ཐོག་མའི་ཀུན་བཟང་ཡེ་སངས་ཇི་ལྟར་རྒྱས་པའི་བསྙེལ་ཟིན།

[ཟླ་ཚེས། 2023-11-25 15:34:57][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [གནད་བསྡུས] རྩོམ་འདིར་རྫོགས་པ་ཆེན་པོའི་ལུགས་སུ་འཁོར་འདས་གང་ཡང་མ་བྱུང་བའི་དུས་ཏེ། ཐོག་མའི་གཞི་དང་དེ་ལས་གཞི་སྣང་གཡོས་ཚུལ། སྐབས་དེར་ཀུན་ཏུ་བཟང་པོས་སྣང་བ་གཞི་སྣང་ངམ་རང་སྣང་དུ་རྟོགས་ཏེ། གྲོལ་བ་མངོན་དུ་བྱས་ནས་ཡེ་སངས་རྒྱས་ཇི་ལྟར་རྒྱས་པའི་སྐོར་རྫོགས་ཆེན«བཀའ་རྒྱུད་སྐོར་བཞི»དང་། «གལ་མདོ་རིག་པའི་ཚད་མ»སོགས་འབྲེལ་ཡོད་བཀའ་དང་བཀའ་བརྟེན་སྐོར་ཞིག་ལ་གཞི་བཅོལ་ཏེ་གསལ་བཤད་བྱས་ཡོད།

  [གནད་ཚིག] ཐོག་མའི་གཞི། ཀུན་བཟང་། ཡེ་སངས་རྒྱས་པ།

  སྤྱིར་ན་རྫོགས་པ་ཆེན་པོའི་གཞུང་ཆེན་རྣམས་སུ་འཁོར་འདས་གང་ཡང་མ་བྱུང་བའི་སྔ་རོལ་གྱི་ཐོག་མའི་གཞི་དང་། དེ་ལས་གཞི་སྣང་གཡོས་ཚུལ། སྐབས་དེར་ཀུན་ཏུ་བཟང་པོས་སྣང་བ་རང་སོ་ཟིན་ཏེ་སངས་ཇི་ལྟར་རྒྱས་པའི་གཏན་ཚིགས་བཅས་གསལ་བར་གསུངས་པ་སྟེ། «ཞང་ཞུང་སྙན་བརྒྱུད་སྒྲོན་མ་དྲུག་གི་གདམས་པ»ལས། “རིགས་ཀྱི་བུ། གནས་པ་གཞིའི་སྒྲོན་མ་ཞེས་བྱ་བ་ནི། གཞི་ངོ་བོ་ཉིད་ཀྱི་གནས་ལུགས་དང་། །འཁོར་འདས་གཉིས་ཀྱི་གྱེས་ཚུལ་བསྟན། །”1 ཞེས་དང་། «ནམ་མཁའ་སྤྱི་གཅོད་ལྟ་བའི་རྒྱུད»ལས། “སྟོང་པ་མུ་ཕྱོད་མ་ཡིན་པར། །བོན་ཉིད་སྐྱེ་བ་མེད་པ་ལས། །རང་བཞིན་འགག་པ་མེད་པ་ཡིས། །ཅིར་ཡང་སྣང་བའི་རླབས་གཡོས་པས། །”ཞེས་འཁོར་འདས་རྒྱབ་མ་གྱེས་པའི་ཐོག་མའི་གཞི་དང་དེ་ལས་གཞི་སྣང་གཡོས་ཚུལ་བསྟན། ཡང་། «ཞང་ཞུང་སྙན་བརྒྱུད་སྒྲོན་མ་དྲུག་གི་གདམས་པ»ལས། “འཁོར་འདས་གཉིས་ཀྱི་གྱེས་ཚུལ་ནི། །ཀུན་བཟང་ཇི་ལྟར་ཡེ་སངས་རྒྱས། །སེམས་ཅན་ལས་ཀྱིས་ཇི་ལྟར་འཁོར། །རྟོགས་པས་ཀུན་བཟང་ཡེ་སངས་རྒྱས། །མ་རྟོགས་སེམས་ཅན་ལས་ཀྱིས་འཁོར། །”2 ཞེས་དང་། ཚེ་དབང་བོད་ཡུལ་མའི«ཁྲིད་ཀྱི་རྒྱབ་ཡིག་ལུང་གི་འཕྲེང་བ»ལས། “བཞི་པ་འགྱུར་བའི་གཞི་ནི། ཡེ་རླུང་ཐོ་ལོང་དེ་ལས་བག་ཙམ་འགྱུ་བའི་ཆ་རུ་བྱུང་། དེ་ལས་ཡིད་ཙམ་འགྱུས། དེ་ལས་ཟེར་ཙམ་བྱུང་། དེ་ལས་སྒྲ་བྱུང་། དེ་ལས་འོད་བྱུང་། མ་འགག་པར་རྩལ་ཟེར་ཤར་བས། སྣ་ཚོགས་ཀྱི་འཛིན་རྟོག་ཏུ་གྱུར། སླར་ལ་སྒྲ་འོད་ཟེར་གསུམ་རང་རིག་པས། རང་བཞིན་གྱི་དཀྱིལ་འཁོར་དུ་ཐག་ཆོད། རང་ས་ཟིན་ཏེ་འཁྲུལ་པ་ཆོད། སྐྱེ་མེད་དུ་རྒྱས་ཐེབས་པས། རིག་པ་རང་གྲོལ་དུ་རང་ས་ཟིན་པ་ནི། གཞི་ཡེ་སངས་རྒྱས་པའི་སངས་རྒྱས་ཡིན་ནོ། །”3 ཞེས་གཞི་སྣང་དེ་ཉིད་རང་སྣང་དུ་རྟོགས་པ་དང་མ་རྟོགས་ལ་གཉིས་ལ་བརྟེན་ནས་ཀུན་བཟང་ཡེ་སངས་རྒྱས་ཚུལ་དང་། སེམས་ཅན་འཁོར་བར་འཁྱམས་ཚུལ་དེ་ལྟར་ཡིན་པ་ལ་བསྐྱར་ཟློས་བྱེད་པའི་དགོས་པ་མེད་མོད། རང་ཉིད་དང་སྐལ་མཉམ་འགའ་ཞིག་གནད་དོན་འདི་རིགས་ལ་གོ་བ་གཞན་དུ་དཀྱོག་པ་ལྟ་བུར་མཐོང་བས་གསལ་འདེབས་ཚུལ་དུ་ཅུང་ཟད་གླེང་བར་འདོད་དོ། །

  མ་གཞི་རིག་གཞུང་གང་གི་གནད་དོན་ཞིག་ལ་དཔྱད་བརྗོད་བྱེད་ཚེ་དང་ཐོག་རང་དང་མཐུན་ཕྱོགས་རིང་ལུགས་གང་ཞིག་བསྒྲུབ་བྱར་གཞི་བྱས་ཀྱིས་དེ་དང་འབྲེལ་ཡོད་ཀྱི་རྒྱུ་མཚན་གང་རྙེད་དྲངས་ཏེ་བཤད་པའི་ལུགས་གཅིག་དང་། དང་པོ་ཁས་ལེན་འདི་ཞེས་མེད་པར་སྐབས་དོན་དེའི་ཁུངས་དང་རྒྱུ་མཚན་སྔོན་དུ་ཞིབ་པར་དཔྱད་པའི་མཐར་རྒྱུ་མཚན་གང་ཞིག་འཐད་ལྡན་རྙེད་ཚེ་གཞི་ནས་དེ་མཚུངས་ཀྱི་བསྒྲུབ་བྱ་རྗེས་སུ་གཏན་ལ་འབེབས་པའི་ལུགས་དང་གཉིས་ཡོད་པ་ལས་འདི་ཕྱི་མ་ལྟར་ཡིན། མ་གཞི་སྔོན་བྱོན་མཁས་པའི་ཁྲོད་དུ་འཁོར་བ་ཐོག་མ་ཡོད་མེད་ཀྱི་བཞེད་མཚམས་དང་། དེ་དང་འབྲེལ་བར་རྟོགས་པས་ཀུན་བཟང་ཡེ་སངས་རྒྱས་པའི་བཞེད་ཚུལ་ལའང་མི་འདྲ་བ་ཡོད་སྲིད་པ་ལས། ངོས་ནས་འཁོར་བ་ཐོག་མ་ཡོད་མེད་དང་འབྲེལ་བའི་དཔྱད་རྩོམ་ཞིག་སྔོན་ནས་བྲིས་ཟིན་པས་འདིར་གླེང་གཞི་ཙམ་ལས་རྒྱས་བཤད་བྱེད་རྒྱུ་མིན་ལ། དེ་འབྲེལ་ཀུན་བཟང་ཡེ་སངས་རྒྱས་པའི་ཚུལ་དེ་འདིར་སྐབས་བབ་ཀྱི་བརྗོད་བྱ་གཙོ་བོར་གྱུར་ཡོད། སྤྱིར་ན་བརྗོད་བྱ་འདི་དང་འབྲེལ་བའི་ཡིག་ཆ་གང་མང་མང་ཞིག་ཡོད་མོད་ཀྱང་འདིར་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་ཁ་གསལ་ལ་གོ་བདེ་བ་རེ་ཟུང་ཞིག་དྲངས་ཏེ་དཔྱད་པ་ལ། སྙ་ཆེན་ལི་ཤུ་སྟག་རིང་གིས་མཛད་པའི«གཏན་ཚིགས་གལ་མདོ་རིག་པའི་ཚད་མ»ལས། “ཁྱོད་ཀྱི་སྟོན་པའི་བཀའ། ངེས་པའི་བཀའ་ལུང་ཚད་མ་དེ། སེམས་ཅན་ལས་སངས་རྒྱས་པ་ཞིག་གིས་གསུང་པ་ཡིན་ནམ། འོན་ཏེ་རྒྱུ་སེམས་ཅན་མ་ཡིན་པར་གཞན་ཞིག་གིས་བཤད་ཅིང་བསྟན་པ་ཡིན། སེམས་ཅན་ལས་སངས་རྒྱས་པ་མ་ཡིན་པའི་སྟོན་པ་ཞིག་གིས་གསུངས་ན། སངས་རྒྱས་དེ་ལ་ཤེས་རིག་མེད་པར་འགྱུར་ཏེ། འབྱུང་བ་ལྔ་ཡང་བོན་སྐུར་འགྱུར་(སེམས་མེད་པའི་ཕྱིར་)ཏེ། དེས་ན་སེམས་ཉིད་རྟོགས་པ་ཡང་མི་དགོས་པར་འགྱུར་རོ། །སེམས་ཅན་ལས་སངས་རྒྱས་པ་ཞིག་གིས་གསུངས་ན། ཀུན་དུ༼ཏུ༽བཟང་པོ་ཉིད་ལའང་སློབ་དཔོན་ཡོད་ཅིང་སྒྲིབ་པ་བྱང་ནས། སེམས་ཅན་ལས་སངས་རྒྱས་པར་འགྱུར་རོ། །ཅིའི་ཕྱིར་ན། སེམས་ཅན་ལས་སངས་རྒྱས་པས་གསུངས་པའི་ཕྱིར་རོ། །”4 ཞེས་རྫོགས་པ་ཆེན་པོའི་ལུང་ཚད་མ་གསུང་མཁན་གྱི་སྟོན་པ་ཀུན་བཟང་དེ་སེམས་ཅན་གང་ཞིག་སངས་རྒྱས་པ་ཞིག་ཡིན་ནམ། འོན་ཏེ་སེམས་ཅན་ལས་གཞན་ཞིག་སངས་རྒྱས་པ་ཡིན་ཞེས་དང་། དེ་གཉིས་གང་ཞིག་འདོད་རུང་སྐྱོན་ཡོད་པའི་ཚུལ་དང་བཅས་དྲིས་པ་ལ། རང་ལུགས་ཀྱི་ལན་ནི་དེ་ཉིད་ལས། “དེ་ལྟར་མ་ཡིན་ཏེ། འཁོར་འདས་གཉིས་ཀྱི(ཉོན་མོངས་བག་ཆགས་རྣམ་རྟོག་གོང་དུ་སྐྱོན་ཡོན་གང་གིས་ཀྱང་)མ་གོས་པའི་སྙིང་པོ།(དག་སྣང་འཁྲུལ་སྣང་གཉིས་ཀ་ལས་འདས) ངོ་བོ་ཉིད་ཀྱི་སྐུ་མཆོག །སངས་རྒྱས་སེམས་ཅན་གཉིས་ཀ་མ་ཡིན་པར་ཡེ་(གཞིའི་ངོ་བོ་ཉིད་ཀུན་གཞི་)དོན་གྱི་ཡེ་ཤེས་དེ། ཀུན་དུ༼ཏུ༽བཟང་པོས་རྟོགས་ཤིང་རིག་ནས།”5ཞེས་དང་། “མདོར་ན་སངས་རྒྱས་སེམས་ཅན་གཉིས་ཀའི་སྔ་རོལ་ན། བཞུགས་པའི་སྟོན་པ་ཉག་གཅིག་གི་རྩལ་དང་བྱིན་རླབས་དེ་ཉིད། མ་ནོར་བར་རང་རིག་ཏུ་རྟོགས་པ་ཤར་བའི་སངས་རྒྱས་ཀུན་དུ༼ཏུ༽བཟང་པོས་ཡེ་ནས་བྱིན་གྱིས་རླབས་ཀྱིས་བཤད་པ་ལ་ལུང་ཚད་མ་ཞེས་བྱའོ། །”6 ཞེས་དེ་ལྟ་བུའི་ཀུན་བཟང་དེ་སེམས་ཅན་གང་ཞིག་གིས་གནས་ལུགས་རྟོགས་ཏེ་སངས་རྒྱས་པ་ཞིག་མ་ཡིན་པར། དང་པོའི་སྤྱི་གཞི་ཆེན་པོ་ལས་གཞི་སྣང་ལྷུན་གྲུབ་ཀྱི་སྣང་བ་ཤར་ཚེ་དེ་དང་ལྷག་ཅིག་སྐྱེས་པའི་ཤེས་རིག་རྣོན་པོས་རང་སྣང་སྒྱུ་མར་ལྷག་གིས་མཐོང་སྟེ་དག་པ་གཉིས་ལྡན་མངོན་དུ་གྱུར་པའི་ཡེ་སངས་རྒྱས་པ་སྟེ། «དབྱིངས་རིག་རིན་པོ་ཆེའི་མཛོད»ལས། “ཀུན་ཏུ་བཟང་པོས་གྲོལ་བ་མངོན་དུ་བྱས་པའི་ཚུལ་གྱི་གྲོལ་བའི་རྒྱུ་ནི། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་བ་སྟེ། དེའང་ཡུལ་གང་ནས་ལྷན་ཅིག་སྐྱེས་ན་དང་པོའི་གཞི་བསམ་བརྗོད་དང་བྲལ་བའི་ངང་ནས་སྐྱེས། སུ་དང་ལྷན་ཅིག་སྐྱེས་ན་ཡེ་གདངས་སྒྲ་འོད་ཟེར་གསུམ་དང་ལྷན་ཅིག་སྐྱེས། ལྷན་ཅིག་གང་སྐྱེ་ན་སྣང་བ་རྣམ་གསུམ་མངོན་དུ་ཤར་བའི་ཚེ་ན། དེ་ཉིད་བདེན་མེད་དུ་རྟོགས་མཁན་གྱི་ཤེས་རིག་རྣོན་པོ་དེ་ཉིད་སྐྱེས་ཏེ། དེ་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱའོ། །རྟོགས་པའི་རྐྱེན་ནི་སྒྲ་འོད་ཟེར་གསུམ་གྱིས་བྱས་ཏེ། ངོ་བོ་སྟོང་པ་ལས་སྒྲ་དང་། རང་བཞིན་གསལ་བ་ལས་འོད་དང་། ཐུགས་རྗེ་རིག་པ་ལས་ཟེར་ཤར་ཙམ་ནས་རང་སྣང་སྒྱུ་མར་ཤེས། དེའི་རྐྱེན་བྱས་ནས་རིག་པ་རང་གི་རང་མཚན་རྟོགས་པའོ། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་སྣང་བ་དེ་གསུམ་སྐྱེ་བའི་རྒྱུ་མ་གྲུབ་པས་མི་འཐད་ཟེར་ན། ངོ་བོ་སྟོང་གསལ། རང་བཞིན་གསལ་སྟོང་། ཐུགས་རྗེ་སྟོང་གསལ་དབྱེར་མེད་ཆེན་པོར་གནས་པ་ལས་སྣང་བ་རྣམ་གསུམ་འཆར་བའི་རྒྱུ་མ་འགགས་པའི་ཚུལ་རྒྱུད་བུ་ཆུང་བཅུ་གཉིས་ལས། ཀུན་གཞི་སྟོང་པ་རྒྱུ་མེད་པས། །སྒྲ་ནི་དབྱིངས་ཀྱི་རྩལ་དུ་ཤར། །རིག་པ་སྟོང་པ་རྒྱུ་མེད་པས། །འོད་ནི་ཡེ་ཤེས་རྩལ་དུ་ཤར། །དབྱེར་མེད་སྟོང་པ་རྒྱུ་མེད་པས། །ཟེར་ནི་ཐུགས་རྗེའི་རྩལ་དུ་ཤར། །ཞེས་སོ། །རྟོགས་པའི་ངོ་བོ་ནི། ཀ་དག་གི་ས་ལ་གནས་ཏེ་ཕྱིན་ཆད་འཁྲུལ་མི་ཤེས་པའོ། །རྟོགས་བྱེད་མཁན་པོ་ནི། ཤེས་རིག་རྣོན་པོ་དེས་མ་བསམས་པ་གཅིག་ལ་སྣང་བ་གསུམ་གློ་བུར་དུ་ཤར་བའི་ཚེ། སྐད་ཅིག་ལ་རང་སྣང་དུ་བྱེ་བྲག་ཕྱེད། སྐད་ཅིག་ལ་སངས་རྒྱས་ཏེ་རང་སར་ཟིན་པའོ། །རྟོགས་པའི་དུས་ནི། གཞི་སྣང་ཤར་བའི་དུས་ཏེ། དེའང་ཀུན་ཏུ་བཟང་པོས་ཐོག་མ་མེད་པའི་དུས་ནས་རྟོགས་ཏེ། གཞི་ལ་རང་ཆས་སུ་ཡེ་སངས་རྒྱས་པའོ། །གང་ཟག་ལམ་པ་རྣམས་ཀྱིས། ཚེ་འདི་དང་། བར་དོའི་སྣང་བ་ཤར་ཚེ་སྦྱངས་པའི་ཤེས་རབ་ཤར་ནས་རང་སྣང་དུ་རྟོགས་ཏེ་སངས་རྒྱས་སོ། །”7 ཞེས་གསལ་བར་གསུངས་ཤིང་། ཡང་དེ་ཉིད་ལས། “དེ་ལྟར་གཞི་ལ་གཞི་སྣང་ཡོད་པས་ཉམས་སུ་ལེན་དུས་དང་། བར་དོ་དང་། ཐོག་མ་སེམས་ཅན་དུ་འཁྲུལ་དུས་གང་ཡིན་ཡང་འཆར་ཚུལ་བརྒྱད་ཀྱི་སྣང་བ་འབྱུང་བའི་གནད་དེ་ཡིན་ནོ། །”8 ཞེས་པ་སྤྱིར་གཞི་སྣང་ཕྱི་རུ་ཤར་བའམ་གཡོ་བའི་དུས་ཏེ། ཐོག་མའི་གཞི་སྣང་གཡོས་པ་དང་། ལམ་དུས་སུ་རྟོགས་ལྡན་རྩ་ཁ་བྱེ་བ། ཤི་ཚེ་བར་དོའི་སྐབས་གསུམ་ལ་སྣང་བ་དང་། དེ་མཚུངས་སྐབས་སོ་སོར་སྣང་བ་གང་དག་རང་སྣང་དུ་ཤེས་པའི་སྒོ་ནས་གཞི་ཐོག་ལ་སངས་རྒྱས་པའི་ཚུལ་ཡང་ཞོར་དུ་ཤེས་པར་འགྱུར་ལ། །དེ་ལས་འདིར་ཐོག་མའི་ཀུན་བཟང་དེ་ཉིད་ཚོགས་བསགས་སྒྲིབ་སྦྱངས་དང་ས་ལམ་བགྲོད་པ་སོགས་གང་ཡང་མ་བྱས་ཀྱང་སངས་རྒྱས་པར་བསྟན་པའི་ལུང་གཞན་ནི། «ལྟ་བ་སྤྱི་གཅོད་མན་ངག་ལེའུ་བཅུ་གཉིས་པ»ལས། “དེ་དུས་ཀུན་ཏུ་བཟང་པོ་ཡིས། །དགེ་བ་ཏིལ་འབྲུ་ཙམ་ཡང་མ་བྱས་ཏེ། །ཤེས་རིག་རྣོན་པོ་ལྷན་ཅིག་སྐྱེས་པ་ཡིས། །རང་འབྱུང་རིག་པའི་ཡེ་ཤེས་ཤར། །རིག་པའི་རྩལ་ཤར་རང་སྣང་འོད། །ཕྱོགས་མེད་ཤར་བའི་རང་སྣང་དེ། །རིག་པའི་རང་རྩལ་ཡིན་པར་རྟོགས། །”9 ཞེས་དང་། «ཏ་པི་ཧྲི་ཙའི་ལུང་བསྟན»ལས། “སློབ་དཔོན་འདི་ལྟར་སྣང་བ་ཡིན། །”10 ཞེས་དང་། “སྣང་བ་སློབ་དཔོན་དུ་མ་ཤེས་ན། །ཀུན་ཏུ་བཟང་པོ་ལ་སུས་བསླབས། །”11 ཞེས་དང་། «སྙན་བརྒྱུད་སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན»ལས། “ཡེ་སངས་རྒྱས་ཞེས་པས། རང་ཤེས་རིག་གི་རྒྱལ་པོ་བྱང་ཆུབ་སེམས་ཡེ་ནས་འཁྲུལ་མ་མྱོང་། འཁོར་བར་འཁྱམས་མ་མྱོང་། སྒྲིབ་གཉིས་སྦྱང་མ་མྱོང་། ཚོགས་གཉིས་བསགས་མ་མྱོང་། སློབ་དཔོན་གྱིས་བསྟན་པ་མེད་པར་ཡེ་ནས་རང་རིག་རང་ལ་ཤར་ནས་སངས་རྒྱས་པའོ། །”12 ཞེས་དང་། «འབྲིང་པོ་སོར་བཞག་ཞྭ་ལྟ་བུའི་གདམས་པ»ལས། “མངོན་པར་རྫོགས་པའི་སངས་རྒྱས་ནི། སྟོན་པ་གཤེན་རབ་མན་ཆད་ནས་གང་ཟག་རྟོགས་པ་ཤར་བ་ཡན་ཆད་དོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི། ཀུན་ཏུ་བཟང་པོ་ཐོག་མར་རང་ས་ཟིན་པའོ། །”13 ཞེས་པ་སོགས་མང་ངོ་། །ཡང་ཕྱོགས་གཞན་ནས་དཔྱད་ན། ཀརྨ་པ་མི་བསྐྱོད་རྡོ་རྗེའི«མཛོད་འགྲེལ»ལས། “བོད་དུ་སངས་རྒྱས་པར་ཞལ་གྱིས་བཞེས་པའི་གསང་སྔགས་རྙིང་མ་པ་དག་འཁོར་བ་ལ་ཐོག་མ་ཡོད་པར་ཁས་ལེན་ཏེ། འཁོར་འདས་གཉིས་རྒྱབ་གྱེས་སུ་མ་སོང་བའི་གོང་རོལ་ནས་ཐོག་མའི་མགོན་པོ་འོད་མི་འགྱུར་བ་ཆོས་སྐུ་ཀུན་ཏུ་བཟང་པོ་དང་བཟང་མོ་ཁ་སྦྱོར་དུ་འབྲལ་མི་སྲིད་པའི་ཕྱིར་ཞེས་འཛེར་ལ། དེ་དང་མཐུན་པར་ཞང་ཞུང་བོན་པོ་རྣམས་ཀྱང་བོན་སྐུ་ཀུན་བཟང་སོགས་འཁོར་འདས་ཀྱི་རྒྱུར་སྨྲ་བས།”14 ཞེས་བོད་དུ་རྙིང་མ་དང་བོན་པོའི་རྫོགས་ཆེན་གཉིས་མཚུངས་པར་འཁོར་བ་ཐོག་ཡོད་དང་ཐོག་མའི་མགོན་པོ་ཀུན་བཟང་བཞེད་པ་དགག་བྱར་མཛད་པ་འདི་ཙམ་གྱིས་ཀྱང་ཤེས་པ་འདུག་ལ། གཞན་འགྲེལ་དེར་བོན་རང་གཞུང་དང་མི་མཐུན་པ་དག་ནི་རང་གཞུང་བཤད་པའི་ཞོར་དུ་ཁེག་པར་འགྱུར་བས་འདིར་ཆེད་དུ་དགག་སྒྲུབ་བྱེད་པའི་དགོས་པ་མ་མཐོང་ངོ་། །

  དཔྱད་གཞིའི་ཡིག་ཆ།

  ༡༽ཀུན་ཏུ་བཟང་པོ། «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་ཕྱི་ལྟ་བ་སྤྱི་གཅོད་ཀྱི་མན་ངག་ལེའུ་བཅུ་གཉིས་པ» རྒྱལ་གཤེན་རིག་མཛོད། དེབ་ཕྲེང་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦

  ༢༽ཀུན་ཏུ་བཟང་པོ། «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་སྒྲོན་མ་དྲུག་གི་གདམས་པ» རྒྱལ་གཤེན་རིག་མཛོད། དེབ་ཕྲེང་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦

  ༣༽ཏ་པི་ཧྲི་ཙ། «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་རྗེ་ཏ་པི་ཧྲི་ཙའི་ལུང་བསྟན» རྒྱལ་གཤེན་རིག་མཛོད། དེབ་ཕྲེང་དང་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦

  ༤༽ཀུན་ཏུ་བཟང་པོ། «རྫོགས་པ་ཆེན་པོ་ནམ་མཁའ་སྤྱི་གཅོད་ལྟ་བའི་ཀློང» གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། དེབ་ཕྲེང་བརྒྱ་དང་བཞི་བཅུ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥

  ༥༽ལི་ཤུ་སྟག་རིང་། «གཏན་ཚིགས་གལ་མདོ་རིག་པའི་ཚད་མ» སྒོ་བཞི་མཛོད་ལྔའི་ཡང་བཅུད། དེབ་ཕྲེང་ཉེར་གསུམ་པ། ༢༠༡༣

  ༦༽ཨུ་རི་བསོད་ནམས་རྒྱལ་མཚན། «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན» རྒྱལ་གཤེན་རིག་མཛོད། དེབ་ཕྲེང་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦

  ༧༽ཚེ་དབང་རིག་འཛིན། «ཁྲིད་ཀྱི་རྒྱབ་ཡིག་ལུང་གི་ཕྲེང་བ» ཚེ་དབང་བོད་ཡུལ་མའི་སྒྲུབ་གཞུང་དང་ཆ་ལག་བཅས་པ། བོན་དང་ཞང་ཞུང་ཤེས་རིག་དཔེ་ཚོགས། དེབ་ཕྲེང་བཅོ་ལྔ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༡

  ༨༽ཤར་རྫ་བཀྲ་ཤིས་རྒྱལ་མཚན། «དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན» ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ། དེབ་ཕྲེང་བཅུ་གཅིག་པ། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་། ༢༠༡༦

  ༩༽ཀརྨ་མི་བསྐྱོད་རྡོ་རྗེ། «ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་རྒྱས་པ་སྤྲོས་པ་གྲུབ་བདེའི་དཔྱིད་འཇོ» མཚུངས་མེད་མི་བསྐྱོད་རྡོ་རྗེའི་གསུང་འབུམ། དེབ་ཕྲེང་གཉིས་པ། འཕྲུལ་དེབ།

  དཔྱད་མཆན།

  1 «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་སྒྲོན་མ་དྲུག་གི་གདམས་པ» ཤོག་ངོས༢༥༢པར་གསལ།

  2 གོང་མཚུངས་ཤོག་ངོས༢༥༤པར་གསལ།

  3 «ཁྲིད་ཀྱི་རྒྱབ་ཡིག་ལུང་གི་འཕྲེང་བ» ཤོག་ངོས༡༥༤པར་གསལ།

  4 «གཏན་ཚིགས་གལ་མདོ་རིག་པའི་ཚད་མ» ཤོག་ངོས༦༡པར་གསལ།

  5 གོང་མཚུངས་ཤོག་ངོས༦༢པར་གསལ།

  6 གོང་མཚུངས་ཤོག་ངོས༦༣པར་གསལ།

  7 «དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན» ཤོག་ངོས༢༢༢པར་གསལ།

  8 «དབྱིངས་རིག་རིན་པོ་ཆེའི་མཛོད་གསང་བ་ངེས་པའི་རྒྱན» ཤོག་ངོས༢༡༨པར་གསལ།

  9 «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་ཕྱི་ལྟ་བ་སྤྱི་གཅོད་ཀྱི་མན་ངག་ལེའུ་བཅུ་གཉིས་པ» ཤོག་ངོས༡༤༣པར་གསལ།

  10 «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་རྗེ་ཏ་པི་ཧྲི་ཙའི་ལུང་བསྟན» ཤོག་ངོས༢༣༤པར་གསལ།

  11 གོང་མཚུངས་ཤོག་ངོས༢༣༥པར་གསལ།

  12 «རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ལས་སྒྲོན་མའི་འགྲེལ་བ་ཉི་འོད་རྒྱན» ཤོག་ངོས༢༥༧ པར་གསལ།

  13 «སྙན་བརྒྱུད་ཐུགས་ཀྱི་ངེས་དོན་འབྲིང་པོ་སོར་བཞག» ཤོག་ངོས༢༥༨པར་གསལ།

  14 «ཆོས་མངོན་པའི་མཛོད་ཀྱི་འགྲེལ་པ་རྒྱས་པ་སྤྲོས་པ་གྲུབ་བདེའི་དཔྱིད་འཇོ» འཕྲུལ་དེབ། ངོས༡༩༣པར་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།