དར་རྩེ་མདོ་ཞེས་པའི་ས་མིང་ལ་དཔྱད་པ།

[ཟླ་ཚེས། 2024-01-27 14:48:35][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

དར་རྩེ་མདོའི་ཡུལ་ལྗོངས།

  [ནང་དོན་གནད་བསྡུས] དེང་ཡོངས་གྲགས་སུ་དར་རྩེ་མདོ་དང་དར་མདོ་ཞེས་འབོད་པ་དེ་ནི། རྫོང་ཞིག་གི་མིང་དུ་འདོད། རྫོང་དེ་ནི་སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཤར་ངོགས་དང་རྒྱལ་རོང་རྒྱལ་མོའི་རྔུལ་ཆུའི་ནུབ་འགྲམ་ན་ཡོད། ཁུལ་མི་དམངས་སྲིད་གཞུང་གི་གནས་ཡུལ་ཡིན། དར་རྩེ་མདོ་ལ་བོན་ལུགས་ལྟར་ས་མིང་མི་འདྲ་བ་བྱུང་ཚུལ་དང་། ས་མིང་དང་འབྲེལ་བའི་གནའ་བོ་ལོ་རྒྱུས་བྱུང་ཚུལ་ཅུང་ཙམ་གླེང་འདོད་བྱུང་།

  [གནད་ཚིག] རྒྱ་སོ་དར་རྩེ། རྒྱའི་གོང་བུ་དམར་རུ། དར་མདོ། ལ་མོ་དར་རྩེ། ལ་མོ་དེ་རྩེ། ཏ་ཙི།


རྒྱ་སོ་དར་རྩེ་ཞེས་པའི་ས་མིང་ལ་དཔྱད་པ།

  རྒྱ་སོ་དར་རྩེ་ཞེས་པའི་ཐ་སྙད་བྱུང་ཁུངས་ཐོག་མ་འདི་རེད་ཅེས་གསལ་བ་མེད་ཀྱང་། བོན་ལུགས་ལྟར་ན། རབ་བྱུང་གསུམ་པའི་ཤིང་ལུག་སྟེ་སྤྱི་ལོ༡༡༧༥ལོར་སྐུ་འཁྲུངས་པའི་དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་མ《དཔོན་གསས་རིག་འཛིན་གྱི་རྒྱུད་སྐོང》ལས། རིག་འཛིན་དེ་ཡི་གདུང་སློབ་པ། །རྒྱ་སོ་དར་རྩེའི་ཕོ་བྲང་དུ། །ཟིང་པ་མཐུ་ཆེན་རྒྱ་ལྕམ་དཀར་མོ་ཡིས། །རྒྱ་རྗེའི་བར་ཆོད་དབྱིངས་སུ་ཞི་བ་བཞིན། །1 ཞེས་དང་། རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་ལོ་སྟེ་སྤྱི་ལོ༡༣༦༠ལོར་སྐུ་འཁྲུངས་པའི་བློ་ལྡན་སྙིང་པོའི་སྙད་རྒྱུད《གྲུབ་ཐོབ་རིག་འཛིན་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རྨད་འབྱུང》 ལས། རྒྱ་སོ་དར་རྩེར་སྐུ་ལུས་སྤྲུལ་བསྒྱུར་སྟོན། །ཟིང་པ་མཐུ་ཆེན་སྐུ་ལ་གསོལ་བ་འདེབས། །2 ཞེས་དང་། 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》ལས། དེ་ཡང་མཉམ་མེད་ཆེན་པོས། སྨད་རྒྱ་སོ་དར་རྩེ་དང་། སྟོད་དབུས་གཙང་རུ་བཞི་སོགས་ཀྱི་དབེན་གནས་རྣམས་སུ་ཐུགས་དམ་ཆུ་བོའི་རྒྱུན་བཞིན་དུ་བསྐྱང་བར་མཛད་པས།3 ཞེས་པ་སོགས་ལས་རྒྱ་སོ་དར་རྩེ་ཞེས་པའི་ཐ་སྙད་དེ་བྱུང་ངོ་། །རབ་བྱུང་ལྔ་པའི་ལྕགས་འབྲུག་སྟེ་སྤྱི་ལོ༡༢༨༠ལོར་ཨ་མདོ་ཁོད་པོའི་ཡུལ་དུ་སྐུ་བལྟམས་པའི་ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》ལས། བཀའ་རྟགས་སུ་ཞལ་བུ་ཆ་ལྔ་ཡོད། རྒྱ་སོ་ལ་མོ་དར་རྩེའི་ཤེལ་ཕུག་གསང་མཚོ་རུ། བོན་གྱི་རྒྱུད་སྡེ་བཅུ་བདུན་སྦས།4 ཞེས་པའི་ལུང་ཚིག་ལ་བརྟགས་ཚེ་མི་ལོ་བདུན་བརྒྱ་ཡར་སྔོན་ནས་རྒྱ་སོ་དར་རྩེའམ་རྒྱ་སོ་ལ་མོ་དར་རྩེ་ཞེས་འབོད་སྲོལ་ཡོད་པར་རྟོགས་ཐུབ་བོ། །རྒྱ་སོ་དར་རྩེ་ལ་རྒྱ་སོ་དེར་རྩེ་ཡང་བྲིས་པ་སྣང་། གང་ལྟར་ཡང་། རྒྱ་སོ་ཞེས་པའི་དོན་ནི་རྒྱ་བོད་གཉིས་ཀྱི་སོ་མཚམས་ན་ཡོད་པའི་ཡུལ་ལམ་ས་གནས་ཡིན་པས་རྒྱ་སོ་ཞེས་པའི་ཐ་སྙད་ཐོབ་པ་དང་། རྒྱ་སོ་དེ་ལ་ལ་མོ་ཞེས་པའི་ས་ཆའི་རྩེ་མོ་ན་ཡོད་པས་དར་མོ་རྩེའམ་ལ་མོ་རྩེ་ཞེས་ས་མིང་ཐོབ་ཚུལ་འོག་ཏུ་གསལ་ལོ། །

རྒྱ་སོ་དར་རྩེ་དེ་ས་ཆ་གང་ལ་ངོས་འཛིན་པ་ལ་དཔྱད་པ།

  རྒྱ་སོ་དར་རྩེ་དང་། ལ་མོ་རྩེ། རྒྱའི་གོང་བུ་དམར་རུ་བཅས་ནི་སི་ཁྲོན་ཞིང་ཆེན་ཁོངས་སུ་གཏོགས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ངོགས་དང་རྒྱལ་རོང་རྒྱལ་མོའི་རྔུལ་ཆུའི་ནུབ་འགྲམ་ན་ཡོད་པའི་དར་རྩེ་མདོའི་ཕྱོགས་ལ་ངོས་འཛིན་གནང་འདུག་སྟེ། 《གནའ་བོའི་ཞང་བོད་ཚིག་མཛོད》ལས། རྒྱ་སོ་དར་རྩེ་ནི། སྨད་རྒྱ་ནག་གི་མཚམས་དར་མདོ་དང་ཉེ་བའི་རྒྱའི་གོང་བུ་དམེ་རུ།5 ཞེས་དང་། 《ཞང་བོད་ཚིག་མཛོད་ཆེན་མོ》ལས། རྒྱ་སོ་དར་རྩེ། སྔགས་ཀྱི་སྒྲུབ་གནས་སོ་དྲུག་གི་ནང་ཚན། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་སྒྲུབ་གནས། དེང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། དར་རྩེ་མདོའི་ཕྱོགས་ལ་ངོས་འཛིན་བྱེད།6 ཞེས་དང་། ལ་མོ་རྩེ། རྒྱའི་གོང་བུ་དམར་རུ་ཞེས་མ་རྒྱུད་ཀྱི་གནས་ཆེན་རྒྱ་ནག་གོང་མར་མཁའ་འགྲོ་འུག་གདོང་ལྔའི་ནང་ཚན་དབུས་ཀྱི་མཁའ་འགྲོ་མའི་གནས་དང་། ཕྱིས་སུ་རྒྱལ་བ་མཉམ་མེད་པའི་སྒྲུབ་གནས། དེང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་དར་རྩེ་མདོའི་ཕྱོགས་ལ་ངོས་འཛིན་བྱེད།7 ཞེས་དང་། རྒྱའི་གོང་ཁ་དམར་རུ། བོན་གྱི་སྒྲུབ་སྡེ་སོ་བདུན་ནང་ཚན། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་སྒྲུབ་གནས། དེང་དཀར་མཛེས་བོད་རིགས་ཁུལ། དར་རྩེ་མདོའི་ཕྱོགས་ལ་ངོས་འཛིན་བྱེད།8 ཅེས་རིམ་བཞིན་དུ་གསལ་བར་བསྟན་ཡོད། རྒྱ་སོ་དར་རྩེ་ནི། སྔར་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་སྐུ་རིང་གསང་སྔགས་ཀྱི་སྒྲུབ་གནས་སོ་དྲུག་བཙུགས་པའི་ནང་ཚན་ཞིག་ཡིན་པ་ལས་དབང་ལྷ་མ་བདུན་དང་མ་རྒྱུད་ཀྱི་མཁའ་འགྲོའི་གནས་རི་ཡིན་པ་མ་ཟད་བོན་གྱི་གཏེར་གནས་ཤིག་ཀྱང་ཡིན་པར་བསྟན། ལ་མོ་རྩེ་ནི་དབང་གི་ལྷ་མོ་མཆེད་བརྒྱད་ཀྱི་གནས་དང་། རྒྱའི་གོང་བུ་དམར་རུ་ནི་མ་རྒྱུད་ཀྱི་གནས་ཆེན་རྒྱ་ནག་གོང་མར་མཁའ་འགྲོ་འུག་གདོང་ལྔའི་ནང་ཚན་དབུས་ཀྱི་མཁའ་འགྲོ་མའི་གནས་ཡིན་པ་ནི་གོང་དུ་བསྟན་ཟིན་ཏོ། །


གངས་དཀར་རི་བོའི་ཕྱོགས་གོང་བུ་དམར་རི།

རྒྱ་སོ་དར་རྩེ་ཞེས་པའི་ས་མིང་འགྱུར་ལྡོག་བྱུང་ཚུལ་ལ་དཔྱད་པ།

  རྒྱ་སོ་དར་རྩེ་འི་ས་མིང་ལ་འགྱུར་ལྡོག་སྣ་ཚོགས་པ་ཞིག་བྱུང་ཡོད་དེ། རྒྱ་ཡུལ་དར་རྩེ་དང་། ལ་མོ་དར་རྩེ། ལ་མོ་དེལ་རྩེ། དར་རྩེ་མདོ། རྒྱལ་མོ་དར་རྩེ། ཏ་ཙི། དར་མདོ་ཟེར་བ་སོགས་མང་པོ་བྱུང་ཚུལ་ལས།

  དང་པོ་རྒྱ་ཡུལ་དར་རྩེ་ཞེས་འབོད་པ་ནི། དུས་རབས་བཅུ་གསུམ་པའི་ནང་དུ་བྱུང་བའི《སྲིད་པ་རྒྱུད་ཀྱི་ཁ་བྱང》ལས། གཤེན་ཕྲན་རྐང་མགྱོགས་གྲུབ་པ་རྣམས་ཀྱིས་ཏི་ཙེ་ཤེལ་ཕུག་མས་ཆད་དང༌། རྒྱ་ཡུལ་དར་རྩེ་ཡས་ཆད་ཀྱི། གཏེར་ཁ་སུམ་བརྒྱ་དྲུག་བཅུ་རུ། གཡུང་དྲུང་བོན་རྣམས་གཏེར་དུ་སྦས་ཏེ།9 ཞེས་དང་། དེ་བཞིན་དུ་རབ་བྱུང་བཅུ་བཞིའི་ས་ལུག་ལོ་སྟེ་སྤྱི་ལོ༡༨༥༩ལོར་སྐུ་འཁྲུངས་པའི་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་རིན་པོ་ཆེའི་མཛོད》ལས། ཏི་སེ་ཤེལ་ཕུག་མན་ཆད་དང་། རྒྱ་ཡུལ་དར་རྩེ་ཡན་ཆད་དུ། གཏེར་ཁ་སུམ་བརྒྱ་དྲུག་ཅུ། གཏེར་ཕྲན་གྲངས་མེད་པ་རྣམས་གཏེར་དུ་སྦས་ཏེ་སྨོན་ལམ་དཀར་ནག་བཏབ།10 ཞེས་སོགས་ལས་རྒྱ་སོ་དར་རྩེ་དེ་རྒྱ་ཡུལ་ཡིན་པར་བསྟན་ཡང་། དོན་དུ་རྒྱ་ཡུལ་དང་བར་ཐག་ཉེ་བའི་ཡུལ་ལམ་གནས་ཤིག་ཡིན་པས་དེ་སྐད་བརྗོད་དོ། །གཞན་དུ་རྒྱ་ཡུལ་དར་རྩེ་དེ་བོན་གྱི་གཏེར་བོན་སྦས་ཡུལ་གཙོ་བོ་ཞིག་ཡིན་པ་གསལ་བར་བསྟན་ཏོ། །

  གཉིས་པ་ལ་མོ་རྩེ་ཞེས་འབོད་པ་ནི། དུས་རབས་བཅུ་གསུམ་པའི་ནང་དུ་བྱུང་བའི《སྲིད་པ་རྒྱུད་ཀྱི་ཁ་བྱང》ལས། ལ་མོ་དར་རྩེ་ན་སྦས་པའི་ཡུལ་ཡོད་དོ། །11 ཞེས་དང་། རབ་བྱུང་བཅུ་བཞི་པའི་མེ་ཕག་ལོ་སྟེ་སྤྱི་ལོ༡༨༧༩ལོར་སྐུ་འཁྲུངས་པའི་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས་པའི《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》ལས། སྟོད་ཁྱུང་ལུང་དངུལ་མཁར་ནས་སྨད་ལ་མོ་དར་རྩེ་ཡན་ཆད་གཏེར་དང་གཏེར་ཕྲན་ཇི་སྙེད་པར་སྦས་ཏེ།12 ཞེས་རྒྱ་སོ་ལ་མོ་ཞེས་པའི་ས་ཆ་དེ་རྒྱ་སོ་དར་རྩེའི་ཡུལ་དབུས་སམ་རྒྱ་ནག་གོང་དཀར་ལ་མོ་ཞེས་པའི་ས་ཆ་དེ་གཙོ་བོ་འཛིན་པས་དེ་སྐད་འབོད་ཚུལ་འོག་ཏུ་གསལ་ལོ། །གང་ལྟར་ཡང་གནས་དེ་ཡང་བོན་གྱི་གཏེར་གནས་ཁྱད་པར་ཅན་ཞིག་ངོས་འཛིན་གནང་འདུག་གོ །

  གསུམ་པ་ལ་མོ་དེལ་རྩེ་འབོད་པ་ནི། བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱའི་ལོ་སྟེ་སྤྱི་ལོ༡༧༠༥ལོར་སྐུ་འཁྲུངས་པའི་སངས་རྒྱས་གླིང་པས་བརྩམས་པའི《རྒྱ་སོ་དེར་རྩེ་གང་བུ་ནུབ་ཕྱོགས་དུར་ཁྲོད་ཀྱི་གནས་བདག་དབང་གི་ལྷ་མོ་བདུན་གྱི་མཆོད་ཐབས》ཞེས་པའི་ནང་དུ། རྒྱ་སོ་དེར་མོ་རྩེ་གོང་བུ་མཁའ་འགྲོ་འདུས་པའི་གནས་ཞེས་བྱ་བ་ལ་མོ་དེལ་རྩེ་འདི་ལ་ཟེར།13 ཞེས་རྒྱ་སོ་དར་རྩེ་དེ་ལ། ལ་མོ་དེར་རྩེ་དང་ལ་མོ་དེལ་རྩེ་ཞེས་ཀྱང་བྲིས་འདུག དེལ་ཞེས་པ་ནི་རི་དང་སྒང་ལ་གོ །སྔོན་ཆད་ཀྱི་ཡིག་ཆ་དག་ལས་དེལ་ཞེས་པའི་ཐ་སྙད་དེ་འབྱུང་འདུག དཔེར་ན། རྨ་རི་དེལ་གསུམ་ལྟ་བུའོ། །

  བཞི་པ་དར་རྩེ་མདོ་ཞེས་འབོད་པ་ནི། རབ་བྱུང་བཅོ་ལྔ་པའི་མེ་བྱ་ལོ་སྟེ་སྤྱི་ལོ༡༨༩༧ལོར་སྐུ་བལྟམས་པའི་དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས་པའི《འཛམ་གླིང་མཐའ་དབུས་ཀྱི་རྣམ་བཞག་ཉེར་མཁོའི་སྣང་བ》ལས། དར་རྩེ་མདོའི་ཤར་ན་རྒྱ་རོང་གི་ཡུལ་དུ་རྒྱལ་ཁབ་བཅོ་བརྒྱད།14 ཞེས་དང་། རབ་བྱུང་བཅུ་དྲུག་པའི་ས་འབྲུག་ལོ་སྟེ་སྤྱི་ལོ༡༩༢༨ལོར་སྐུ་འཁྲུངས་པའི་རྒྱལ་ཚབ་ཀུན་བཟང་བློ་གྲོས་ཀྱིས་བརྩམས་པའི《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》ལས། མི་ཉག་རབ་སྒང་ནི། མགར་ཐར་མན་ཆད་དང་དར་རྩེ་མདོ་ཡན་ཆད་ཡིན་པར་གསལ།15 ཞེས་སོགས་ལས་དར་རྩེ་མདོ་ཞེས་ཐ་སྙད་བཏགས་འདུག དར་རྩེ་མདོ་ཞེས་པ་ནི་རྒྱ་སོ་ལ་མོ་དར་རྩེའི་བསྡུས་མིང་ངོ་། །

  ལྔ་པ་རྒྱལ་མོ་དར་རྩེ་ཞེས་འབོད་པ་ནི། དུས་རབས་བཅུ་བཞི་པའི་ནང་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི《རྗེ་རིན་པོ་ཆེའི་རྣམ་ཐར་ངོ་མཚར་པད་མོའི་འཕྲེང་བ》ལས། སྟོད་དབུས་གཙང་རུ་བཞི་མན་ཆད། སྨད་རྒྱལ་མོ་དར་རྩེ་ཡན་ཆད་ཀྱི་དབེན་གནས་རྣམས་སུ་ཐུགས་དམ་ཆུ་བོའི་རྒྱུན་བཞིན་དུ་མཛད་ནས།16 ཞེས་འབོད་པའི་རྒྱུ་མཚན་ནི། ས་ཆ་དེ་རྒྱལ་མོ་རོང་དང་བར་ཐག་ཉེ་བ་དང་། དར་རྩེ་མདོའི་ཉེར་སྐོར་གནས་དེ་ཡང་མ་མཆོག་སྲིད་པ་རྒྱལ་མོའམ་མ་མོ་འདུས་པའི་གནས་རི་ཡིན་པས་དེ་སྐད་འབོད་པར་བཤད་དོ། །

  དྲུག་པ་ཏ་ཙི་ཞེས་འབོད་པ་ནི། ཏ་ཙི་ཞེས་པ་ནི་མི་ཉག་གི་སྐད་དུ་འདོད། མི་ཉག་སྐད་དུ་ཚ་ཆུའམ་ཆུ་ཚན་ལ“ཏ་ཙི”ཞེས་འབོད། རྒྱུ་མཚན་ནི་ས་གནས་དེ་ལ་ཚ་ཆུ་མང་པོ་ཡོད་པས། ཏ་ཙི་མདོ་ཡང་ཟེར། ད་སྐབས་ཀྱང་ཚ་ཆུ་མང་པོ་ཡོད་ལ། ཚ་ཆུ་མགྲོན་ཁང་དང་། མིས་བདག་ཏུ་བཟུང་བ་དང་མིས་བདག་ཏུ་མ་བཟུང་བའི་ཚ་ཆུ་སོགས་ཧ་ཅང་མང་བས་མི་ཉག་སྐད་དུ་ཏ་ཙི་ཞེས་འབོད། མི་ཉག་སྐད་དེ་ལུང་སྐད་ཅིག་ཡིན་པས། དེ་བོད་སྤྱི་སྐད་ཀྱི་ལམ་ནས་ཡིག་ཐོག་ཏུ་འབྲི་སྐབས་དར་རྩེ་མདོ་ཞེས་ཐོན་པ་ཚེ་རྣམ་དྲྭ་གྲོགས་ཀྱིས་སྒྲིག་སྦྱོར་བྱེད་པའི་རྩོམ་ཡིག་ཐོར་བུ་ཞིག་ལས་བཤུས་སོ། །

  བདུན་པ་དར་མདོ་ཞེས་འབོད་པ་ནི། དར་རྩེ་མདོ་ཞེས་པའི་ཐ་སྙད་དེ་བསྡུས་ཏེ་འབོད་སླ་མོ་བྱས་པས་དར་མདོ་ཟེར་རོ། །ཕྱིས་སུ་དར་མདོ་རྫོང་ཞེས་འབྲི་བ་ཡང་བྱུང་ངོ་། །དེང་སང་དར་རྩེ་མདོའམ་དར་མདོ་ནི་རྫོང་ཞིག་ཡིན། སི་ཁྲོན་ཞིང་ཆེན་ཁོངས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་གནས་ཡུལ་དང་དར་རྩེ་མདོ་རྫོང་གི་གནས་ཡུལ་གཉིས་ཀ་ཡིན།

ལ་མོ་དར་རྩེ་དང་ལྷ་མོ་རྩེ་ཞེས་པའི་དོན་ལ་དཔྱད་པ།

  རྒྱ་སོ་ལ་མོ་དར་རྩེ།17 སྔོན་གྱི་ལོ་རྒྱུས་སུ་གྲགས་པ་དེའི་གནད་དོན་ངོ་མ་དེ་གང་ཡིན་ཞེ་ན། འཛམ་བུ་གླིང་གི་ཡུལ་ན་གནས་རི་དང་བྲག་རི་མང་པོ་ཞིག་ཡོད་པ་ལས་ཤར་ཕྱོགས་རྒྱ་བོད་གཉིས་ཀྱི་སོ་མཚམས་ན་ཡོད་པའི“ལ་མོ་ཤང”གི་གནས་ན། གངས་དཀར་མཆེད་བརྒྱད་ཀྱི་རི་བོ་དབལ་སོ་མདུང་རྩེ་ཟིང་ཟིང་འདྲ་བའི་ཕྱོགས་ན་ཡོད་པའི་འདུས་གནས་དེ་ལ“ལ་མོ་དར་རྩེ”ཞེས་འབོད་སྲོལ་ཆགས་ཡོད།18 གནས་འདི་ནི་སྔོན་ཆད་བོན་པོའི་གསང་སྔགས་ཀྱི་བོན་རྣམས་གཏེར་ལ་སྦས་པའི་གཏེར་གནས་ཀྱི་ཡུལ་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཞིག་ཡིན་པ་ནི་ཞང་བོད་ཚིག་མཛོད་ཆེན་མོ་ནང་དུ་བཀོད་པ་དང་། དྲན་པ་བཀའ་ཐང་ལྟར་ན། གཏེར་གནས་རེ་གཅིག་གི་ནང་ཚན་ཞིག་ཡིན་པར་གསལ་བོ་བསྟན་འདུག19 ལ་མོ་རྩེ་ནི་མ་རྒྱུད་མཁའ་འགྲོ་འུག་གདོང་གི་གནས་རི་ཡིན་ནོ། །ལ་མོ་དར་རྩེ་ལ། ལ་མོ་དེ་རྩེ་གང་བུ་ཡང་ཟེར་བ་ནི《བོན་གྱི་བཀའ་བརྟེན་ཕྱོགས་བསྡུས་དཀར་ཆག》ལས་གསལ་ལོ། །20 དེའི་བྱུང་ཁུངས་དེ་ཡང་སངས་རྒྱས་གླིང་པའི་གཏེར་བོན《ཀུན་བཟང་འོད་དཔག་མེད་ཀྱི་སྒྲུབ་ཐབས》ལས་བྱུང་ཚུལ་འོག་ཏུ་གསལ་ལོ། །གནས་དེ་ནི་བོད་རིགས་གཙོ་བོ་འདུས་སྡོད་བྱས་པའི་ས་ཆ་ཞིག་རེད། ཕྱིས་སུ་ཀུན་གྱིས་དར་རྩེ་མདོ་ཞེས་འབོད། དར་རྩེ་མདོ་ཟེར་བ་ཙམ་གྱིས་ཚང་མས་དར་མདོའི་མཛའ་གླུ་ཡིད་ལ་དབང་མེད་དུ་ཤར་རྒྱུ་རེད། འོན་ཀྱང་། སྔོན་གྱི་ལོ་རྒྱུས་ཡིད་ལ་ཤར་མཁན་ཉུང་ཉུང་ཡིན་རྒྱུ་རེད། དེས་ན་དར་མདོའི་མཛའ་གླུ་ནང་ལེན་པའི་གདན་ཐོག་རི་བོ་ཡང་ས་འདི་ན་གནས་ཡོད། དེ་ཡང་གདན་ཐོག་རི་བོ་ལ་འབོད་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་འདི་ལྟར་སྟེ། གདན་ཐོག་རི་བོ། ལྷ་མོ་རྩེ། ཕག་མོའི་རི། རྟ་རྒྱུག་རི་བོ་བཅས་སོ། །

  དང་པོ་གདན་ཐོག་རི་བོ་ཟེར་བའི་དོན་ནི་རི་བོ་འདིའི་རྩེ་ལ་བོད་གདན་བཏིང་བ་འདྲ་བའི་སྤང་ཐང་ཆུང་ཆུང་ཞིག་ཡོད་པའི་རྒྱུ་མཚན་གྱིས་དེ་སྐད་ཟེར། དེ་ནི་ངག་སྒྲོས་ཙམ་དུ་ཟད་དོ། །

  གཉིས་པ་ལྷ་མོ་རྩེ་ཟེར་ནས་འབོད་དོན་ནི། སྤྱིར་ལྷ་མོ་རྩེ་ཞེས་པ་ནི་གདན་ཐོག་རི་བོ་ཙམ་དུ་མ་ཟད། སྔོན་གྱི་ལོ་རྒྱུས་སུ་གྲགས་པའི་ལ་མོ་དར་རྩེ་ཞེས་པའི་ཡུལ་ལམ་གནས་ལ་ལྷ་མོ་རྩེ་ཟེར། ལྷ་མོ་རྩེ་ནི་ལ་མོ་དར་རྩེ་དེ་སྒྲ་འགྱུར་བར་མངོན། ལ་ལས་ལྷ་མོ་རྩེ་ཟེར་བ་དེ་ད་ལྟར་དར་རྩེ་མདོའི་ནང་ལ་གནས་ཡོད་པའི་ལྷ་མོ་རྩེ་དགོན་པ་རེད་ཟེར། ཡིན་ཡང་རིག་གནས་གསར་བརྗེ་ཆེན་པོའི་སྐབས། ལྷ་མོ་རྩེ་དགོན་པ་མེ་ལ་བསྲེགས་རྗེས། ད་ལྟ་ལྷ་ཡོད་ས་ལ་གནས་སྤོར་ས་རེད། ཅེས་ལྷ་མོ་དགོན་པའི་མིང་དེ་རི་ལ་ཐོགས་པ་ལྟ་བུ་བཤད་ཀྱང་དོན་དུ་དེ་ལྟར་མ་ཡིན། ལྷ་མོ་རྩེ་ཞེས་པ་ནི། བཀའ་སྐྱོང་དབང་གི་མ་བདུན། ལྷ་མོ་མཆེད་བརྒྱད་དང་དབང་གི་མ་སྨན་བདུན་སོགས་ཀྱི་གནས་རི་ཡིན་པས་དེ་སྐད་བརྗོད་དེ། 《དབང་གི་ལྷ་མོ་བདུན་གྱི་མཆོད་ཐབས》ལས། གནས་མཆོག་ལ་ཤང་སྐུ་གསུམ་རི་མཆོག་གི །ལ་མོ་དེ་རྩེ་དབང་གི་ཞིང་སྐྱོང་མ། །དམ་ལྡན་ལྷ་མོ་དཔོན་གཡོག་མ་ལུས་ཚོགས། །གནས་འདིར་གཤེགས་སུ་གསོལ་བཞུགས་པར་མཛད་ནས་ཀྱང་། །21ཞེས་ལྷ་མོ་དབང་གི་མ་བདུན་གྱི་འདུས་གནས་ཡིན་པ་དང་། རྒྱ་སོ་དེར་རྩེ་གང་བུ་ནུབ་ཕྱོགས་དུར་ཁྲོད་ཀྱི་གནས་བདག་དབང་གི་ལྷ་མོ་བདུན་ཡོད་པ་བཅས་བསྟན་ཡོད།

  གསུམ་པ་ཕག་མོ་རི་ཞེས་འབོད་དོན་ནི། ལྷ་མོ་རྩེའི་རི་བོ་དེ་རྡོ་རྗེ་ཕག་མོའི་གནས་རི་ཡིན་པར་བཤད། ཀརྨ་སྐུ་ཕྲེང་འགའ་གནས་འདིར་བྱོན་ནས་བྱིན་གྱིས་བརླབས་ཚུལ་གྱི་ལོ་རྒྱུས་ཡོད་པར་གྲགས། རྡོ་རྗེ་ཕག་མོ་ནི་བདེ་མཆོག་གི་ཡུམ་བཀའི་ལྷ་མོ་ཞིག་གི་མཚན་ནོ། །


跑马山

  བཞི་པ་རྟ་རྒྱུག་རི་བོ་ཞེས་པ་ནི། ཕག་མོ་རི་ཞེས་པའི་ཐ་སྙད་དེ་རྒྱ་སྐད་སྟེང་དུ(跑马山)ཞེས་བསྒྱུར་བ་དེ། དེང་སང་བོད་ཀྱི་ལོ་རྒྱུས་དང་ས་གནས་ཀྱི་རྒྱུ་མཚན་མི་ཤེས་པའི་བོད་མི་མང་པོ་ཞིག་གིས(跑马山)ཞེས་འབོད། ཕྱིས་སུ་བོད་ཕྲུག་གཞོན་རབས་པ་ཚོས་ཐད་བསྒྱུར་བྱས་ཏེ་རྟ་རྒྱུག་རི་བོ་ཞེས་བྲིས་པ་རེད། ལོ་རྒྱུས་ཕྱི་མདང་ཞིག་བརྒྱབ་ཚེ། རྟ་རྒྱུག་རི་བོ་ཞེས་པ་ནི་གང་དྲན་དྲན་གྱིས་བཏགས་པའི་འདོད་རྒྱལ་གྱི་མིང་ཙམ་ལས་དོན་ཅི་ཡང་བསྟན་མི་ཐུབ་བོ། །

དར་རྩེ་མདོ་ཞེས་པའི་གོ་དོན་ལ་དཔྱད་པ།

  དར་རྩེ་མདོ་ཞེས་པའི་གོ་དོན་ལ་མཁས་རྣམས་མི་མཐུན་བདེན་དོན་ཀུན་ལ་ཡོད་ཞེས་པ་ལྟ་བུ་ཆགས་འདུག ལ་ལས་བཤད་པ་ལྟར་ན། དར་རྩེ་མདོ་ཞེས་པ་ནི་མི་ཉག་སྐད་ཏ་ཙིའི་སྒྲ་འགྱུར་ཏེ། བོད་ཡིག་འབྲི་ཚེ་དར་རྩེ་ཞེས་པ་དང་། མདོ་ཁམས་སྨད་ཀྱི་ས་ཆ་ཡིན་པས་དར་རྩེ་མདོ་ཟེར་བ་དང་། དར་རྩེ་མདོ་ཞེས་བོད་ཡིག་ཏུ་བྲིས་རྗེས་དར་གྱི་རྩེ་མོ་དང་། དར་དང་སྨན་བརྗེ་རེས་བྱེད་ཡུལ་སོགས་ཀྱི་འགྲེལ་བཤད་མང་པོ་བྱས་མྱོང་། འོན་ཀྱང་། བོན་ལུགས་ལ། དར་རྩེ་མདོ་ཞེས་པ་ནི་སངས་རྒྱས་གླིང་པའི་འོད་དཔག་མེད་ཀྱི་སྒྲུབ་སྐོར་དུ། ལ་མོ་དེ་རྩེ་ཞེས་པའི“དེ”ཡི་ཡིག་གཟུགས་འགྱུར་བས་དར་ཞེས་བྲིས་པར་སྣང་། ལ་མོ་དེ་རྩེ་ཞེས་པའི“དེ”ནི་ཐག་རིང་ངོས་འཛིན་གྱི་ཕྲན་རང་དབང་ཅན་ཞིག་ཡིན་པས། ལ་མོ་ཞེས་པའི་ས་ཆ་དེ་ཡི་རྩེ་ལ་ངོས་འཛིན་པས་ལ་མོ་དེ་རྩེ་ཟེར། རྗེས་སུ་ལ་མོ་དར་རྩེ་ཟེར་བ་དང་། ཕྱིས་སུ་དར་རྩེ་མདོ་ཞེས་ཟེར་སྲོལ་ཆགས་པར་སྣང་། །ཐོན་པ་ཚེ་རྣམ་གྱིས་སྒྲིག་སྦྱོར་བྱེད་པའི་རྩོམ་ཡིག་ཐོར་བུ་ཞིག་ལས། གང་ལྟར་ས་གནས་དེ་སྔོན་ཆད་མི་ཉག་པའི་ལྟེ་བ་ཞིག་ཡིན་པས། མི་ཉག་སྐད་དང་འབྲེལ་བའི་འགྲེལ་བཤད་འདི་དོན་ལ་གནས་པར་སེམས། དམངས་ཁྲོད་དུ་དེ་ལྟར་བཤད་མཁན་ཡོད། ཅེས་གསུང་པ་ལ་གནས་ལུགས་མེད་པ་ཞིག་ག་ལ་ཡིན།

  འོན་ཀྱང་། སངས་རྒྱས་གླིང་པའི་གཏེར་མ《བཀའ་སྐྱོངས་དབང་གི་མ་བདུན་སྒྲུབ་ཐབས་མུ་ཏིག་རྩ་ཕྲེང》ལྟར་ན། དར་རྩེ་མདོ་དེ་ནི་དབང་གི་མ་བདུན་གྱི་སྒྲུབ་གནས་ཡིན་ཚུལ་དང་། ཇོ་མོ་གནམ་ཕྱི་གུང་རྒྱལ་གྱི་ཐུགས་དཀར་མ་ཡིག་དཀར་མོ་བདུན་འཕྲོས་པ་ལས་དབྱར་གྱི་མོ་བཙུན་དཀར་མོ་བདུན་དུ་གྱུར། དེ་བདུན་ལ་དབང་གི་མ་བདུན་ཞེས་འབོད། གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་དུར་ཁྲོད་འབུམ་ཕྲག་འདུས་པའི་གནས། གངས་དཀར་མཆེད་བརྒྱད་དབལ་སོ་མདུང་རྩེ་ཟིང་པ་ལྟ་བུ་དེར“ལ་མོ་དེ་རྩེ”ཞེས་འབོད་པའི་གནས་སུ་ཡོད། གནས་དེ་ལ་དབང་གི་དུར་ཁྲོད་ཅེས་ཀྱང་བྱ། ལ་མོ་དེ་རྩེ་ཞེས་ཀྱང་བྱ། ཐུགས་རྗེ་ཆེན་པོའི་རི་བོ་ཞེས་ཀྱང་བྱ། ཚད་མེད་བཞི་ལྡན་གནས་མཆོག་ཅེས་ཀྱང་བྱ།22 ཞེས་གསལ་བར་བསྟན་ཡོད་དོ། །

དར་རྩེ་མདོའི་ལོ་རྒྱུས་ལ་དཔྱད་པ།

  ཚང་མས་ཤེས་གསལ་ལྟར་དར་རྩེ་མདོ་ཞེས་པ་ནི་མདོ་དབུས་ཁམས་གསུམ་ཕྱེས་པའི་ཁམས་ཕྱོགས་སུ་གཏོགས་པ་དང་། མདོ་ཁམས་སྟོད་སྨད་གཉིས་སུ་ཕྱེས་པའི་མདོ་ཁམས་སྨད་ཀྱི་ཡུལ་གྲགས་ཅན་ཞིག བོན་གྱི་བཀའ་འགྱུར་གྱི་ནང་ཚན《རབ་གནས་སྐོར་གསུམ》ལས། རྒྱའི་ཀོང་བུ་མ་རུ་རུ། རྒྱལ་བ་རྩེ་དགུའི་མཆོད་རྟེན་བཞེངས་སུ་གསོལ་ཏེ། ལད་དཔོན་ཁྲོམ་གེ་སར་དམག་གི་རྒྱལ་པོས་མཛད།23 ཞེས་རྒྱའི་གོང་བུ་དམར་རུའམ་རྒྱ་སོ་ལ་མོ་དར་རྩེ་ཞེས་ས་གནས་དེར་རྒྱལ་བ་སྟོན་པ་གཤེན་རབ་མི་བོས་བྱིན་གྱིས་བརླབས་པའི་རྒྱལ་བ་རྩེ་དགུའི་མཆོད་རྟེན་ཞིག་བཞེངས་ཡོད་པར་བསྟན། དེ་ལྟར་ན། མི་ལོ་བཞི་སྟོང་ཡར་སྔོན་ནས་དར་རྩེ་མདོའི་ཕྱོགས་ལ་བོན་བསྟན་དར་བ་མ་ཟད་རྟེན་གསུམ་གྱི་ནང་ཚན་མཆོད་རྟེན་བཞེངས་སྲོལ་ཡང་དར་ཡོད་དོ། །

  བོད་རྒྱལ་དང་པོ་གཉའ་ཁྲི་བཙན་པོའི་སྐུ་གཤེན་ནམ་བླ་མ་ནམ་མཁའ་སྣང་བ་མདོག་ཅན་གནས་འདིར་བྱོན་ནས་བྱིན་གྱིས་བརླབས་པ་མཛད་པ་དང་།24 བོད་རྒྱལ་གཉིས་པ་རྒྱལ་པོ་མུ་ཁྲི་བཙན་པོའི་སྐུ་རིང་ལ་རྒྱ་སོ་དར་རྩེ་དེ་བོན་གྱི་གསང་སྔགས་སྒྲུབ་གནས་སོ་བདུན་གྱི་ནང་ཚན་ཞིག་ཡིན་པ་དང་།


རྒྱ་བོན་ཟིང་པ་མཐུ་ཆེན།

  རྒྱ་བོན་ཟིང་པ་མཐུ་ཆེན་དེ་ཡང་གནས་འདིར་བྱོན་ནས་བསྙེན་བསྒྲུབ་པ་མཛད་པ་དང་།25 རྒྱ་བོན་ཟིང་པ་མཐུ་ཆེན་གྱིས་གནས་འདིར་རྒྱ་ལྕམ་དཀར་མོ་ཡུམ་བཞེས་པའི་ལོ་རྒྱུས་ཀྱང་ཡོད། རྒྱ་བོན་ཟིང་བ་མཐུ་ཆེན་ཞེས་པ་དེ་ནི་ཞང་བོད་གྲུབ་ཆེན་བརྒྱད་ཅུ་ལས་བར་གྱི་གདུང་བརྒྱུད་བཅུ་གསུམ་གྱི་ནང་ཚན་ཡིན། ཁོང་གི་འཁྲུངས་ལོའི་ཐད་ལ། 《གནས་ཆེན་དུང་རི་དཀར་པོའི་དཀར་ཆག》སོགས་ལས། རྒྱ་བོན་ཆེན་པོ་ཟིང་བ་མཐུ་ཆེན་ནི་སྤྱི་ལོ་སྔོན་གྱི་དུས་རབས་ཉེར་གཉིས་པ་ཡས་མས་སུ་འཁྲུངས་པར་བསྟན་འདུག་པ་ལྟར་ན་ད་བར་ལ་མི་ལོ་བཞི་སྟོང་ཉིས་བརྒྱ་ཡས་མས་སུ་ཕྱིན་འདུག26 ཞེས་གསུངས་སོ། །རྒྱ་ནག་གོང་བུ་དམར་རུ་སྟེ་དེང་སི་ཁྲོན་དཀར་མཛེས་ཁུལ་དར་རྩེ་མདོར་སྐུ་འཁྲུངས་པར་གྲགས་པར་བཤད། དེ་ལྟར་ནའང་མི་ལོ་བཞི་སྟོང་ཡས་མས་སུ་དར་རྩེ་མདོ་ལ་བོན་གྱི་བསྟན་པ་དར་བ་མངོན་སུམ་རྟོགས་ཐུབ་བོ། །ངག་རྒྱུན་ལ་ཁོང་གིས་རྒྱ་ནག་གོང་བུ་དམར་རུ་ལ་ཚ་ཆུ་གཏེར་བཞེས་པར་གྲགས། འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས་དེབ་འཕྲེང་གཉིས་པས་ནང་དུ་རྒྱ་བོན་ཟི་པོ་མཐུ་ཆེན་གྱིས་བཙན་མཁར་ངོ་ལ་ཆུ་མིག་འབབས་ནུས་པ་བཞེད།27 ཅེས་གསལ་བར་གསུངས་སོ། །དེ་ནི་ཟིང་ཆུའི་ཡུལ་དུ་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་གཏེར་ཆུ་ཡོད་པར་གྲགས་པ་དང་མཚུངས་སོ། །རྒྱ་བོན་ཟིང་པ་མཐུ་ཆེན་ཁོང་གི་གསང་ཡུམ་རྒྱ་ལྕམ་དཀར་མོ་ཡང་གནས་འདིར་སྐུ་འཁྲུངས་ཤིང་བསྙེན་བསྒྲུབ་མཛད་པ་དང་། བསྟན་འགྲོའི་དོན་འབད་མེད་མཛད་ཡོད་དོ། །28


བལ་པོའི་ལུགས་ཀྱི་རྒྱ་བོན་ཟིང་པ་མཐུ་ཆེན། 范久辉提供

  བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོས་བོན་བསྟན་བསྣུབས་སྐབས། རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོ་སོགས་བོན་གཤེན་མང་པོས་བོན་གཏེར་སྦས་པ་དང་སྒྲུབ་པ་མཛད་པའི་ལོ་རྒྱུས་ནི《སྲིད་པ་རྒྱུད་ཀྱི་ཁ་བྱང》སོགས་ལས་གསལ་ལོ། །བླ་ཆེན་དྲན་པ་ཡབ་སྲས་གནས་འདིར་ཕེབས་ནས་གནས་དེ་བྱིན་གྱིས་བརླབས་པ་མཛད་པ་དང་། ཁྱད་པར་གྱིམ་ཤོད་གཡུ་ཕུག་ཤེལ་བྲག་ཏུ་ཐུགས་རྗེ་ཆེན་པོའི་དབང་གི་མ་བདུན་བཀའ་དམ་བཞག་པར་མཛད་པའི་ལོ་རྒྱུས་ཀྱང་ཡོད།29 བོད་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་བོད་ཀྱི་ཁོངས་སུ་གཏོགས་པར་བཤད་ཀྱང་དེའི་སྐོར་གྱི་ལོ་རྒྱུས་གསལ་བོ་མ་མཐོང་། 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ》ལས། རྒྱ་ཡི་གོང་བུ་དམར་ལ་མོན་བོན་དགུ་དུས་གཅིག་ཏུ་སངས་རྒྱས་སོ། །30ཞེས་པའི་རྒྱ་ཡི་གོང་བུ་དམར་དེ་ཡང་རྒྱ་སོ་ལ་མོ་དར་རྩེ་དང་དེའི་ཕྱོགས་ཡིན་པར་འོག་ཏུ་བཀོད་དོ། །བར་སྐབས་ཤིག་ལ་མི་ཉག་གི་ཁོངས་སུ་གཏོགས་སོ། །

  བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བཻ་རོ་ཙ་ན་དེ་ཡང་ལ་མོ་དེ་རྩེ་གོང་བུ་རུ་བྱོན་ནས་ཟབ་མོ་གཏེར་རྣམས་སྦས་པ་དང་། དབང་གི་མ་བདུན་སྒྲུབ་གནས་ཀྱི་དཀར་ཆག་བཏབ་པར་བཤད།31 དུས་རབས་བཅུ་གསུམ་པའི་ལྕགས་འབྲུག་སྟེ་སྤྱི་ལོ༡༢༨༠ལོར་ཨ་མདོ་ཁོད་པོའི་ཡུལ་དུ་སྐུ་བལྟམས་པའི་ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》ལས། བཀའ་རྟགས་སུ་ཞལ་བུ་ཆ་ལྔ་ཡོད། རྒྱ་སོ་ལ་མོ་དར་རྩེའི་ཤེལ་ཕུག་གསང་མཚོ་རུ། བོན་གྱི་རྒྱུད་སྡེ་བཅུ་བདུན་སྦས།32 ཞེས་པའི་ལུང་ཚིགས་ལ་བརྟགས་ཚེ་ཁྲི་སྲོང་ལྡེ་བཙན་བོན་བསྣུབས་པའི་སྐབས་སུ་བོན་གཤེན་མང་པོ་ཞིག་གནས་འདིར་ཕེབས་ནས་བོན་གཞུང་མང་པོ་གཏེར་དུ་སྦས་པར་བསྟན། ཕྱིས་ཡོངས་གྲགས་སུ་ཡུལ་དེ་རྒྱ་བོད་མི་རིགས་གཉིས་སྡོད་ཡུལ་གྱི་མཚམས་ཤིག་ཡིན་པས་རྒྱ་སོ་དར་རྩེ་ཞེས་གྲགས་སོ། །ལོ་རྒྱུས་ཐོག་ཡུལ་དེ་ནི་སྨད་ཁམས་ཀྱི་བོན་བསྟན་དར་ཡུལ་དང་། ཆོས་ལུགས། ཆབ་སྲིད། དཔལ་འབྱོར། རིག་གནས། དམག་དོན། ཚོང་འགྲུལ་སོགས་ཀྱི་ལྟེ་གནས་ཡིན་པར་བཤད་འདུག

  དུས་རབས་བཅུ་གསུམ་པའི་ས་སྐྱ་པའི་སྲིད་དབང་དུས་ནས་ཡུལ་དེར་ལྕགས་ལ་ཞེས་པའི་ཁྱིམ་རྒྱུད་གྲགས་ཅན་ཞིག་བྱུང་སྟེ་ཕྱིས་སུ་ལྕགས་ལ་རྒྱལ་པོ་ཞེས་པ་དེ་ཡིན་པར་བཤད།

  དུས་རབས་བཅུ་བཞིའི་མེ་སྤྲེལ་ཏེ་སྤྱི་ལོ༡༣༥༦ལོར་སྐུ་འཁྲུངས་པའི་མཉམ་མེད་ཤེས་རབ་རྒྱལ་མཚན་གནས་འདིར་ཕེབས་ནས་མ་རྒྱུད་མཁའ་འགྲོ་འུག་གདོང་གི་གནས་རི་དེར་ཕྱྭ་སྲས་ཀེང་ཙེ་ལན་མེད་སྒྲུབ་པ་མཛད་པ་དང་།33 རྒྱའི་གོང་རུ་དམར་པོའི་མཆོད་རྟེན་རལ་བ་བཞེངས་གསོལ་མཛད་པ་སོགས་ཀྱི་ལོ་རྒྱུས་དང་གཏམ་རྒྱུད་སྣ་སོགས་འདུག

  དུས་རབས་བཅོ་ལྔ་མིང་རྒྱལ་རབས་རྒྱལ་ཐོག་གསུམ་པ་ཡུང་ལོ(永乐)ཁྲི་ལོ་ལྔ་པ༡༤༠༧ལར་ཡལ་དེ་ཕྱོགས་སུ་དགུ་ཐང་ས་གནས་སྲིད་འཛིན་དོ་དམ་སྒྲིག་གཞི(明正长河西渔通宁远宣慰使司)བཙུགས། སྲིད་འཛིན་གྱི་འགོ་གཙོ་ནི་ལྕགས་ལ་རྒྱལ་པོ་ཡིན་པར་བཤད། རྒྱལ་པོའི་དབང་ཐང་མཚོན་བྱེད་གོང་མས་དམ་ཕྲུག་གྲུ་བཞི་མ་ཞིག་བསྩལ་ཟེར། དེ་རྗེས་ཡུལ་གྱི་སྲིད་ཀྱི་གནས་སྟངས་ལ་འཕོ་འགྱུར་ལན་མང་བྱུང་ཚུལ་ནི《ལོ་རྒྱུས་ས་མིང་བརྡ་འགྲེལ》ལས་བཤད།34

  དུས་རབས་བཅོ་ལྔའི་ནང་ཐང་སྟོང་རྒྱལ་པོ་དར་རྩེ་མདོར་ཕེབས་ནས་ས་གཡོས་མི་འོང་བའི་བྱང་ཆུབ་མཆོད་རྟེན་བཞེངས་པའི་ས་ཆོག་དང་ཞལ་བཀོད་མཛད་ཅེས་ཐང་རྒྱལ་རྣམ་ཐར་ཞེས་པ་ལས་བྱུང་བར་བཤད། དགའ་ལྡན་ཕོ་བྲང་སྲིད་དབང་འགོར་དུས་གཅིག་རིང་སོག་པོ་ཧོ་ཤོད་ཚོ་པའི་གོ་ཤྲི་ཧན་མི་རྒྱུད་ཀྱི་དབང་ཤུགས་ཀྱང་ཡུལ་དེ་ཕྱོགས་སུ་ཁྱབ་ཅེས་ཟེར། ཁང་ཞི(康熙)ཁྲི་ལོ་བཞི་བཅུ་ཞེ་གཉིས༡༧༠༡ལོ་ནས་ཡུལ་དེར་སླར་མིང་རྒྱལ་རབས་ཀྱི་སྔར་སྲོལ་ལྟར་ལྕགས་ལ་དགུ་ཐང་ས་གནས་སྲིད་འཛིན་དོ་དམ་སྒྲིག་གཞི(明正长河西渔通宁远宣慰使司)བཙུགས། དར་རྩེ་མདོའི་ལྕགས་ལ་རྒྱལ་པོ་ནི་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཁོངས་སུ་གཏོགས།35 ཞེས་གསུངས་སོ། །

  བོད་རབ་བྱུང་བཅུ་གཉིས་པའི་ཤིང་བྱའི་ལོ་སྟེ་སྤྱི་ལོ༡༧༠༥ལོར་སྐུ་འཁྲུངས་པའི་སངས་རྒྱས་གླིང་པ་ཁོང་ཉིད་རྒྱ་སོ་དར་རྩེ་ལ་ཕེབས་ནས་བོན་གཏེར་མང་པོ་བཞེས་ཤིང་བོན་བསྟན་སྤེལ། ཁོང་གིས《རྒྱ་སོ་དེར་རྩེ་གང་བུ་ནུབ་ཕྱོགས་དུར་ཁྲོད་ཀྱི་གནས་བདག་དབང་གི་ལྷ་མོ་བདུན་གྱི་མཆོད་ཐབས》དང་། 《ཀུན་བཟང་འོད་དཔག་མེད་ཀྱི་སྒྲུབ་ཐབས》སོགས་བརྩམས་པའི་གནས་ཡིན།36 སྐབས་དེ་གནས་དེར་ཌཀྐི་འདུ་ར་གླིང་ལ་མོ་ཤེལ་བྲག་ཅེས་དགོན་པ་ཞིག་ཡོད་པར་བཞེད།37 དེང་སང་དགོན་པ་དེ་མཐོང་དུ་མེད་པར་ལྟ་བུ་གྱུར། ཕྱིས་སུ་ཀུན་གྲོལ་གྲགས་པ་སོགས་བོན་གྱི་གཏེར་སྟོན་མང་པོ་ཞིག་གིས་བོན་གཏེར་བཞེས་པའི་ལོ་རྒྱུས་གཞན་དུ་གསལ་ལོ། །

  སྤྱིར་དར་རྩེ་མདོ་ནི་རྒྱ་བོད་ས་མཚམས། ནོར་ལོངས་སྤྱོད་ཀྱི་འདུ་ས་ཡིན་པར་གྲགས། རྒྱལ་དབང་སྐུ་ཕྲེང་ལྔ་པའི་སྐུའི་གོང་ལ་ཡུལ་དེར་དགེ་ལུགས་པའི་དགོན་སྡེ་མེད་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་རིང་དགའ་ལྡན་འགྲོ་ཕན་གླིང་གསར་འཛུགས་བྱས་ཞེས་བཻཌཱུརྱ་སེར་པོ་ལས་བྱུང་། དར་རྩེ་མདོ་ནི་ཚོང་འགྲུལ་དར་རྒྱས་ཆེ་བའི་ཡུལ་ཞིག་ཡིན་པས་དབུས་གཙང་མཐིལ་གི་གཞུང་སྒེར་ཚོང་པས་ལྤགས་རིགས་དང་སྨན་རྫས་སོགས་ཁྱེར་ནས་ཇ་དང་རྒྱ་ཟོག་མཁོ་སྒྲུབ་བྱེད་པར་སླེབས། ལྷག་དོན་བོད་ཡུལ་དུ་ཤིན་ཏུ་མཁོ་བའི་ཇ་ཉོ་སྒྲུབ་བྱེད་ཡུལ་གཙོ་བོ་གཅིག་ནི་དར་རྩེ་མདོ་ཡིན། ཀྲུང་ག་གསར་པ་དབུ་བརྙེས་རྗེས་སྤྱི་ལོ༡༩༥༠ལོར་དར་རྩེ་མདོར་ཤི་ཁང་བོད་རིགས་རང་སྐྱོང་ལྗོངས་བཙུགས། སྤྱི་ལོ༡༩༥༦ལོར་རང་སྐྱོང་ལྗོངས་ཕྱིར་འཐེན་བྱས་ཏེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས། དེང་དར་རྩེ་མདོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གནས་ཡུལ་ཡིན།38 ཞེས《ལོ་རྒྱུས་ས་མིང་བརྡ་འགྲེལ》ལྟར་བཀོད་དོ། །

རྒྱ་སོ་ལ་མོ་དར་རྩེའི་གནས་བཤད་ལ་དཔྱད་པ།

  རྒྱ་སོ་ལ་མོ་དར་རྩེའམ་དར་རྩེ་མདོའི་ཤར་ཕྱོགས་སུ་ཐང་ཆེན་དང་ལྕགས་ཟམ་ཁ་སོགས་དང་། ལྷོ་རུ་བརྒྱད་ཟིལ་དང་མུ་ལི་རྫོང་། ནུབ་ཏུ་ཉག་ཆུ་རྫོང་། བྱང་དུ་རོང་བྲག་དང་རྟའུ་རྫོང་སོགས་དང་འབྲེལ་ཡོད་ལ། སྤྱི་དར་རྩེ་མདོའི་ས་ཆ་ལ་སྔོན་ཚེ་ལ་མོ་དར་རྩེའམ་ལ་མོ་དེ་རྩེ། ཡང་ན་རྒྱའི་གོང་བུ་དམར་ཞེས་ཟེར། རྒྱ་སོ་ལ་མོ་དར་རྩེ་དང་རྒྱའི་གོང་བུ་དམར་རི་ཞེས་པ་གཉིས་ནི་ས་གནས་གཅིག་ཡིན་པར་སྣང་སྟེ། 《དཔལ་ཚུལ་བསྟན་འབྱུང》 ལས། རྒྱ་སོ་དར་རྩེ་ནི་སྨད་རྒྱ་ནག་མཚམས་དར་མདོ་དང་ཉེ་བ་རྒྱའི་གོང་བུ་དམེ་རུ་ཟེར།39 ཞེས་དང་། སྐྱབས་སྟོན་གྱིས་རྒྱ་བོན་གྱིས་རྒྱ་བོད་ཀྱི་མཚམས་ཏེ། དེང་སང་འཇང་ཡུལ་དང་རྒྱ་ཡི་བར་ཤ་ན་བཤད་པའི་གོང་བུ་ཁ་དོག་དམར་རུ་ལ་ཡོད་པའི་ཕུག་པ་སྟེ། བཀའ་རྟགས་ཡང་ཤེལ་རྔ་མནྡལ་རང་གྲུབ་ལ་ཡོད་སྐད་དོ། །མ་རྒྱུད་ལས་བླ་མུ་ཚེ་དང་ཤར་ན་རི་བོ་རྩེ་ལྔ་ཡང་འདི་ཡིན་གནས་ལག་ཏུ་བཤད་དོ། །ཞེས་ཁྲོ་འགྲེལ་ལས་གསུངས་སོ། །ཞེས《སློབ་དཔོན་ཚངས་པ་བསྟན་འཛིན་རིན་པོ་ཆེའི་གསུམ་འབུམ》པོད་གསུམ་པ༼ཤོག་ངོས༢༢༢༽ལས་གསུངས་སོ། །གང་ལྟར་ཡང་། རྒྱ་སོ་ལ་མོ་དར་རྩེ་ནི་ཕྱི་ལྟར་ན་རྒྱ་བོད་གཉིས་ལ་དབང་བསྒྱུར་བརྟན་མའི་ཞིང་། སྐྱོང་མ་བདུན་གྱི་ཚུལ་དུ་གནས་ཡོད། ནང་ལྟར་ན་དུར་ཁྲོད་གཙོ་བོ་མཛད་པའི་གནས། འཇིགས་བྱེད་ཚོགས་བདག་མ་བདུན་བཞུགས། སྲིད་གསུམ་ཚོགས་ཀྱི་བདག་པོ་བྱེད། གསང་བ་ལྟར་ན་ཟབ་མོ་དཀྱིལ་འཁོར་སྲུང་མ་དབང་གི་མ་བདུན་གྱི་གནས་ཡིན།40 གནས་དེ་ལ་ནམ་མཁའ་སྣང་བ་མདོག་ཅན། ཟིང་པ་མཐུ་ཆེན། རྒྱ་ལྕམ་དཀར་མོ། དྲན་པ་ནམ་མཁའ། བཻ་རོ་ཙ་ན། ཁོད་སྤུངས་བློ་གྲོས་ཐོགས་མེད། མཉམ་མེད་ཤེས་རབ་རྒྱལ་མཚན། སངས་རྒྱས་གླིང་པ། ཀུན་གྲོལ་གྲགས་པ་སོགས་བོན་གྱི་བླ་མ་རིག་འཛིན་མང་པོ་བྱོན་ནས་བྱིན་གྱིས་བརླབས་ཤིང་བཀའ་དམ་བཞག་པ་དང་། གནས་སྒོ་ཕྱེས་པ་སོགས་མཛད་པའི་ལོ་རྒྱུས་སོགས་ལས་གསལ་ལོ། །

  རྒྱ་སོ་ལ་མོ་དར་རྩེའི་ས་ཆ་དེ་ལ་གངས་རི་དང་བྲག་རི་སྤང་ལྗང་རྩི་ཤིང་ནགས་ཚལ་ཡོད་པ་དང་། བདུད་རྩིའི་ཆུ་བོ་དེ་ཡང་དོ་ཤལ་ཆུ་མིག་ཚུལ་དུ་བབ་པ་དང་། དབུས་ཀྱི་རི་དེ་ངོ་མཚར་གཡུ་ཡི་མཚོ་མོ་མན་ཌལ་འདྲ་བའི་གཞལ་ཡས་མདུན་དུ། རིན་པོ་ཆེ་ལས་གྲུབ་པའི་རི། ལོག་བཞི་ན་ཤེལ་གྱི་མདངས་ལྟར་གསལ་བའི་རིགས་རྟགས་བཞི། རི་དེ་ལ་དབང་གི་མ་བདུན་ནི། དབུས་སུ་སྐུ་ཡི་ལྷ་མོ་ཡིད་བཞིན་མ་ནི། དུང་སེང་ལ་བཅིབས་པ། ཕྱག་མཚན་ལ་གཡས་པས་རྒྱལ་མཚན་དང་གཡོན་པས་བུམ་པ་བསྣམས་པ། གཡས་སུ་གསུང་གི་ལྷ་མོ་བཀྲ་ཤིས་མ་གཡུ་འབྲུག་ལ་བཅིབས་པ། གཡས་པས་མདའ་དར་དང་གཡོན་པས་གླིང་བུ་བསྣམས་པ། གཡོན་དུ་ཐུགས་ཀྱི་ལྷ་མོ་འོད་ཟེར་མ་གླང་པོ་ལ་བཅིབས་པ། གཡས་པས་རུ་མཚོན་དང་གཡོན་པས་རིན་ཆེན་ནོར་བུ་བསྣམས་པ། ཤར་ཕྱོགས་ཞི་བའི་ལྷ་མོ་གཡུང་དྲུང་མ་སྨན་ཤ་ཡུ་མོ་ལ་བཅིབས་པ། གཡས་པས་བུམ་པ་དང་གཡོན་པས་དངུལ་དཀར་མེ་ལོང་བསྣམས་པ། བྱང་དུ་རྒྱས་པའི་ལྷ་མོ་གཡུ་བུན་མ་གཡུ་དྲིལ་ལ་བཅིབས་པ། གཡས་གཡོན་གཉིས་ཀྱིས་རིན་ཆེན་འབྲུའི་གཞོང་པ་བསྣམས་པ། ནུབ་ཏུ་མ་ལ་དབང་གི་ལྷ་མོ་རྡོ་རྗེ་མ་ཁྱུ་མཆོག་མ་ཧེ་ལ་བཅིབས་པ། ཕྱག་ན་ནོར་བུའི་གཞོང་པ་ནང་དུ་ནོར་བུ་བསྣམས་པ། ལྷོ་རུ་དྲག་པོའི་ལྷ་མོ་ཀུན་གྲགས་མ་སྟག་ལ་བཅིབས་པ། གཡས་པས་དངུལ་དཀར་མེ་ལོང་དང་གཡོན་པས་དྷ་རུ་བསྣམས་པ། ཐམས་ཅད་སྐུ་མདོག་ཉ་ཕྱིས་འོད་དང་ལྡན་པ། ཞི་འཛུམ་དར་བཟའ་རིན་ཆེན་རྒྱན་ཆ་སྣ་ཚོགས་ཀྱིས་བརྒྱན་པའོ། །གནས་དེ་དག་ལ་གནས་སྐོར་དང་མཆོད་མཇལ་འགྲོ་བའི་སྲོལ་ཡང་ཆགས་ཡོད་དོ། །


མཇུག་བསྡོམས།

  རྒྱ་ཡི་གོང་བུ་རྨེ་རུ་ནི། བོན་གསང་སྔགས་ཀྱི་སྒྲུབ་སྡེ་སོ་བདུན་གྲལ་དུ་རྒྱ་ཡི་གོང་བུ་དམེ་རུ་དང་། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་བཞུགས་གནས་གོང་བུ་དམར་རུ་བྲག་གཉིས་སྒྲ་ཟུར་ཅུང་མི་འདྲ་བ་ལས་གནས་གཅིག་ཡིན་པ་སྣང་ལ། བོན་གྱི་སྒྲུབ་གནས་སོ་དྲུག་ནང་རྒྱ་སོ་དར་རྩེ་དང་། སངས་རྒྱས་གླིང་པའི་གཏེར་བོན་ནང་དུ་རྒྱ་སོ་ལ་མོ་དར་རྩེ་གཉིས་སྒྲ་ཟུར་ཅུང་མི་འདྲ་བ་ལས་གནས་གཅིག་ཡིན་པ་སྣང་། དར་རྩེ་མདོ་ཞེས་པ་དེ་ཡང་ལ་མོ་དར་རྩེ་སྒྲ་འགྱུར་བ་ཙམ་ལས་དོན་དུ་ས་ཆ་རྒྱ་སོ་ལ་མོ་དར་རྩེ་ཟེར་བ་དེ་ཡིན། དེང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་རྩེ་མདོ་ཡིན་པར་བཤད། ཡུལ་སྤྱི་བཤད་ན་རྒྱ་སོ་ལ་མོ་དར་རྩེ་ཞེས་པ་དེ་སྒྲ་འགྱུར་ནས་དར་རྩེ་མདོ་ཞེས་ཐོགས་པ་དང་། བྱེ་བྲག་ཏུ་བཤད་ན། རྒྱ་ཡི་གོང་བུ་དམར་རུ། རྒྱ་སོ་དར་རྩེ། རྒྱ་སོ་ལ་མོ་དར་རྩེ་ཟེར་བ་སོགས་དར་རྩེ་མདོའི་ས་ཆ་ལ་ངོས་འཛིན་པ་སོགས་ཤེས་ན་ལེགས་སོ། །

  དཔྱད་གཞིའི་ཡིག་ཆ།

  ༡ 《གྲུབ་ཐོབ་རིག་འཛིན་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རྨད་འབྱུང》དབྲ་བཙུན་ནམ་མཁའ་རིན་ཆེན་གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད།

  ༢ «ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན» ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས།

  ༣ 《གནའ་བོའི་ཞང་བོད་ཚིག་མཛོད》 དགེ་བཤེས་བློ་གྲོས་རབ་གསལ་གྱིས་བརྩམས། ༢༠༡༣ལོའི་ཟླ༤པའི་ཚེས ༡༨ཉིན་ཧི་མ་ཡའི་དྲྭ་རྒྱའི་སྟེང་དུ་བཀོད།

  ༤ 《ཞང་བོད་ཚིག་མཛོད་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ལོའི་ཟླ༡༠པར་པར་གཞི་གཉིས་པ་བསྒྲིགས།

  ༥ 《སྲིད་པ་རྒྱུད་ཀྱི་ཁ་བྱང》དབྲ་རིགས་གྱེར་ཐོགས་མེད་ཀྱིས་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད།

  ༦ 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར》 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་། མི་རིགས་དཔེ་སྐྲུན་ཁང་ནས༡༩༨༥ལོའི་ཟླ༩པར་པེ་ཅིན་ལ་པར་ཐེངས་དང་པོ་བརྒྱབ།

  ༧ 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》 མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༤༩༨

  ༨《རྒྱ་སོ་དེར་རྩེ་གང་བུ་ནུབ་ཕྱོགས་དུར་ཁྲོད་ཀྱི་གནས་བདག་དབང་གི་ལྷ་མོ་བདུན་གྱི་མཆོད་ཐབས》སངས་རྒྱས་གླིང་པས་མཛད་པ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད།

  ༩ 《བསྟན་གཉིས་དགོངས་པ་གཅིག་ཏུ་སྒྲུབ་པའི་ཐར་འདོད་ཡིད་ཀྱི་མཛེས་རྒྱན》 དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོ་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབས།

  ༡༠ 《བོན་གྱི་བཀའ་བརྟེན་ཕྱོགས་བསྡུས་དཀར་ཆག》 ན་ག་ནོ། ཉི་ཧོང་ཨོ་ས་ཁ་རྒྱལ་ཡོངས་མི་རིགས་རྩད་ཞིབ་རིག་པའི་འགྲེལ་སྟོན་ཁང་གིས༢༠༠༡ལོར་པར་སྐྲུན་བྱས།

  ༡༡ 《བཀའ་སྐྱོངས་དབང་གི་མ་བདུན་སྒྲུབ་ཐབས་མུ་ཏིག་རྩ་ཕྲེང》 སངས་རྒྱས་གླིང་པའི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད།

  ༡༢ 《རབ་གནས་སྐོར་གསུམ》 སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར།

  ༡༣ 《དཔོན་གསས་རིག་འཛིན་གྱི་རྒྱུད་སྐོང》དཔོན་གསས་ཁྱུང་རྒོད་གྱི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད།

  ༡༤ 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ》སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་༢༠༡༤ལོ་ཟླ༡༠པར་པར་ཐེངས་དང་པོ་བཏབ།

  ༡༥ 《ལོ་རྒྱུས་ས་མིང་བརྡ་འགྲེལ》པ་སངས་དབང་འདུས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༣ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས། ༡༦ 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ།

  དཔྱད་མཆན།

  1. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》 ལས་གླེགས་བམ༡༦༦པ། 《དཔོན་གསས་རིག་འཛིན་གྱི་རྒྱུད་སྐོང》དཔོན་གསས་ཁྱུང་རྒོད་གྱི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༤༦
  2. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》 ལས་གླེགས་བམ༡༦༦པ། 《གྲུབ་ཐོབ་རིག་འཛིན་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རྨད་འབྱུང》དབྲ་བཙུན་ནམ་མཁའ་རིན་ཆེན་གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༣
  3. སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི། «ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས» སྨད་ཆ། «ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན» ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ། ༨༡༥
  4. ཁྲི་བསོད་བསྟན་གྱིས་བསྒྲིགས་པའི《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 པོད་གསུམ་པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》 ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༥༩
  5.《གནའ་བོའི་ཞང་བོད་ཚིག་མཛོད》 དགེ་བཤེས་བློ་གྲོས་རབ་གསལ་གྱིས་བརྩམས། ༢༠༡༣ལོའི་ཟླ༤པའི་ཚེས ༡༨ཉིན་ཧི་མ་ཡའི་དྲྭ་རྒྱའི་སྟེང་དུ་བཀོད།

  6.《ཞང་བོད་ཚིག་མཛོད་ཆེན་མོ》 སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ལོའི་ཟླ༡༠པར་པར་གཞི་གཉིས་པ་བསྒྲིགས། ཤོག་ངོས༥༢༠

  7.《ཞང་བོད་ཚིག་མཛོད་ཆེན་མོ》 སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ལོའི་ཟླ༡༠པར་པར་གཞི་གཉིས་པ་བསྒྲིགས། ཤོག་ངོས༥༢༠

  8.《ཞང་བོད་ཚིག་མཛོད་ཆེན་མོ》 སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༢ལོའི་ཟླ༡༠པར་པར་གཞི་གཉིས་པ་བསྒྲིགས། ཤོག་ངོས༥༢༤

  9. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》 ལས་གླེགས་བམ༡༤༢པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང》དབྲ་རིགས་གྱེར་ཐོགས་མེད་ཀྱིས་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༣༩༦

  10.ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་། མི་རིགས་དཔེ་སྐྲུན་ཁང་ནས༡༩༨༥ལོའི་ཟླ༩པར་པེ་ཅིན་ལ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས༢༡༨

  11. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤༢པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང》དབྲ་རིགས་གྱེར་ཐོགས་མེད་ཀྱིས་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༤༦༡

  12.ཚེ་རིང་ཐར་གྱིས་གཙོ་སྒྲིག་བྱེད་པའི《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》 དེབ་དང་པོ། 《བསྟན་འབྱུང་རིག་པའི་ཤན་འབྱེད་ནོར་བུ་ཀེ་ཏ་ཀའི་དོ་ཤལ》 མཁས་གྲུབ་ལུང་རྟོགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༤༩༨

  13.སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤པ། 《རྒྱ་སོ་དེར་རྩེ་གང་བུ་ནུབ་ཕྱོགས་དུར་ཁྲོད་ཀྱི་གནས་བདག་དབང་གི་ལྷ་མོ་བདུན་གྱི་མཆོད་ཐབས་ཨོ་རྒྱན་སངས་རྒྱས་གླིང་པས་མཛད་པ》སངས་རྒྱས་གླིང་པས་མཛད་པ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༣༥

  14.འཆི་མེད་གཡུང་དྲུང་གི་གཙོ་སྒྲིག་མཛད་པའི། 《མ་ཧཱ་པཎྡི་ཏ་དབྲ་སྟོན་ངག་དབང་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ》 པོད་དང་པོ། 《བསྟན་གཉིས་དགོངས་པ་གཅིག་ཏུ་སྒྲུབ་པའི་ཐར་འདོད་ཡིད་ཀྱི་མཛེས་རྒྱན》 དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ལོ་ཟླ༨པར་པེ་ཅིན་དུ་པར་ཐེངས་དང་པོ་བརྒྱབས། ཤོག་ངོས༡༡༢

  15.སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི། 《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》 སྨད་ཆ། 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》 ཀུན་གསལ་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ། ༥༦༩

  16.སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི། 《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》 སྟོད་ཆ། 《རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དབོན་སྤྱན་གཅིག་པ་ཆེན་པོའི་རྣམ་པར་ཐར་བ་ངོ་མཚར་པད་མོའི་འཕྲེང་བ》 རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། གོས་ངོས༤༩༦

  17. ཁྲི་བསོད་བསྟན་གྱིས་བསྒྲིགས་པའི《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 པོད་གསུམ་པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》 ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༥༩

  18. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤པ། 《རྒྱ་སོ་དེར་རྩེ་གང་བུ་ནུབ་ཕྱོགས་དུར་ཁྲོད་ཀྱི་གནས་བདག་དབང་གི་ལྷ་མོ་བདུན་གྱི་མཆོད་ཐབས་ཨོ་རྒྱན་སངས་རྒྱས་གླིང་པས་མཛད་པ》སངས་རྒྱས་གླིང་པས་མཛད་པ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༣༧

  19. བསོད་ལོས་བསྒྲིགས། 《དྲན་པ་ནམ་མཁའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན》 གསང་སྔགས་གླིང་པའི་གཏེར་མ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོ་ཟླ་བ༥པར་དཔར་ཐེངས་དང་པོ་དཔར། པོད་བཞི་པ། ཤ༢༠༥-༢༡༠

  20. གཙོ་སྒྲིག་པ། མཁར་རྨེའུ་བསམ་གཏན་རྒྱ་མཚོ། 《བོན་གྱི་བཀའ་བརྟེན་ཕྱོགས་བསྡུས་དཀར་ཆག》 ན་ག་ནོ། ཉི་ཧོང་ཨོ་ས་ཁ་རྒྱལ་ཡོངས་མི་རིགས་རྩད་ཞིབ་རིག་པའི་འགྲེལ་སྟོན་ཁང་གིས༢༠༠༡ལོར་པར་སྐྲུན་བྱས། ཤོག་ངོས༡༣༢-༡༣༤

  21. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤པ། 《རྒྱ་སོ་དེར་རྩེ་གང་བུ་ནུབ་ཕྱོགས་དུར་ཁྲོད་ཀྱི་གནས་བདག་དབང་གི་ལྷ་མོ་བདུན་གྱི་མཆོད་ཐབས་ཨོ་རྒྱན་སངས་རྒྱས་གླིང་པས་མཛད་པ》སངས་རྒྱས་གླིང་པས་མཛད་པ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༣༧

  22. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤པ། 《ཀུན་བཟང་འོད་དཔག་མེད་པའི་སྒྲུབ་པ་རིན་པོ་ཆེ་རྨད་དུ་བྱུང་པ་ཡི་གེའི་སྙིང་པོའི་རྒྱུད་བཀའ་སྐྱོངས་དབང་གི་མ་བདུན་སྒྲུབ་ཐབས་མུ་ཏིག་རྩ་ཕྲེང》 སངས་རྒྱས་གླིང་པའི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༧༣-༢༧༥

  23.《ཀྲུང་ཧྭའི་བཀའ་བསྟན་ཆེན་མོ》ལས《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ》 པོད་ཞེ་གསུམ་པ། 《རབ་གནས་སྐོར་གསུམ》 སྟོན་པ་གཤེན་རབ་མི་བོས་གསུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༢༡ལོའི་ཟླ༥པར་ཐེངས་དང་པོ་དཔར། ཤོག་ངོས༡༥༥ དེ་ནི་དབལ་ཁྱུང་དགོན་ནང་བཞུགས་པའི་ལག་བྲིས་མ་ཇི་བཞིན་པའོ། །གསུངས་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ནང་དུ་དེབ་༤༤པའི་ཤོག་ངོས་༤༢༣་ལས། རྒྱའི་གོང་བུ་མ་རུ་རུ། རྒྱལ་བ་རྩེ་དགུའི་མཆོད་རྟེན་བཞེངས་སུ་གསོལ་ཏེ། ལད་དཔོན་ཁྲོམ་གེ་སར་དམག་གི་རྒྱལ་པོས་མཛད། ཞེས་གསལ་ལོ། །

  24. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤པ། 《ཀུན་བཟང་འོད་དཔག་མེད་པའི་སྒྲུབ་པ་རིན་པོ་ཆེ་རྨད་དུ་བྱུང་པ་ཡི་གེའི་སྙིང་པོའི་རྒྱུད་བཀའ་སྐྱོངས་དབང་གི་མ་བདུན་སྒྲུབ་ཐབས་མུ་ཏིག་རྩ་ཕྲེང》 སངས་རྒྱས་གླིང་པའི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༧༧

  25. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༦༦པ། 《དཔོན་གསས་རིག་འཛིན་གྱི་རྒྱུད་སྐོང》དཔོན་གསས་ཁྱུང་རྒོད་གྱི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༤༦

  26.《ཞང་བོད་ཚིག་མཛོད་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།

  27. བློ་གསལ་སོགས་ཀྱིས་བསྒྲིགས་པའི། 《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》དེབ་འཕྲེང་གཉིས་པ། དེབ༢༢ 《གཤེན་གྱི་གྲུབ་པ་ཐོབ་པའི་བླ་བརྒྱུད་རིན་ཆེན་ཕྲེང་བ》 རྩོམ་པ་པོ་མི་གསལ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༩ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས། ༥༧༢༣

  28.《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ》 པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ》སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་༢༠༡༤ལོ་ཟླ༡༠པར་པར་ཐེངས་དང་པོ་བཏབ། ཤོག་ངོས༡༦གཞན་ཡང་ལོ་རྒྱུས་ཁ་ཅིག་ལས། རྒྱ་ཡི་གོང་བུ་དམར་ལ་མོན་བོན་དགུ་དུས་གཅིག་ཏུ་སངས་རྒྱས་སོ། །ཞེས་གསུངས་སོ། །ཞེས་ལོ་རྒྱུས་གང་ནས་གསུང་བ་གསལ་ཁ་མེད།

  29. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤པ། 《ཀུན་བཟང་འོད་དཔག་མེད་པའི་སྒྲུབ་པ་རིན་པོ་ཆེ་རྨད་དུ་བྱུང་པ་ཡི་གེའི་སྙིང་པོའི་རྒྱུད་བཀའ་སྐྱོངས་དབང་གི་མ་བདུན་སྒྲུབ་ཐབས་མུ་ཏིག་རྩ་ཕྲེང》 སངས་རྒྱས་གླིང་པའི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༧༧

  30.《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ》 པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ》སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་༢༠༡༤ལོ་ཟླ༡༠པར་པར་ཐེངས་དང་པོ་བཏབ། ཤོག་ངོས༡༦གཞན་ཡང་ལོ་རྒྱུས་ཁ་ཅིག་ལས། རྒྱ་ཡི་གོང་བུ་དམར་ལ་མོན་བོན་དགུ་དུས་གཅིག་ཏུ་སངས་རྒྱས་སོ། །ཞེས་གསུངས་སོ། །ཞེས་ལོ་རྒྱུས་གང་ནས་གསུང་བ་གསལ་ཁ་མེད།

  31. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》 ལས་གླེགས་བམ༡༤པ། 《ཀུན་བཟང་འོད་དཔག་མེད་པའི་སྒྲུབ་པ་རིན་པོ་ཆེ་རྨད་དུ་བྱུང་པ་ཡི་གེའི་སྙིང་པོའི་རྒྱུད་བཀའ་སྐྱོངས་དབང་གི་མ་བདུན་སྒྲུབ་ཐབས་མུ་ཏིག་རྩ་ཕྲེང》 སངས་རྒྱས་གླིང་པའི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༧༨

  32. ཁྲི་བསོད་བསྟན་གྱིས་བསྒྲིགས་པའི《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》 པོད་གསུམ་པ། 《སྲིད་པ་རྒྱུད་ཀྱི་ཁ་བྱང་རྣམ་ཐར་ཆེན་མོ》 ཁོད་པོ་བློ་གྲོས་ཐོགས་མེད་ཀྱི་གཏེར་མ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༥༩

  33. ཚེ་རིང་ཐར་གྱིས་བསྒྲིགས་པའི《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》 དེབ་བཞི་པ། 《རིས་མེད་བསྟན་རྩིས་ཡིད་ཀྱི་མུན་སེལ》 བོན་བརྒྱ་དགེ་ལེགས་རྒྱ་མཚོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས་༢༥༥

  34.《ལོ་རྒྱུས་ས་མིང་བརྡ་འགྲེལ》པ་སངས་དབང་འདུས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༣ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༦༨

  35. གཙོ་སྒྲིག་པ། མཁར་རྨེའུ་བསམ་གཏན་རྒྱ་མཚོ། 《བོན་གྱི་བཀའ་བརྟེན་ཕྱོགས་བསྡུས་དཀར་ཆག》 ན་ག་ནོ། ཉི་ཧོང་ཨོ་ས་ཁ་རྒྱལ་ཡོངས་མི་རིགས་རྩད་ཞིབ་རིག་པའི་འགྲེལ་སྟོན་ཁང་གིས༢༠༠༡ལོར་པར་སྐྲུན་བྱས། ཤོག་ངོས༡༣༢-༡༣༤

  36. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༧༩པ། 《འཆི་མེད་མགོན་པོ་ཚེ་དཔག་མེད་ཀྱི་སྒྲུབ་པ་ལས། དབང་དོན་རྡོ་རྗེ་སྒེག་པ་ཨོ་རྒྱན་སངས་རྒྱས་གླིང་པས་མཛད་པ》 སངས་རྒྱས་གླིང་པས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༧༦

  37.《ལོ་རྒྱུས་ས་མིང་བརྡ་འགྲེལ》པ་སངས་དབང་འདུས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༢༣ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༣༠༢

  38.《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤོག་ངོས༤༩༣

  39. སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༤པ། 《ཀུན་བཟང་འོད་དཔག་མེད་པའི་སྒྲུབ་པ་རིན་པོ་ཆེ་རྨད་དུ་བྱུང་པ་ཡི་གེའི་སྙིང་པོའི་རྒྱུད་བཀའ་སྐྱོངས་དབང་གི་མ་བདུན་སྒྲུབ་ཐབས་མུ་ཏིག་རྩ་ཕྲེང》 སངས་རྒྱས་གླིང་པའི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༧༦

  40. 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར》ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་། མི་རིགས་དཔེ་སྐྲུན་ཁང་ནས༡༩༨༥ལོའི་ཟླ༩པར་པེ་ཅིན་ལ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས༢༡༨

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།