འཆི་མེད་གཙུག་ཕུད་ཀྱི་ཚེ་རབས་སྐོར་གྱི་དཔྱད་ཞིབ།

[ཟླ་ཚེས། 2024-01-18 11:07:56][རྩོམ་པ་པོ། བསྟན་འཛིན་ཕུན་ཚོགས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ནང་དོན་གནད་བསྡུས། འཆི་མེད་གཙུག་ཕུད་ཟེར་བ་དེ་སངས་རྒྱས་ཤིག་ལ་ངོས་འཛིན་དགོས་པ་དང་དེ་ཉིད་བྱོན་ཚུལ་ལ་ཚེ་ལོ་འབུམ་པའི་དུས་སུ་བྱོན་ཚུལ་དང་། ཁྲི། སྟོང་། བརྒྱ་སོགས་ངོས་འཛིན་ཚུལ་མི་འདྲ་བ་མང་དུ་ཡོད་མོད་ཀྱང་། འདིར་ཚེ་ལོ་སྟོང་གི་དུས་སུ་བྱོན་ཅིང་དེ་ཡང་ཚེ་ལོ་བརྒྱ་ཡི་སྟོན་པའི་སྐྱེ་བ་སྔ་མ་ཡིན་པར་རོབ་ཙམ་བཤད་ཡོད།
བརྡ་ཆད་གཙོ་བོ།    འཆི་མེད་གཙུག་ཕུད། སྐྱེས་རབས།
   དེ་ཡང་འཆི་མེད་གཙུག་ཕུད་ཀྱི་སྐོར་གནད་དོན་ཁེལ་བ་ཞིག་དང་དེ་འདྲའི་རྩོམ་སྤུས་ཅན་ཞིག་ཕྲན་ཆུང་ངས་འབྲི་མི་ཤེས་མོད། འོན་ཀྱང་རང་བློས་གང་ལྕོགས་ཀྱི་སྒོ་ནས་གླེང་བ་ལ།  བློ་གསལ་འཆི་མེད་གཙུག་ཕུད་ནི། ཚེ་ལོ་སྟོང་གི་དུས་སུ་བྱོན་པའི་གཏོ་བུ་བློ་གསལ་ཞེས་པའི་སྐྱེ་བ་ཡིན་པར་རྦད་ཀྱིས་བཅད་དེ་སྨྲ་སྤོབས།   སྐྱེས་ཆེན་ཁོང་ནི་ཡུམ་ཟ་རིང་བཙུན་དང་ཡབ་འཕྲུལ་གཤེན་སྣང་ལྡན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་།   དེ་ཡང་མཁས་མཆོག་སྒ་སྟོན་གྱི་ཐེག་འགྲེལ་ལས། འཆི་མེད་གཙུག་ཕུད་ཀྱི་འབྱོན་ཚུལ་ལ་གསུམ་སྟེ། སུམ་ལྡན་འབུམ་པའི་མཐའ་ལ་འབྱོན་ཚུལ་དང་། རྩོད་ལྡན་བརྒྱ་བའི་སྟོན་པ་དང་། དེ་ལ་རྩོད་པ་སྤོང་བའོ། ། ཞེས་པའི་དང་པོ་ནི། གཤེན་གཙུག་ཕུད་དེས་འཕགས་ལམ་ས་དགུ་ལས་མ་ནོན་པ་དེས་འགྲོ་བའི་དོན་ལ་ལན་གཅིགའབྱོན་ཏེ་དེའི་མཚན་ལ་འཆི་མེད་གཙུག་ཕུད་དུ་བཏགས་ཞེས་དང་། རྩོད་ལྡན་བརྒྱ་བའི་དུས་སུ་ཁོང་ཉིད་གཤེན་རབ་ཀྱི་ངོ་བོར་གྱུར་པའི་དུས་གཉིས་སུ་བཤད་པར་ཡོད།  སླར་ཡང་།  བསྟན་པའི་ཤན་འབྱེད་ལས།  ཐུགས་རྗེས་འགྲོ་བའི་དོན་ལ་རྒྱུན་ཞུགས་ཕྱིར།  །སྔོན་ཀྱང་ཚེ་ལོ་ཁྲི་པའི་ཟུར་སྡོང་ལ།།ས་ཐོབ་ཙམ་ཞིག་འདྲེན་པའི་སྟོན་པར་བྱོན།།འོག་མིན་གནས་ནས་ཁྲི་བཞི་ནམ་ཏིང་གི། ཐུགས་ལས་སྤྲུལ་བའི་གཡུ་བྱ་ཁུ་བྱུག་གཅིག། རྒྱ་མཚོའི་ལྦུ་བར་སྤྲུལ་བའི་བུ་མོ་ནི།། བཟང་ཟ་རིང་བཙུན་ལྷུམས་སུ་རྫུས་ནས་སྐྱེས།། ཕེ་ཤ་ཡབ་མེད་སྲས་འདི་ངོ་ཚ་སྙམ།། ཡེ་གཤེན་འཆི་མེད་གཙུག་ཕུད་བྱ་བར་གྲགས།། ཞེས་པས།  དེའི་སྐབས་སུ་ཁོང་གིས་འཆི་མེད་གཙུག་ཕུད་དེ་ཚེ་ལོ་ཁྲི་དུས་ལ་བྱོན་པར་ངོས་བཟུང་ཡོད་མོད།  འོན་ཀྱང་རང་གིས་མནོ་བསམ་བཏང་བའི་འོག་ཏུ་སྒ་སྟོན་གྱི་འདོད་པ་དེ་གཉིས་གང་ཡང་མ་ཡིན་པར་ཚེ་ལོ་སྟོང་གི་དུས་སུ་འབྱོན་པར་ངོས་འཛིན་དགོས་པ་སྙམ། ཅིའི་ཕྱིར་ཞེ་ན། མདོ་འདུས་ལས། ཚེ་ལོ་སྟོང་ཐུབ་དུས་སུ་ནི། གཏོ་བུ་བློ་གསལ་དེ་ཚེ་འཕོས་བར་ལྷ་འོད་གསལ་དུ། གཤེན་འཆི་མེད་གཙུག་ཕུད་བྱ་བར་འཁྲུངས་གསུངས་པར་གཞིགས་ན། རེ་ཞིག་འཆི་མེད་གཙུག་ཕུད་དེ་ཚེ་ལོ་སྟོང་གི་དུས་ལ་འབྱོན་པར་འདོད་ན་འགྲིག་འདུག་སྙམ་སྟེ་དཔྱད་པར་འཚལ།  དེའི་སྐབས་སུ་གཅེན་པོ་གཏོ་བུ་བློ་གསལ་ཚེ་འཕོས་དོན་ནི་ཁོང་གིས་མ་འོངས་གཤེན་ལྷའི་ཐུགས་ཀྱི་སྤྲུལ་བས་ལྷོ་འཛམ་བུ་གླིང་དུ་ཚེ་ལོ་བརྒྱ་བའི་དུས་ན་སྟོན་པ་དྲི་མེད་གཙུག་ཕུད་ཅན་གྱིས་འགྲོ་བར་འདུལ་བ་བབས་པ་དགོངས་ཏེ་ལན་གཅིག་འཁོར་བའི་སེམས་ཅན་རྣམས་ལ་སུན་དབྱུང་བའི་ཕྱིར་མི་རྟག་པའི་ཚུལ་མཛད་ནས་འོག་མིན་དུ་གཤེགས་སོ། །གཤེགས་པའི་དུས་སུ་མ་འོངས་པའི་ལུང་བསྟན་ནས། བློ་གསལ་འཆི་མེད་གཙུག་ཕུད་ཀྱི། །ཨུ་འབར་གཙུག་སྐྱེས་དྲི་མ་མེད། །སྐལ་བཟང་འགྲོ་བ་འདྲེན་པའི་གཤེན། །ཚེ་ལོ་སྟོང་བའི་བསྟན་རྫོགས་ནམ། །ད་ལྟ་བརྒྱ་པ་ཤང་བའི་དུས། །ཁྱེད་ཀྱི་འགྲོ་བའི་དོན་ལ་བབས། །ཞེས་པའི་ཚེ་འཕོས་དོན་ཞལ་གསལ་དུ་བསྟན་ཡོད་པར་མ་ཟད་ལུང་དེས་འཆི་མེད་གཙུག་ཕུད་དེ་ཚེ་ལོ་བརྒྱ་བའི་འགྲོ་འདུལ་དུ་བྱོན་དགོས་པར་བསྟན་ཏོ།། ཅིའི་ཕྱིར་ན། གཏོ་བུ་བློ་གསལ་དེ་ཚེ་ལོ་སྟོང་གི་དུས་སུ་ཚེ་འཕོས་ནས། དེའི་སྐྱེ་བ་འཆི་མེད་གཙུག་ཕུད་ཅེས་བྱ་བ་བཞེས་པའི་དུས་དེར། ཡང་ཚེ་ལོ་སྟོང་གི་བསྟན་པ་མ་རྫོགས་ཀྱང་། སྐབས་དེར་འཆི་མེད་བློ་གསལ་དེར་དོན་དུ་དྲི་མས་མ་གོས་པ་སངས་རྒྱས་དངོས་ཡིན་ཀྱང་ལན་གཅིག་ཡེ་ཤེས་ཀྱི་ལྷ་དང་འཇིག་རྟེན་གྱི་ལྷ་གཉིས་ཀྱི་བར་རམ་བར་ལྷ་འོད་གསལ་དུ་སྐྱེ་བར་བཞེས།  སྐྱེ་བ་བཞེས་དོན་ནི་ཚེ་ལོ་སྟོང་གི་བསྟན་པ་མ་རྫོགས་པ་ཚེ་ལོ་སྟོང་གི་བསྟན་པར་རྫོགས་རྗེས་ཚེ་ལོ་བརྒྱ་བའི་འགྲོ་བ་འདྲེན་དགོས་པས་དེའི་ཐབས་ལ་ཤེས་རབ་བསྐྱེད་ཅིང་བློ་ལ་རྩལ་སྦྱོང་བའི་ཚུལ་མཛད་པ་ལས་དོན་དུ་ཚུལ་མཛད་མི་དགོས་སྙམ་སྟེ།  དོན་དུ་སྟོན་པ་དྲི་མེད་གཙུག་ཕུད་དམ་འཆི་མེད་གཙུག་ཕུད་དེས་རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་ཤིང་། སྒྲིབ་པ་རྣམ་གཉིས་བྱང་ནས་བདེན་ཆེན་བོན་གྱི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་གྱིས་རྫོགས་པ་ཞིག་ཡིན་ཏེ།  དྲི་མེད་ལས། ཚེ་ལོ་བརྒྱ་བའི་དུས་ན་སྟོན་པ་དྲི་མེད་གཙུག་ཕུད་ཅན་གྱིས་འདུལ་བའི་དུས་ལ་བབས་ཏེ། དེ་ཡང་སྟོན་པ་དེ་ནི་སྔོན་གྱི་བསྐལ་པ་གྲངས་མེད་གསུམ་ལ་ཚོགས་བསགས་གྲངས་མེད་གསུམ་ལ་སྒྲིབ་པ་སྦྱངས་པའི་མཐུས་ཚོགས་རྫོགས་སྒྲིབ་པ་བྱང་ནས།   བོན་གྱི་སྐུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་རང་བཞིན་གྱིས་རྫོགས་ཤིང་ཅིར་ཡང་སྤྲུལ་པའི་སྐུ་མ་འོངས་པའི་དུས་ན་འགྲོ་བའི་ཁ་ལོ་བསྒྱུར་བར་དགོངས།   ཞེས་དང་།  ཁུ་བྱུག་ལས།     སྤྲུལ་བའི་སྟོན་པ་ལས་བྱ་བ་ནི།   སྟོན་པ་གཤེན་ལྷ་འོད་དཀར་གྱི་ཐུགས་ཀྱི་སྤྲུལ་བ་ལས་བྱུང་བ་ཡེ་གཤེན་གཙུག་ཕུད་དམ་གཤེན་རབ་མི་བོ་ལ་སོགས་པའོ།། དྲི་མེད་ལས།   ང་ནི་བློ་གསལ་འཆི་མེད་གཙུག་ཕུད་ཡིན། །བསྐལ་སྟོང་སངས་རྒྱས་སྟོང་གི་གྲལ་ནས་ཡིན། །ཞེས་གསུངས་པས་སྟོན་པ་འཆི་མེད་གཙུག་ཕུད་ཅེས་པ་དེ་གསང་སྔགས་སྤྱི་སྤུངས་ཀྱི་བརྒྱུད་རིམ་སྐབས་ཀྱི་གཤེན་འཆི་མེད་གཙུག་ཕུད་ལ་གོ་མི་དགོས་པ་འདོད་པ་དང་། སྤྱིར་བློ་གསལ་འཆི་མེད་གཙུག་ཕུད་དང་གཤེན་འཆི་མེད་གཙུག་ཕུད་གཉིས་མི་འདྲ་བར་སྨྲ་མཁན་ཡོད་ཀྱང་།  མདོ་འདུས་དང་རྩ་རྒྱུད་སོགས་ལ་མཇལ་ན་དེ་གཉིས་གནད་གཅིག་ལ་འཁེལ་བ་དང་དེ་ཉིད་དོན་དུ་སངས་རྒྱས་ཡིན་པར་མ་ཟད།   དྲི་མེད་གཙུག་ཕུད་ཅེས་བཏགས་པས་ཀྱང་ཤེས་ཐུབ་སྙམ།   གོང་གི་ལུང་གིས་ཀྱང་གྲུབ་བོ།།དེ་གཉིས་ནི་གནད་དོན་གཅིག་པའི་རྒྱུ་མཚན་ནི་སྐབས་བབས་ཚེ་ལོ་སྟོང་གི་དུས་སུ་འཁྲུངས་པའི་འཆི་མེད་གཙུག་ཕུད་ཅེས་བྱ་བའི་ཡབ་དང་ཡུམ་ནི་བཟང་ཟ་རིང་བཙུན་དང་འཕྲུལ་གཤེན་སྣང་ལྡན་ཞེས་གྲགས་ཏེ། མདོ་འདུས་ལས། གཤེན་འཆི་མེད་གཙུག་ཕུད་བྱ་བར་འཁྲུངས། ཡབ་ནི་འཕྲུལ་གཤེན་སྣང་ལྡན་དང་། ཡུམ་ནི་རིང་བཙུན་ནོ།། བརྒྱུད་རིམ་གྱི་སྐབས་འཆི་མེད་གཙུག་ཕུད་ཀྱི་ཡབ་ཡུམ་ནི་དེ་གཉིས་ཡིན་པ་ནི། རིག་པ་ཁུ་བྱུག་ལས།  ཡབ་ཡུམ་ལ་གཟིགས་ནས་བྱོན་པ་ནི་ཡབ་རྫུ་འཕྲུལ་གྱིས་གཤེན་བོན་འཕྲུལ་གཤེན་སྣང་ལྡན་དང་། ཡུམ་གནམ་སྨན་ལས་སྤྲུལ་བའི་བུ་མོ་བཟང་ཟ་རིང་བཙུན་གཉིས།  ཞེས་གསུངས་པས་གནད་གཅིག་ཡིན་པར་གསལ་ཐུབ་དྲན།  འོན་ཀྱང་མདོ་དྲི་མེད་ལས། ཚེ་ལོ་བརྒྱ་བའི་སྟོན་པ་བློ་གསལ་འཆི་མེད་གཙུག་ཕུད་ཀྱང་། ཞེ ས་དང་། ཕ་རྒྱུད་རིག་པ་ཁུ་བྱུག་ལས།  སྔོན་འདས་པའི་བསྐལ་བ་གྲངས་མེད་ནས་འབུམ་ཁྲི་སྟོང་ལ་ཐུག་གི་བར།  འདྲེན་པའི་སྟོན་པ་རིམ་གྱིས་བྱོན། སེམས་ཅན་རྣམས་ཐར་བའི་ལམ་ལ་ཁ་ལོ་བསྒྱུར་ཅིང་བསྟན་པ་སྤེལ་ནས་རྫོགས་སོ།།དེ་ནས་བར་སྐབས་ཚེ་ལོ་བརྒྱ་བའི་དུས་སུ་སྟོན་པ་བློ་གསལ་འཆི་མེད་གཙུག་ཕུད་ཅེས་བྱ་བར་སྤྲུལ་ཞིང་བྱོན།  འདིར་ཁ་ཅིག་གིས། སྤྲུལ་བའི་སྟོན་པ་རྒྱལ་བ་གཤེན་རབ་ནི། འཆི་མེད་གཙུག་ཕུད་མི་ཡུལ་དུ་སྟོན་པ་བྱོན་པའི་མཚན་འགྱུར་ལགས། ཞེས་སོགས་གསུངས་པ་ལ་བརྟེན་ནས་དཔྱད་ཞིབ་གནང་མཁན་ཕལ་མོ་ཆེས་སྟོན་པ་བློ་གསལ་འཆི་མེད་གཙུག་ཕུད་དེ་ཚེ་ལོ་བརྒྱ་བའི་སྟོན་པ་དང་སྟོན་པ་གཤེན་རབ་རང་ལ་ངོས་བཟུང་བ་ཡོད་དེ། དཔེར་ན། གང་ཟག་གཅིག་ལ་མིང་མི་འདྲ་བ་གཉིས་བཏགས་པ་དང་མཚུངས་ཞེས་སྨྲ་མཁན་སྲིད་ཀྱང་། དེ་ལྟར་བཞེད་ན་ལྷག་ཏུ་མཁན་ཉི་མའི་དགོངས་དོན་དང་མི་མཐུན་ཏེ། ཀུན་མཁྱེན་རང་རྣམ་ལས། ས་བཅུའི་ལམ་རིམ་བགྲོད་དེ་རྩ་གསུམ་ལྷ་ཡི་གནས་སུ་ས་བཅུའི་སེམས་དཔའ་ཆེན་པོ་བློ་གསལ་འཆི་མེད་གཙུག་ཕུད་དུ་སྐུ་འཁྲུངས་ནས་སྟེང་ཕྱོགས་ལྷ་ཁམས་རྣམས་ལ་བླ་མེད་ཐེག་པ་ཆེན་པོའི་བོན་འཁོར་བསྐོར་བའི་སྐབས་སུ་ཚེ་ལོ་སྟོང་གི་སྟོན་པ་ས་སྟོང་དཔལ་གྱི་འབྱོར་བ་ཅན་གྱི་འགྲོ་དོན་གྲུབ་ནས། ཚེ་ལོ་བརྒྱ་ཡི་སྟོན་པ་བྱོན་པར་དགོངས་ནས་འོག་མིན་ལྷ་ཡུལ་ཕོ་བྲང་དུ་ལྷ་ཆེན་གཤེན་ལྷ་འོད་དཀར་གྱི་དྲུང་ནས་ལོངས་སྤྱོད་རྫོགས་པའི་དབང་ཐོབ་ནས་གཡུང་དྲུང་ལྟ་བུའི་ཏིང་ངེ་འཛིན་གྱིས་ཤེས་བྱའི་སྒྲིབ་པ་ཕྲ་མོ་སྤང་སྟེ། སངས་རྒྱས་རྣམས་ལ་རང་དོན་གྲུབ་ནས་གཞན་དོན་མཛད་པ་དམ་བཅའ། ཞེས་གསུངས་པར་གཞིགས་ན་ཁོང་གིས་དགོངས་བཞེད་ལ་འཆི་མེད་གཙུག་ཕུད་དེ་སངས་རྒྱས་ཡིན་ཀྱང་སྟོན་པ་གཤེན་རབ་མ་ཡིན་པར་གསལ་ཐུབ་སྙམ། དེ་བས་བདག་གི་མནོ་བསམ་ལ་སྟོན་པ་འཆི་མེད་གཙུག་ཕུད་དེ་ཚེ་ལོ་བརྒྱ་བའི་སྟོན་པའི་སྐྱེ་བ་ཡིན་པ་མ་གཏོགས་ཚེ་ལོ་བརྒྱ་ཡི་སྟོན་པ་མིན་པ་དང་སྟོན་པ་གཤེན་རབ་ཀྱང་མ་ཡིན་པ་སྟེ། དེ་ནི་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་མིན་པས་ཀྱང་གསལ་ཐུབ་པར་མ་ཟད་སྟོན་པ་འཆི་མེད་གཙུག་ཕུད་ནི་གཤེན་རབ་ཀྱི་ངོ་བོ་མ་ཡིན་པར་དེའི་སྐྱེ་བ་སྔ་མ་ཡིན་པར་མངོན་ཏེ།    མདོ་འདུས་ལས།  བློ་གསལ་འཆི་མེད་གཙུག་ཕུད་ཁྱོད་ས་བཅུ་ཤེས་བྱའི་སྒྲིབ་པ་སྦྱང་། ཡེ་ཤེས་མཆོག་གི་ཕ་རོལ་ཕྱིན། ས་བཅུ་གཡུང་དྲུང་སེམས་དཔའ་ཁྱོད། སྐྱེ་བ་གཅིག་ལ་མི་ཐོགས་ཏེ།  འོད་ཀྱི་ལྷ་རི་སྤོ་མཐོན་དུ།   གཤེན་རབ་མི་བོ་མངོན་སངས་རྒྱས་ཞེས་དང་། རིག་པ་ཁུ་བྱུག་ལས།  ཡུམ་བཟང་ཟ་རིང་བརྩུན་ལས་འཁྲུངས་ནས་འཛམ་བུ་གླིང་ལ་མི་ཡུལ་དུ་བསྟན་པ་རྒྱས་པར་མཛད་དོ།  ། དྲི་མེད་རྩ་མདོ་ལས།   ཚེ་ལོ་སྟོང་དུས་སུ་ཉོན་ཅིག་ཁྱེའུ་གསལ་བ་ཉོན།   །བློ་གསལ་འཆི་མེད་གཙུག་ཕུད་ཁྱོད།   །ཨུ་འབར་གཙུག་སྐྱེས་དྲི་མ་མེད།   །སྐལ་བཟང་འགྲོ་བ་འདྲེན་པའི་གཤེན།   །གཞན་དབང་མི་འགྱུར་རང་དབང་ཅན།   །འགྲོ་དོན་ཅི་ལྟར་བྱས་ཀྱང་བཏུབ།  །གཅུང་ལ་བརྩེ་བའི་གཅེན་པོ་ང་།   །ཚེ་ལོ་སྟོང་གི་སྟོན་པ་སོགས།   །ཞེས་སོགས་གསུངས་པས།   འཆི་མེད་གཙུག་ཕུད་དང་།  སྟོན་པ་གཤེན་རབ་གཉིས་གང་ཟག་ཁ་ཁ་ཡིན་པ་དང་མཚན་ལ་འཆི་མེད་གཙུག་ཕུད་ཅེས་པ་དེ་ཚེ་ལོ་བརྒྱ་བའི་སྟོན་པའི་སྐྱེ་བ་སྔ་མ་ཡིན་པར་གསལ་བོར་བསྟན་ཡོད། འོན་ཀྱང་དོགས་གནད་ཅིག་ལ་མདོ་འདུས་དང་རྩ་རྒྱུད་སོགས་ཀྱི་ནང་དུ་སྐྱེ་བ་སྔ་མ་ཡིན་མ་ཡིན་གྱི་སྐོར་ནས་མ་བསྟན་ཀྱང་།  དེའི་ནང་དུ་འཆི་མེད་གཙུག་ཕུད་དེ་ལ་གཡུང་དྲུང་སེམས་དཔའ་ཞེས་སྨོས་པས་རྒྱུ་མཚན་གྱིས་དེ་གཉིས་སངས་རྒྱས་མ་ཡིན་པའི་སྒྲུབ་བྱེད་སོགས་བྱས་དང་བྱེད་བཞིན་གྱི་སྐབས་ཡིན་མོད།  རེད་དེ། དེ་ཡང་གནས་ལུགས་མེད་པ་ཞིག་གཏན་ནས་མ་ཡིན།  འོན་ཀྱང་རེ་ཞིག་རང་གིས་ནི་དེ་ལྟར་མ་ཡིན་པར་གཡུང་དྲུང་སེམས་དཔའ་ཞེས་པའི་ཚིག་སྨོས་པ་དེ་ཡང་དོན་གཞན་ཞིག་ཡིན་སྙམ་པས་བློ་གྲོས་དང་ལྡན་པ་དག་གིས་རེ་ཞིག་ཐུགས་གཞིག་གནང་རོགས། འོ་ན་ཅི་ཞིག་གི་དོན་ཡིན་ཞེ་ན།  དེ་ནི་ཚེ་ལོ་བརྒྱ་བའི་སྟོན་པ་དང་ཡང་ན་ཚེ་ལོ་བརྒྱ་བའི་འགྲོ་འདྲེན་དུ་གྱུར་པ་ལ་སྐྱེ་བ་གཅིག་ལས་མི་ཐོགས་པ་དང་གཡུང་དྲུང་སེམས་དཔའི་ཚུལ་བཟུང་ཙམ་མ་གཏོགས་དོན་དུ་འགྲོ་དོན་དུ་བྱོན་པའི་སྤྲུལ་སྐུ་ཡིན་ཏེ། ང་ཚོ་ནི་ལྷ་ལ་དད་མོས་བྱེད་མཁན་དང་སངས་རྒྱས་གཤེན་རབ་ལ་ཡིད་རྟོན་གནང་མཁན་ཞིག་ཡིན་པའི་ཆ་ནས་ཁོང་གིས་ལེགས་པར་གསུངས་པའི་བོན་རྣམས་ལྷ་སྒྲུང་དང་ཀླུ་སྒྲུང་ལྟ་བུའི་གྲས་སུ་མི་གཏོགས་པ་ཤེས་ཤིང་།  གཞན་ཡང་ཁོང་ནི་སངས་རྒྱས་སྟོང་རྩ་གཉིས་ཀྱི་གྲས་ཡིན་པའི་སྒྲུབ་བྱེད་ནི།   མདོ་དྲི་མེད་ལས།  ཁྱེའུ་བློ་གསལ་ཡང་འགྲོ་བ་སེམས་ཅན་གྱི་དོན་དུ་མཛད་པར་དགོངས་ནས། བར་ལྷ་འོད་གསལ་གྱི་གནས་སུ་གཤེགས་སོ།།ཞེས་དང་། དེ་ཉིད་ལས།  གཤེན་ཁྱེད་ནི་ཅིར་ཡང་སྤྲུལ་བའི་སྐུ་ཞེས་བྱ་བ་ཡིན་པས་འགྲོ་བ་སེམས་ཅན་གྱི་དོན་ལ་ཕྱྭའི་གྲོང་ཁྱེར་ཆེན་པོ་རུ་བློ་སྦྱོང་ཞིང་། བར་ལྷ་འོད་གསལ་གྱི་གནས་ནས་རིམ་པར་བོབས་ལ། ཞེས་གསུངས་པ་སོགས་ལ་གཞིགས་ན་དེ་འདྲ་ཞིག་ཡིན་ནམ་སྙམ་པའི་རང་གིས་རང་ལ་ཚ་འདྲི་ཞིག་བྱེད་ཞོར་དཔྱད་རྩོམ་འདིའི་མཇུག་སྒྲིལ་པ་ཙམ་བྱས་པའོ། །  
ཞེས་༢༠༢༣/༡༡/༨དགོང་མོར་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་དུ་བྲིས་པ་དགེ་གྱུར་ཅིག
དཔྱད་གཞིའི་ཡིག་ཆ།
སྟོན་པའི་བཀའ་《མདོ་འདུས། 》 སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས། པོད་བཅུ་བཞི་པ།
 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་《ཐེག་འགྲེལ། 》 གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་༢༠༡༠ལོར་པར་སྐྲུན་གནང་བའི་ཐེག་ཆེན་བོན་གྱི་གཡུང་དྲུང་དཔེ་ཚོགས།
སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན་གྱི་《བསྟན་པའི་ཤན་འབྱེད། 》   སྒ་སྟོན་གྱི་《གསུང་འབུམ།》 པོད་དྲུག་པ།   བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
སྟོན་པའི་བཀའ་《དྲི་མེད་གཟི་བརྗིད། 》སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས།  བཀའ། པོད་དང་པོ།
སྟོན་པའི་བཀའ་《རིག་པ་ཁུ་བྱུག 》  པོད་ཉིས་བརྒྱ་གོ་གཉིས། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།
མཁན་ཆེན་ཉི་མ་བསྟན་གྱིས་མཛད་པའི་《ཀུན་མཁྱེན་རང་རྣམ།  》 ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།
སྟོན་པའི་བཀའ་《དྲི་མེད་རྩ་མདོ། 》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
མཆན།
གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གིས་༢༠༡༠ལོར་པར་སྐྲུན་གནང་བའི་《ཐེག་ཆེན་བོན་གྱི་གཡུང་དྲུང་དཔེ་ཚོགས།》ཤ ༣༢
སྒ་སྟོན་གྱི་《གསུང་འབུམ།》 པོད་དྲུག་པ།   བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  ཤ ༡༢༡
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས།》 པོད་བཅུ་བཞི།   ཤ ༢༡༤
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུལ་གྱི་དཔེ་ཚོགས། 》པོད་དང་པོ།  ཤ ༣
《རིག་པ་ཁུ་བྱུག 》  པོད་ཉིས་བརྒྱ་གོ་གཉིས། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།ཤ ༢༣༠
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས། 》 བཀའ། པོད་དང་པོ། ཤ ༢༦༨
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས།》 པོད་བཅུ་བཞི།ཤ༢༡༤ 
 《རིག་པ་ཁུ་བྱུག 》  པོད་ཉིས་བརྒྱ་གོ་གཉིས། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༡༢
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས། 》 བཀའ། པོད་དང་པོ།  ཤ༢༤༥
《རིག་པ་ཁུ་བྱུག 》  པོད་ཉིས་བརྒྱ་གོ་གཉིས། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ཤ ༢༣༡
《ཀུན་མཁྱེན་རང་རྣམ།  》ཀྲུང་གོའི་ཤེས་རིག་དཔེ་སྐྲུན་ཁང་།  ཤ ༥༣  
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས། 》པོད་དང་པོ།  ཤ ༢༡༥
 《རིག་པ་ཁུ་བྱུག 》  པོད་ཉིས་བརྒྱ་གོ་གཉིས། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ཤ ༢༡༤ 
《དྲི་མེད་རྩ་མདོ།  》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤ ༤
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས། 》 བཀའ། པོད་དང་པོ།  ཤ ༡༡
《སྟོན་པའི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་གྱི་དཔེ་ཚོགས། 》 བཀའ། པོད་དང་པོ།  ཤ ༦
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།