་རུ་བགོ་ལ་བར་ཐིག་དགུ་དགུ་གདབ། དེ་ནས་ནང་གི་ཐིག་ཆེན་ལ། ཕོ་བྲང་གསུམ་བགོས་ལ་གདུང་ཐིག་བརྐྱང་། དེ་ནི་སྒོ་ཐིག་བཞི་དང་གདུང་ཐིག་བཞི། ཕྱི་ཡི་ཅོག་ཆེན་སྲོག་ཤིང་ཐིག་གདུང་ཐིག་གཡས་གཡོན་སོར་རེ་བསྐྱོར་དུ་གདབ། གདུང་བར་དཀྱིལ་ནས་བཟུང་ལ་ཕོ་བྲང་གཞུང་ཐིག་བརྐྱང་། གདུང་ཐིག་སོ་ནས་བཟུང་སྟེ་ཕོ་བྲང་ཚངས་ཐིག་གདབ། དེ་ནས་དམར་གྱི་འབྱེད་ཐིག་གདབ་སྟེ། དབུས་ཀྱི་ཕོ་བྲང་གླིང་དགུ་ལ། ཕྱོགས་རེ་ཆ་གསུམ་བགོས་ལ་ཐིག་བཞི་གདབ། དེ་ནི་ཕོ་བྲང་ཕྱི་ནང་འབྱེད་ཐིག་གོ །དེའི་ཕྱི་སྒོར་དྲུག་ཏུ་བགོས་ལ་ལྔ་ལྔ་ཉི་ཤུ་གདབ། དེ་ལྟར་མཐའ་ཐིག་བཞི་དང་ཚངས་ཐིག་བཞི། ལྕགས་རི་བཞི་དང་བར་བསྒོར་བཞི། ནང་བསྒོར་བཞི་དང་གདུང་ཐིག་བཞི། གདུང་སྐྱོར་བརྒྱད་དང་གདུང་བར་བཞི། ཕོ་བྲང་འབྱེད་པའི་ཚངས་ཐིག་བརྒྱད། དེ་ལྟར་བཞི་བཅུ་རྩ་བཞི་ནི། ཐིག་ཆེན་ཡིན་པས་དཀར་པོར་གདབ། བར་ཐིག་གསུམ་བཅུ་རྩ་དྲུག་ནི། འབྱེད་ཐིག་ཡིན་པས་དམར་པོར་གདབ། ཐིག་ཕྲན་བཞི་བཅུ་རྩ་གཉིས་ཀྱང་། འབྱེད་ཐིག་ཡིན་པས་དམར་མོ་གདབ། བར་ཐིག་ཟར་ཚག་འབྱེད་ཐིག་བརྒྱད། གསས་ཐིག་ཡིན་པས་དཀར་པོ་གདབ། དེ་བརྒྱ་དང་ཉི་ཤུ་ནི། ལྷ་ཡི་གྲངས་སུ་ངེས་པར་གདབ། ནང་གི་ཕོ་བྲང་གླིང་དགུ་ལ། སྒོར་ཐིག་རིམ་པ་གསུམ་དུ་བསྒོར། གདན་ཐིག་ཡིན་པས་འཁོར་བར་བྱ། ཅེས་གསུངས་ཏེ། ཐིག་གདབ་པ་བསྟན་པའོ། །[2]ཞེས་དཀྱིལ་འཁོར་གྱི་ཐིག་གི་རྣམ་གྲངས་ལ་མཐའ་ཐིག་དང་བར་ཐིག སྒོ་ཐིག གདུང་ཐིག གཞུང་ཐིགཚངས་ཐིག འབྱེད་ཐིག གསས་ཐིག་སོགས་ཡོད་ཅིང་། ཐིག་སོ་སོའི་བྱེད་ལས་དང་ཁྱད་པར། འདེབས་ཚུལ་བཅས་རེ་རེ་བཞིན་བསྟན་ཞིང་། ཐིག་ཆེན་བཞི་བཅུ་རྩ་བཞི་མཚོན་དཀར་པོ་གཏོང་དགོས་པ་དང་། བར་ཐིག་སུམ་ཅུ་རྩ་དྲུག་འབྱེད་ཐིག་ཡིན་པས་མཚོན་དམར་པོ་གཏོང་དགོས་པ། ཐིག་ཕྲན་བཞི་བཅུ་རྩ་གཉིས་ཀྱང་མཚོན་དམར་པོ་གཏོང་དགོས་པ་བཅས། ཁ་གསལ་གོ་བདེའི་ངང་ནས་ཐིག་གི་རིགས་དབྱེ་དང་རང་རང་གི་མཚོན་མདོག་སོགས་ཇི་ལྟར་ཡིན་ཚུལ་བསྟན་ཏེ། ཐིག་རྩ་ནི་དཀྱིལ་འཁོར་གྱི་རྨང་གཞི་ཡིན་པ་དང་དེའི་གལ་ཆེའི་རང་བཞིན་ཡང་ཤུགས་སུ་བསྟན་ཡོད།
དེ་ནས་ཐོག་མའི་ཐིག་རྩ་བཏབ་གྲུབ་རྗེས་དཀྱིལ་འཁོར་དངོས་སུ་འབྲི་བར་བྱ་སྟེ། དེ་ནས་ཡང་དང་པོ་ཐིག་གདབ་མཐའ་ནས་གདབ་སྟེ། ཚོན་འགྱེད་དབུས་ནས་འགྱེད་པར་འབྱུང་ཞེས་བྱ་བ་ཡིན་པས། དང་པོ་དབུས་ཀྱི་ཕོ་བྲང་གླིང་དགུ་ལ། དབུས་ཀྱི་ལྟེ་བ་དཀར་པོར་བྱ། དེ་རྒྱབ་མུ་ཁྱུད་ལྗང་ཁུ་ལ། པདྨ་འདབ་བརྒྱད་ཕྱོགས་མཚོན་དུ་བྱ། མཚམས་བཞི་གྲུ་ཆད་སེར་པོ་ལ། ཤེལ་འོད་དང་པ་ཏྲས་བཀང་། དེ་རྒྱབ་འབྱུང་བརྩིག་དང་འདོད་ཡོན། ཡ་གད་དང་ཟ་ར་ཚགས་སུ་བྲི། དེ་རྒྱབ་ཁྱུང་གུར་ཁྱུང་མགོ་ཏོག་དང་བཅས་པ་རུ་བྲི། དེའི་མཚམས་སུ་གདུང་བརྒྱད་བརྒྱུད་པ་ལ། གཡུའི་གདུང་མ་སྔོན་པོ་ལ། གདུང་སྐྱོར་དམར་པོ་དང་གཞའ་སྤྲིན་གྱི་པ་ཏྲ་རིས་སུ་བྲི། དེ་རྒྱབ་ཞིང་ཁམས་ཁ་དོག་ཕྱོགས་འོད་དུ་བཀང་། དེའི་ཕྱི་རིམ་ཐིག་ཆ་ལ། བྱ་འདབ་དམར་ལྗང་གིས་དགོང་ལ། བ་ལེ་བང་སོ་བཟོ་ཞེས་བྱ་བ། བང་སོ་འཁྲིག་པའི་པ་ཏྲ་རུ་བྲི། དེའི་བར་བར་བྲེ་དང་ཕུལ་གྱིས་བཏེགས་པ། མཚམས་མཚམས་ན་དང་ཚང་འཁྲིག་པའི་སྟེང་དུ། བྱ་འདབ་གླང་ཆེན་གྱི་སྣ་ལྗགས་ཀྱིས་འདེགས་པ་རུ་བྲི། དེའི་ཕྱི་རིམ་ཐིག་ཆ་ལ། བྱ་འདབ་གདོང་ལ་སེང་གེའི་ཞལ་དང་། ཟ་ར་ཙག་ཆུན་འཕྱང་འཕྲུལ་བ་དུ་བྲི། དེ་ནས་ལོག་བཞི་གདུང་བཞིའི་གདོང་ལ། གླུ་བརྒྱད་ཀྱི་ཀ་བ་བཙུག་པ། དེ་ལ་གཟའ་ཆེན་གྱི་ཀ་ཞུ་དང་། ས་བདག་རུས་སྦལ་གྱི་ཀ་གདན་བགྲད་པ་རུ་བྲི། སྒོ་བཞི་སྒོ་གདན་གྱི་ཁ་དོག་ལ། གསེར་གྱི་སྒོ་མོ་དང་། གཞའ་མཚོན་གྱི་སྒོ་ཁྱུད་དུ་བྲི། དེའི་སྟེང་དུ་ཐོག་ཕུབ་དཀར་པོ་བཀང་ལ། མཚལ་གྱི་པ་ཏྲ་བྲི། དེ་སྟེང་ཁ་བད་ཁྱུང་གཤོག་ཡ་གད་གདེང་བ། ཡང་ཕུབ་ཁྱུང་གུར་དང་། ཁྱུང་མགོ་ཏོག་དང་བཅས་པ་རུ་བྲི། ཟུར་བཞི་ཤེལ་གྱི་ཅོག་ཆེན་ལ་གཡུ་ཡི་ཁ་བད་ཅན་དུ་བྲི། དེའི་ཕྱི་རིམ་ཐིག་ཆ། འབྱུང་བ་ལྔའི་བརྩིག་པ་རུ་བྲི། དེའི་ཕྱི་རིམ་ཐིག་ཆ་ལ། དཀར་པོ་བཀང་ལ་པད་ལིན་ཙི་པར་རུ་བྲི། དེའི་ཕྱི་རིམ་ཐིག་ལ། དམར་ལྗང་སྤེལ་ལ་གཞའ་ཚོན་གྱི་དར་རས་ཅི་རུ་བྲི། དེའི་ཕྱི་རིམ་ཐིག་ཆ་ལ། མཐིང་གས་བཀང་ལ་ཆུ་འཛིན་གྱི་པ་ཏྲ་རུ་བྲི། དེའི་ཕྱི་རིམ་ཐིག་ཆ་ལ། གཡུ་ཡིན་ཡ་གད་དང་ནོར་བུའི་གདོང་འབུར་དང་། རིན་པོ་ཆེའི་ཟ་ར་ཚགས་སུ་བྲི། དེའི་ལོགས་བཞི་ལ། གསེར་གྱི་ཀ་བ་དང་། ཉི་ཟླའི་ཀ་ཞུ་དང་། པད་མའི་ཀ་གདན་དུ་བྲི། སྒོ་བཞི་དམར་པོ་གཞའ་ཚོན་གྱི་སྒོ་ཁྱུད་དང་སྒོ་འགྲམ་དུ་བྲི། དེའི་ཕྱི་རིམ་ལོགས་བཞི་ལ། སྒོ་རྒྱན་གྱི་མཆོད་རྟེན་བཅུ་གཉིས་ནི། དང་པོ་ཁྲི་འཕང་རིམ་བཞི་འབྱུང་བཞི་ཁ་དོག་ཏི་བྲི། དེ་སྟེང་ཐོག་ཕུབ་སྒྱུ་འཕྲུལ་དྲྭ་བ་ལ། དྲྭ་མིག་ཐམས་བཅད་མེ་ཏོག་ཚོམ་བུས་དགང་། དེ་སྟེང་རྟ་བབས་རིམ་བཞིན་དཀར་ལྗང་དམར་སྔོ་རུ་བྲི། དེ་ལྟར་བུམ་པ་ཤེལ་གུར་དཀར་པོ་ཁང་སེང་དུ་བྱ། དེའི་སྟེང་དུ་བྲེ་སྲོག་འཁོར་ལོ་ཆར་ཁེབ་ཏུ་བྲི། དེ་ལ་ཏོག་དང་བྱ་རུ་དར་དཔྱང་གིས་བརྒྱན་པ་རུ་བྱ། ཕྱི་འཁྱམས་གསེར་གྱི་ས་གཞི་ལ། དཔག་བསམ་གྱི་ཤིང་དང་། ཨ་པར་ནེ་སེང་གི་པ་ཏྲ་དང་། མེ་ཏོག་གི་ལྡུམ་འཛིན་དང་། འདབ་ཆགས་དང་། རི་དྭགས་དང་། གཡུང་དྭགས་དང་། གཅན་གཟན་དང་། ཆུ་གནས་དང་། མི་ནོར་དང་། ཡུལ་འཁོར་ལས་སོགས། འཇིག་རྟེན་གྱི་གཏོས་དང་བཅུད་དུ་བྲི། དེའི་ཕྱི་རིམ་ལྕགས་རི་སྔོན་པོ་ལ། སྐུ་གདུང་དང་མཆོད་རྟེན་བྲི་བར་བྱའོ། །[3]ཞེས་དཀྱིལ་འཁོར་དབུས་ཀྱི་ལྟེ་བ་ནས་ཕྱི་རིམ་གྱི་ལྕགས་རིའི་བར་དུ། ནང་གི་མུ་ཁྱུད། གདུང་མ། གདུང་སྐྱོར། བྱ་འདབ། ཟ་ར་ཚགས། ཀ་བ། ཀ་ཞུ། ཀ་གདན། སྒོ་མོ། ཐོག་ཕུབ། དེ་བཞིན་ཕྱི་རིམ་ལོགས་བཞིའི་ཀ་བ་དང་སྒོ་མོ། མཆོད་རྟེན་སོགས་ཇི་ལྟར་ཆགས་ཚུལ་དང་། དེ་རྣམས་ཀྱི་གོ་རིམ་དང་མཚོན་མདོག་བཅས་ཇི་མ་ཇི་བཞིན་དུ་བཀོད་དེ། དཀྱིལ་འཁོར་འབྲི་བཞེང་གི་རིམ་པ་ཤིན་ཏུ་ཆ་ཚང་བ་ཞིག་བསྟན་ཡོད། གཞན་ཡང་དཀྱིལ་འཁོར་གྱི་བྱུང་ཁུངས་དང་ལོ་རྒྱུས། མཚན་ཉིད་བཅས་དང་འབྲེལ་བའི་བརྗོད་བྱ་མི་ཉུང་བ་ཞིག་འཁོད་ཀྱང་། འདིར་ཡིག་ཚོགས་ལ་འཇིགས་ཏེ་རེ་རེ་བཞིན་མ་བཀོད་པས་ཞིབ་ཕྲ་མཁྱེན་འདོད་ན་རྣམ་ཐར་གྱི་པོད་གསུམ་པའི་ལེའུ་བཅུ་གཅིག་ལས་ཤེས་པར་བྱ། གལ་ཏེ་རྣམ་ཐར་རྒྱས་མའི་ནང་འཁོད་པ་བཞིན་དཀྱིལ་འཁོར་དང་འབྲེལ་བའི་ཤེས་བྱ་དེ་རྣམས་ལོ་རྒྱུས་ཐོག་གི་མི་སྣ་སྟོན་པ་གཤེན་རབ་མི་བོས་དངོས་སུ་གསུངས་པ་དེ་བདེན་ན། བོན་གྱི་དཀྱིལ་འཁོར་གྱི་རིག་གནས་དེ་ཡང་ལོ་རྒྱུས་ཀྱི་ཕུ་ཐག་རིང་བའི་ས་མཐོའི་རིག་གནས་ཀྱི་བྱེ་བྲག་ཅིག་ཡིན་པ་ར་སྤྲོད་བྱེད་ཐུབ་ལ། དེ་ལས་ཀྱང་གནའ་བོའི་བོད་མི་རྣམས་ཀྱི་ཤེས་རིག་ཆུ་ཚད་ལ་སྔོན་དཔག་གང་འཚམ་ཞིག་བྱེད་ཐུབ་པར་སྙམ་མོ། །
གཉིས་པ། སྐུ་གདུང་གི་སྐོར།
སྤྱིར་སྐུ་གདུང་ནི་སྐུ་གསུང་ཐུགས་ཀྱི་རྟེན་ལས་ཐུགས་ཀྱི་རྟེན་དེ་ཡིན་ཞིང་། ཡང་སྒོས་གཡུང་དྲུང་བོན་གྱི་གཞུང་ལུགས་ལྟར་ན། བསྟན་པ་རྗེས་བཞག་རྣམ་པ་གསུམ་ཡིན་སྟེ། སྐུ་གདུང་སྐུ་གཟུགས་གསུང་རབ་གླེགས་བམ་གསུམ[4]ཞེས་པ་ལྟར་དེ་ནི་བོན་གྱི་བསྟན་པ་རྣམ་གསུམ་གྱི་བྱེ་བྲག་ཅིག་ཀྱང་ཡིན། ཕྱིའི་བཟོ་དབྱིབས་ཐད་བན་བོན་ལུགས་གཉིས་ཀྱི་སྐུ་གདུང་ཧ་ལམ་གཅིག་མཚུངས་སུ་སྣང་ནའང་། སྐུ་གདུང་གི་དབྱེ་བ་དང་བཞེང་ལུགས། མཚོན་དོན་བཅས་ཀྱི་ཐད་རང་རང་གི་འདོད་ཚུལ་མི་འདྲ་བར་མངོན།
མདོ་དྲི་མེད་གཟི་བརྗིད་ཀྱི་ལེའུ་བཞི་བཅུ་རྩ་གསུམ་པ་སྐུ་གདུང་བསྟན་པ་རྗེས་བཞག་གི་མདོ་ཞེས་པའི་ནང་། མཆོད་པའི་གནས་དང་བཀུར་བའི་ཞིང་། །མཆོད་རྟེན་སུམ་བརྒྱ་དྲུག་ཅུ་སྟེ། །བོན་ཉིད་དབྱིངས་ནས་སྐུ་བཞུགས་ཤིང་། །ངང་ཉིད་གཡོ་བ་མེད་པ་ཡི། །ཉག་གཅིག་དོན་ལ་མི་འདའ་བས། །དབྱིངས་ན་བཞུགས་བ་བརྒྱ་ཉི་ཤུ། །བོན་ཉིད་དབྱིངས་ནས་སྐུར་སྤྲུལ་ཞིང་། །མཁྱེན་དང་བརྩེ་བའི་བདག་ཉིད་ཀྱིས། །རང་བཞིན་མཁའ་ལ་རྫོགས་པ་ཡི། །ལྷུན་གྱིས་གྲུབ་བ་བརྒྱ་ཉི་ཤུ། །རང་བཞིན་མཁའ་ལ་སྐུར་བསྐྱོད་ཅིང་། །ཀློང་དུ་འགྲོ་བའི་དོན་དགོངས་ནས། །གང་ལ་གང་འདུལ་དེར་སྟོན་ཅིང་། །དེ་ཉིད་གཉེན་པོ་གྱུར་པ་ཡི། །ཅིར་ཡང་སྤྲུལ་པ་བརྒྱ་ཉི་ཤུ། །དེ་ལྟར་སུམ་བརྒྱ་དྲུག་ཅུ། །[5]ཞེས་མཆོད་རྟེན་ལ་སྤྱིར་དབྱིངས་ན་བཞུགས་པ་དང་ལྷུན་གྱིས་གྲུབ་པ། ཅིར་ཡང་སྤྲུལ་པ་བཅས་རིགས་ཆེ་བ་གསུམ་དུ་དབྱེ་ཞིང་། བྱེ་བྲག་རིགས་གསུམ་པོ་རེ་རེ་ལ་ཡང་རིགས་མི་འདྲ་བ་བརྒྱ་དང་ཉི་ཤུར་དབྱེ་ཚུལ་ཡོད་པས། ཁྱོན་བསྡོམས་མཆོད་རྟེན་མི་འདྲ་བ་སུམ་བརྒྱ་དྲུག་ཅུ་ཡོད་ཚུལ་གསུངས་པ་དང་། དེ་དག་སོ་སོའི་མཚན་དང་ངོ་སྤྲོད་མདོར་བསྡུས་རྣམ་ཐར་ནང་རིམ་པ་བཞིན་བཀོད་ཡོད།
དེ་ནས་མཆོད་རྟེན་གྱི་བཞེང་ཚུལ་ལ་བཞེངས་པའི་གནས་དང་བཞེངས་པའི་ཐབས་ཞེས་དོན་ཚན་མི་འདྲ་བ་གཉིས་སུ་དབྱེ་ཞིང་། དང་པོ་གནས་བཤད་པ་ལ། གནས་ནི་གཡའ་རི་གངས་བྲག་སྟེ། །རྒྱ་མཚོ་ཆུ་གླིང་ནགས་ཚལ་ལྗོངས། །ཉམས་དགའ་ཡིད་དུ་འོང་བའི་གནས། །མེ་ཏོག་གླིང་དང་འདམ་བུའི་ཚལ། །ཟླུམ་ལ་འཁྱིལ་དང་བརྗིད་ལ་མཛེས། །འཁྱིལ་དང་འབུར་དང་འབུར་ལ་འཁྱིལ། །གནམ་ལ་འཁོར་ལོ་རྩིབས་བརྒྱད་སྟེ། །ས་ལ་པདྨ་འདབ་བརྒྱད་དབྱིབས། །ལོག་ལ་བཀྲ་ཤིས་རྫས་བརྒྱད་དང་། །མདུན་དུ་རིན་ཆེན་ནོར་བདུན་ཏེ། །ཤར་གླིང་ཡངས་ལ་བརྡལ་པའོ། །བརྡལ་པ་ཆུ་བོ་རྒྱུན་ལམ་འདོད། །ལུ་མ་ནེའུ་སིང་རྒྱ་མཚོར་འཁྱིལ། །བྱང་གླིང་བསྐྱོར་དང་གཡོར་བ་སྟེ། །བསྐྱོར་ལ་གྲིབ་དང་ནགས་ཚལ་བསྐྱུངས། །རི་རྒྱུད་དར་དཀར་ཡོལ་བ་འཐེན། །རི་བདུན་ཚལ་ཆེན་རིམ་པས་བསྐོར། །ནུབ་གླིང་ལྷུན་ལ་བརྗིད་པ་སྟེ། །རི་བྲག་གཡུང་དྲུང་ཐེམ་པ་སྐས། །གཅིག་ལ་གཅིག་བརྩེགས་རི་རབ་ཚུལ། །ལྷོ་གླིང་སྤུངས་ལ་ལྷུན་པ་སྟེ། །རྩི་ཤིང་ནགས་ཚལ་སྐྱེད་མོ་ཚལ། །དྷམ་བུ་མེ་ཏོག་ཚལ་གླིང་ལྗང་། །ཤིན་ཏུ་བག་ཡངས་ཡིད་དྲོ་བ། །ཉམས་དགའ་ཡིད་འོང་གནས་སུ་བཤད། །[6]ཅེས་མཆོད་རྟེན་བཞེངས་སའི་གནས་དེ་ཡང་གང་བྱུང་བྱུང་ཞིག་མ་ཡིན་པར། ཉམས་དགའ་ལ་ཡིད་དུ་འོང་ཞིང་བཀྲ་ཤིས་ཀྱི་རྟགས་མཚན་དུ་མ་དང་ལྡན་པ་ཞིག་འདེམས་དགོས་ཚུལ་གསུངས་པ་དང་། གཉིས་པ་དངོས་གཞི་མཆོད་རྟེན་བཞེངས་པའི་ཐབས་བཤད་པ་ལ། གཉིས་པ་བཞེངས་པའི་ཐབས་ལས་སུ། །སྤྲུལ་པའི་མཆོད་རྟེན་བརྒྱ་ཉི་ཤུ། །འོག་གཞི་རྨེང་ལས་བརྟན་པ་སྟེ། །ཁྲི་འཕང་རིམ་པ་བཞི་དང་ལྡན། །ཀུན་ནས་ཆ་སྙོམས་གྲུ་བཞི་ལས། །འོག་བཞི་རྡོ་རྗེ་བརྟན་པ་སྟེ། །གཞི་རྨེང་རླུང་གི་ཁྲི་འཕང་ལ། །ནང་སྙིང་རྡོ་རྗེ་རྒྱ་གྲམ་མཚོན། །དེ་སྟེང་མེ་ཡི་ཁྲི་འཕང་སྟེ། །དམར་གསལ་པདྨ་འདབ་བརྒྱད་མཚོན། །དེ་སྟེང་ཆུ་ཡི་ཁྲི་འཕང་སྟེ། །གཡུ་མདངས་འཁོར་ལོ་ལྔ་བསྐོར་མཚོན། །དེ་སྟེང་ས་ཡི་ཁྲི་འཕང་སྟེ། །གསེར་མདོག་རིན་ཆེན་བཞི་སྣོལ་མཚོན། །དེ་སྟེང་རི་རབ་གླིང་བཞི་སྟེ། །ཟུར་བཞི་མི་འགྱུར་ཤ་ཆེན་གཟུག །རྩིག་གསེབ་ཀ་བ་རིན་པོ་ཆེ། །བཞི་བརྒྱད་བཅུ་དྲུག་སུམ་ཅུ་གཉིས། །དྲུག་ཅུ་རྩ་བཞི་བརྒྱ་ཉི་ཤུ། །སྟོང་དང་རྩ་གཉིས་ལས་སོགས་པ། །མང་ཉུང་རྒྱ་ཁྱོན་ཚད་དང་སྦྱར། །ཀ་ཞུ་ཟླ་བ་ཚེས་པའོ། །ཀ་གདན་པདྨར་གྱེས་པའོ། །དེ་སྟེང་མཐིང་གིས་གདུང་མར་རྒྱུག །གཞའ་ཚོན་འོད་ཀྱིས་དྲལ་དཔྱམ་དཀྱེ། །དཔྱམ་པར་གཡུང་དྲུང་འཁོར་ལོ་དང་། །ཡིད་བཞིན་ནོར་བུས་དགོད་པ་སྟེ། །དཔྱམ་མདུད་རྡོ་རྗེ་རྒྱ་གྲམ་སྒེག །ཐོག་ཕུག་རི་རབ་ཁོང་སེང་ལ། །རྟ་བབས་རིམ་བཞི་ཁ་དོག་མཛེས། །ཁ་བད་མཛེས་བརྗིད་པ་ཏྲ་རིས། །ཡ་གད་ཆུ་བབས་ཐད་དུ་གཏིང་། །འཕྱང་འཕྲུལ་ལྡ་ལྡི་ཟ་རལ་ཚགས། །རིན་ཆེན་སྣ་ལྔའི་ཆུན་འཕྱང་འཕྲུལ། །གཞའ་ཚོན་སྣ་ལྔའི་དར་བུ་ཁད། །ལོག་བཞི་འབྱུང་ལྔའི་རྩིག་པ་དང་། །རིགས་རྟགས་ལྔ་ཡི་པ་ཏྲ་འཁྲུགས། །ཕྱི་ནང་རིམ་གཉིས་སྒོ་བརྒྱད་ལྡན། །བར་འཁྱམས་འདོད་ཡོན་ར་བ་སྟེ། །མཆོད་པའི་བྱེ་བྲག་རྫས་སུ་གྲམ། །དེ་སྟེང་བུམ་པ་ཤེལ་གུར་དཀར། །ཤར་དུ་སྒོ་གཅིག་མཛེས་ལ་དོད། །མགུལ་ཆུ་རིན་ཆེན་གསེར་གྱིས་བརྒྱན། །དེ་སྟེང་བྲེ་ལོག་གྲུ་བཞི་བརྟན། །རིན་ཆེན་སྣ་ལྔའི་པ་ཏྲ་འཁྲུགས། །དེ་སྟེང་སྟོབས་ཀྱི་འཁོར་ལོ་འཁོར། །བཅུ་གསུམ་རིམ་བཞིན་བརྩེགས་པ་སྟེ། །ཟུར་བཞི་ལོག་བརྒྱད་བཅུ་གཉིས་འབུར། །དེ་སྟེང་ཆར་ཁེབས་ཟླུམ་ལ་འཁྱིལ། །ཐུགས་རྗེ་ཚད་མེད་དབུ་གདུགས་སྙོམས། །དེ་སྟེང་ཏོག་དང་བྱ་ཁྲི་འབར། །བྱ་རུ་དར་གྱི་ཅོད་པན་བརྒྱན། །རིན་ཆེན་སྣ་ལྔའི་ཆུན་འཕྱང་འཕྲུལ། །ཁ་དོག་སྣ་ཚོགས་རྒྱན་དུ་རློབས། །ཕྱི་བསྐོར་ལྕགས་རི་ཁྱུད་མོ་ཟླུམ། །དཔག་བསམ་ཤིང་གིས་ནགས་ཚལ་རྒྱས། །རྒྱལ་ཆེན་རིགས་བཞིའི་ཕོ་བྲང་བཅས། །མཛེས་བརྗིད་བཀྲ་གསལ་ལྷུན་རྫོགས་ཏེ། །ཤིན་ཏུ་དཔང་དང་ལྡན་པར་བཞེངས། །སྤྱིར་ནི་དེ་ལྟར་བཞེངས་པ་ལ། །སོ་སོའི་བྱེ་བྲག་རིམ་པ་ནི། །རང་རང་སྒོ་སྒོའི་རྒྱན་དང་སྦྱར། །དབུ་མང་སྒོ་མང་འབུར་མང་བ། །བང་རིམ་བརྩེགས་དང་ཁྲི་འཕང་བརྩེགས། །ཐོག་ཕུག་བརྩེགས་དང་བྱ་འདབ་བརྩེགས། །གྲུ་བཞི་ཆག་ཚད་ལྡན་པ་ལས། །དཔང་དང་དཔང་སོ་རན་ཐང་སྙོམས། །མཛེས་དང་བརྗིད་དང་སྒེགས་པ་སྟེ། །མཁས་ཁྱད་ལག་ལེན་ལྡན་པར་བྱའོ། །དེ་ལྡན་ཚག་ཚད་ལྡན་པ་ཡི། །མཆོད་རྟེན་བཞེངས་དང་བཞེངས་སོ་འཚལ། །བཞེངས་ལ་འཇུག་པ་ལས་གྱུར་སོགས། །བཞེངས་སོགས་གོམས་པ་གཅིག་དོར་ཀྱང་། །དེ་ཉིད་ཐར་པའི་འབྲས་བུ་ཐོམ། །བླ་མེད་གོ་འཕང་གདོན་མི་ཟ། །ཁ་སྟེ་མུ་ཡ་སྤྲུལ་པའི་གཤེན། །བདེ་བར་གཤེགས་པའི་སྐུ་གདུང་གི །མཆོད་རྟེན་བཞེངས་པའི་རིམ་པའོ། །[7]ཞེས། ཐོག་མར་འོག་གི་རྨང་གཞིའི་ཚོད་དུ་འབྱུང་བ་བཞི་མཚོན་པའི་ཁྲི་འཕང་རིམ་པ་བཞི་བཞེངས་དགོས་པ་དང་། དེའི་སྟེང་ཟུར་བཞིར་རི་རབ་གླིང་བཞི་མཚོན་པའི་ཀ་བ་བཞི། རྩིག་གསེབ་ཏུ་མཆོད་རྟེན་གྱི་རྒྱ་ཁྱོན་དང་བསྟུན་ཏེ་ཀ་བ་འོས་འཚམ་བཅུག་དགོས་ཤིང་། དེའི་ཁར་གདུང་དང་དཔྱམ། ཟ་རལ་ཚགས་བཅས་མདོར་ན་ཕྱི་ནང་རིམ་གཉིས་སྒོ་བརྒྱད་དང་ལྡན་པ་ཞིག་བཞེང་དགོས་ཤིང་། དེའི་ཐོག་ཏུ་ཤར་དུ་སྒོ་ཡོད་པའི་བུམ་པ་གཅིག དེ་སྟེང་དུ་འཁོར་ལོ་བཅུ་གསུམ་རིམ་པ་ལྟར་བརྩེགས་དགོས་པ། དེའི་ཁར་ཆར་ཁེབས་གཅིག་དང་རྩེ་མོར་བྱ་རུ་གཅིག་བཅས། མཆོད་རྟེན་གྱི་ཞབས་ནས་ཏོག་བར་གྱི་ཆ་ཤས་དང་བཞེངས་རིམ། བྱེ་བྲག་གི་མཚོན་དོན། སྐུ་གདུང་བཞེངས་པའི་ཕན་ཡོན་སོགས་ཇི་མ་ཇི་བཞིན་ཤིན་ཏུ་རྒྱས་པ་བཀོད་ཡོད་པས། ནང་དོན་དེ་རྣམས་ནི་སྟོན་པ་གཤེན་རབ་མི་བོའི་མཛད་རྣམ་གྱི་བརྗོད་བྱ་གལ་ཆེན་ཞིག་ཡིན་པར་མ་ཟད། ཆོས་ལུགས་ཞིབ་འཇུག་ལས་དོན་ཁྲོད་གནད་འགག་ཆེ་བའི་དཔྱད་གཞི་ཤ་སྟག་ཡིན་ལ། ལྷག་དོན་བཟོ་རིག་གཞུང་ལུགས་ལ་འབད་པའི་གསར་བུ་དང་བཟོ་རིག་ལག་ཏུ་ལེན་པའི་དབུ་ཆེན་རྣམ་པའི་བློ་གཏད་ས་དང་ཁུངས་གཏུག་ས་ཞིག་ཡིན་པར་སྨྲོས་མི་དགོས།
གསུམ་པ། གསས་ཁང་གི་སྐོར།
གསས་ནི་ཞང་སྐད་དང་བོད་སྐད་དུ་ལྷ། ཞེས་བཀོད་པ་ལྟར། གསས་ཁང་ནི་བོན་ལུགས་རིག་གནས་ཁྲོད་ཀྱི་ལྷ་ཁང་ལ་ངོས་འཛིན་བྱས་ན་ཆོག སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་ཁག་གིས་གཙོས་པའི་བོན་གྱི་ཡིག་ཆ་ཁག་ཏུ་གསས་ཁང་དང་གསས་མཁར་ཞེས་འབྲི་ཚུལ་མི་འདྲ་བ་གཉིས་མཐོང་མོད་ཀྱང་། དོན་དུ་གཉིས་ཀ་བོན་གྱི་ལྷ་ཁང་ལ་གོ་བ་ལས་དམིགས་བསལ་གྱི་ཁྱད་པར་གཞན་མ་རྟོགས། གསས་ཁང་གི་སྐོར་ལ་རྣམ་ཐར་རྒྱས་མའི་ནང་ས་ཡི་ལྷ་མོའི་དུས་སུ་བཞེངས་པའི་གསས་ཁང་བ་རབ་ཡོངས་འདུལ་དང་།དཔོན་རྗེ་འབར་བའི་སྒྲོན་མ་ཅན་གྱི་དུས་སུ་བཞེངས་པའི་གསས་ཁང་འོད་ཟེར་འབུམ་གླིང་སོགས་གསས་ཁང་མི་འདྲ་བ་འགའ་ཤས་བཞེངས་པའི་ཞིབ་ཕྲའི་བརྒྱུད་རིམ་བཀོད་ཅིང་། དེ་རྣམས་རེ་རེ་བཞིན་བརྗོད་ཀྱིས་མི་ལང་བས་འདིར་དཔེ་མཚོན་ཙམ་དུ་ཀོང་ཙེ་འཕྲུལ་རྒྱལ་གྱི་དུས་སུ་བཞེངས་པའི་གསས་ཁང་དཀར་ནག་བཀྲ་གསལ་རྒྱ་མཚོའི་གླིང་ཐོག་འབར་གྱི་བཞེང་རིམ་སྐོར་གླེང་ན།
དེ་ཡང་ཕྱི་ནང་རིམ་པ་ནི། སྟོང་གསུམ་དག་ལ་དཔེ་བླང་དགོས། །ཕྱི་བསྐོར་ནང་བསྐོར་བར་བསྐོར་གསུམ། །ཕྱི་བསྐོར་རིམ་པ་བཞི་རུ་དབྱེ། །དང་པོ་མཐའ་ཐིག་གྲུ་བཞིར་གདབ། །ཕྱི་བསྐོར་དཔག་ཚད་གཞལ་བ་ཡི། །ལོག་རེ་དཔག་ཚད་བཞི་རེ་སྟེ། །བཞི་བརྒྱད་མཐའ་བསྐོར་བཅུ་དྲུག་འཁོར། །དེ་ལ་གཞུང་ཐིག་བཙལ་ནས་སུ། །ཕྱོགས་མཚམས་འབྱེད་པའི་ཐིག་བཞི་གདབ། །དབུས་ཀྱི་རྒྱ་གྲམ་སོ་ནས་སུ། །རིན་ཆེན་གསེར་གྱི་བུམ་པ་གཟུག །[8]ཅེས་གསས་ཁང་གི་ཐོག་མའི་ཐིག་འདེབས་ཚུལ་རགས་བསྡུས་ཤིག་བསྟན་ཏེ། དེ་ནས་ཕྱི་ནང་དབྱེ་བ་སྟེ། ཕྱི་གླིང་ནང་གླིང་བར་གླིང་གསུམ། །དང་པོ་ཕྱི་གླིང་རིམ་པ་ལ། །མཐའ་བསྐོར་ལྕགས་རི་གྲུ་བཞི་ལ། །ཞེང་ལ་གྱད་ཀྱི་རྩལ་འདོམ་བརྒྱད། །དཔང་ལ་བཅོ་བརྒྱད་ཆུ་ཞིང་མཉམ། །དེ་ཡི་ཟུར་བཞི་ལོགས་བརྒྱད་ལ། །རྒྱལ་གྱི་ཕོ་བྲང་ཆེན་པོ་བརྒྱད། །ཐོག་ཕུབ་སུམ་བཅུ་རྩ་གཉིས་རེ། །དེ་ནས་ནང་གི་གཞལ་ཡས་ལ། །འདོད་ཡོན་ར་བ་བརྟན་པ་ཡི། །ཐིག་ཐག་གྲུ་བཞི་བཅད་ནས་སུ། །ཟུར་བཞི་མི་འགྱུར་ཕུར་དུ་གཟུག །ཕྱི་ནང་རིམ་པ་གཉིས་སུ་དབྱེ། །ཆ་གསུམ་ཆ་གཉིས་ནང་དུ་སྟེ། །ཆ་གཅིག་བར་ཁྱམས་ཚད་དུའོ། །དང་པོ་ཕྱི་ཡི་རྩིགས་པ་བརྩིགས། །འབྱུང་བ་རིན་ཆེན་ལྔ་ལས་ཏེ། །རླུང་ནག་མེ་དམར་ཆུ་སྔོ་སྟེ། །ས་སེར་ནམ་མཁའ་བར་སྣང་དཀར། །དེ་ལ་འབྱུང་ལྔའི་པ་ཏྲ་འཁྲུགས། །དཀར་ལྗང་དམར་སྔོ་འདྲེས་དང་འཆོལ། །ཕྱི་ནས་བལྟས་ན་པ་ཏྲ་འདྲ། །ནང་ནས་བལྟས་ན་བང་རིམ་འདྲ། །རྩིགས་གསེབ་ཀ་བ་ཐད་དུ་བསླང་། །རྩིགས་ལྡད་གདུང་མ་གཞའ་མཚོན་འོད། །ཁྱམས་ཁད་ཀ་ཚད་འདོམ་ནི་ཕྱེད་དང་གསུམ། །གདུང་ཚད་འདོམ་ནི་ཕྱེད་དང་དོ། །དཔྱམ་ཚད་འདོམ་དོ་གྲུ་རེའོ། །ཀ་ཞུ་ཟླ་བ་ཚེས་པའོ། །ཀ་གདན་པད་མ་གྱེས་པའོ། །གདུང་མ་གཞའ་སྤྲིན་པ་ཏྲའོ། །ཕྱི་ཡི་རྩིགས་པ་བསླང་ལུགས་ལ། །བར་གྱི་ཁྱམས་ཁང་ཁྲོ་བོ་བཞེངས། །དེ་དབུས་ནང་རྩིགས་བསླང་བ་ལ། །དབུས་ཀྱི་གཙང་ཁང་རྒྱལ་རྩེ་ནི། །ཁྱམས་ཁང་ལས་སུ་རྟ་བབས་མཐོ། །[9]ཞེས་གསས་ཁང་གི་ཕྱི་ནང་གི་དབྱེ་བ་བསྟན་རྗེས་ཕྱིའི་ལྕགས་རི་ནས་ནང་གི་གཙང་ཁང་བར་གྱི་སྤྱིའི་བཞེང་རིམ་དང་། བྱེ་བྲག་ཕྱིའི་རྩིགས་པ་དང་ནང་གི་ཀ་གདུང་དཔྱམ་གསུམ་སོགས་ཀྱི་ཁྱད་ཆོས་དང་མཚོན་དོན། གོ་རིམ་བཅས་ཆད་ལྷག་མེད་པར་བཀོད་དེ་གསས་ཁང་ཕྱི་སྣོད་ཀྱི་བཀོད་པ་ཇི་ལྟར་བཞེང་ཚུལ་བསྟན་པ་དང་། དེ་རྗེས་གསས་ཁང་ནང་བཅུད་ཀྱི་བཀོད་པ་བསྟན་པ་ལ། གཉིས་པ་ནང་གི་བཅུད་ལས་སུ། །སྐུ་གདུང་སྐུ་གཟུགས་གསུང་རབ་གསུམ། །འགྲོ་བ་དྲང་པའི་བརྡའ་ཐབས་ཏེ། །གསུང་རབ་དཀྱིལ་འཁོར་རྗེས་སུ་འབྱུང་། །འདིར་ནི་བདེར་གཤེགས་སྐུ་གཟུགས་ལ། །རིས་སུ་བྲིས་དང་འབུར་དུ་བཏོད། །ལུགས་སུ་བླུགས་པ་རྣམ་པ་གསུམ། །འགྲོ་བ་དྲང་པའི་བརྡའ་ཐབས་ཏེ། །དེ་ཡང་ཕྱི་ནང་རིམ་གསུམ་གྱིས། །གཙང་ཁང་དབུ་མའི་བཀོད་པ་ལ། །ཤར་ནས་ཞི་བའི་ལྷ་ཚོགས་བཞེངས། །བྱང་དུ་རྒྱས་པ་ནུབ་ནས་དབང་། །ལྷོ་ནས་གང་ལ་ཅི་འདུལ་ཏེ། །མཚམས་བཞི་བདེར་གཤེགས་གཙོ་བོ་བཞི། །དེ་ལྟར་ཕྱི་སྣོད་ནང་བཅུད་ཀྱི། ཕོ་བྲང་གསས་ཁང་བཞེངས་ཚུལ་ལོ། །[10]ཞེས་གཙང་ཁང་དབུ་མའི་ཕྱོགས་བཞིར་རྟེན་ཇི་འདྲ་བཞེང་དགོས་པ་དང་། དེ་བཞིན་དུ་བར་གྱི་ཁྱམས་ཁང་དང་སོ་མཚམས་ཀྱི་སྐྱ་རིས། ལྕགས་རིའི་སྒོ་བཞི་བཅས་ཀྱི་བཀོད་པ་ཞིབ་ཕྲ་བསྟན་པར་མ་ཟད། ལྷ་ཀླུ་གསུམ་གྱི་བཟོ་བོ་རྣམས་ཀྱིས་ཀྱང་། སོ་སོ་ར་ལས་ལ་འབད་དེ། ལྕགས་མཁན་རྣམས་ཀྱིས་ལྕགས་ཀྱང་བརྡུང་། མགར་མཁན་རྣམས་ཀྱི་མགར་ཀྱང་བྱས། ཤིང་མཁན་རྣམས་ཀྱིས་ཤིང་ཡང་བཞོག རྡོ་མཁན་རྣམས་ཀྱིས་རྡོ་ཡང་བཟོ། བླུགས་མཁན་རྣམས་ཀྱིས་བླུགས་ཀྱང་བྱས། གསེར་དངུལ་མཁན་གྱིས་ཞུན་ཀྱང་གཏང་། མཚོན་རྩི་མཁན་གྱིས་མཚོན་རྩིས་སྦྱངས། བྲིས་མཁན་རྣམས་ཀྱིས་བྲིས་ཀྱང་བྱས། རྩིག་མཁན་རྣམས་ཀྱིས་གཞི་རྨེང་རྩིགས། ཕུབ་མཁན་རྣམས་ཀྱིས་ཐོག་ཀྱང་ཕུབ།[11]ཅེས་ལྕགས་མཁན་དང་མགར་མཁན། ཤིང་མཁན། རྡོ་མཁན། བླུགས་མཁན། གསེར་དངུལ་མཁན། མཚོན་རྩི་མཁན། བྲིས་མཁན། རྩིག་མཁན་བཅས་གསས་ཁང་བཞེང་པའི་བརྒྱུད་རིམ་ནང་ལས་རིགས་མི་འདྲ་བ་ཇི་ཙམ་ཡོད་ཚུལ་དང་རང་རང་གི་ལས་འགན་ཇི་ལྟར་ཡིན་ཚུལ་སོགས་ཤིན་ཏུ་ནས་ཁ་གསལ་བར་བསྟན་པས། མདོ་དྲི་མེད་གཟི་བརྗིད་ཀྱི་བཟོ་རིག་དཔྱད་གཞིའི་རིན་ཐང་ནི་ཟུར་བལྟས་ལེབ་མཐོང་ལྟ་བུ་ཅི་ལ་མིན།
དེ་ལྟར་ཁྱོན་པོད་བཅུ་གཉིས་དང་ལེའུ་དྲུག་ཅུ་རེ་གཅིག་ཡོད་པའི་སྟོན་པ་གཤེན་རབ་མི་བོ་ཆེའི་རྣམ་ཐར་རྒྱས་མ་མདོ་དྲི་མེད་གཟི་བརྗིད་ཀྱི་ནང་དུ་འཁོད་པའི་བཟོ་རིག་པའི་ཤེས་བྱ་ནི་ཧ་ཅང་གི་རྒྱ་ཆེ་ལ་གཏིང་ཟབ་ཅིང་ཕུན་སུམ་ཚོགས་པ་ཞིག་ཡིན་པས། གོང་དུ་ཁོ་བོས་དཔེ་མཚོན་དུ་དྲངས་པ་དེ་ཙམ་གྱིས་ག་ལ་ཚད། ལར་བཟོ་རིག་པའི་ཤེས་བྱ་ནི་མཐའ་ཡས་པ་ཞིག་ཡིན་ཞིང་རྣམ་ཐར་གྱི་ཐོག་མཐའ་བར་གསུམ་དུ་དེ་འབྲེལ་གྱི་བརྗོད་བྱ་ཇི་སྙེད་ཅིག་འཁོད་མོད་ཀྱང་། འདིར་སྒོ་གསུམ་གྱི་བཟོ་ལས་ལུས་བཟོའི་ཁོངས་སུ་འདུ་བའི་སྐུ་གསུང་ཐུགས་རྟེན་དང་འབྲེལ་བའི་བརྗོད་དོན་འགའ་དཔེ་མཚོན་དུ་དྲངས་ཏེ་ངོ་སྤྲོད་རགས་བསྡུས་བྱས་ཡོད། བཟོ་རིག་དང་འབྲེལ་བའི་ཤེས་བྱ་དེ་རྣམས་ཀྱིས་སྟོན་པའི་རྣམ་ཐར་གྱི་བརྗོད་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ཅིང་དེ་ནི་སྟོན་པའི་རྣམ་ཐར་རྒྱས་མའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སུ་གྱུར་ཡོད་ལ། སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་རྒྱས་མ་མདོ་དྲི་མེད་གཟི་བརྗིད་ནི་བོན་ལུགས་ཙམ་མ་ཟད་བོད་ཀྱི་བཟོ་རིག་པ་སྤྱིའི་དཔྱད་གཞིར་རུང་བའི་ཡིག་ཆ་གལ་ཆེན་ཞིག་ཡིན་པ་བདེན་དཔང་བྱེད་ཐུབ་བོ། །
མཆན་འགྲེལ།
[1] མདོ་དྲི་མེད་གཟི་བརྗིད། གསུམ་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༩༠ནང་གསལ།
[2] མདོ་དྲི་མེད་གཟི་བརྗིད། གསུམ་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༡༠༠ནང་གསལ།
[3] མདོ་དྲི་མེད་གཟི་བརྗིད། གསུམ་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༡༡༢ནང་གསལ།
[4] མདོ་དྲི་མེད་གཟི་བརྗིད། བརྒྱད་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ་༩པའི་པར་ཐེངས་དང་པོ། ཤོག་ངོས༥༡༡དང༥༡༦ནང་གསལ།
[6] མདོ་དྲི་མེད་གཟི་བརྗིད། བརྒྱད་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༥༤༣ནང་གསལ།
[7] མདོ་དྲི་མེད་གཟི་བརྗིད། བརྒྱད་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༥༤༤ནང་གསལ།
[8] མདོ་དྲི་མེད་གཟི་བརྗིད། བཅུ་གཅིག་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༡༦༠ནང་གསལ།
[9] མདོ་དྲི་མེད་གཟི་བརྗིད། བཅུ་གཅིག་་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༡༦༠ནས༡༦༢དང༡༦༥ནས༡༦༧ནང་གསལ།
[11] མདོ་དྲི་མེད་གཟི་བརྗིད། བཅུ་གཅིག་པ། [M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༠ལོའི་ཟླ༩པའི་པར་ཐེངས་དང་པོ། ཤོག་ངོས༡༦༧ནང་གསལ།
རྩོམ་པ་པོ་ངོ་སྤྲོད།
བསྟན་འཛིན་ཚེ་དབང་། ༡༩༩༠ལོར་བོད་ལྗོངས་གཞིས་རྩེ་ས་ཁུལ་དིང་རི་རྫོང་དུ་སྐྱེས། སྤྱི་ལོ༢༠༡༨ནས༢༠༢༡བར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་དགེ་རྒན་ཆེན་མོ་བུ་ཚེ་རིང་ལགས་ཀྱི་ཞབས་དྲུང་དུ་བོད་ཀྱི་རྣམ་ཐར་རྟོགས་བརྗོད་ལ་སློབ་སྦྱོང་བྱས། ༢༠༢༡ ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་འབུམ་རམས་ཞིབ་འཇུག་སློབ་མར་ཡིག་རྒྱུགས་སྤྲད་ནས་ད་བར་དགེ་རྒན་ཆེན་མོ་ལྷག་པ་ཚེ་རིང་ལགས་ཀྱི་ཞབས་དྲུང་དུ་བོད་ཀྱི་རྩོམ་རིག་དང་བོན་གྱི་རིག་གནས་ལ་སློབ་སྦྱོང་དང་ཞིབ་འཇུག་བྱེད་མུས་ལགས།
༼བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག༽༢༠༢༣ལོའི་དུས་དེབ་བཞི་པ་ལས་དྲངས།