རྒྱ་བོན་ཟིང་པ་མཐུ་ཆེན་ལ་དཔྱད་པ་རྒྱ་བོན་དགྱེས་པའི་དགོད་སྒྲ་ཞེས་བྱ་བ་བཞུགས་སོ། །

[ཟླ་ཚེས། 2023-10-04 11:08:59][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [ནང་དོན་གནད་བསྡུས] དཔྱད་རྩོམ་འདིར་ཞང་བོད་གྲུབ་ཐོབ་བརྒྱད་ཅུའི་ནང་ཚན་གདུང་བརྒྱུད་བཅུ་གསུམ་གྱི་ཡ་གྱལ་རྒྱ་བོན་ཟིང་པ་མཐུ་ཆེན་བྱ་བ་དེའི་མིང་གི་གོ་དོན་དང་། རིགས་རྒྱུད་གང་དུ་གཏོགས་པ། ས་ཆ་གང་དུ་འཁྲུངས་པ། ཁོང་གི་ཆས་ཀ་གང་འདྲ་ཡིན་པ། ཁོང་གི་མཛད་པ་དང་འཕྲིན་ལས་བཅས་བསྟན་ཡོད།

  [གནད་ཚིག] རྒྱ་བོན། ཧ་ཤང་རྒྱ་རིགས། རྒྱ་ནག ཟིང་པ།

རྒྱ་བོན་ཞེས་པ་ལ་དཔྱད་པ།

  རྒྱ་བོན་ཞེས་པའི་ཐ་སྙད་དེ་དུས་ནམ་ཙམ་བྱུང་བའི་ལོ་ཚིགས་ནི་གསལ་བོ་མེད་ཀྱང་། ཕལ་ཆེར་འཛམ་གླིང་མཁས་པའི་རྒྱན་དྲུག་ནང་ཚན་རྒྱ་ནག་ལ་མཁས་པ་ལེགས་ཏང་རྨང་པོའི་སྐུ་རིང་ནས་ཡོད་དེ། བསྒྲགས་པ་གླིང་གྲགས་ལས། ཐུ་བོ་ཆེ་མི་དགུ་ནི། རྒྱ་བོན་ལེགས་ཏང་རྨངས་པོས་གནམ་ས་སྟེང་འོག་སྤོའམ་གཡོ་ནུས།1 ཞེས་གསུངས་པ་ལ་བརྟགས་ན་རྒྱ་བོན་ཞེས་པའི་ཐ་སྙད་དེ་མ་མཐའ་ཡང་བོད་རྒྱལ་གཉའ་ཁྲི་བཙན་པོའི་སྐབས་ནས་ཡོད་པར་གསལ། རྒྱ་བོན་ཟིང་པ་མཐུ་ཆེན་ནི་བོད་རྒྱལ་གཉའ་ཁྲི་བཙན་པོ་མ་བྱོན་སྔ་རོལ་ན་ཡོད་པའི་བོན་གཤེན་ཞིག་ཡིན་པ་མ་ཟད། རྒྱ་ནག་ལ་བོན་བསྟན་མཁན་གྱི་གྲུབ་ཆེན་ཞིག་ཀྱང་ཡིན། རྒྱ་བོན་ཞེས་པའི་ཐ་སྙད་ལ་གོ་དོན་གཉིས་ཡོད་དེ། གཅིག་ནི། རྒྱ་ནག་ཏུ་བོན་བསྟན་སྤེལ་མཁན་གྱི་བོན་གཤེན་ནམ་བོན་པོ་ལ་རྒྱ་བོན་ཟེར། དཔེར་ན། རྒྱ་བོན་གསལ་བ་འོད་ལྡན། རྒྱ་བོན་ཟིང་པ་མཐུ་ཆེན། རྒྱ་བོན་ན་ཧ་གསལ་བ། རྒྱ་བོན་དཔལ་འབར་ལྷ་གསས། རྒྱ་བོན་མུ་ཆོ་ལ་སོགས་མང་པོ་བྱུང་ངོ་། །རྒྱ་ནག་ལ་བོན་བསྟན་སྤེལ་མཁན་གྱི་རྒྱ་བོན་ལ་རིགས་གཉིས་ཡོད་དེ། རིགས་གཅིག་ནི། རྒྱ་རིགས་ཀྱང་ཡིན་ལ་བོན་བསྟན་སྤེལ་སའང་རྒྱ་ཡི་ཡུལ་ཡིན་པ་དེ་ནི། དེང་སང་བོན་སྒོར་ཞུགས་པའི་རྒྱ་རིགས་ཀྱི་དགོན་བདག་བླ་མ་འགའ་ཞིག་ལྟ་བུའོ། །རིགས་གཅིག་ནི། རིགས་རྒྱུད་རྒྱ་མ་ཡིན་ཡང་རྒྱ་ནག་ཡུལ་དུ་བསྟན་པ་སྤེལ་མཁན་གྱི་བོན་གཤེན་ལ་རྒྱ་བོན་ཟེར། དཔེར་ན། དེང་སང་བོད་ཀྱི་བླ་སྤྲུལ་རྣམས་རྒྱ་ཁམས་སུ་ཕེབས་ནས་བསྟན་པ་ཡང་དག་པར་སྤེལ་བའི་རྒྱ་བོན་ལྟ་བུའོ། །གཉིས་ནི། རྒྱ་ནག་ཏུ་དར་བའི་བོན་སྐོར་ལ་རྒྱ་ནག་བོན་སྐོར་རམ་རྒྱ་བོན་ཟེར། དཔེར་ན། སྟོན་པ་གཤེན་རབ་མི་བོས་གསུངས་པའི་མདོ་མངོན་འབུམ་དང་སྔགས་སེམས་བཅས་འ་ཞ་སོགས་ཀྱིས་བཀའ་བསྡུས་མཛད་རྗེས་གདུང་སོབ་མུ་ཆོ་ལྡེམ་དྲུག་གིས་བཀའ་འཁོར་བསྐོར་བས་དམུ་ཙ་ཏྲ་ཧེ་དང་རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་སོགས་ལ་བརྒྱུད། རྒྱ་ནག་མཁས་པ་ལེགས་ཏང་རྨང་པོ་ཡིས་རྒྱ་ནག་གཙུག་ལག་དཔལ་གྱི་དགེ་བ་དང་དཔལ་གྱི་སེང་གེ་ཥ་སངས་དུན་སྤུངས་སོགས་ལ་བརྒྱུད། དེར་འཕྲོས་བཻ་རོ་ཙ་ན་སོགས་བརྒྱུད་དེ་རྒྱ་ནག་ཡུལ་ཆེན་ཡུལ་ཕྲན་སོ་སོར་དར་བས་རྒྱ་ནག་བོན་སྐོར་གྲགས། བོན་སེམས་ཕྱོགས་སྐོར་ར་སངས་ཁྲི་ནེ་ཁོད་ཉིད་ཀྱིས་རྒྱ་བོན་གསལ་བ་འོད་ལ་སྤེལ། རྒྱ་བོན་གསལ་བ་འོད་ཀྱིས་རྒྱ་ནག་སྐད་དུ་བསྒྱུར་ནས་རྒྱ་ནག་གི་ཡུལ་དུ་སྤེལ་བས་རྒྱ་ནག་སེམས་ཕྱོགས་བོན་སྐོར་གྲགས། བོན་གསང་སྔགས་སྤྱི་སྤུངས་སྐོར་དེ་རྒྱ་བོན་ཟིང་པ་མཐུ་ཆེན་དང་ཕུར་པ་དབལ་འབར་ལྷ་གསས་སོགས་ཀྱིས་རྒྱ་ནག་གི་ཡུལ་དུ་སྤེལ་བས་རྒྱ་ནག་གསང་སྔགས་བོན་སྐོར་ཞེས་གྲགས་པ་སོགས་ལ་རྒྱ་ནག་བོན་སྐོར་ཟེར། བསྡུས་མིང་ལ་རྒྱ་བོན་ཟེར་བ་ཡང་ཡོད་དོ། །

ཧ་ཤང་རྒྱ་ཡི་རིགས་ལ་དཔྱད་པ།

  སྤྱིར་རྒྱ་རིགས་ཡིན་ན་ངེས་ཅན་དུ་དེང་སང“汉族”རྒྱ་རིགས་ཞེས་གྲགས་པའི་རིགས་རྒྱུད་ཡིན་མི་དགོས་ཏེ། རྒྱ་རིགས་རྒྱལ་པོ་ཀ་དྷ་ལ་གསེར་གྱི་དབང་ཡིག་ཅན། རྒྱ་ཡི་རིགས་ཀོང་ཙེ་འཕྲུལ་གྱི་དབང་ཡིག་ཅན་སོགས་རྒྱ་ཡི་རིགས་ཡིན་ཡང་། དེང་སང“汉族”རྒྱ་རིགས་ཅེས་གྲགས་པའི་རུས་རྒྱུད་མ་བྱུང་སྔ་རོལ་ནས་ཡོད་པར་ནི་ཤེས་སླའོ། །དེང་སང“汉族”རྒྱ་རིགས་ཞེས་པ་ནི་ཧྭ་ཞ་རིགས་ཡིན་པ་ལ་དོགས་པ་ཟ་མི་དགོས། ཡིན་ནའང་དེ་ནི་གོང་མ་ཡན་ཏི་དང་ཧོང་ཏི་ནི་རྒྱ་རིགས་ཀྱི་མེས་པོ་ཡིན་པའི་ངེས་པ་མེད། དོན་དངོས་ཐོག་ཁོང་ཚོ་ནི་ཧྭ་ཞ་རིགས་ཀྱི་མེས་པོ་ཡིན་ཞིང་། ལོ་རྒྱུས་རིག་པ་བ་ལུའི་སི་མེན་གྱིས། རྒྱ་རིགས་ཀྱི་མིང་ནི་ལིའུ་པང་གིས་གོང་མ་བྱས་པའི་རྗེས་ནས་བྱུང་བ་རེད། ཅེས་བཤད་པ་རེད། ཁོང་གིས་ད་དུང་བཤད་དོན། ཧྭ་རིགས་ལ་ཧན་རྒྱལ་རབས་སྔོན་མའི་གོང་མ་ཝུའུ་ཏི་ཞོན་ཏི་ནས་བཟུང་རྒྱ་རིགས་ཞེས་འབོད་འགོ་ཚུགས་པ་རེད། ཞེས་གསུངས་པ་རེད། མདོར་བསྡུས་ཏེ་བཤད་ན། དེང་སང་རྒྱ་རིགས་ཀྱི་མིང་ནི་རྒྱ་རིགས་རྒྱལ་རབས་ནས་འགོ་བརྩམས་པ་བཤད་དོ། །བོན་གཞུང་ནས་བཤད་པའི་རྒྱ་ཡི་རིགས་ནི་སྟོན་པ་གཤེན་རབ་མི་བོའི་སྐབས་ནས་ཡོད་པར་བསྟན་ཚུལ་ནི་དྲི་མེད་གཟི་བརྗིད་ལས་གསལ་ལོ། །དེང་སང“汉族”རྒྱ་རིགས་ཞེས་པའི་རྒྱ་ནག་གི་མི་རྒྱུད་དེ་སྟོན་པ་གཤེན་རབ་མི་བོའི་སྐབས་སུ་བྱུང་བའི་ཧ་ཤང་རྒྱ་ཡི་རིགས་ཡིན་མིན་ལ་བརྟགས་དགོས། སྟོན་པ་གཤེན་རབ་མི་བོ་ཆེའི་སྐབས་ཀྱི་ཧ་ཤང་རྒྱ་ཡི་རིགས་ནི། ལྷ་ཁྲི་ཤེས་དཀར་པོ་འཛམ་བུ་གླིང་གི་ལྷ་ཡིན་པས་དེའི་ཐུགས་ཀྱི་སྤྲུལ་པ་ལ། གསས་ཆེན་རིགས་ལྔ་མཁའ་འགྱིང་དང་དྲུག་གིས་བྱིན་གྱིས་བརླབས་པའི་སྲས་དྲུག་རིན་པོ་ཆེའི་སྒོ་ང་ལས་འཁྲུངས་པ་ནི་གདུང་རྒྱུད་འཛིན་པའི་རྒྱལ་པོ་དྲུག་སྟེ། དམུ་རིགས་གཤེན་ལྷའི་གདུང་རྒྱུད། ཤཱག་རིགས་གར་གསས་ཀྱི་གདུང་རྒྱུད། ཧོས་རིགས་གནམ་གསས་ཀྱི་གདུང་རྒྱུད། དཔོ་རིགས་གསས་རྗེའི་གདུང་རྒྱུད། རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད། གཉེན་རིགས་མཁའ་འགྱིང་གི་གདུང་རྒྱུད་དང་དྲུག་གོ །ཞེས་པའི་རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད་ལ་ཧ་ཤང་རྒྱ་ཡི་རིགས་ཞེས་འབོད་དོ། །སྟོན་པ་ལ་བདུད་ཀྱིས་ཆོ་འཕྲུལ་སྟོན་པའི་མདོ་ལས། འཛམ་གླིང་ཉི་མ་ཤར་ཕྱོགས་ཀྱི། །ག་ཆུ་འཕྲུལ་གྱི་ཟམ་སོ་ཡི། །ནག་པོ་རྒྱ་ཡི་ཡུལ་ནས་ཡིན། །རིགས་ནི་ཧ་ཤང་རྒྱ་ཡི་རིགས། །2ཞེས་ཧ་ཤང་རྒྱ་ཡི་རིགས་ནི་སྟོན་པ་གཤེན་རབ་མི་བོའི་སྐབས་ནས་ཡོད་པ་བསྟན་ཡོད། དེས་ན་རྒྱ་བོན་ཟིང་པ་མཐུ་ཆེན་དེ་རྒྱ་ཡི་རིགས་ཡིན་མིན་ལ་བོན་པོ་ནང་ཁུལ་དུ་འདོད་སྟངས་མི་འདྲ་བ་གཉིས་ཡོད། ལ་ལས་ཟེར་ན། རྒྱ་བོན་ཟིང་པ་མཐུ་ཆེན་དེ་རྒྱ་རིགས་མིན་པར་འདོད། འོན་ཀྱང་། རྒྱ་རིགས་མིན་པའི་སྒྲུབ་བྱེད་ཀྱི་གཞུང་ལུང་ད་སྔར་མ་མཐོང་། རང་དང་སྐུ་ཞབས་ཚེ་རིང་ཐར་གཉིས་ཀྱིས་བསྒྲིགས་པའི《གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་པོ》ནང་དུ་རྒྱ་བོན་ཟིང་པ་མཐུ་ཆེན་དེ་རྒྱ་རིགས་ཡིན་པར་བསྟན་ཡོད། རྒྱུ་མཚན་ནི། བོན་བརྒྱ་རིན་པོ་ཆེའི་གཡུང་དྲུང་བོན་གྱི་བསྟན་འབྱུང་ཤེལ་གྱི་རྒྱང་མཐོང་ལས། ལྔ་བ། རྒྱ་གར་དུ་པཎ་ཆེན་གར་པ་པྲ་ཏི་དང་རྒྱ་ནག་ཏུ་གྲུབ་ཐོབ་ཟིང་པ་མཐུ་ཆེན་ཏེ་གཉིས་སྣང་གི་ཚུལ་གྱིས། རྒྱ་གར་ནག་ཏུ་གསང་སྔགས་དར་རྒྱས་མཛད།3 ཅེས་པའི་ལུང་ཚིག་དང་། རྗེའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ལས། ལྷ་རྣམས་འདུལ་ཕྱིར་སྣང་བ་མདོག་ཅན་ཞེས། །ཀླུ་རྣམས་འདུལ་ཕྱིར་ཡེ་ཤེས་སྙིང་པོ་ཞེས། མི་རྣམས་འདུལ་ཕྱིར་མི་ལུས་བསམ་ལེགས་ཞེས། །སྐུ་སྤྲུལ་དུ་མ་མཛད་པའི་སྨན་རི་བ། །ཞེས་དང༌། རྟག་གཟིགས་ཡུལ་དུ་ལི་མུར་གཙུག་ཕུད་ཅེས། །དཀར་ནག་རྒྱ་ལ་ཟིང་བ་མཐུ་ཆེན་ཞེས། །ཞང་ཞུང་ཡུལ་དུ་སད་ནེ་གའུ་ཞེས། །བོད་ཀྱི་ཡུལ་དུ་སྤྲུལ་བའི་སྐུ་མཆོག་མཚན། །ཞེས་དང༌། རྒྱ་གར་ཡུལ་དུ་བླ་མེད་དོན་རྟོགས་མཛད། །4 ཅེས་སོགས་ལས་ལས་རྒྱ་བོན་ཟིང་པ་མཐུ་ཆེན་དེ་རྒྱ་ཡི་བོན་པོ་ཡིན་པར་བསྟན་འདུག དེའི་ཕྱིར་ཟིང་པ་མཐུ་ཆེན་དེ་ཉིད་ཧ་ཤང་རྒྱ་ཡི་རིགས་ཡིན་མི་ཆོག་པའི་རྒྱུ་མཚན་གང་ཡང་མེད། ཀོང་རྩེ་འཕྲུལ་རྒྱལ་ཧ་ཤང་རྒྱ་ཡི་རིགས་ཡིན་པར་བཞིན་ནོ། །མཉམ་མེད་བླ་མའི་ནང་སྒྲུབ་ལས། རྒྱ་གར་དུ་ཟིང་པ་མཐུ་ཆེན།5 ཞེས་གསུང་ཡང་དེ་ནི་དཀར་ནག་རྒྱ་ལ་ཟིང་པ་མཐུ་ཆེན་ཞེས་པའི་དོན་ཡིན་པ་གཞུང་དེའི་འོག་ཏུ་གསལ་བར་བསྟན་ཡོད།

ཟིང་པ་ཞེས་པའི་ཐ་སྙད་ལ་དཔྱད་པ།

  སྤྱིར་ཟིང་པ་ཞེས་པའི་ཟིང་དེ་ནི་འཆོལ་བའམ་འཁྲུག་པའི་དོན་ལ་གོ། སྐབས་འདིར་ཟིང་ཞེས་པ་ནི་ས་མིང་དང་། རུས་མིང་། དུད་མིང་སོགས་ལ་འཇུག་པའང་ཡོད།
  གཅིག ས་མིང་ལ་འཇུག་སྟེ། དཔལ་ཚུལ་གྱི་བསྟན་འབྱུང་ལས། གཞན་ཡང་ཟིང་ཆུ་རྔ་ཡུལ་ཕན་ཅི་དང་། །ཐེབ་ཆུ་ཁོད་སྤུང་རེབ་གོང་ཁྲི་ཀ་དང་། །རྒྱལ་རོང་མེ་ཉག་ཚ་རོང་མཚོ་སྔོན་བཅས། །6ཞེས་སྐབས་སུ་ཟིང་ཞེས་པ་ནི་ས་མིང་ལ་གོ། ཟིང་ཆུའི་ཟིང་ལ་ཟོང་དང་ཟུང་སོགས་འབྲི་བ་ཅི་རིགས་ཡོད། ཐ་སྙད་འདི་དག་ནི་དུས་ཀྱི་འཕོ་འགྱུར་དབང་གིས་འགྱུར་བ་ཡིན་པས་ས་གནས་མི་ཡི་ངག་རྒྱུན་དང་ཏུན་ཧོང་ཡིག་ཆ་སོགས་ལས་མི་ཉུང་བ་ཞིག་གསལ་ལོ། །འོན་ཀྱང་། དུང་དཀར་ཚིག་མཛོད་ནང་དུ། བོད་ལྗོངས་འཕན་པོ་ལྷུན་གྲུབ་རྫོང་ཁོངས་ལྕང་ར་ཤར་ཤང་ཁོངས་ཟིང་པ་གྲོང་ཚོའི་ཉེ་འདབས་སུ་ཟིང་པ་ཞེས་པའི་ཁྱིམ་ཚང་ཞིག་ཡོད་པ་དེ་གནའ་དུས་ཀྱི་ཟིང་པོ་རྗེའི་མཁར་ཡིན་པ་དང་། དེའི་བྱང་ངོས་ཀྱི་རི་སྟེང་དུ་ཟིང་པ་སྟག་དགོན་པ་ཟེར་བའི་གྱང་རོ་ཞིག་ཡོད།7 ཅེས་པ་ལྟར་ན་ཟིང་པ་དེ་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་འཕན་ཡུལ་ངན་ཆུའི་ཆུ་རྒྱུད་ཕྱོགས་ལ་ངོས་འཛིན་གནང་འདུག བོན་པོ་མཁས་པ་མང་ཕྱོགས་ཟིང་པ་ཞེས་པ་ནི་དེང་སང་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟིང་ཆུ་རྫོང“阿坝藏族羌族自治州松潘县”ཞེས་པ་དེ་ལ་ངོས་འཛིན་གནང་འདུག

  གཉིས། ཟིང་པ་དེ་མི་ཡི་རུས་རྒྱུད་གཅིག་ལ་གོ་སྟེ། དཔེར་ན། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་སྐུ་རིང་བྱོན་པའི་བློན་པོ་ཟིང་པ་རཏྣ་དང་། སྔར་བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ཀྱི་དུས་སུ་བྱོན་པའི་ཟིང་པོ་རྗེ་སྟག་སྐྱ་བོ་སོགས་ཀྱི་མཚན་ཟུར“ཟིང”ཞེས་པ་དེ་རུས་རྒྱུད་དམ་རིགས་རྒྱུད་གཅིག་ལ་གོ་དགོས་འདུག གཞན་ཡང་། ཟིང་པ་ཚུལ་ཁྲིམས། ཟིང་པ་གསས་བུ་སོགས་ཟིང་པ་མཚན་ཅན་མང་དུ་བྱོན་འདུག་གོ།

  གསུམ། ཟིང་པ་དེ་དུད་མིང་ལ་གོ་སྟེ། དུང་དཀར་ཚིག་མཛོད་ལས། ཟིང་པ་ཞེས་པའི་ཁྱིམ་ཚང་དེའི་མི་རྒྱུད་རྣམས་ཟིང་པོ་རྗེའི་མི་རྒྱུད་ཡིན་སྐད་འདུག། བཤད་རྒྱུན་ལྟར་ན་ཁང་པ་ཐོག་བརྩེགས་ལྔ་ཅན་ཞིག་ཡོད་པ་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་སུ་གཞུང་ནས་ཉམས་གསོ་ཐེངས་གཅིག་གནང་སྐད། ཟིང་པ་སྟག་དགོན་པ་ཞེས་པ་དེ་འབྲི་གུང་གི་ཁོངས་ཡིན་པ་དང་། དགོན་པ་དེ་བར་སྐབས་ཤིག་ནས་འཐོར་ཞིག་སོང་འདུག་ཀྱང་། ཟིང་པའི་ཁང་པ་དེ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཁྱི(༡༩༧༠)ལོ་བར་ཡོད་ཀྱང་དེ་རྗེས་མ་ཡུར་བཟོ་སྐབས་ཁང་པ་དེ་བཤིག་ནས་ད་ཆ་ས་ངོ་ཆོད་ཙམ་ཞིག་ལས་མེད་ཀྱང་། རི་སྟེང་དུ་ཡོད་པའི་ཟིང་པ་དགོན་པའི་ཤུལ་དེ་དང་གནས་སྤོས་བྱས་པའི་ཁྱིམ་ཚང་གི་མི་བརྒྱུད་ད་ལྟ་བསྡད་ཡོད།8 ཅེས་གསུངས་སོ། །གང་ལྟར་ཡང་རྒྱ་བོན་ཟིང་པ་མཐུ་ཆེན་དེ་ཟིང་ཆུའི་ཡུལ་དུ་སྐུ་འཁྲུངས་པ་ཡིན་ནམ། ཡང་ན་ཟིང་པ་ཞེས་པའི་དུད་ཚོ་ཞིག་ལ་སྐུ་འཁྲུངས་པ་ཡིན། ཡང་ན། རྒྱ་རིགས་ནང་ཚན་ཟིང་པ་ཞིག་རིགས་རྒྱུད་ཅིག་ཡོད་པར་སྐུ་འཁྲུངས་པ་ཡིན་པ་བཅས་ལ་དཔྱད་རྒྱུ་མང་འདུག རང་གིས་བརྟག་ཚུལ་ཟིང་པ་ཞེས་པ་ནི་དུད་ཚོའམ་ཁྱིམ་ཚང་ཞིག་ལ་གོ་ན་མི་ཆོག་པ་མེད་སྙམ།

ཟིང་པ་དང་ཟིང་བ་གཉིས་ལ་དཔྱད་པ།

  སྤྱིར་བོད་ཀྱི་བརྡ་སྤྲོད་རྣམས་སུ་པ་བ་གཉིས་ཀྱི་ཐོབ་ཚུལ་ནི། །ག་ད་ན་བ་མ་ས་དང་། །ད་དྲག་ཅན་ལ་པ་སྦྱོར་ཞིང་། །ང་འ་ར་ལ་མཐའ་མེད་མཐར། །བ་ཕྱེད་ཝར་འབོད་རྣམས་ལ་བ། །དེ་མིན་གཞན་ལ་པ་སྦྱོར་རོ། །ཞེས་གསུང་ཡང་། པ་བ་གཉིས་ཀྱི་ཐོབ་ཚུལ་ལ་ཚིག་གྲོགས་ཀྱི་འགྱུར་བ་དང་། ཡུལ་སྐད་ཀྱི་འགྱུར་བ། མིང་གཞིའི་འགྱུར་བ་སོགས་ཡོད་པས། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་ཟིང་པ་ལ་བོན་གྱི་ལོ་རྒྱུས་དར་རྒྱས་གསལ་སྒྲོན་སོགས་ལས་ཟིང་བ་མཐུ་ཆེན་འབྲི་བ་ཡང་ཡོད།9 ཡང་བོན་གཞུང་ལ་ལས་ནང་དུ། རྒྱ་བོན་ཟིངས་པ་མཐུ་ཆེན་འབྲི་བ་ཡང་ཡོད། གང་ལྟར་ཡང་ཟིང་པ་ཞེས་པ་ནི་ཡུལ་མིང་། རུས་མིང་། དུད་མིང་ལ་མཇུག་ཚུལ་གོང་དུ་བསྟན་ཟིན་ཏོ། །བརྡ་སྤྲོད་ནང་དུ་ཟིང་བ་ཞེས་པ་ནི། ༡(ཐ་མི་དད་པ)ལང་བ། སྤུ་ཟིང་བ། བ་སྤུ་ཟིང་བ། ༢ ལྷིང་མི་འཇགས་པ། དུས་ཟིང་། སེམས་ཟིང་བ། ཞེས་པའི་གོ་དོན་བསྟན་ཡོད། རྒྱ་བོན་ཟིང་བ་མཐུ་ཆེན་ཞེས་པའི་སྐབས་ཀྱི་ཟིང་བ་ནི་གོང་དུ་བསྟན་པའི་ཟིང་པ་དང་དོན་འདྲ་བར་ཤེས་པར་བྱའོ། །

ཟིང་པ་མཐུ་ཆེན་གྱི་འཁྲུངས་ཡུལ་ལ་དཔྱད་པ།

33

རྒྱ་བོན་ཟིང་པ་མཐུ་ཆེན།

  ཉེར་ལམ་དྲྭ་གྲོགས་འགས་ངས་བྲིས་པའི་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་ལོ་རྒྱུས་དང་འབྲེལ་བའི་པར་རིས་ཤིག་བཏང་བ་དེ་མཐོང་མ་ཐག། འདྲི་བ་འདི་འདྲ་བསྟན་འདུག། ཁོང་རྒྱ་རིགས་རེད་ཟེར་མཁན་འགའ་འདུག། དེ་འདྲ་ཡིན་ན་རྒྱ་ཡི་མིང་ག་རེ་གསོལ་འདུག། འཁྲུངས་ཡུལ་རྒྱ་ཡི་ས་གནས་གང་ན་རེད། ལོ་རྒྱུས་ཁུངས་གང་ལ་གཏུགས། བོད་མིང་ལ་རྒྱ་བོན་ཟིང་པ་མཐུ་ཆེན་ཟེར། རྒྱ་ལྕམ་དཀར་མོ་གྲོགས་སུ་བསྟེན་པ་བདེན་ཡང་། ཟིང་པ་ཟེར་ལུགས་ལ་བརྟག་ན་ཁོང་དེང་དུས་མདོ་སྨད་ཟིང་ཆུའི་ཡུལ་གྱི་མི་ཞིག་ཡིན་ནམ་སྙམ། ཁོང་གི་ས་ཞིང་འདེབས་ས་དང་བསྒྲུབ་གནས་སོགས་ས་དེ་རུ་གནས། ཁོང་འཁྲུངས་གནས་ཀྱང་ཡུལ་དེ་ཡིན་ནམ་སྙམ། དེས་ན་ཁོང་བོད་པ་ཡིན་པ་མ་ཟད་བོད་ཆས་དང་སྔགས་ཆས་བསྣམས་པ་ལས་རྒྱ་ཡི་ཆ་ལུགས་ཡིན་མི་སྲིད། དེ་འདྲའི་ཆ་ལུགས་ནི་དམིགས་གཞན་ཞིག་ཡིན་སྲིད། ཅེས་སོགས་མང་པོ་གསུང་འདུག། རྒྱ་བོན་ཟིང་པ་མཐུ་ཆེན་དེ་རྒྱ་རིགས་ཡིན་པར་གོང་དུ་ལུང་གིས་བསྒྲུབས་ཟིན་པས་འདིར་ཡང་བསྐྱར་དུ་བསྟན་པ་ལ་དགོས་པ་མི་འདུག། རྒྱ་བོན་ཟིང་པ་མཐུ་ཆེན་དེ་རྒྱ་རིགས་ཡིན་པར་བོན་གཞུང་ནང་དུ་བསྟན་པ་ལས་རྒྱ་ནག་གི་ཆོས་རིག་སྲིད་གསུམ་གྱི་གཞུང་ནང་དུ་མཐོང་མྱོང་མེད་པས་རྒྱ་ཡི་མིང་ག་རེ་གསོལ་བ་ནི་འདིར་བསྟན་ཐབས་མེད་པ་ནི་སུས་ཀྱང་ཤེས་སླ། དཔེར་ན། རྒྱ་ནག་ལེགས་ཏང་རྨང་པོ་དང་། རྒྱ་ནག་གཙུག་ལག་དཔལ་གྱི་དགེ་བ། དཔལ་གྱི་སེང་གེ་ཥ་སངས་དུན་སྤུངས། ཧ་ཤང་རྒྱ་བོན། རྒྱ་བོན་གསལ་བ་འོད་ལྡན་སོགས་དང་འདྲའོ། །

  རྒྱ་བོན་ཟིང་པ་མཐུ་ཆེན་དེ་ཉིད་རྒྱ་ནག་ཞིང་ནས་སྐུ་འཁྲུངས་པ་ནི། མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་ལས། ཟིང་ཆུ་ཞེས་པས་སྒྲ་དོན་ནི། རིག་འཛིན་གྲུབ་ཆེན་བརྒྱད་ཅུ་ལས། མཐུ་ཆེན་གཤེན་དགུའི་ནང་གི་རྒྱ་ནག་ཞིང་ནས་འཁྲུངས་པའི་རྒྱ་ཡི་བོན་གཤེན་ཟིང་པ་མཐུ་ཆེན་ཞེས་པའི་གྲུབ་ཐོབ་དཔའ་བོ་ཆེན་པོ་དེ་ཉིད།10 ཅེས་རྒྱ་ནག་ཏུ་སྐུ་འཁྲུངས་པར་གསལ་བོར་གསུངས་སོ། །

  ཟིང་པ་མཐུ་ཆེན་དེ་རྒྱ་ནག་ཏུ་འཁྲུངས་ཡང་། འཁྲུངས་ཡུལ་ལ་ནི་འདོད་སྟངས་གཉིས་འདུག་སྟེ། གཅིག། བོན་པོ་མི་འགའ་ཞིག་གིས། རྒྱ་བོན་ཟིང་པ་མཐུ་ཆེན་ནི་རྒྱ་ནག་གོང་བུ་དམར་རུ་སྟེ་དེང་སི་ཁྲོན་དཀར་མཛེས་ཁུལ་དར་རྩེ་མདོར་སྐུ་འཁྲུངས་པར་འདོད། དེའི་སྒྲུབ་བྱེད་ཀྱི་ལུང་ནི། གྲུབ་ཐོབ་རིག་འཛིན་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རྨད་འབྱུང་ལས། རྒྱ་སོ་དར་རྩེར་སྐུ་ལུས་སྤྲུལ་བསྒྱུར་སྟོན། ཟིང་པ་མཐུ་ཆེན་སྐུ་ལ་གསོལ་བ་འདེབས།11 ཞེས་དང་། དཔོན་གསས་རིག་འཛིན་གྱི་རྒྱུད་སྐོང་ལས། རིག་འཛིན་དེ་ཡི་གདུང་སློབ་པ། །རྒྱ་སོ་དར་རྩེའི་ཕོ་བྲང་དུ། །ཟིང་པ་མཐུ་ཆེན་རྒྱ་ལྕམ་དཀར་མོ་ཡིས། །རྒྱ་རྗེའི་བར་ཆོད་དབྱིངས་སུ་ཞི་བ་བཞིན།12 ཞེས་དང་། མཁན་ཆེན་ཉི་མ་བསྟན་འཛིན་གྱིས་མཛད་པའི་རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན་ལས། རྒྱ་ནག་གང་བུ་དམར་རུ་ཡི། །མཚལ་ཕུག་ཉི་དབང་མདངས་ལྡན་དུ། །རྒྱ་བོན་ཟིང་པ་མཐུ་ཆེན་ཞེས། །དམར་སྨུག་ཁྲོ་འཛུམ་ཐོར་ཅོག་འཁྱིལ། །ན་བཟའ་ཤིང་གོས་སྔོ་ལྗང་གསོལ། །ཟླ་བ་རྟར་ཞོན་ཉི་ཟེར་བསྣམས། །འཇའ་ཚོན་འཕྲེང་བ་བསྣོལ་ཞིང་འཐེན། །ལུང་སྐམ་ཆུ་འབེབ་རྒྱ་རྣམས་འདུལ། །13ཞེས་སོགས་པའི་ལུང་འདི་དག་ལ་བརྟགས་ཏེ་ས་ཆ་དེར་སྐུ་འཁྲུངས་པ་དང་སྒྲུབ་པ་མཛད་པར་བསྟན་ཡོད་པར་འདྲ། གཞན་ཡང་། མཁས་པ་དཔལ་ཚུལ་གྱི་བསྟན་འབྱུང་ལས། རྒྱ་བོན་ཆེན་པོ་ཟིང་པ་མཐུ་ཆེན་ནི། །རྒྱ་སོ་དར་རྩེར་བསྒྲུབས་པས་དངོས་གྲུབ་བསྙེམས། །གྲུབ་རྟགས་སྐུ་ལུས་སྤྱང་སྤྲུལ་གྱི་གྲན་བླ། །དངོས་སུ་འགུགས་དང་རི་སྐམ་ཆུ་མིག་འདོན། །ཚེ་མཐར་མ་ཕྱིན་པ་རྣམས་ཚེ་བསྲིང་བྱེད། །ཉི་ཟེར་རྒྱུད་ལ་ན་བཟའ་འགེལ་བར་ནུས། །མཆོག་གི་གྲུབ་རྟགས་ཡི་དམ་ལྷ་ཉིད་དང་། །གཉིས་སུ་མེད་པར་གཅིག་ཏུ་སངས་རྒྱས་སོ། །ཞེས་རྒྱ་བོན་ཟིང་པ་མཐུ་ཆེན་ཁོང་རྒྱ་དར་རྩེ་མདོར་འཁྲུངས་པ་མངོན་སུམ་མ་བསྟན་ཡང་། ཤུགས་བསྟན་ཀྱིས་ཚུལ་དུ་བསྟན་ཡོད་སྙམ། གཞན་ཡང་། ལེགས་བཤད་རིན་པོ་ཆེ་གཏེར་མཛོད་ལས། དེས་རྒྱ་ནག་གི་ཡུལ་དུ་རྒྱ་བོན་ཟིངས་པ་མཐུ་ཆེན་ལ་གདམས་ངག་བསྟན། དེས་རྒྱ་ཡུལ་གོང་བུ་དམར་རུར་རྒྱ་ལྕམ་དཀར་མོ་གྲོགས་སུ་བསྟེན་ནས་སྒྲུབ་པ་མཛད་པས་མཆོག་གི་གྲུབ་པ་བརྙེས་ཏེ། གྲུབ་རྟགས་སུ་སྐུ་ལུས་སྤྱང་ཀུར་སྤྲུལ་ནས་གྱི་གྲན་དངོས་སུ་བཀུག་པ་དང་། རྒྱ་མཁར་གྱི་དབུས་སུ་ཆུ་བཏོན་པ་དང་། ཚེ་ཟད་པའི་ཚེ་བསྲིང་བ་དང་། ཉི་ཟེར་ལ་ན་བཟའ་བཀལ་བ་དང་། རྒྱ་རྗེའི་སྐུ་གླུད་རང་འགྲོས་སུ་བཏང་བ་སོགས་བསམ་ལས་འདས། ཞེས་པ་སོགས་ལ་བརྟག་ཅིང་དཔྱད་ན་ཕལ་ཆེར་རྒྱ་ཡི་གང་བུ་དམར་རུར་སྐུ་འཁྲུངས་བའམ་མཛད་པའི་འཕྲིན་ལས་བསྐྱངས་སའི་གཙོ་བོ་ཞིག་ཡིན་པར་བསྟན་ཡོད། གཉིས། ཡང་ལ་ལས། རྒྱ་བོན་ཟིང་པ་མཐུ་ཆེན་ནི་ཨ་མདོ་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་ཟིང་ཆུ་ཞེས་པའི་ཡུལ་དུ་སྐུ་འཁྲུངས་པར་འདོད་དེ། དྲན་པ་ནམ་མཁའི་རྣམ་ཐར་ལས། ཟིང་ཆུ་ཡུལ་གྱི་རི་བོ་ཆེན་པོ་ན༔ མཚལ་གྱི་ཕུག་པ་ཉི་ཟེར་མདངས་ལེན་པ༔ རྒྱ་བོན་ཟིང་པ་མཐུ་ཆེན་གྲུབ་པའི་གཤེན༔ གསང་བ་སྔགས་ཀྱི་དོན་སྒྲུབ་དངོས་གྲུབ་ཐོབ༔ ཉི་མའི་ཟེར་ལ་ཞོན་ནས་མཁར་ལ་འཕྱོ༔ ཟླ་བའི་འོད་གུར་ཞོན་ནས་ཞིང་བར་རྒྱུག༔ འཇའ་འོད་བསྣོལ་ཞིང་ནམ་མཁར་ཡིག་འབྲུ་སྟོན༔ ཐུགས་རྗེ་རྩལ་ཆེན་རང་བྱུང་གསང་བྱིན་ཆེ༔14 ཞེས་པའི་ལུང་ཚིག་ལ་བརྟགས་ནས་ཨ་མདོ་ཟིང་ཆུའི་ཡུལ་དུ་སྐུ་འཁྲུངས་པར་འདོད་ཀྱང་། བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་ལྟར་ན། ཟིང་ཆུ་ཞེས་པ་ནི་བྱ་དུར་གནས་རི་དེ་ཡི་ཤར་ཕྱོགས་ན་ཆུ་མྱིག་དཀར་པོ་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་གཏེར་ཆུ་ཡིན་པས་ཟིང་ཆུ་ཞེས་པས་ལུང་ལས་གྲུབ།15 ཅེས་པ་ལ་བརྟགས་ན་རྒྱ་བོན་ཟིང་པ་མཐུ་ཆེན་གྱི་སྐུ་འཁྲུངས་ཡུལ་ཟིང་ཆུ་རྫོང་མ་ཡིན་པར་བསྟན་འདུག་སྙམ། གོང་གི་ཡིག་ཆའི་འཕྲོ། དེ་ཡང་རྒྱ་སོ་དར་རྩེ་ཞེས་པ་ནི། གྲུབ་ཆེན་རྣམ་ཐར་ལས། རྒྱ་ནག་མཚམས་དར་མདོ་དང་ཉེ་བ་རྒྱ་ཡི་གོང་བུ་མ་རི་རྩེ་ནས་རྒྱ་བོན་ཟིང་པས་དངོས་གྲུབ་བརྙེས། ཞེས་ལུང་དྲངས་པ་ལ་དགོངས་པ་ཡོད་ངེས། ཡང་དེ་ཉིད་ལས། རྒྱ་སོ་དར་རྩེ་ཞེས་པ་གོང་བུ་མ་རུ་རྩེ་དོན་གཅིག་ཡིན་པས། རྒྱ་བོན་ཟིང་པ་མཐུ་ཆེན་རྣམ་ཐར་ལས་གསལ་ཞིང་། རྒྱ་ནག་དར་རྩེ་མདོ་དང་ཉེར་བའི་གནས་ཡིན་པ་གསུངས། དེ་རྒྱ་ནག་གོང་མའི་མཁའ་འགྲོ་འུག་གདོང་ལྔའི་དབུས་ལ་མོ་རྩེ་ཡིན་པས་གཙོ་བོ་ཞེས་པས།16 ཞེས་རྒྱ་བོན་ཟིང་པ་མཐུ་ཆེན་ཁོང་དར་རྩེ་མདོར་སྐུ་འཁྲུངས་པར་འདོད་ཡོད་སྙམ། །རྒྱ་བོན་ཟིང་པ་མཐུ་ཆེན་སྐུ་འཁྲུངས་པའམ་འགྲོ་དོན་མཛད་པའི་སྐོར་ནི། དྲན་པ་ཚེ་སྒྲུབ་བདུད་རྩི་བུམ་བཟང་གྱི་དབང་རྫས་ཚིག་བཤད་པ་ལས། ཧྲཱིཿ རྒྱ་ནག་ཡུལ་གྱི་རི་བོ་རྩེ་མོ་ནས། རང་བྱུང་རྩལ་ཆེན་ཟིང་པ་མཐུ་ཆེན་གྱིས། ཞེས་གསལ་བར་གསུངས་སོ། །རང་ནི་ཀུན་མཁྱེན་ཉི་མ་བསྟན་འཛིན་དང་མཁས་པ་དཔལ་ཚུལ། མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་སོགས་ཀྱི་ལུང་དོན་ལ་བརྟག་སྟེ་དར་རྩེ་མདོར་སྐུ་འཁྲུངས་པར་འདོད་ནས་དེ་ལྟར་བྲིས་པ་ཡིན། འོན་ཀྱང་མཁས་དབང་རྣམས་ཀྱིས་དཔྱད་པར་བྱའོ། །

34

དར་རྩེ་མདོ་དང་ཟིང་ཆུ་གཉིས་རྒྱ་ཡུལ་ཡིན་མིན་སྐོར་ལ་དཔྱད་པ།

  སྤྱིར་རྒྱ་ཞེས་པའི་ཚིག་ཙམ་ཡོད་ན་རྒྱ་གར་དང་རྒྱ་ནག་གང་རུང་ཡིན་མི་དགོས་པ་ནི་སུས་ཀྱང་ཤེས་ཐུབ། འོན་ཀྱང་། དར་རྩེ་མདོ་དང་ཟིང་ཆུ་གཉིས་རྒྱ་ཡུལ་ཡིན་མིན་ལ་དོགས་གཞི་ཡོད་དེ། གོང་དུ་བསྟན་པའི་རྗེ་རིན་པོ་ཆེའི་རྣམ་ཐར་པདྨོ་སྟོང་ལྡན་དང་མཁས་པ་དཔལ་ཚུལ་གྱི་བསྟན་འབྱུང་གཉིས་ལས་དར་རྩེ་མདོ་དེ་ལ་རྒྱ་ཡུལ་ཞེས་འབོད་པ་བསྟན་ཡོད། དེ་བཞིན་དུ། ང་ཚོའི་ངག་རྒྱུན་ལ། རྒྱ་དར་རྩེ་མདོ་ཟེར་བ་ཀུན་གྱིས་ཤེས་གསལ་རེད། དེ་ལས་གཞན་པའི་རྒྱ་དར་རྩེ་མདོ་ལ་ཧོམ་པ་སུ་ཆེ་ཟེར་བའི་གཏམ་དཔེ་ཡང་ཡོད་དོ། །ཨ་མདོ་ཟིང་ཆུ་ལའང་ངག་རྒྱུན་དུ་རྒྱ་ཟིང་ཆུ་དང་ཨ་མདོ་ཟིང་ཆུ། རྒྱ་ཤར་པ་སོགས་ཟེར་སྲོལ་ཡོད། དྲན་པ་ནམ་མཁའི་རྣམ་ཐར་ལྟར་ན། ཟིང་ཆུ་ཡུལ་གྱི་རི་བོ་ཆེན་པོ་ན༔ མཚལ་གྱི་ཕུག་པ་ཉི་ཟེར་མདངས་ལེན་པ༔ ཞེས་མཚལ་གྱི་ཕུག་པ་ཉི་ཟེར་མདངས་ལེན་དེ་ཟིང་ཆུ་ན་ཡོད་པར་བཞེད། ཟིང་ཆུ་དེ་ཨ་མདོ་ཟིང་ཆུ་ལ་ངོས་འཛིན་པའི་དབང་དུ་བཏང་ན། ཟིང་ཆུ་དེ་ཡང་རྒྱ་ཡི་ཁོངས་སུ་གཏོགས་ཏེ། གྲུབ་ཆེན་བརྒྱད་བཅུའི་ཕྱག་མཆོད་ལས། རྒྱ་ནག་ཡུལ་གྱི་རི་བོ་ལ། མཚལ་ཕུག་ཉི་དབང་མདངས་ལེན་ན། ཟིང་པ་མཐུ་ཆེན་དམར་མདངས་གསལ། ཉི་མའི་ཟེར་ལ་འཇུ་ཤིང་འཕྱོང་། ཟླ་བའི་གུར་ལ་རྟ་ལྟར་བཅིབས། འཇའ་འོད་ཕྲེང་བ་བསྣོལ་ཞིང་འདྲེན། ནམ་མཁའི་མཐོང་ལ་སྔགས་ཡིག་སྟོན།རང་བྱུང་རྩལ་ཆེན་ཁྱེད་ཕྱག་འཚལ།17 ཞེས་མཚལ་གྱི་ཕུག་པ་ཉི་ཟེར་མདངས་ལེན་དེ་རྒྱ་ནག་གི་ཡུལ་ཡིན་པར་བསྟན་ཡོད། གཞན་ཡང་། བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་ནང་དུ། མ་རྒྱུད་ཐུགས་རྗེ་ཉི་མ་ལས། རྒྱ་ནག་གོང་མར་མཁའ་འགྲོ་འུག་གདོང་ལྔ། དབུས་ལ་མོ་རྩེ་འདུས་མཁའ་འགྲོ་འུག་གདོང་། ཤར་རི་བོ་རྩེ་ལྔའི་མཁའ་འགྲོ་འུག་གདོང་། བྱང་ཟིང་ཆུ་ནགས་རིང་མཁའ་འགྲོ་འུག་གདོང་། ནུབ་ཀུ་བྱི་འཇང་འདུལ་མཁའ་འགྲོ་འུག་གདོང་། ལྷོ་ཁྱི་ཐན་ཁ་གནོན་མཁའ་འགྲོ་འུག་གདོང་། མ་རྒྱུད་མཁའ་འགྲོའི་འདུ་གནས་ཞེས་པ་སྟེ།18 ཞེས་དར་མདོ་ལ་མོ་རྩེ་དང་། ཟིང་ཆུ་ནགས་རིང་སོགས་ནི་རྒྱ་ཡི་ཡུལ་ཡིན་པར་བཞེད་ཡོད། དོན་སྟེང་ནས་བཤད་ན་དར་རྩེ་མདོ་དང་ཟིང་ཆུ་གཉིས་ཀ་ནི་བོད་ཀྱི་ཡུལ་ཡིན་པར་མངོན་སུམ་རེད། །དེས་ན་དེ་ལ་རྒྱ་ཞེས་པའི་ཐ་སྙད་འདོགས་དགོས་དོན་ནི། དར་རྩེ་མདོ་དང་ཟིང་ཆུ་གཉིས་ཀ་རྒྱ་བོད་ཀྱི་ས་མཚམས་སུ་ཡོད་པས་རྒྱ་ཞེས་པའི་ཐ་སྙད་དེ་ཐོགས་པ་ཡིན་པ་ནི་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར་ལས་གསལ་བར་གསུངས་སོ། །ཡང་ན། སྔོན་ཆད་སྐབས་ཤིག་ལ་ས་ཆ་དེ་གཉིས་རྒྱ་ནག་གིས་དབང་བསྒྱུར་མྱོང་བས་དེ་སྐད་བརྗོད་པ་སོགས་གང་ཡིན་བརྟག་ཅིང་དཔྱད་ན་ལེགས་སོ། །འདིར་ལྷག་པར་དུ་ཤེས་དགོས་པ་ཞིག་ནི། དར་རྩེ་མདོའི་གོང་བུ་དམར་རུ་དང་ཟིང་ཆུའི་མཚལ་གྱི་ཕུག་པ་ཉི་ཟེར་མདངས་ལེན་ཞེས་པ་ས་ཆ་གཉིས་པོ་ལ་དམིགས་བསལ་དུ་རྒྱ་ནག་གི་ཡུལ་ཟེར་བའི་དགོངས་དོན་གང་ཡིན་བརྟག་དགོས་པ་སེམས་སོ། །

རྒྱ་བོན་ཟིང་པ་མཐུ་ཆེན་གྱི་ཆས་ཀ་ལ་དཔྱད་པ།

  མི་རིགས་གང་ཞིག་ཡིན་ཡང་། མི་རིགས་རང་གི་ཆས་ཀ་དེ་གཙོ་བོ་བྱེད་རྒྱུ་དེ་ནི་གལ་ཆེ་བ་རེད། འོན་ཀྱང་། མི་རིགས་ཞིག་ཡིན་ནས་བཟུང་། རང་མི་རིགས་ལས་གཞན་མི་རིགས་ཀྱི་གྱོན་ཆས་རྩ་བ་ན་མི་གྱོན་པ་དང་གྱོན་མི་རུང་ཞེས་བཤད་རྒྱུ་ནི་ཧ་ཅང་དཀའ་མོ་རེད། དེ་བཞིན་དུ་རྒྱ་བོན་ཟིང་པ་མཐུ་ཆེན་ཁོང་རྒྱ་ནག་ཏུ་བོན་བསྟན་པའི་སྐབས་སུ་རྒྱའི་སྐྱ་ཆས་མི་བྱེད་པའི་ངེས་པ་མེད་སྙམ། རྒྱ་ནག་གི་ཧ་ཤང་ངམ་རྒྱ་ཡི་གྲྭ་པ་དག་ལ་ཆས་ཀ་མི་འདྲ་བ་འགའ་ཡོད་པ་དང་། རྒྱའི་ཆོས་ལུགས་པ་སོ་སོས་ཆས་གོས་གོན་སྲོལ་ལས་རྒྱའི་སྐྱ་ཆས་བྱེད་སྲོལ་མེད་པར་རྒྱའི་སྒྲུང་དང་གློག་བརྙན་ལོ་རྒྱུས་བཅས་ནས་གསལ་ཟེར་བ་དེ་ནི་དེང་སང་གིས་འཁྲབ་སྟོན་པས་དེ་ལྟར་བྱེད་པ་ལས། སྔོན་ཆད་དེ་ལྟར་མེད་ཅེས་ཁ་ཚོད་ཆོད་དཀའ་མོ་རེད། རྒྱ་བོན་ཟིང་པ་མཐུ་ཆེན་ཁོང་བོད་ཡུལ་ཕེབས་དུས་བོད་གོས་གོན་པ་དང་། རྒྱ་ནག་ཏུ་ཕེབས་དུས་རྒྱ་གོས་གོན་པ། རྒྱ་ཡི་བློན་པོའི་གོང་ས་འདྲ་ཐོབ་ཡོད་ན་རྒྱ་བློན་གྱི་གོས་གོན་པ་སོགས་ཡོད་ན་མི་ཆོག་པ་མེད་དོ། །རྒྱ་བོན་ཟིང་པ་མཐུ་ཆེན་གྱི་ཐང་སྐུ་དང་ཙ་ཀ་ལི་སོགས་འབྲི་སྐབས་འབྲི་ལུགས་མི་འདྲ་བ་སྣ་ཚོགས་ཡོད་ངེས། རྒྱ་ནག་མིས་རྒྱ་ནག་ཆས་ཅན་འབྲི་བ་དང་། བོད་མིས་བོད་ཀྱི་ཆས་ཅན་འབྲི་བ། བལ་པོ་མིས་བལ་པོའི་ཆས་ཅན་འབྲི་བ་སོགས་ཡོད་པ་ནི་མངོན་སུམ་མཐོང་བོན་ནོ། །ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན་ལས། སྤར་ཁའི་གཏོ་བཅོས་ཀྱི་ཡིག་ཆུང་ལས། ཐེལ་རྒྱལ་གྲི་གུམ་བཙན་པོ་དང་། བདུད་བློན་ལོ་ངམ་བྱང་འགྲོམ་གཉིས་ཀྱིས་དམེ་གྲིབ་མནོལ་གསུམ་བྱས་པ་དང་། དེ་རྗེས་ཕུ་རུ་ཆུ་བསྒྱུར་མདའ་རུ་ཞིང་རྨོས་པས། ས་བདག་ཀླུ་གཉན་རྣམས་ལ་ཕོག་དུག་ཡུལ་ལྷ་ལ་མནོལ་གྲིབ་ཤོར་ནས། རྒྱལ་སྲས་སྤུ་དེ་ལེགས་པས་བཀའ་ཡིས་བསྐུལ་ཏེ། དཔོན་གསས་ཆེན་པོ་རྒྱ་བོན་ཟིང་བ་མཐུ་ཆེན་གྱིས། སྲིད་པ་སྤར་ཁ་སྡེ་བརྒྱད་བཅོས་པའི་གཏོ་ཐབས་གསུངས་ཏེ། བསྭོ་སྔོན་དུས་བསྐལ་པའི་དང་པོ་ལ། བསྐལ་བ་ཆགས་བྱེད་འཇུག་པའི་རྒྱུ། འབྱུང་བའི་དང་པོ་རླུང་ཡིན་ཞིང་། དེ་ལས་འབྱུང་བ་བཞི་རུ་སྲིད། དེ་ལས་རིགས་དྲུག་སེམས་ཅན་བརྟེན། ནུབ་བྱང་ནམ་མཁའི་མཐོང་དབྱིངས་སུ། ཕ་གཅིག་ཁེན་པ་རྒད་པོ་སྲིད། སྲིད་པ་ས་འོག་རིམ་དགུ་ན། མ་ཅིག་ཁོན་མ་རྒད་མོ་སྲིད། བྱང་ཤར་རི་རབ་ཁོང་གསེང་ན། བུ་ཆེ་གིང་རི་སྒོམ་ཆེན་སྲིད། ཤར་ལྷོ་རྒྱ་མཚོའི་ནང་ཤེད་ན། བུ་མོ་ཆེ་བ་ཟོན་རླུང་སྲིད། ནུབ་ཕྱོགས་རྒྱ་འགྲམ་རྩེ་བསྣོལ་ན། བུ་ཆུང་མགར་བ་དྭ་ལྕགས་སྲིད། ལྷོ་ཕྱོགས་ཚང་སྟང་འབར་བ་ན། བུ་མོ་ལི་མེ་འབར་བ་སྲིད། བྱང་ཕྱོགས་ཏིང་ནམ་འཁྱིལ་བ་ན། ཚ་བུ་ཁམ་ཆུ་ནག་པོ་སྲིད། ཤར་ཕྱོགས་ཏ་ལའི་ཤིང་དྲུང་ན། ཚ་མོ་ཟིན་ཤིང་བྱ་བ་སྲིད། སྲིད་པ་དེ་ལྟར་ཆགས་པ་ཡི། བདུན་ཟུར་མ་བུ་གྱུར་པ་སྲིད། ལས་དང་རྟེན་འབྲེལ་དབང་གིས་ནི། སྲིད་པ་སྤར་ཁ་སྡེ་བརྒྱད་ལ། ཕོ་མོ་ཤེས་རབ་བསྣོལ་མར་འཁོར། འཁོར་བའི་ཟུར་གྱིས་གདན་ས་ཕུང་། གདན་ས་ཕུང་ནས་སྐྱ་མདའ་ཐུག དེའི་རྐྱེན་གདོན་དང་བར་ཆད་བྱུང་། ཉེས་སྐྱོན་དེ་དག་སེལ་བའི་ཕྱིར། བླ་མེད་གསུམ་ལ་ཕྱག་བཙལ་ནས། གླུད་གཏོར་བརྒྱད་ལྡན་ཡོན་བཤམས་ཏེ། བདེན་པའི་དབྱངས་ཀྱི་ཚིག་འདི་གྱེར། དེ་ནས་གླུད་གཏོར་སོ་སོར་བསྔོས་ཏེ། ཀྱཻ་ལི་ཐོག་སྐྱ་མདའ་ཐུག་པ་ན། ཐབ་གཞོབ་གསུར་ལ་གཉན་ལངས་ནས། དལ་ཡམ་དགྲ་རྐུ་ཡོང་བ་ཡིན། བུ་མོ་ཕ་ཁུ་དག་ལ་ངན། ངན་པ་གཏོས་བསྒྱུར་སྐྱ་མདའ་བྱེ། ཕོ་ཆས་མོ་ཆས་རང་སར་དབྱེ། ཕོ་གླུད་མོ་གླུད་རང་སར་གཏོང་། གཟའ་མི་སྐྱ་མདའ་ཐུག་པ་བྱེར། ལི་མེ་ཟ་ལམ་གདོང་ཐུག་ཁྲོལད། སྔགས་དང་ཕྱག་རྒྱས་མཚམས་ཆོད་ཅིག ཀྱཻ་ཁོན་ཐོག་སྐྱ་མདའ་ཐུག་པ་ན། འཐབ་རྩོད་འཁོན་ལ་གཉན་ལངས་ནས། བདུད་དང་ཕོང་སྲིས་གནོད་འཚེ་འོང་། ཨ་མ་རྒན་མོ་དག་ལ་ངན། སོགས་དང་སྤར་ཁའི་ཕྱག་རྒྱ། ཀྱཻ་དྭ་ཐོག་སྐྱ་མདའ་ཐུག་པ་ན། མགར་ཚང་ལྕགས་ལ་གཉན་ལངས་ནས། ཐེའུ་རང་རྒྱལ་འགོང་གནོད་འཚེ་འོང་། ནོར་དང་ལྷ་སྲུང་དག་ལ་ངན། སོགས་དང་སྤར་ཁའི་ཕྱག་རྒྱ། ཀྱཻ་ཁེན་ཐོག་སྐྱ་མདའ་ཐུག་པ་ན། དུར་སྲིད་རོལ་པ་གཉན་ལངས་ནས། བྱད་ཁ་མི་ཁས་གནོད་འཚེ་འོང་། ཕ་ཁུ་རྒན་དང་ཕོ་ལ་བཟློ། སོགས་དང་སྤར་ཁའི་ཕྱག་རྒྱ། ཀྱཻ་ཁམ་ཐོག་སྐྱ་མདའ་ཐུག་པ་ན། ཆུ་མིག་ཡུག་སས་གཉན་ལངས་ནས། ཀླུ་བཙན་མ་མོས་གནོད་འཚེ་འོང་། ཉེ་འབྲེལ་ཚ་བོ་དག་ལ་བཟློ། སོགས་དང་སྤར་ཁའི་ཕྱག་རྒྱ། ཀྱཻ་གིན་ཐོག་སྐྱ་མདའ་ཐུག་པ་ན། ཤིང་བཅད་སྔགས་པས་གཉན་ལངས་ནས། ས་བདག་ཀླུ་ཡི་ཕོག་དུག་འོང་། ཁྱིམ་མཚེས་དང་ནི་བུ་ལ་བཟློ། སོགས་དང་སྤར་ཁའི་ཕྱག་རྒྱ། ཀྱཻ་ཟིན་ཐོག་སྐྱ་མདའ་ཐུག་པ་ན། མནའ་བསྐྱལ་ཤི་འདྲེས་མཉན་ལངས་ནས་ གོད་ཁ་བཙན་གྱིས་གནོད་འཚེ་འོང་། ཞང་པོ་ཚ་མོ་ངག་ལ་བཟློ། སོགས་དང་སྤར་ཁའི་ཕྱག་རྒྱ། ཀྱཻ་ཟོན་ཐོག་སྐྱ་མདའ་ཐུག་པ་ན། རོ་བག་གྲིབ་ལ་གཉན་ལངས་ནས། རྒྱལ་པོ་སྙིང་རླུང་ནད་ཀྱིས་འཚེ། ཉེ་འབྲེལ་ཚ་མོའི་ཕྱོགས་ནས་བཟློ། ངན་པ་གཏོས་བསྒྱུར་སྐྱ་མདའ་བྱེར། སོགས་ཕྱག་རྒྱ། ཞེས་དཔོན་གསས་ཆེན་པོ་རྒྱ་བོན་ཟིང་བ་མཐུ་ཆེན་གྱིས། སྔགས་བོན་ཆས། བོན་ཞྭ་དཀར་མོ་རྩེ་རྒྱལ་ལ་གཡུང་དྲུང་རིས་ཀྱི་རྟགས་འབུར་དོད་པ། དབྱི་རྐྱང་གི་སློག་པ་ལ་སྟག་གཟིག་གི་གོང་ལག། དར་དཀར་གྱི་གཟན་ལ་དར་ནག་གི་ལྕགས་རི་ཐོད་སྐམ་གྱི་ར་བས་བརྒྱན། གསོལ་ལྷམ་འཇའ་རིས་གཡུང་དྲུང་ལྡན་པ་སོགས་བསྣམས་ནས། ཉེར་འཚེ་ནད་གདོན་ཡོང་རྐྱེན་འབྱུང་ཁུངས་བཅས་སྟོན་པའི་སྒོ་ནས་ཚིགས་སུ་བཅད་དེ་གསུངས་པ་དང་། སྤར་ཁ་གླིང་བརྒྱད་ཕོ་མོ་བྱེ་བ་ས་ཡ་བཅུ་དྲུག་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟེང་འོག་སོ་སོར་བསྐྱལ་ནས་སྲིད་པ་སྤར་ཁ་སྡེ་བརྒྱད་ཀྱི་གཏོ་བཅོས་གནང་བ་དང་། དེ་ཡང་དེ་ལ་མདའ་བཀྲ་འཕང་བཀྲ་ཕོ་ཏོང་མོ་ཏོང་ངར་མི་གླུད་གཏོར་མཆོད་གཏོར་བཅོས་ཕུན་སུམ་ཚོགས་པར་བསགས་ནས། དམེ་ཐབ་མནོལ་གསུམ་དང་། ས་བསྐོ་རྡོ་རློག་གིས་ས་ཀླུ་སྡེ་བརྒྱད་ཀྱི་འཁྲུག་བཅོས་བྱས་པས། རྒྱལ་ཁམས་སུ་ལོ་ལེགས་ཕན་བདེའི་དཔལ་ལ་སྦྱར་བ་དང། བོན་ལ་སྔར་བཞིན་ཆེ་བའི་ཐོབ་ཁོངས་གནང་བ་ཡིན་ཏེ།19 ཞེས་རྒྱ་བོན་ཟིང་པ་མཐུ་ཆེན་སྔགས་ཆས་དང་ཞྭ་དཀར་མནབ་པ་ཅན་དུ་བསྟན་པ་དང་།

IMG_0400

བལ་པོའི་ལུགས་ཀྱི་རྒྱ་བོན་ཟིང་པ་མཐུ་ཆེན། 范久辉提供                        དབང་རྫས་ཀྱི་རྒྱབ་ཡིག

  ཁྲོ་བོ་དབང་ཆེན་གྱི་རིག་འཛིན་འདུས་པ་ནང་རྒྱུད་ཀྱི་དབང་ལས། རྒྱལ་པོ་གོང་བུ་དམར་དུ་གྲུབ་པའི་མངའ་བསྙེམས་པ། ཟིངས་པ་མཐུ་ཆེན་ཉིད་ཀྱི་རང་བཞིན་ནི། །གཟི་བྱིན་ཞལ་མདོག་འཁྲོས་པའི་བཞིན་ཚུལ་ཅན། དབུ་སྐྲ་སྨུག་ནག་སྤྱི་གཙུག་ཐོར་གཙུག་འཁྱིལ། ནབ་བཟའ་ཤི་ཤོན་ཁ་རི་རྩིག་མ་གསོལ། སྐུ་ལུས་སྤྱང་ཁུར་སྤྲུལ་ཞིང་ལུང་སྐམ་ཆུ་བོ་འབེབས།20 ཞེས་སྐུ་མདོག་དང་ཞལ་མདོག་བཅས་བལ་པོའི་མི་ཡི་གཟུགས་སུ་བྲིས་པའོ། །

  ཉེ་ལམ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་དཔོན་ཚང་དགེ་བཤེས་སྨོན་ལམ་དབང་རྒྱལ་གྱིས་བྲིས་པའི་གྲུབ་ཆེན་བརྒྱད་ཅུའི་ནང་ཚན། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་ཆས་ཀ་དེ་ཡང་རྒྱ་ནག་གི་ཆས་ཀ་ཅན་དུ་བྲིས་པ་དང་། བདུད་རྩི་ཆར་འབེབས་ཀྱི་དབང་རྫས་ཙ་ཀ་ལིའི་ནང་དུ་རྒྱ་བོན་ཟིང་པ་མཐུ་ཆེན་དེའི་ཆས་ཀ་ཡང་མི་འདྲ་བ་ཞིག་བྲིས་འདུག་པ་སོགས་ལ་བརྟག་ན། རྒྱ་བོན་ཟིང་པ་མཐུ་ཆེན་ཁོང་ཆས་ཀ་སྣ་ཚོགས་ཅན་ཞིག་ཡིན་པར་མངོན་ནོ། །

234

རྒྱ་བོན་ཟིང་པ་མཐུ་ཆེན་བྱོན་པའི་ལོ་ཚིགས་ལ་དཔྱད་པ།

  ཞང་བོད་ཚིག་མཛོད་ཆེན་པོ་ནང་དུ། ཟིང་བ་མཐུ་ཆེན། ཞང་བོད་གྲུབ་ཆེན་བརྒྱད་ཅུ་ལས་བར་གྱི་གདུང་བརྒྱུད་བཅུ་གསུམ་གྱི་ནང་ཚན། ཁོང་གི་འཁྲུངས་ལོའི་ཐད་ལ། གནས་ཆེན་དུང་རི་དཀར་པོའི་དཀར་ཆག་སོགས་ལས། རྒྱ་བོན་ཆེན་པོ་ཟིང་བ་མཐུ་ཆེན་ནི་སྤྱི་ལོ་སྔོན་གྱི་དུས་རབས་ཉེར་གཉིས་པ་ཡས་མས་སུ་འཁྲུངས་པར་བསྟན་འདུག་པ་ལྟར་ན་ད་བར་ལ་མི་ལོ་བཞི་སྟོང་ཉིས་བརྒྱ་ཡས་མས་སུ་ཕྱིན་འདུག21 ཞེས་དེ་ལྟར་བཞེད། འོན་ཀྱང་། རྒྱ་བོན་ཟིང་བ་མཐུ་ཆེན་ནི་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་དང་དུས་མཉམ་ཙམ་མམ། ཡང་ན། རྒྱལ་པོ་དེའི་རྗེས་སུ་བྱོན་པ་འདྲ་སྟེ། ཁོང་ནི་སད་ནེ་གའུ་དང་། ཐད་མི་ཐད་ཀེ། ཤད་བུ་ར་ཁུག་སོགས་ཀྱི་སློབ་རྒྱུད་ཡིན་པ་ནི་བཀའ་འགྱུར་ལུང་རྒྱུན་ཤེལ་ཕྲེང་སོགས་ལས་གསལ་ལོ། །22ཞང་ཞུང་སད་ནེ་གའུ་ཁོང་ནི་ཡབ་ཞང་ཞུང་རྒྱལ་མཚན་བདེ་བ་དང༌། ཡུམ་རྒྱལ་བཟའ་ཀློང་ཡངས་གཉིས་ཀྱི་སྲས་སུ་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་ཡས་མས་གྱི་ཆུ་མོ་ཕག་གི་ལོ་ལ་སྐུ་འཁྲུངས་པར་བཞེད།23 དེ་བཞིན་དུ་། མུ་ཁྲི་བཙན་པོ་ཡང་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་པའི༼སྤྱི་ལོ་སྔོན༡༠༧༤༽སྟེ་མེ་སྟག་ལོ་ལ་སྐུ་བལྟམས་པར་བཞེད་པ་སོགས་ལ་གཞལ་ན། རྒྱ་བོན་ཟིང་པ་མཐུ་ཆེན་ཡང་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་པ་ཙམ་ཞིག་སྐུ་འཁྲུངས་པ་འདྲ། འོན་ཀྱང་རིག་འཛིན་གོང་མ་རྣམས་ནི་འཆི་མེད་ཚེ་ལ་རང་དབང་ཐོབ་ཅེས་གྲགས། གང་ཟག་ཕལ་གྱི་བློས་གཞལ་ན་རྒྱ་བོན་ཟིང་པ་མཐུ་ཆེན་སྐུ་འཁྲུངས་པ་དང་ད་བར་ལ་མི་ལོ་སུམ་སྟོང་ཡས་མས་སུ་ཕྱིན་འདུག་སྙམ།

རྒྱ་བོན་ཟིང་པ་མཐུ་ཆེན་གྱི་མཛད་འཕྲིན་ལ་དཔྱད་པ།
a73af5fed6c8852380974d4984281f6

  ཁོང་སྐུ་ཚེ་གང་བོའི་མཛད་པ་གཙོ་བོ་ནི། ཞང་ཞུང་གི་ཡུལ་དུ་ཕེབས་ཏེ། སད་ནེ་གའུ་དང་ཤད་བུ་ར་ཁུག་ལས་ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས་ལེའུ་བཅུ་བདུན་པའི་ལུང་རྒྱུན་ཞུ་བ་དང་། བྱམས་མ་རྩ་བའི་མདོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁམས་བརྒྱད་གཏན་ལ་ཕབ་པ་སྟོང་ཕྲག་བརྒྱ་པ་གླེགས་བམ་བཅུ་དྲུག་པ། རྩ་རྒྱུད་གསང་བ་བསེན་ཐུབ། བྱང་སེམས་གབ་པ། རྫོགས་པ་ཆེན་པོ་མུ་མེད་བདལ་པའི་རྒྱུད་སོགས་བཀའ་འགྱུར་སྐོར་མང་པོ་ཞུས་པ་ནི་བཀའ་འགྱུར་ལུང་རྒྱུན་ཤེལ་ཕྲེང་སོགས་ལས་གསལ་ལོ། །24 ཞང་ཞུང་མཁས་པ་སད་ནེ་གའུ་དང་ཞལ་མཇལ་ནས་བོན་སྒོ་སྣ་ཚོགས་ཀྱི་དབང་ལུང་སོགས་ཞུས་ཏེ་གསས་མཁར་སྡོང་པོ་དགུ་འདུས། གསས་མཁར་སུམ་བརྒྱ་དྲུག་ཅུ་སོགས་གསང་སྔགས་ཀྱི་བོན་སྡེ་མང་པོ་རྒྱ་ནག་གི་ཡུལ་དུ་དར་ཏེ། གཡུང་དྲུང་སྐབས་ཕྲིན་ལས། རྒྱ་བོན་ཟིང་པ་མཐུ་ཆེན་གྱི་རྒྱ་ཡི་གོང་བུ་དམར་རུར་གསང་སྔགས་སྤྱི་སྤུངས་བསྒྲུབས་ནས་གྲུབ་པ་ཐོབ་པ་བཤད་པ་དང་། མ་རྒྱུད་ཕྱག་མཆོད་ལས་ཀྱང་། རྒྱ་ནག་ཡུལ་གྱི་རི་བོ་ལ། །མཚལ་ཕུག་ཉི་དབར་མདངས་ལེན་ན། །ཟིང་པ་མཐུ་ཆེན་དམར་མདངས་གསལ། །25ཞེས་སོགས་གསུངས་སོ།།ཞི་ཁྲོ་སྤྱི་བསྐུལ་ལས། ཟིང་པ་མཐུ་ཆེན་རྒྱ་ལྕམ་དཀར་མོ་ཡིས། །རྒྱ་རྗེའི་བར་ཆོད་གནས་སུ་ཞི་བའི་ཕྱིར། །རྒྱ་སོ་དར་ཙེའི་གནས་སུ་བསྒྲུབས་པ་ཡིན། །26ཞེས་རྒྱ་ཡི་གོང་བུ་དམར་རུར་རྒྱ་ལྕམ་དཀར་མོ་གྲོགས་སུ་བསྟེན་ནས་རྒྱ་དར་རྩེ་མདོ་སོགས་སུ་སྒྲུབ་པ་མཛད་པར་བསྟན་ཡོད། གྲུབ་ཆེན་རྣམ་ཐར་ལས། རྒྱ་བོན་ཆེན་པོ་ཟིང་པ་མཐུ་ཆེན་ནི། །རྒྱ་སོ་དར་རྩེར་བསྒྲུབས་པས་དངོས་གྲུབ་བརྙེས། །གྲུབ་རྟགས་སྐུ་ལུང་སྤྱང་སྤྲུལ་རྫུ་འཕྲུལ་སྟོན། །བསྟན་དགྲ་གྱི་གྲན་བླ་ཚེ་དངོས་སུ་འགུགས། །འབྱུང་ལྔར་དབང་བསྒྱུར་སྣང་བ་དབང་དུ་བསྡུད། །རི་བྲག་སྐོམས་པར་ཆུ་མིག་འདྲེན་པ་དང་། །སེམས་ཅན་ཚེ་ཉམས་པ་རྣམས་ཚེ་བསྲེང་སྟེ། །ནད་གདོན་འབྱུང་པོའི་གཟུགས་རྣམས་ལྷད་མེད་འཇོམས། །ཉི་ཟླའི་ཟེར་ལ་ན་བཟའ་འགེལ་བ་དང་། །མཁའ་ལ་འཕུར་བའི་རྫུ་འཕྲུལ་ཐོག༼ཐོགས༽མེད་བསྒྱུར།27 ཞེས་གསུངས་པའི་གྲུབ་རྟགས་སུ་སྐུ་ལུས་སྤྱང་ཀུར་སྤྲུལ་ནས་གྱི་གྲན་དངོས་སུ་བཀུག་པ་དང༌། རྒྱ་མཁར་གྱི་དབུས་སུ་ཆུ་བཏོན་པ། ཚེ་ཟད་པའི་ཚེ་བསྲིང་བ། ཉི་ཟེར་ལ་ན་བཟའ་བཀལ་བ། རྒྱ་རྗེའི་སྐུ་གླུད་རང་འགྲོས་སུ་བཏང་བ་སོགས་བསམ་ལས་འདས་ཚུལ་ནི་གོང་དུ་བསྟན་པའི་བོན་གཞུང་རྣམས་ལས་གསལ་ལོ། །ཁྱད་པར་དུ་ཁོང་སི་ཁྲོན་རྔ་བ་ཁུལ་ཟིང་ཆུ་རྫོང་དུ་ཕེབས་ཏེ་གསང་སྔགས་མ་རྒྱུད་ཀྱི་གནས་ཆེན་བྱང་བྱ་དུར་མདུན་ཞོལ་ནས་འོག་མིན་དབྱིངས་ནས་ཟིང་དུ་འབབ་པའི་གཏེར་ཆུ་ཞིག་དྲངས་པའི་རྒྱུ་མཚན་གྱིས་ཡུལ་ཁོག་དེ་ཡང་ཟིང་ཆུ་ཞེས་མཚན་ཐོབ། དེང་ཡང་བྱ་དུར་གནས་རིའི་ཤར་ཕྱོགས་ན་ཆུ་མྱིག་དཀར་མོ་ཞེས་པ་ཡན་ལག་བརྒྱད་ལྡན་གྱི་གཏེར་ཆུ་ཞིག་ཤག་ཤག་ཏུ་འབབ་འདུག་པ་དེ་རྒྱ་བོན་ཟིང་བ་མཐུ་ཆེན་གྱི་གཏེར་ཆུ་ཞེས་ཡུལ་དེར་རླུང་ལྟར་གྲགས་ཚུལ་ནི་རི་བོ་བྱ་དུར་གྱི་གནས་ཡིག་སོགས་ལས་གསལ་ལོ། །དེ་ནས་བྱང་བྱ་དུར་དང་མཁའ་འགྲོ་འུག་གདོང་། བྱ་དུར་གནམ་དགོན། བྲག་དཀར་གཡུང་དྲུང་ཁ་སོགས་སུ་སྒྲུབ་པ་ཉམས་ལེན་སོགས་མཛད། བྱང་བྱ་དུར་དཀར་ཆག་ལས། དེ་ཉིད་ཚེ་ལ་རང་དབང་ཐོབ་པས་གདུང་རྒྱུད་བཅུ་གསུམ་གྱི་རིག་འཛིན་རྣམས་དགུང་ལོ་ཉིས་སྟོང་ལྷག་ཏུ་སྐུ་ཚེ་བཞུགས་ཡོད་པ་སོགས་ནི་རྣམ་ཐར་ལས་གསལ་ལོ། །28གཞན་ཡང་། རྒྱ་བོན་ཟིང་པ་མཐུ་ཆེན་ཁོང་ཉིད་རྒྱ་སོ་དར་རྩེ་མདོ་དང་ཟིང་ཆུ་གང་རུང་ནས་ཁམས་ཉག་རོང་སོགས་ཀྱི་ཡུལ་དུ་ཕེབས་ནས་བོན་གཏེར་མང་པོ་སྦེད་པར་བྱེད་པ་དང་། ཡུལ་ཕྱོགས་དེ་ལ་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ།དེ་ནས་བྲག་དམར་ཟངས་གཡག་རི་ལ་ཡི་དམ་དབལ་གསས་རྔམ་པ་བསྒྲུབས། ཡི་དམ་དབལ་གསས་རྔམ་པའི་སྐུ་རུ་གྱུར། བཀའ་རྟགས་བྲག་ལ་ཕྱག་རྗེས་དང་ཞབས་རྗེས་བཞག ལྷ་སྲིན་སྡེ་བརྒྱད་དང་ཡུལ་ས་གཞི་བདག་ཐམས་ཅད་དམ་ལ་བཏགས། བྲག་དམར་ཟངས་གཡག་གི་མདུན་རི་བྱ་ཁྱུང་གདོང་པ་འདྲ་བ་ལ་ཀླུ་བདུད་ནག་པོ་དམ་ལ་བཏགས་ནས་བསྟན་སྲུང་བསྐོས།ཀླུ་བདུད་ནག་པོ་འདུལ་བའི་སྒྲུབ་ཆུ་འཁྱལ་མ་འཁྱིལ་དུ་བབ་པ་ཡོད་དེ།བྲག་དམར་ཟངས་གཡག་གི་ལོ་རྒྱུས་ལས།རྒྱ་བོན་ཟིང་པ་མཐུ་ཆེན་གྱིས། །ཡི་དམ་དབལ་གསས་རྔམ་པ་བསྒྲུབས། ཡི་དམ་དབལ་གསས་སྐུ་རུ་གྱུར། །བཀའ་རྟགས་བྲག་ལ་ཕྱག་རྗེས་བཞག །སྡེ་བརྒྱད་ཡུལ་ས་དམ་ལ་བཏགས། །ཞེས་སོ། །29སྤེ་བོན་ཐོག་འཕྲུལ་དང་སྤེ་བོན་ཐོག་རྩེ་ལ་སོགས་འཁོར་སློབ་རྣམས་ལ་ཕྱི་ནང་གསང་བའི་གདམས་པ་ཕོག་ནས་མཁའ་སྤྱོད་དུ་གཤེགས་སོ། །

མཇུག་བསྡོམས།

  རྒྱ་བོན་ཟིང་པ་མཐུ་ཆེན་དེ་ཉིད་རྒྱ་རིགས་ཡིན་པ་དང་། རྒྱ་ཡུལ་དུ་སྐུ་འཁྲུངས་པ་དང་། དུད་མིང་ངམ་ཁྱིམ་རྒྱུད་ཟིང་པ། རྒྱ་ཡུལ་ལ་འགྲོ་དོན་མཛད་པ་སོགས་ནི་རང་རེའི་གནའ་རབ་བོན་གྱི་རྒྱུད་གཞུང་དང་ལོ་རྒྱུས་དུ་མ་ལ་འཁོད་པ་སོགས་ལ་གཞི་བཅོལ་ཞིང་། དེ་ལས་གཞན་པའི་ཐང་སྐུ། ཙ་ཀ་ལི། སྡེབ་རིས་སོགས་ལ་གཞལ་ནས་མཛད་ཕྲིན་སོགས་ཀྱི་སྒོ་ནས་རྒྱ་བོན་ཟིང་པ་མཐུ་ཆེན་ལ་དོ་སྣང་བྱེད་མཁན་དག་ལ་དམིགས་ནས་ཞིབ་འཇུག་དང་ངོས་འཛིན་བྱས་པའི་དཔྱད་གཏམ་ཐོག་མ་འདི་སྤེལ་བའོ། །

  དཔྱད་གཞིའི་ཡིག་ཆ།

  ༡ 《གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཕྱག་མཆོད་ཀྱི་རིམ་པ་སྒྱུ༼རྒྱུ༽སྐར་རྒྱན་གྱི་ཕྲིང༼ཕྲེང༽བ》དམུ་རྒྱལ་རྣལ་འབྱོར༼གཤེན་ཉི་མ༽བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༤༢༤ན་གསལ།

  ༢ 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》 དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ།

  ༣ 《དུང་དཀར་ཚིག་མཛོད་ཆེན་མོ》 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ།

  ༤ 《རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན》མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༡༧ན་གསལ

  ༥ 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ》 སྤ་སྟོན་བསྟན་རྒྱལ་བཟང་པོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།

  ༦ 《ཁྲོ་བོ་དབང་ཆེན་གྱི་རིག་འཛིན་འདུས་པ་ནང་རྒྱུད་ཀྱི་དབང》རྩོམ་པ་པོ་མི་གསལ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས།

  ༧ 《ཞང་བོད་ཚིག་མཛོད་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།

  ༨ 《སྐུ་གསུམ་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུད་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱང་བརྒྱུད་རིམ་དང་བཅས་པ་དྲི་མེད་ཤེལ་གྱི་ཕྲེང་བ》 དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།

  ༩ 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》 ཀུན་བཟང་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས།

  ༡༠ 《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར།

  དཔྱད་མཆན།

  1 ཚེ་རིང་ཐར་གྱིས་བསྒྲིགས་པའི《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།》 དེབ་དང་པོ། 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས》 བླ་ཆེན་དྲན་པ་ནམ་མཁས་མཛད། མི་རིགས་དཔེ་སྐྲུན་ཁང་ནས་༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༡༠༨ན་གསལ།

  2 《འདུས་པ་རིན་པོ་ཆེའི་རྒྱུད་དྲི་མ་མེད་པ་གཟི་བརྗིད་རབ་ཏུ་འབར་བའི་མདོ་ལས་སྟོན་པ་ལ་བདུད་ཀྱིས་ཆོ་འཕྲུལ་སྟོན་པའི་མདོ》སྟོན་པ་གཤེན་རབ་མི་བོའི་བཀའ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད། ཁྲོ་ཆེན་ཤིང་པར་མ།

  3 《གཡུང་དྲུང་བོན་གྱི་བསྟན་འབྱུང་མདོར་བསྡུས་སྐལ་བཟང་བློ་མིག་གསལ་བར་བྱེད་པའི་རིན་ཆེན་ཤེལ་གྱི་རྒྱང་མཐོང》 བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤོག་ངོས༢༦༠ན་གསལ།

  4 《གཡུང་དྲུང་བོན་གྱི་བསྟན་འབྱུང་མདོར་བསྡུས་སྐལ་བཟང་བློ་མིག་གསལ་བར་བྱེད་པའི་རིན་ཆེན་ཤེལ་གྱི་རྒྱང་མཐོང》 བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ༢༠༡༨ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་ཐེངས་དང་པོ། ཤོག་ངོས༢༦༠ནང་དུ་རྗེའི་བསྟོད་པ་རྣམ་རྒྱལ་ཁང་བཟང་ལུང་དྲངས་འདུག

  5 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༧པ།《མཉམ་མེད་བླ་མའི་ནང་སྒྲུབ་ཀྱི་གསལ་བྱེད་མཐོང་བའི་དགའ་སྟོན》དྲུང་མུ་ཉི་ཝེར༼སྐམ་གཡུང་དྲུང་ཉི་རྒྱལ༽གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༧ན་གསལ།

  6 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས། 》 དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ།

  7 《དུང་དཀར་ཚིག་མཛོད་ཆེན་མོ》 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ།

  8 《དུང་དཀར་ཚིག་མཛོད་ཆེན་མོ》 དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ།

  9 སྟོང་སྐོར་ཚེ་རིང་ཐར་གྱིས་རྩོམ་སྒྲིག་པའི《གངས་ཏི་སེ་བོན་གཞུང་རིག་མཛོད》 དེབ་དང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ།》 སྤ་སྟོན་བསྟན་རྒྱལ་བཟང་པོས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༢༧༧ན་གསལ།

  10 སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་པའི《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར། ཤོག་ངོས༡༢ན་གསལ།

  11 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༦༦པ།《གྲུབ་ཐོབ་རིག་འཛིན་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་རྨད་འབྱུང》དབྲ་བཙུན་ནམ་མཁའ་རིན་ཆེན་གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༢༣ན་གསལ།

  12 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༡༦༦པ།《དཔོན་གསས་རིག་འཛིན་གྱི་རྒྱུད་སྐོང》དཔོན་གསས་ཁྱུང་རྒོད་གྱི་གཏེར་མ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༤༦ན་གསལ།

  13 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༠༠པ།《རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན》མཁན་ཆེན་ཉི་མ་བསྟན་འཛིན་གྱིས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༡༧ན་གསལ།

  14 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༩༧པ།《རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན་ལས༔ གསང་བའི་གྲུབ་ཆེན་རྣམས་ཀྱི་ཆེ་བ་སྟོན་པའི་ལེའུ》གསང་སྔགས་གླིང་པའི་གཏེར་མ། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༡༥༤ན་གསལ།

  15 སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་པའི། 《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར།ཤོག་ངོས༡༢ན་གསལ།

  16 སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་པའི། 《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར།ཤོག་ངོས༡༡ན་གསལ།

  17 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》 ལས་གླེགས་བམ༢༩༧པ།《གསང་བའི་གྲུབ་ཆེན་བརྒྱད་བཅུའི་ཕྱག་མཆོད་ཀྱི་རིམ་པ་སྒྱུ་༼རྒྱུ་༽སྐར་རྒྱན་གྱི་ཕྲིང་༼ཕྲེང་༽བ་》དམུ་རྒྱལ་རྣལ་འབྱོར་༼གཤེན་ཉི་མ་༽བརྩམས། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༤༠༣ན་གསལ།

  18 སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་པའི། 《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར།ཤོག་ངོས༡༡ན་གསལ།

  19 སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས་པའི།《ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས》 སྨད་ཆ། 《ཞང་བོད་ལོ་རྒྱུས་མ་བཅོས་གསེར་ཀྱི་ཡང་ཞུན》 ཀུན་བཟང་བློ་གྲོས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས།

  20 སོག་སྡེ་བསྟན་པའི་ཉི་མས་བསྒྲིགས་པའི《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༣༠པ།《ཁྲོ་བོ་དབང་ཆེན་གྱི་རིག་འཛིན་འདུས་པ་ནང་རྒྱུད་ཀྱི་དབང》རྩོམ་པ་པོ་མི་གསལ། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤོག་ངོས༦༠༧ན་གསལ།

  21 《ཞང་བོད་ཚིག་མཛོད་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།

  22 འོད་ཟེར་སྦྱིན་པས་བསྒྲིགས་པའི《གསུང་རབས་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》དེབ༡༤༩པའི་ནང་ཚན《སྐུ་གསུམ་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུད་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱང་བརྒྱུད་རིམ་དང་བཅས་པ་དྲི་མེད་ཤེལ་གྱི་ཕྲེང་བ》 དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།

  23 《ཞང་བོད་ཚིག་མཛོད་ཆེན་མོ》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས།

  24 འོད་ཟེར་སྦྱིན་པས་བསྒྲིགས་པའི《གསུང་རབས་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》དེབ༡༤༩པའི་ནང་ཚན《སྐུ་གསུམ་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུད་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱང་བརྒྱུད་རིམ་དང་བཅས་པ་དྲི་མེད་ཤེལ་གྱི་ཕྲེང་བ》 དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།

  25 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔྱོད་ལྡན་དགའ་བའི་ཆར》 ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་༡༩༨༥ལོའི་ཟླ༩པར་པེ་ཅིན་ལ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས༡༥༧ནང་དུ་གཡུང་དྲུང་སྐབས་ཕྲིན་དང་མ་རྒྱུད་ཕྱག་མཆོད་གཉིས་ལུང་དྲངས་འདུག

  26 《སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་འབུམ།》 པོད་དང་པོ། 《གཤེན་རབ་སྟོན་པ་རྒྱ་ནག་ཏུ་བྱོན་ནས་འགྲོ་དོན་མཛད་ཚུལ་ཟུར་ཙམ་བརྗོད་པ》 སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱིས་བརྩམས། ཀྲུང་གོའི་མི་རིགས་དཔེ་སྐྲུན་ཁང་༢༠༡༤ལོ་ཟླ༡༠པར་པར་ཐེངས་དང་པོ་བཏབ། ཤོག་ངོས༡༦ ན་གསལ།

  27 སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་པའི《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར།ཤོག་ངོས༡༢ནང་དུ་གྲུབ་ཆེན་རྣམ་ཐར་ལས། ཞེས་ལུང་དྲངས་འདུག

  28 སྒྲུབ་སློབ་ཤེས་རབ་ལྷུན་གྲུབ་ཀྱིས་གཙོ་སྒྲིག་པའི《མ་རྒྱུད་གནས་རི་ཆེན་མོ་བྱང་བྱ་དུར་གནས་ཡིག་དྲི་མེད་ཤེལ་དཀར》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ་བ༤བར་པར་ཐེབས་དང་པོ་དཔར།ཤོག་ངོས༡༣ ན་གསལ།

  29 སྲིད་གྲོས་ཉག་རོང་རྫོང་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི《སྦས་ཡུལ་ཉག་ཨ་ཛི་རོང་གི་གནས་ཡིག་ཕྱོགས་བསྒྲིགས》ལས། 《བྲག་དམར་ཟངས་གཡག་གི་ལོ་རྒྱུས》འགྲོ་མགོན་བསོད་ནམས་རྒྱལ་མཚན་གྱི་སྙན་རྒྱུད། ༢༠༢༡ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས། ཤོག་ངོས༥༧ན་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།