གནས་བརྟན་བཅུ་དྲུག་སྐོར་ལ་དཔྱད་པ།

[ཟླ་ཚེས། 2022-10-20 09:37:25][རྩོམ་པ་པོ། སེང་སྤྲུལ་རིག་འཛིན་ཉི་མ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

9efe3586daf94e2d2c1538089e6f9b5

བོན་པོའི་ལུགས་ཀྱི་གནས་བརྟན་བཅུ་དྲུག དུས་རབས༡༩པའི་ཐང་སྐུ།

  [ནང་དོན་གནད་བསྡུས] བན་བོན་གྱི་གཞུང་ལུགས་ནང་དུ་ཡོངས་སུ་གྲགས་པའི་གནས་བརྟན་བཅུ་དྲུག་ཅེས་པའི་གནས་བརྟན་དེ་ལ་གནས་བརྟེན་འབྲི་བ་ཡང་ཡོད། གང་ལྟར་ཡང་གནས་བརྟན་ཞེས་པའི་དོན་ལ་བརྟན་པ་འགྱུར་མེད་ཀྱི་དོན་དང་། འཕགས་པ་དམ་པའི་དོན་དང་། འདུལ་འཛིན་གྱི་དགེ་སློང་གི་དོན་དང་། སྟོན་པ་སངས་རྒྱས་ཀྱི་འཁོར་གྱི་དམ་པ་མི་སྣ་བཅུ་དྲུག་སོགས་ལ་ངོས་འཛིན་གནང་བ་དེ་དག་གི་ལོ་རྒྱུས་དང་འབྲེལ་བའི་སྒོ་ནས་གནས་བརྟན་བཅུ་དྲུག་སྐོར་འཆད་པ་ལ་དྲུག་སྟེ། གནས་བརྟན་ཀྱི་ཐ་སྙད་ལ་དཔྱད་པ། གནས་བརྟན་གྱི་དོན་ལ་དཔྱད་པ། གནས་བརྟན་བཅུ་དྲུག་བྱུང་བ་ལ་དཔྱད་པ། གནས་བརྟན་བཅུ་དྲུག་དབྱེ་བ་ལ་དཔྱད་པ། གནས་བརྟན་བཅུ་དྲུག་རྒྱས་པར་བསྟན་པ་ལ་དཔྱད་པ། བན་བོན་གནས་བརྟན་གྱི་ཁྱད་པར་ལ་དཔྱད་པ་དང་དྲུག་བསྟན་ཡོད།

  [གནད་ཚིག] གནས་བརྟན། གནས་བརྟེན། གནས་བརྟན་བཅུ་དྲུག བོན་པོ། བན་དེ།

གནས་བརྟན་ཀྱི་ཐ་སྙད་ལ་དཔྱད་པ།

  དང་པོ་གནས་བརྟན་ཀྱི་ཐ་སྙད་ལ་དཔྱད་པ་ནི། སྤྱིར་གནས་བརྟན་ཞེས་པའི་ཐ་སྙད་ལ་འབྲེལ་པ་རྒྱག་སྟངས་མི་འདྲ་བ་སྣ་ཚོགས་འདུག དཔེར་ན། སྦྲ་སར་ཀུན་བཟང་རྒྱལ་མཚན་གྱིས་གནས་བརྟན་ཞེས་པ་ནི་འཕགས་པ་དང་།[1] ཡང་ན་ཡིད་བརྟན་ཚེ་བརྟན་ལ་གོ་འདུག[2] ཡང་གནས་བརྟན་ཏེ་སྟོན་པའི་འཁོར་གྱི་བྱེ་བྲག[3] ཅེས་པའི་དོན་ཏེ་གོ་བ་གསུམ་ཙམ་བསྟན་འདུག །བོད་རྒྱ་ཚིག་མཛོད་ཆེན་མོ་ལས། རང་ལས་བསླབ་པ་རྒན་པའི་དགེ་སློང་གི་ཆེ་བརྗོད་དེ་འདུལ་བའི་བརྡ།[4] ཞེས་པའི་དོན་དུ་གོ ཡང་སངས་རྒྱས་ཆོས་ལུགས་ཀྱི་ནང་རང་ལས་བསླབ་པ་རྒན་པའི་དགེ་སློང་གི་ཆེ་བརྗོད་དེ་འདུལ་པའི་བརྡ་ཡང་ཟེར།[5] དུང་དཀར་བློ་བཟང་ཕྲིན་ལས་ཀྱིས། སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་གཞུང་ནས་བཤད་ཚུལ་ལ། བསྙེན་པར་རྫོགས(དགེ་སློང་གི་སྡོམ་པ་ཞུས་པ)ནས་སྡོམ་པ་ལ་སྐྱོན་མ་བྱུང་བར་ལོ་བཅུ་ལོན་པ་བརྟན་པའི་ཡོན་ཏན་དང་། འདུལ་བ་ཤེས་ཤིང་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་གི་ནང་ནས་གང་ཡང་རུང་བའི་ཡོན་ཏན་དང་ལྡན་པ་ནི་མཁས་པའི་ཡོན་ཏན་ཡིན་པས་བརྟན་མཁས་ཀྱི་ཡོན་ཏན་དེ་གཉིས་དང་ལྡན་པ་ལ་གནས་བརྟན་ཞེས་བཤད་སྲོལ་ཡོད། ཞིབ་པར་འདུལ་བའི་གཞུང་གི་འགྲེལ་པ་མང་ཆེ་བའི་ནང་གསལ། ཞེས་སོགས་གསུང་།[6] དེ་དག་ཐམས་ཅད་ནི་གྲུབ་མཐའ་དང་ཆོས་ལུགས་ཀྱི་དབང་དུ་ཤོར་བའི་ཐ་སྙད་ཀྱི་འགྲེལ་བཤད་ཅིག་རེད་འདུག སྤྱིར་གནས་བརྟན་ཞེས་པ་ནི་གནས་ཡུལ་བརྟན་པ་དང་། སེམས་བརྟན་པ། གྲོང་ཁྱེར། མི་རྒན་པ། མི་ཡི་མིང་། སའི་མིང་། ལྷའི་མིང་། དགོན་པའི་མིང་སོགས་ལ་གོ་བའི་དུས་ཀྱང་ཡོད་དེ། དང་པོ་ཡུལ་ལ་འཇུག་སྟེ། གཟུངས་སྡེ་རིན་ཆེན་ཕྲེང་བ་ལས། ཡུལ་ས་རྣམས་ལ་གསོལ་ཁ་བྱ། །འབྲུ་འཕེལ་ལོ་ལེགས་གནས་བརྟན་ཞིང་། །རིན་ཆེན་གཏེར་ཡང་རྙེད་པར་འགྱུར། །[7]ཞེས་གསུངས་སོ། །གཉིས་པ་སེམས་བརྟན་པ་ལ་འཇུག་སྟེ། ཀླུ་འབུམ་ལས། གནས་བརྟན་ངང་ལ་སྒོམ[8]ཞེས་དང་། མ་རྒྱུད་ལས། བོན་རྣམས་ཀུན་གྱི་གྲུབ་མཐའ་ཡེ་ཤེས་དེ། ཐམས་ཅད་གནས་བརྟན་གཞི་མ་དེ་ལགས་ན། ཡེ་ཤེས་ཐིག་ལེ་བདག་ལ་བཤད་དུ་གསོལ།[9] ཞེས་སོ། །གསུམ་པ་གྲོང་ཁྱེར་གྱི་མིང་སྟེ། དྲི་མེད་ལས། གྲོང་ཁྱེར་ཆེན་པོ་གནས་བརྟན་ཞེས་བྱ་བ་དང་།[10] ཞེས་འོལ་མོ་ལུང་རིང་གི་གྲོང་ཁྱེར་སུམ་བརྒྱ་དྲུག་ཅུའི་ནང་ཚན་ཞིག་ལ་གནས་བརྟན་ཞེས་འབོད་འདུག བཞི་པ་མི་རྒན་པ་ལ་འཇུག་སྟེ། དྲི་མེད་ལས། གནས་བརྟན་རྒན་པོ་སྲིད་པའི་ཆག་འཇལ་ཡིན།[11] ཞེས་གནས་བརྟན་དེ་མི་རྒན་པ་ལ་འཇུག་པ་བསྟན་ཡོད། ལྔ་པ་མི་ཡི་མིང་སྟེ། དགོངས་མཛོད་རི་ཁྲོད་པའི་སློབ་མ་ཕོ་སྒོམ་གྱི་སློབ་བུ་ཞིག་ལ་གནས་བརྟན་ཞེས་འབོད། དྲུག་པ་ས་ཡི་མིང་ནི། གནས་བརྟན་རིན་ཆེན་ཕོ་བྲང་ཞེས་བྱ་བ་གསང་ཕུག་ཆུ་མིག་དང་བཅས་པ་ཞེས་སོ[12]། །བདུན་པ་ལྷའི་མིང་ནི། གསུང་གི་ལྷ་མོ་གནས་བརྟན་དུ་ལམ་ངེས་མ་ལ་ཕྱག་འཚལ་ལོ། །[13]ཞེས་སོ། །བརྒྱད་པ་དགོན་པའི་མིང་། བོན་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་རི་བོ་ཆེ་རྫོང་གི་ཁོངས་སུ་ཡོད་པའི་གནས་བརྟན་དགོན་སོགས་གནས་བརྟན་ཀྱི་ཐ་སྙད་ཐོགས་སར་མང་པོ་ཡོད་དོ། །དེའི་ཕྱིར་གནས་བརྟན་ཞེས་པའི་ཐ་སྙད་དེ་ཆོས་ལུགས་པ་རྐྱང་པ་དང་འདུལ་འཛིན་པ་རྐྱང་པ་ཞིག་ལ་མི་གོ་བ་ཤེས་པར་བྱའོ། །

གནས་བརྟན་གྱི་དོན་ལ་དཔྱད་པ།

  གཉིས་པ་གནས་བརྟན་གྱི་དོན་ལ་དཔྱད་པ་ནི། གནས་བརྟན་ཞེས་པའི་དོན་དངོས་ནི་གང་ལ་གནས་ཀྱང་དེ་ལ་བརྟན་པ་ཐོབ་པའི་དོན་སྟེ། དཔེར་ན་ཡུལ་ལ་འཇུག་ཚེ་ཡུལ་གནས་དེ་སྲ་ཞིང་བརྟན་པ་དང་། སེམས་ལ་འཇུག་ཚེ་མི་དེའི་སེམས་ཞི་བར་གནས་ཤིང་རང་རྒྱུད་བརྟན་པ། གྲོང་ཁྱེར་ལ་འཇུག་ཚེ་གྲོང་ཁྱེར་གནས་ས་དེ་ཡང་བརྟན་ཞིང་བརྗིད་པ། མི་རྒན་པ་ལ་འཇུག་ཚེ་མི་དེའི་བསམ་བློ་གནས་སྟངས་བརྟན་པ་དང་བསམ་པ་བཟང་པོ། མི་ལ་འཇུག་ཚེ་མི་དེ་འགྱུར་ལྡོག་མེད་པར་བློ་བརྟེན་ཆོག་པ། འདུལ་འཛིན་པ་ལ་འཇུག་ཚེ་མི་དེའི་རྒྱུད་ལ་གནས་པའི་སྡོམ་པ་དེ་ལ་འགལ་བ་མེད་ཅིང་བརྟན་ཐུབ་པ་དང་སྡོམ་ཁྲིམས་ལ་མཁས་པ། འཕགས་པ་ལ་འཇུག་ཚེ་དེ་གནས་པའི་ས་ལམ་ལ་བརྟན་པ་ཐོབ་ཅིང་ས་ལམ་དེ་ལས་གནས་འོག་མར་ལྟུང་བ་མེད་པ། དཔོན་གསས་ལ་འཇུག་ཚེ་བླ་མ་དེ་མཚན་ཉིད་ལ་གནས་ཤིང་འགྱུར་ལྡོག་མེད་ཅིང་བརྟན་པ་སོགས་འབྲེལ་པ་རྒྱག་སྟངས་ཡང་མང་ཙམ་ལས། མདོར་བསྡུ་ན། གནས་བརྟན་ཞེས་པ་ནི་འགྱུར་ལྡོག་མེད་ཅིང་བརྟན་པོ་གནས་པ་ལ་གོ། ཐོག་མ་གནས་བརྟན་བཅུ་དྲུག་ཅེས་པའི་གནས་བརྟན་ལ་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་གྱི་དགེ་འདུན་པའམ་དགེ་སློང་ལ་བྱ་སྟེ། དེ་ཡང་བརྟན་པའི་ཡན་ལག་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་དང་། མཁས་པའི་ཡན་ལག་འདུལ་བ་ཤེས་པ་གཉིས་དང་ལྡན་པའོ། །གཞུང་ལ་ལ་ལས། གནས་པ་གཞན་ལ་རག་མ་ལས་པས་ན་གནས་བརྟན་དང་། ཚེ་ཁྱད་པར་ཅན་དང་ལྡན་པས་ཚེ་དང་ལྡན་པ་ཞེས་བྱའོ། །བོན་ལུགས་འདུལ་བ་བཀའ་མ་ལྟར་ན། གནས་བརྟན་ཞེས་པ་ནི། འཁོར་བའི་སྡུག་བསྔལ་ལམ་སྐྱེ་ཤི་ལ་འཇིག་པའི་བློ་དང་ལྡན་པའི་སྐྱེས་བུ་དེ། མ་མཐའ་ཡང་རྩ་བ་བཞིའི་སྡོམ་པ་སྲུང་ཞིང་རང་གིས་བསྲུང་ཐུབ་པ་དང་། གཞན་ལ་སྲོག་གཅོད་པ་ལ་སོགས་མི་དགེ་བའི་ལས་སམ་གཞན་ལ་གནོད་པའི་ལས་སྤང་ཞིང་གནོད་མེད་ཀྱི་ལས་ལ་སྦྱར་བ་དང་། རྩ་ཕྱེད་ཉེར་གཅིག་གི་སྡོམ་པ་རང་རྒྱུད་ལ་གནས་པ་མ་ཟད་བརྟན་པ་དང་། གཞན་ལ་སྐྱོན་མེད་ཡོན་ཏན་ལ་སྦྱར་ཤེས་པའི་མཁས་པའི་ཡོན་ཏན་དང་ལྡན་པ་ལ་བྱ་སྟེ། བཀའ་མ་འདུལ་བ་རྒྱུད་དྲུག་ལས། སྐྱེ་ཤི་འཇིག་པའི་སྐྱེས་བུ་དེ། རྩ་བ་བཞི་སྲུང་རང་གིས་ཐུལ་པ། གཞན་ལ་སྲོག་གཅོད་ལ་སོགས་གནོད་མེད་སྦྱར། རྩ་ཕྱེད་ཉེར་གཅིག་རང་ལ་གནས་བརྟན་པ། གཞན་ལ་སྐྱོན་མེད་ཡོན་ཏན་སྦྱར།[14] ཞེས་པ་ནས་གསལ་ལོ། །

གནས་བརྟན་བཅུ་དྲུག་བྱུང་བ་ལ་དཔྱད་པ།

6c3d2b97cd9c0f7d8e773b15ff50154

  གསུམ་པ་གནས་བརྟན་བཅུ་དྲུག་བྱུང་བ་ལ་དཔྱད་པ་ནི། གནས་བརྟན་བཅུ་དྲུག་བྱུང་བ་བསྟན་པ་དེ་ལ་བན་དེ་དང་བོན་པོ་གཉིས་ལ་རང་རང་གི་ལོ་རྒྱུས་རེ་ཡོད་པ་ལས། འདིར་བོན་ལུགས་ལྟར་ན། ལྷ་གཤེན་སྲིད་པ་གསུམ་གྱི་བཀའ། འཕགས་པ་རྣམས་ཀྱི་ལུང་། མུ་ཆོ་ལྡེམ་དྲུག་གི་མཛད་པའི་བོན། མི་ནུབ་དཔལ་གྱི་རྒྱལ་མཚན་ལ་སྙན་དུ་རྒྱུད་པའི་བོན་སྡེ་འཕགས་པའི་གནས་བརྟན་གྱི་མཆོད་པ་མདོ་སྡེ་མེ་ཏོག་ཕྲེང་བ་ལྟར་ན། སྟོན་པ་གཤེན་རབ་མི་བོ་དེ་ཉིད་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་གཉིས་བསགས། གྲངས་མེད་གསུམ་དུ་སྒྲིབ་གཉིས་སྦྱངས། ཡེ་ཉིད་ཀྱི་སྟོན་པ་ཡེ་ལྷ་སེམས་ཀྱི་སྒྲོན་མ་ཅན་གྱི་དྲུང་དུ་དག་པའི་སྨོན་ལམ་ཆེན་པོ་བཏབ། དེ་ནས་འགྲོ་བ་རིམ་བཞིན་ལུས་བླང་ཚོགས་རྫོགས་ནས། མཐར་འོག་མིན་གྱི་གནས་སུ་མངོན་པར་སང་རྒྱས་པའི་ཚུལ་བསྟན། དེ་ནས་འགྲོ་བ་འདུལ་བའི་དུས་ལ་བབ་སྟེ། འོག་མིན་གྱི་གནས་ལས་སྐུ་བཞེངས། སུམ་ཅུ་རྩ་གསུམ་གྱི་གནས་སུ་ཁམས་གསུམ་གྱི་ལྷའི་རིགས་འཚོགས་པ་རྣམས་ལ་ལས་རྒྱུ་འབྲས་ཀྱི་བོན་བསྟན། དེ་ནས་རི་རབ་ཀྱི་རྩེ་མོ་ནས་ཕྱོགས་བཞིར་གཟིགས་ཚད་དང་དགོངས་ཚད་བཅུ་ཐུགས་ལ་བཀྲམ་སྟེ། འཛམ་གླིང་སོག་ཁ་སྟག་གཟིག་འོལ་མོ་ལུང་རིང་གི་ཡུལ། རྒྱལ་ས་ཕོ་བྲང་གླིང་བརྒྱད་ཀྱི་དབུས། མཁར་བར་པོ་སོ་བརྒྱད་དུ་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་རྒྱལ་བཞད་མའི་སྲས་སུ་སྐུ་འཁྲུངས། འདས་པའི་སྟོན་པ་ཞལ་མཇལ། སྟོན་པ་དེའི་རྗེས་སུ་འཇུག་པ་རྣམས་མངོན་པར་སངས་རྒྱས་སོ་ཞེས་སོགས་རྒྱ་ཆེར་བསྟན་ཡོད། དེ་ནས་སྟོན་པ་གཤེན་རབ་མི་བོ་ཆེས་མཛད་པ་བཅུ་གཉིས་ཀྱི་ཚུལ་མཛད་པའི་སྐབས་སུ། སྟོན་པ་གཤེན་རབ་མི་བོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བསྟན་པ་བསྐྱངས་བའི་འཕགས་པའི་གནས་བརྟན་དམ་པ་བཅུ་དྲུག་བྱུང་བ་དང་། བཞུགས་གནས། ཕྱག་མཚན། འཁོར་དགྲ་བཅོམ་གྲངས་བཅས་གསལ་བ་བསྟན་ཡོད།[15] བོན་པོ་ཀུ་ཅོ་ཆེ་བ་འགའ་ཞིག་གིས་གནས་བརྟན་བཅུ་དྲུག་ཟེར་བ་དེ་བན་དེས་འདོད་པ་ལས་བོན་པོའི་ལུགས་ལ་མེད་ཟེར་བ་དང་། ཡང་ན་བོན་གསར་མའི་ལུགས་རེད་ཟེར་བ་སོགས་ནི་བོན་གཞུང་ལ་ཆ་རྒྱུས་མེད་པའི་གཏམ་དུ་ཟད་དེ། འཕགས་པ་གནས་བརྟན་ཚོགས་ཀྱི་ལོ་རྒྱུས་ཞིང་ཁམས་མངོན་པར་སྣང་བ་བཀོད་པའི་ལེའུ་དེ་ལ་གཟིགས་ན་ཤེས་སླའོ། །གནས་བརྟན་བཅུ་དྲུག་ལ་གཡུང་དྲུང་སེམས་དཔའ་བཅུ་དྲུག་ཅེས་ཀྱང་བྱ་སྟེ། སྟོན་པ་གཤེན་རབ་མི་བོ་ཡི་མཛད་པའི་ཕྲིན་ལས་སེམས་དཔའ་མཐའ་ཡས་ཀྱང་བསྟན་པ་ཆེན་པོ་རབ་ཏུ་འཕགས་ཤིང་སངས་རྒྱས་ཀྱི་སྒྲོན་མེ་སྤར་བའི་བདག་ཉིད་ཡང་དག་པར་འཕགས་པའི་རྒྱལ་པོ་ལྟ་བུར་གྱུར་པས་གཡུང་དྲུང་སེམས་དཔའ་བཅུ་དྲུག་ནི། སོ་སོར་བསྟན་པའི་གཉེན་སྐོས་ནས། རི་བོ་ཆེན་པོ་བཞི། ཆུ་ཆེན་པོ་བཞི། གནས་ཆེན་པོ་བཞི། གླིང་ཆེན་པོ་བཞི་ལས་གཡུང་དྲུང་བོན་གྱི་འཁོར་ལོ་རབ་ཏུ་རྒྱས་པར་བསྐོར་བར་བྱེད་དོ་ཞེས་གསུངས་སོ། །[16]སུ་ལ་བསྐལ་ཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ་ལས། ཕྱི་རྒྱུད་མདོའི་སྟོན་པ་ལ་སྐུས་འདུལ་བའི་དུས་སུ་རྣམ་མཁྱེན་གཤེན་རབ་མི་བོ་བྱོན། ཤམྦྷ་ལ་འོལ་མོའི་གླིང་དུ་མཛད་ཆེན་བཅུ་གཉིས་ཀྱི་སྒོ་ནས་འཁོར་དབང་པོ་ཐ་མའི་རིགས་ཅན་སྣ་ཚོགས་ལ་ཐེག་པ་སྤྱི་དང་གཙོ་བོར་བསྟན་པའི་གཞི་རྟེན་སྤང་ལམ་མདོའི་བོན་སྒོ་བསྟན། གསུང་གིས་འདུལ་བའི་དུས་སུ་རྒྱལ་ཚབ་ཏུ་མུ་ཆོ་ལྡེམ་དྲུག་བྱོན། འ་ཞྭ་གསང་བ་མདོ་སྡུད་སོགས་ཐུགས་སྲས་ཆེན་པོ་བཅུ་གཉིས་ཀྱིས་མཚོན་གནས་བརྟན་ཆེན་པོ་རྣམས་ཀྱིས་བསྟན་པ་སྤེལ། ཞེས་པ་ལ་བརྟག་ན་མུ་ཆོ་ལྡེམ་དྲུག་གི་སྐུ་རིང་ནས་གནས་བརྟན་ཡོད་པ་བསྟན་ཡོད།

  བན་དེའམ་རྒྱ་གར་སངས་རྒྱས་ཆོས་ལུགས་པའི་གནས་བརྟན་བཅུ་དྲུག་ནི་སྟོན་པ་ཐུབ་པའི་དབང་པོ་སྐུ་མྱ་ངན་ལས་འདས་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་བཅུ་དྲུག་བྱུང་བ་ལ་གནས་བརྟན་བཅུ་དྲུག་མཚན་གསོལ་བ་ཡིན་ཚུལ་ནི་དུང་དཀར་ཚིག་མཛོད་ནང་དུ་གསུངས་པ་དང་།[17] ཡང་སྟོན་པ་ཐུབ་པའི་དབང་པོས་བཀའ་ཐ་མ་ལེགས་བཤད་རྣམ་པར་དབྱེ་བའི་ཆོས་འཁོར་བསྐོར། གནས་བརྟན་ཆེན་པོ་བཅུ་དྲུག་སོགས་ལ་བསྟན་པ་གཏད། མྱ་ངན་ལས་འདས་ནས་བཀའ་བསྡུ་ལན་གསུམ་མཛད། ཉན་ཐོས་སྡེ་བ་བཅོ་བརྒྱད་དུ་གྱེས་ནས་བསྟན་པ་སྤེལ་བ་ཡང་བཤད། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོའི་ནང་དུ་གནས་བརྟན་བཅུ་དྲུག་རྒྱ་ནག་ཏུ་བྱོན་ཚུལ་དང་གནས་བརྟན་བཅུ་དྲུག་བོད་དུ་བྱོན་ཚུལ་སོགས་བསྟན་ཡོད།[18] གང་ལྟར་ཡང་བན་བོན་གྱི་གནས་བརྟན་བཅུ་དྲུག་བྱོན་པའི་ཡུལ་དང་། དུས་དང་། ཕྱག་མཚན་དང་། ཁྱད་ཆོས། མཛད་པ་སོགས་མི་འདྲ་ས་མང་པོ་ཡོད་ཚུལ་འོག་ནས་གསལ་ལོ། །

གནས་བརྟན་བཅུ་དྲུག་དབྱེ་བ་ལ་དཔྱད་པ།

3c29ceb656ce2844f591e74ac55519a

དུས་རབས་ཉི་ཤུ་པའི་ནང་དུ་བཞེངས་པའི་གནས་བརྟན་བཅུ་དྲུག་ནང་ཚན། ཡེ་ཤེས་དགོན།

  བཞི་པ་གནས་བརྟན་བཅུ་དྲུག་དབྱེ་བ་ལ་དཔྱད་པ་ལ། གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ་ལས། བོན་གཞུང་རྣམས་ལས་གནས་བརྟན་བཅུ་དྲུག་ལ་ཞང་ཞུང་དུ་བྱོན་པའི་གནས་བརྟན་བཅུ་དྲུག་དང་།[19] ཞེས་པའི་སྐབས་སུ་ཞང་ཞུང་དུ་བྱོན་པའི་སྟོན་པ་གཤེན་རབ་མི་བོའི་སློབ་མ་བཅུ་དྲུག་གམ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་བཅུ་དྲུག་སྟེ་གཡུང་དྲུང་སེམས་དཔའ་སེམས་དཔའ་ཆེན་པོ་རྨ་ལོ་གཙུག་ཕུད་དང་། གཡུ་ལོ་ཟུར་ཕུད། གཏོ་བུ་འབུམ་སངས། ཡིད་ཀྱི་ཁྱེའུ་ཆུང། ཚངས་པ་གཙུག་ཕུད། སྤང་ལ་གནམ་གཤེན། སྤོས་ཀྱི་གླང་པོ། སྤོས་ཀྱི་ཐིམས་པ། རིགས་མཆོག་དམ་པ། རིགས་མཆོག་ཆེན་པོ། དཔལ་གྱི་བློ་གྲོས། དཔལ་གྱི་འབྱུང་གནས། ཡིད་བཞིན་ནོར་བུ། གཡུང་དྲུང་ལེགས་པ། བདེ་བ་བྱམས་ལྡན། ལེགས་གྲུབ་ཕྱྭ་སངས་བཅས་ལ་འདོད་དོ[20]། དེ་ནི་བོན་ཕྱི་རབས་པ་མཁས་པ་འགའི་འདོད་སྟངས་ཞིག་ཡིན་པར་སེམས་སོ། །དེ་བཞིན་དུ་བོད་ཡུལ་ལ་གནས་བརྟན་ཞེས་པའི་བཤད་སྲོལ་ཡོད་དེ། འདུལ་བ་སྟོད་ལུགས་ཀྱི་སྡོམ་རྒྱུན་ཞེས་པ་དྭང་ར་ཁྲི་སྒྲས་སྟག་གཟིག་ནས་ཞུས་པ་ཞིག་བཙད་པོ་ཁྲི་རྩེ་འབུམ་གྱི་དུས་ཡར་ལུང་འཕན་ཐང་རྩེ་རུ་གནས་བརྟན་གྱི་སྡེ་ཞིག་ཆགས་པར་བཞེད་པ་ཡོད།[21] བོད་མི་ཡིན་པར་གྱུར་པའི་གནས་བརྟན་བཅུ་དྲུག་ཅེས་མ་མཐོང་ཡང་། བོད་ཡུལ་དུ་དར་བའི་གནས་བརྟན་བཅུ་དྲུག་ཅེས་པ་ནི་ཞང་ཞུང་ནས་དར་བའི་གནས་བརྟན་བཅུ་དྲུག་དང་། ཡང་ན་རྒྱ་གར་ནས་དར་བའི་གནས་བརྟན་བཅུ་དྲུག་ལ་གོ་འདུག རྒྱ་ནག་ལ་གནས་བརྟན་བཅོ་བརྒྱད་(十八罗汉)ཟེར་བ་དང་། གནས་བརྟན་བཅུ་དྲུག(十六罗汉)ཟེར་བ་དང་། ཡང་ན་དགྲ་བཅོམ་མམ་གནས་བརྟན་ལྔ་བརྒྱ(五百罗汉)ཟེར་བ་སོགས་དབྱེ་སྲོལ་ཡོད་པ་ནི་རྒྱ་ནག་གི་ཡིག་ཚོགས་ལ་གཟིགས་པ་ཙམ་གྱིས་ཤེས་སླའོ། །སྟག་གཟིག་ལ་ལོགས་སུ་བཀར་བའི་གནས་བརྟན་བཅུ་དྲུག་ཡོད་པ་མ་མཐོང་ཡང་། སྟག་གཟིག་ན་གནས་བརྟན་ཡོད་པ་ནི་འོག་ཏུ་གསལ་ལོ། །མཁས་པ་ལ་ལས་ཞང་ཞུང་ལ་གནས་བརྟན་བྱུང་བའི་ལོ་རྒྱུས་མེད་པར་འདོད། འོན་ཀྱང་། སྟོན་པ་གཤེན་རབ་མི་བོའི་གདུང་ཚབ་ཆེན་པོ་མུ་ཆོ་ལྡེམ་དྲུག་བྱོན་པའི་སྐབས་སུ་སྟག་གཟིག་གི་ཡུལ་ནས་དྲང་སྲོང་ཁྲི་ལྡེ་འོད་པོ་ཞེས་བྱ་བ་དེ་བྱ་རྒོད་དུ་སྤྲུལ་ཏེ། ཞང་ཞུང་གི་ཡུལ་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་ལྟ་བུའི་མགུལ། གནས་རྟེན་རིན་ཆེན་ཕོ་བྲང་དུ། གནས་བརྟན་ཆེན་པོ་འོད་ཁྲི་མུ་སྤུངས་ཀྱི་དྲུང་དུ་བབ་པའི་ལོ་རྒྱུས་ཡོད།[22] དེ་མ་ཟད་གངས་རྒྱལ་ཏི་སེ་དེ་འཕགས་པའི་གནས་བརྟན་རྣམས་ཀྱི་གནས་བརྟེན་ཞིང་བྱིན་གྱིས་བརླབས་པའི་ཡུལ་ཡིན་པར་བཤད། དཔལ་ཚུལ་གྱི་བསྟན་འབྱུང་ལྟར་ན་ཞང་ཞུང་མཁན་པོ་ཁྲི་འབར་གཙུག་ཕུད་ཀྱི་སྐུ་རིང་ལ་སྤོས་རི་ངད་ལྡན་གྱི་ནུབ་ཕྱོགས་དཔལ་ཕུའི་རི་ལྡེབས་སུ་ཆགས་ཡོད་པའི་གཡུང་དྲུང་མཆོག་སྟེང་གི་དགོན་པར་གནས་བརྟན་སྟོང་དང་དྲུག་བརྒྱ་བྱུང་བ་དང་། ཡ་གོང་མཁན་བརྒྱུད་ཉེར་ལྔ་དང་། ཕམ་ཤིན་བརྒྱུད་པ་སུམ་ཅུའི་བར་དུ་གནས་བརྟན་གྱི་སྡེ་བཟང་པོ་ཆགས་ཏེ་མི་ལོ་སྟོང་ཕྲག་ཉེ་བ་ཙམ་རིང་དབུས་གཙང་བྱང་གསུམ། ཉང་དག་རྐོང་གསུམ། ཀློ་མོན་ལྷོ་གསུམ་བཅས་ལ་བསྟན་པ་རྣམ་པར་དག་པ་དར་བར་བཤད།[23] སྐབས་འདིར་གནས་བརྟན་བཅུ་དྲུག་དབྱེ་བ་ལ་བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་དང་། བན་དེའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་གཉིས་ཡོད། །དང་པོ་བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་ནི། སྟོན་པ་སངས་རྒྱས་གཤེན་རབ་མི་བོས་བསྟན་པ་གཉེར་དུ་གཏད་པའི་སེམས་དཔའ་བཅུ་དྲུག་གམ་དགྲ་བཅོམ་པ་བཅུ་དྲུག་སྟེ། གསང་བ་འདུས་པ་དང་། ཁྲི་གཙུག་རྒྱལ་བ། གཏོ་བུ་འབུམ་སྲས། གཙུག་གཤེན་རྒྱལ་བ། རྒྱལ་བ་འོད་པོ། རྒྱལ་བ་མཉམ་གནས། ཚངས་པ་གཙུག་ཕུད། ཡེ་གཤེན་གཙུག་ཕུད། ཤཱཀྱ་གཉེར་མཁས། མཆོག་ལྡན་དགའ་བ། འཕགས་པ་དོན་གྲུབ། ཀུན་དགའ་ལེགས་པའི་བློ་གྲོས། ཤེས་རབ་དགའ་བ། མི་ནུབ་དཔལ་ལྡན། དྲང་སྲོང་རྒྱལ་བ། ཁྲི་འོད་མུ་སྤུངས་དང་བཅུ་དྲུག་གོ །[24] གནས་བརྟན་ཕྱག་མཆོད་ལྟར་ན་གསང་བ་འདུས་པ། ཁྲི་ཤེས་རྒྱལ་བ། དྲང་སྲོང་རྒྱལ་བ། གཙུག་གཤེན་རྒྱལ་བ། རྒྱལ་བ་འོད་པོ། རྒྱལ་བ་མཉམ་གནས། ཚངས་པ་གཙུག་གཤེན་རྒྱལ་བ། ཡེ་གཤེན་གཙུག་ཕུད། ཤཱཀྱ་ཉན་གཉེར་མཁས། མཆོག་ལྡན་དགའ་བོ་ཆེན་པོ་དཔལ། འཕགས་པ་གྲུབ་དབང་། ཀུན་དགའ་ལེགས་པའི་བློ་གྲོས། ཤེས་རབ་དགའ་བ། མི་ནུབ་དཔལ་ལྡན། དྲང་སྲོང་རྒྱལ་བ། ཁྲི་འོད་མུ་སྤུངས་དང་བཅུ་དྲུག་འོག་ཏུ་གསལ་ལོ། །

  འདིར་ཤེས་དགོས་པ་ཞིག་ལ་གཏོ་བུ་འབུམ་གྱི་དྲང་སྲོང་མཚན་ལ་དྲང་སྲོང་རྒྱལ་བ་ཟེར་ཡང་འདི་དྲང་སྲོང་རྒྱལ་བ་ནི་ནུབ་གླིང་ན་ཡོད་པའི་འཕགས་པ་ཝེར་ཡ་ཟེར་བ་དེ་ཡིན་ནོ། །གཉིས་པ་བན་དེའི་འདོད་པའི་གནས་བརྟན་བཅུ་དྲུག་ནི། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཁར་སྒྲ་གཅན་འཛིན་ལ་སོགས་པའི་དགྲ་བཅོམ་པ་བཅུ་དྲུག་ལ་འཛམ་བུའི་གླིང་དུ་ངའི་བསྟན་པ་མ་ནུབ་ཀྱི་བར་དུ་ཁྱེད་རྣམས་ཀྱང་མྱ་ངན་ལས་མི་འདའ་བར་ངའི་བསྟན་པ་སྐྱོང་དགོས་ཞེས་བཀའ་ཕབས་པ་ལྟར། ཁོང་རྣམས་ཀྱང་གླིང་བཞི་དང་། འཛམ་བུའི་གླིང་གི་བྱ་རྒོད་ཕུང་པོའི་རི་དང་། ལོ་མ་བདུན་པའི་རི་ཕུག་ཆུ་བོ་ཡ་མུ་ནའི་གླིང་། གངས་རི་ཏི་སེ་སོགས་གནས་མི་འདྲ་བ་བཅུ་དྲུག་ལ་བཞུགས་ནས་བསྟན་པ་དར་སྤེལ་མཛད་པ་ཡིན་ཞེས་བཤད་སྲོལ་བྱུང་བའི་གནས་བརྟན་བཅུ་དྲུག་ནི། གནས་བརྟན་ཡན་ལག་འབྱུང་། མ་ཕམ་པ། ནགས་ན་གནས། དུས་ལྡན། རྡོ་རྗེ་མོའི་བུ། བཟང་པོ། གསེར་བེའུ། བྷ་ར་དྷྭ་ཛ་གསེར་ཅན། བ་ཀུ་ལ། སྒྲ་གཅན་འཛིན། ལམ་ཕྲན་བརྟན། བསོད་སྙོམས་ལེན། ལམ་བསྟན། ཀླུའི་སྡེ། སྦེད་བྱེད། མི་ཕྱེད་པ་དང་བཅུ་དྲུག་གོ །[25]

གནས་བརྟན་བཅུ་དྲུག་རྒྱས་པར་བསྟན་པ་ལ་དཔྱད་པ།

3834a1b2323b24039f3950974c445ca

  ལྔ་པ་གནས་བརྟན་བཅུ་དྲུག་རྒྱས་པར་བསྟན་པ་ལ། འཕགས་པའི་གནས་བརྟན་གྱི་མདོ་སྡེ་མེ་ཏོག་འཕྲེང་བ་ལས་གནས་བརྟན་འཆད་པའི་སྐབས་སུ་གཤེན་རབ་འཕགས་པ་ཆེན་པོ་གཙོ་བོ་གསུམ་དང་། གནས་བརྟན་བཅུ་དྲུག གནས་བརྟན་སྒོ་སྲུང་བཞིར་བཅས་བསྟན་པ་ལས། གཤེན་རབ་འཕགས་པ་ཆེན་པོ་གཙོ་བོ་གསུམ་ནི་གནས་བརྟན་བཅུ་དྲུག་གི་ཁོངས་སུ་མི་གཏོགས་ཏེ། སྤྱིར་བཏང་བཤད་ན་གནས་བརྟན་བཅུ་དྲུག་ཅེས་པའི་གནས་བརྟན་ནི་ཐེག་པ་གསུམ་གང་རུང་གི་ལམ་ལ་ཞུགས་ཤིང་འཁོར་བའི་སྡུག་བསྔལ་ལམ་སྐྱེ་ཤི་ལ་འཇིག་པའི་བློ་དང་ལྡན་པའི་སྐྱེས་བུ་དེ། མ་མཐའ་ཡང་རྩ་བ་བཞིའི་སྡོམ་པ་སྲུང་ཞིང་རང་གིས་བསྲུང་ཐུབ་པ་དང་། གཞན་ལ་སྲོག་གཅོད་པ་ལ་སོགས་མི་དགེ་བའི་ལས་སམ་གཞན་ལ་གནོད་པའི་ལས་སྤང་ཞིང་གནོད་མེད་ཀྱི་ལས་ལ་སྦྱར་བ་དང་། རྩ་ཕྱེད་ཉེར་གཅིག་གི་སྡོམ་པ་རང་རྒྱུད་ལ་གནས་པ་མ་ཟད་བརྟན་པ་དང་། གཞན་ལ་སྐྱོན་མེད་ཡོན་ཏན་ལ་སྦྱར་ཤེས་པའི་མཁས་པའི་ཡོན་ཏན་དང་ལྡན་པ་ལ་བྱ། དེ་ལྟར་ན་གཤེན་རབ་འཕགས་པ་ཆེན་པོ་གཙོ་བོར་གསུམ་ལས་སྟོན་པ་གཤེན་རབ་མི་བོ་ནི་བསྙེན་རྫོགས་ཀྱི་སྡོམ་པ་རྫོགས་པའི་སངས་རྒྱས་དངོས་དང་། རྨ་ལོ་དང་གཡུ་ལོ་གཉིས་ནི་བསྙེན་རྫོགས་ཀྱི་སྡོམ་པ་ཡོངས་སུ་རྫོགས་པའི་ས་བཅུ་རྒྱུན་མཐའ་ལ་གནས་པའི་གང་ཟག་གོ། གནས་བརྟན་སྒོ་སྲུང་རྒྱལ་ཆེན་སྡེ་བཞི་དེ་ཡང་གནས་བརྟན་གྱི་བསྟན་པ་དང་གནས་བརྟན་གྱི་སྡེ་ཚོགས་སྲུང་སྐྱོབ་བྱེད་མཁན་གྱི་སྲུང་མ་ལས་གནས་བརྟན་དངོས་མ་ཡིན་ཏེ། དེ་བཞིའི་རྒྱུད་ལ་རྩ་ཕྱེད་ཉེར་གཅིག་གི་སྡོམ་པ་རང་རྒྱུད་ལ་མི་གནས་པས་སོ། །འདིའི་སྐབས་སུ་གནས་བརྟན་གྱི་སྟོན་པ་རྣམ་གསུམ་དང་། གནས་བརྟན་བཅུ་དྲུག་བྱེ་བྲག་བསྟན་པ་དང་གཉིས་སོ། །

གཤེན་རབ་འཕགས་པ་ཆེན་པོ་གཙོ་བོར་གསུམ་བསྟན་པ།

  དང་པོ་གནས་བརྟན་གྱི་སྟོན་པ་རྣམ་གསུམ་ནི། བོན་ལུགས་ལྟར་ན་འཕགས་པའི་གནས་བརྟན་གྱི་མདོ་སྡེ་མེ་ཏོག་འཕྲེང་བ་ལས། དུས་གསུམ་སངས་རྒྱས་ཡོངས་ཀྱི་ངོ་བོ། བརྒྱད་སྟོང་བོན་གྱི་སྒོ་མོ། སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་དེ་ཉིད། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་རྩ་གཉིས་ཀྱིས་བརྒྱན་པ། མཁྱེན་པའི་ཡེ་ཤེས་བྱེ་བ་ཕྲག་བརྒྱ་རུ་སྤྱན་ལྔའི་རབ་ཏུ་གཟིགས། བརྩེ་བའི་འོད་ཟེར་གྱིས་འགྲོ་བ་བུ་ལྟར་སྐྱོབས་པ། སྲིད་པ་གསུམ་གྱི་བདག་ཉིད་དུ་གྱུར་པ་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་གཤེན་རབ་མི་བོ་ཡི། སྟག་གཟིགས༼གཟིག༽་འོལ་མོ་ལུང་རིང་གི་དབུས་གྱུར། གསས་མཁར་སྟོང་དང་ལྔ་བརྒྱའི་གཙོ་བོ། ལྷ་ཡི་གནས་སུ་གྱུར་པ་ཤམ་པོ་ལྷ་རྩེ་ཞེས་བྱ་བ་ལ། རིན་པོ་ཆེའི་ཁྲི་གསེར་གྱི་འཁོར་ལོ་བརྒྱད་ཀྱིས་འདེགས་པའི་གདན་ལ་བཞུགས་པ། སྐུ་མདོག་གསེར་བཙོ་མའི་མདོག་ལྟར་གསལ་བ། དབུ་ཡི་གཙུག་རུམ་ན་ཤའི་ཨ་མི་དྷེ་ཝ་ལ་འོད་ཀྱི་འོད་ཟེར་ཡོངས་ལ་སྤྲོ་ཞིང་བཞུགས་པ། སྐུ་ལ་གཙང་མའི་འདུལ་གོས་དྲུག་གི་རྣམ་པར་ལྷུབ་པ། ཕྱག་གཡོན་པ་མཉམ་ཉིད་མི་གཡོ་བའི་ཏིང་ངེ་འཛིན་རྣམ་པར་ལྷང་ངེར་བཞུགས་ཤིང་མཉམ་བཞག་མཛད་པ། གཡས་པས་འགྲོ་བ་སྐྱོབས་ཤིང་གཡུང་དྲུང་གི་ས་ཆེན་པོ་ལ་རབ་ཏུ་གནས་པའི་ཚུལ་གྱི་ས་གནོན་ཕྱག་རྒྱ་མཛད་པ། སྤྱན་མིག་ཧྲིག་གེ་བདེ་བའི་ངང་ལ་གཟིགས་ཤིང་སྙོམས་པ། གསལ་བའི་འོད་ཀྱིས་ཕྱོགས་བཅུར་ཁྱབ། དེའི་གཡས་སུ་ཐུགས་ཀྱི་སེམས་དཔའ་ཆེན་པོར་གྱུར་པ་མཚན་ལྡན་སྲས་བུ་གཡུ་ལོ་དང་། གཡོན་དུ་ཐུགས་ཀྱི་སེམས་དཔའ་སྲས་བུ་རྨ་ལོ་གཉིས་སྐུ་བཞེངས་པ་འདུལ་གོས་རྣམ་པར་ལྷུབ་པ། ཕྱག་གཡས་ན་ཧོས་རུ་སྒྲ་སྙན་རེ་འཛིན་པ། གཡོན་ན་ལྷུང་བཟེད་བཅུད་ལྡན་རེ་བསྣམས་པ། དེ་ལྟར་གཤེན་རབ་འཕགས་པ་ཆེན་པོ་གཙོ་བོར་གསུམ་ལ། འཁོར་དུ་འཕགས་པའི་ཚོགས་སེམས་དཔའ་ཆེན་པོ་སྟོང་ཕྲག་སྟོང་གིས་བསྐོར་ནས་བཞུགས་སོ། །ཞེས་སོ། །ཆོས་ལུགས་པའམ་བན་དེ་ལའང་དེ་བཞིན་སྟོན་པ་ཐུབ་པའི་དབང་པོ་དང་། ཤཱ་རིའི་བུ་དང་། མོའི་འགལ་གྱི་བུ་བཅས་གསུམ་བསྟན་ཡོད་པ་ནི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོའི་ནང་དུ་གསལ་ལོ། །

གནས་བརྟན་བཅུ་དྲུག་བྱེ་བྲག་རྒྱས་པར་བསྟན་པ།

3a667f83545f947442568064db9e057

དུས་རབས་བཅོ་བརྒྱད་པའི་ཆུ་ཆེན་ཟངས་པར་མའི་གནས་བརྟན་བཅུ་དྲུག་ནང་ཚན།

  གཉིས་པ་གནས་བརྟན་བཅུ་དྲུག་བྱེ་བྲག་རྒྱས་པར་བསྟན་པ་ནི། བན་བོན་གྱི་གཞུང་ལུགས་མང་པོ་ཞིག་གི་ནང་དུ་གནས་བརྟན་སྐོར་བསྟན་པ་མ་ཟད། གནས་བརྟན་ལ་རིགས་མི་འདྲ་བ་ཡོད་དེ། གནས་བརྟན་གསུམ་དང་། གནས་བརྟན་བཅུ། གནས་བརྟན་སྡེ་བ་བཅུ་གཉིས། གནས་བརྟན་བཅུ་དྲུག གནས་བརྟན་བཅོ་བརྒྱད་ལ་སོགས་རྣམ་དབྱེ་མང་པོ་འདུག་པ་ལས་འདིའི་སྐབས་སུ་གཙོ་བོར་འཆད་བྱ་ནི་གནས་བརྟན་བཅུ་དྲུག་ཡིན། གནས་བརྟན་བཅུ་དྲུག་རྒྱས་པར་བསྟན་པ་ལ་བོན་པོའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་དང་། བན་དེའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་གཉིས་སོ། །

བོན་པོའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་བསྟན་པ།

9efe3586daf94e2d2c1538089e6f9b5

བོན་པོའི་ལུགས་ཀྱི་གནས་བརྟན་བཅུ་དྲུག

  དང་པོ་བོན་པོའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་ནི། བོན་གཞུང་འཕགས་པའི་གནས་བརྟན་གྱི་མདོ་སྡེ་མེ་ཏོག་འཕྲེང་བ་ལྟར་ན།[26]

  ༡ གནས་བརྟན་གསང་བ་འདུས་པ་ནི། གསས་མཁར་ཤམ་པོ་ལྷ་རྩེའི་མདུན་ཕྱོགས་སུ། སེང་གེ་བརྒྱ་བསྣོལ་གྱི་རི་བོ་ཆེན་པོ་ལ། སྟོན་པའི་སྐུའི་གཉེར་དཔོན་འཕགས་པའི་རྒྱལ་པོ་རུ་གྱུར་པ་སེམས་དཔའ་ཆེན་པོ་གསང་བ་འདུས་པ། སྐུ་ལ་ངུར་སྨྲིག་གིས་ན་བཟའ་གསོལ་བ། ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བདུད་རྩི་བསྣམས་པ། ཞབས་གཉིས་དཀྱིལ་དཀྲུང་མི་གཡོ་བའི་ཏིང་ངེ་འཛིན་ལ་རབ་དུ་བཞུགས་པ། འཁོར་དུ་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་ལྔས་བསྐོར་ནས་བཞུགས་པའོ། །ཞེས་སོ། །

  ༢ གནས་བརྟན་ཁྲི་ཤེས་རྒྱལ་བ་ནི། ཤམ་པོ་ལྷ་རྩེའི་རྒྱབ་ཕྱོགས་སུ། གཡུང་དྲུང་དགུ་བརྩེགས་ཀྱི་རི་བོ་ཆེན་པོ་ལ། སྟོན་པ་ཡོན་ཏན་གྱི་གཉེར་དཔོན་འཕགས་པའི་རྒྱལ་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་ཁྲི་ཤེས་རྒྱལ་བ། སྐུ་ལ་ངུར་སྨྲིག་གིས་ན་བཟའ་གསོལ་བ། ཕྱག་གཡས་གཡུང་དྲུང་གི་ཆག་ཤིང་འཛིན་པ། གཡོན་པ་རྔ་གཡབ་དཀར་པོ་བསྣམས་པ། ཞབས་གཉིས་དཀྱིལ་ཀྲུང་མི་གཡོ་གཡུང་དྲུང་ཆེན་པོའི་ཏིང་ངེ་འཛིན་ལ་རབ་ཏུ་བཞུགས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་ལྔས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༣ གནས་བརྟན་གཏོ་བུ་འབུམ་སྲས་ནི། ཤམ་པོ་ལྷ་རྩེ་གཡས་ཕྱོགས་སུ། ཁྲི་སྨོན་རྒྱལ་བཞེད་ཀྱི་རི་བོ་ཆེན་པོ་ན། སྟོན་པའི་གསུང་གི་གཉེར་དཔོན་འཕགས་པའི་རྒྱལ་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་གཏོ་བུ་འབུམ་སྲས་ནི། སྐུ་ལ་ངུར་སྨྲིག་གི་ན་བཟའ་གསོལ་བས། ཕྱག་གཡས་པས་གླེགས་བམ་འཛིན་ཅིང་། གཡོན་པས་རྒྱལ་མཚན་བསྣམས་པ། ཞབས་གཉིས་དཀྱིལ་དཀྲུང་མི་འགྱུར་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ལ་རབ་ཏུ་བཞུགས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་ལྔས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༤ གནས་བརྟན་གཙུག་གཤེན་རྒྱལ་བ་ནི། ཤམ་པོ་ལྷ་རྩེའི་གཡོན་ཕྱོགས་སུ། གཙུག་རུམ་འབར་བའི་རི་བོ་ཆེན་པོ་ནས། སྟོན་པ་འཕྲིན་ལས་ཀྱི་གཉེར་དཔོན་འཕགས་པའི་རྒྱལ་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་གཙུག་གཤེན་རྒྱལ་བ་ནི། སྐུ་ལ་ངུར་སྨྲིག་གིས་ན་བཟའ་གསོལ་བ། ཕྱག་གཡོན་ན་བུམ་པ་འཛིན་ཅིང་གཡས་ཧོས་རུ་བསྣམས་པ། ཞབས་གཉིས་དཀྱིལ་ཀྲུང་མི་གཡོ་མཉམ་ཉིད་བདེ་བའི་ཏིང་ངེ་འཛིན་ལ་གནས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་ལྔས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༥ གནས་བརྟན་རྒྱལ་བ་འོད་པོ་ནི། ཤར་ཕྱོགས་སེང་གེ་ཁ་བབ་ཆུ་བོ་ན་ར་ཛ་རའི་རྒྱུད་ནས། སྐུ་ཡི་བསྟན་པ་འོད་ཀྱི་འོད་ཟེར་ལ་གྲུབ་པ་འཕགས་པའི་རྒྱལ་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་རྒྱལ་བ་འོད་པོ་ཞེས་བྱ་བའོ། །སྐུ་ལ་ངུར་སྨྲིག་གི་ན་བཟའ་གསོལ་ཞིང་། ཞབས་གཉིས་ཁྲིའི་སྟེང་ན་ས་གནོན་མཛད་པ། ཕྱག་གཡས་མཆོད་རྟེན་འཛིན་ཅིང་གཡོན་པ་རིན་པོ་ཆེའི་ཕྲེང་བ་འཛིན་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་གསུམ་དང་ལྔ་བརྒྱས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༦ གནས་བརྟན་རྒྱལ་བ་མཉམ་གནས་ནི། འོལ་མོ་ལུང་རིང་བྱང་ཕྱོགས་སུ་རྟ་མཆོག་ཁ་བབས་ཀྱི་ཆུ་བོ་པག་ཤུའི་ཕོ་བྲང་ནས། གསུང་གི་སྟོན་པ་འོད་ཟེར་ལས་གྱུར་པ་འཕགས་པའི་རྒྱལ་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་རྒྱལ་བ་མཉམ་གནས་ནི། སྐུ་ལ་ངུར་སྨྲིག་གི་ན་བཟའ་གསོལ་ཞིང་། ཞབས་གཉིས་འགྱིང་བའི་སྟབས་ཀྱིས་ས་གནོན་མཛད་པ། ཕྱག་གཉིས་རིན་ཆེན་པྲོག་ཞུ་བསྣམས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་གསུམ་དང་ལྔ་བརྒྱས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༧ གནས་བརྟན་ཚངས་པ་གཙུག་གཤེན་རྒྱལ་བ་ནི། འོལ་མོ་ལུང་རིང་གི་ནུབ་ཕྱོགས་ནས། རྨ་བྱ་ཁ་བབས་ཀྱི་ཆུ་བོ་གྱིམ་ཤང་གི་ཕོ་བྲང་ནས། ཡོན་ཏན་གྱི་བསྟན་པ་འོད་ཟེར་ལས་གྱུར་པ་འཕགས་པའི་རྒྱལ་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་ཚངས་པ་གཙུག་གཤེན་རྒྱལ་བ་ནི། སྐུ་ལ་གཙང་མའི་འདུལ་གོས་གསོལ་བ། ཞབས་གཉིས་ཁྲི་གདན་ལྗོན་ཤིང་གི་སྟེང་ལ་ས་གནོན་བཞུགས་པ། ཕྱག་གཡས་པས་བུམ་པ་འཛིན་པ། གཡོན་པས་རིན་ཆེན་ཅོད་པཎ་བསྣམས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་གསུམ་དང་ལྔ་བརྒྱས་བསྐོར་ནས་བཞུགས་སོ། །ཞེས་སོ། །མཚན་གཞན་ཚངས་པ་གཙུག་ཕུད།

  ༨ གནས་བརྟན་ཡེ་གཤེན་གཙུག་ཕུད་ནི། འོལ་མོ་ལུང་རིང་གི་ལྷོ་ཕྱོགས་སུ། གླང་ཆེན་ཁ་བབ་ཀྱི་ཆུ་བོ་སི་དྷི་རོལ་པའི་ཕོ་བྲང་ནས། ཕྲིན་ལས་ཀྱི་སྟོན་པ་འོད་ཀྱི་འོད་ཟེར་ལས་གྱུར་པའི་འཕགས་པའི་རྒྱལ་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་ཡེ་གཤེན་གཙུག་ཕུད་ཅེས་བྱ་བ། སྐུ་ལ་འདུལ་གོས་ངུར་སྨྲིག་གསོལ་ཞིང་། ཞབས་གཉིས་མཉམ་པའི་ས་གནོན་མཛད་པ། ཕྱག་གཡས་རིན་ཆེན་ཕྲེང་བ་དང་། གཡོན་པ་ཧོས་རུ་བསྣམས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་གསུམ་དང་ལྔ་བརྒྱས་བསྐོར་ནས་བཞུགས་སོ། །ཞེས་སོ། །

cab8a98c1319e8f667a1e30cd20f4dc

དུས་རབས་བཅོ་བརྒྱད་པའི་ཆུ་ཆེན་ཟངས་པར་མའི་གནས་བརྟན་བཅུ་དྲུག་ནང་ཚན།

  ༩ གནས་བརྟན་ཤཱཀྱ་ཉན་གཉེར་མཁས་ནི། བྱ་རྒོད་སྤུངས་པའི་གནས་མཆོག་ནས། འཕགས་པའི་རྒྱལ་པོ་རུ་གྱུར་པ་སེམས་དཔའ་ཆེན་པོ་གྱུར་པ་ཤཱཀྱ་ཉན་གཉེར་མཁས་ཞེས་བྱ་བ་དེ་ཉིད་ཀྱིས། སྐུ་ལ་ངུར་སྨྲིག་རྣམ་དག་གི་ན་བཟའ་ཀླུབས་པ། ཞབས་གཉིས་འགྱིང་ཞིང་རོལ་པའི་ཚུལ་གྱིས་ས་གནོན་བཞུགས་པ། ཕྱག་གཡས་ལྷུང་བཟེད་པད་ལོ་བསྣམས་པ། གཡོན་པ་ཧོས་རུ་སྒྲ་སྙན་འཛིན་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སུམ་བརྒྱ་དྲུག་ཅུས་བསྐོར་ནས་བཞུགས་སོ། །ཞེས་སོ། །ཀུན་གྲོལ་གྱི་གནས་བརྟན་ཕྱག་མཆོད་ལས། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སུམ་སྟོང་དྲུག་བརྒྱས་བསྐོར་ནས་བཞུགས་པར་བཞེད། ཆུ་ཆེན་ཟངས་པར་མའི་ངོས་སུ་གནས་བརྟན་ཆེན་པོ་ཤཱཀྱ་ཐུབ་ཀྱང་འབོད།

7c86aacd03791ff21676639f8cfe75d

དུས་རབས་བཅོ་བརྒྱད་པའི་ཆུ་ཆེན་ཟངས་པར་མའི་གནས་བརྟན་བཅུ་དྲུག་ནང་ཚན།

  ༡༠ གནས་བརྟན་མཆོག་ལྡན་དགའ་བོ་ཆེན་པོ་དཔལ་ནི། གླང་ཆེན་འགྱིང་བའི་གནས་མཆོག་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་ཆེན་པོ་རུ་གྱུར་པ་མཆོག་ལྡན་དགའ་བོ་ཆེན་པོ་དཔལ་ཞེས་བྱ་བ་དེ་ཉིད། སྐུ་ལ་ངུར་སྨྲིག་སྔོན་པོ་གསེར་གྱི་པ་ཏྲའི་རིས་སུ་གསོལ་ཞིང་། ཞབས་གཉིས་དྲི་བཟང་གི་ཁྲི་ལ་རབ་ཏུ་བཞུགས་པ། ཕྱག་གཡས་པ་རྔ་གཡབ་སྔོན་པོ་བསྣམས་པ། གཡོན་པ་སྤོས་མེ་འཛིན་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སུམ་སྟོང་དྲུག་བརྒྱས་བསྐོར་ནས་བཞུགས་སོ། །ཞེས་སོ། །གནས་བརྟན་དགའ་བོ་ཆེན་པོ་ལ་གནས་བརྟན་མཆོག་ལྡན་དགའ་དབང་དཔལ་ཡང་མཚན།

  ༡༡ གནས་བརྟན་འཕགས་པ་གྲུབ་དབང་ནི། མེ་ཏོག་སྤུངས་མཛེས་གནས་མཆོག་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་ཆེན་པོ་རུ་གྱུར་པ། སེམས་དཔའ་ཆེན་པོ་འཕགས་པ་གྲུབ་དབང་དེ་ཉིད། སྐུ་ལ་འདུལ་གོས་མཐིང་གི་གཡུ་མདངས་གསོལ་ཞིང་། ཞབས་གཉིས་འགྱིང་ཞིང་ས་གནོན་བཞུགས་པ། ཕྱག་གཡས་པས་ནོར་བུ་འཛིན་པ། གཡོན་པས་རྔ་གཡབ་དཀར་པོ་འཛིན་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སུམ་སྟོང་དྲུག་བརྒྱས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༡༢ གནས་བརྟན་ཀུན་དགའ་ལེགས་པའི་བློ་གྲོས་ནི། རི་བོ་ད་ལ་ཡ་ཡི་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་ཆེན་པོ་རུ་གྱུར་པའི་སེམས་དཔའ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་དེ་ཉིད། སྐུ་ལ་གཙང་མ་འདུལ་གོས་གསེར་གྱི་ཧ་ལོ་རིས་གསོལ་ཞིང་། ཞབས་གཉིས་དཀྱིལ་དྲུང་ས་གནོན་ཆེན་པོར་བཞུགས་པ། གཡས་པ་ཞལ་ཟས་གཙང་མ་བསྣམས་པ། གཡོན་པ་སྤོས་ཀྱི་ལྡིང་ཁང་འཛིན་པ། དགྲ་བཅོམ་གཡུང་དྲུང་སེམས་དཔའ་སུམ་སྟོང་དྲུག་བརྒྱས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༡༣ གནས་བརྟན་ཤེས་རབ་དགའ་བ་འཛིན་ནི། ཤར་ཕྱོགས་ལུས་འཕགས་པོ་གླིང་ཞེས་བྱ་བ་ན། རི་བོ་ཆེན་པོ་སྟོབས་མཆོག་ལྷན་པའི་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་ཆེན་པོར་གྱུར་པ། སེམས་དཔའ་ཆེན་པོའི་ཆེན་པོ་ཤེས་རབ་དགའ་བ་འཛིན་དེ་ཉིད། སྐུའི་འདུལ་གོས་ངུར་སྨྲིག་མཐིང་ཁ་འོད་ཀྱི་གཡུང་དྲུང་བརྒྱན་པ་གསོལ་ཞིང་། ཞབས་གཉིས་དཀྱིལ་ཀྲུང་རྒྱ་མཚོ་ཀླུ་ཡི་ཕོ་བྲང་ལ་གཏད་ནས་ས་གནོན་གྱི་དགོངས་པ་ལ་བཞུགས། ཕྱག་གཉིས་མཉམ་བཞག་གཡུང་དྲུང་འཛིན་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་དུ་མས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༡༤ གནས་བརྟན་མི་ནུབ་དཔལ་ལྡན་མཆོད་ནི། བྱང་ཕྱོགས་སྒྲ་མི་སྙན་པའི་གླིང་ཞེས་བྱ་བ་ན། རི་བོ་ཆེན་པོ་གང་གྷ་པྲ་ཏྱ་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་རུ་གྱུར་པའི་སེམས་དཔའ་ཆེན་པོ་མི་ནུབ་དཔལ་ལྡན་མཆོད་དེ་ཉིད། སྐུ་ལ་ངུར་སྨིག་གི་ཆོས་གོས་ཀླུབ་ཅིང་ཞབས་གཉིས་ཀྱི་དཀྱིལ་ཀྲུང་དཔག་བསམ་ཤིང་གི་དྲུང་དུ་མཉམ་པར་གནས། ཕྱག་གཉིས་རིན་ཆེན་རྒྱན་ཆ་བསྣམས་པ། དགྲ་བཅོམ་ཆེན་པོ་གཡུང་དྲུང་སེམས་དཔའ་སྟོང་ཕྲག་དུ་མས་བསྐོར་ནས་བཞུགས་སོ། །ཞེས་སོ། །

  ༡༥ གནས་བརྟན་སེམས་དཔའ་དྲང་སྲོང་རྒྱལ་བ་ནི། ནུབ་ཕྱོགས་བ་གླང་སྤྱོད་ཞེས་བྱ་བའི་གླིང་ན། རི་བོ་བྱང་ནུབ་རྩིབ་ཞེས་བྱ་བའི་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་རུ་གྱུར་པའི་སེམས་དཔའ་དྲང་སྲོང་རྒྱལ་བ་ནི། སྐུ་ལ་འདུལ་གོས་གསེར་གྱི་མེ་ཏོག་གཡུ་ཡི་པད་ལོ་རིས་སུ་གསོལ། ཞབས་གཉིས་བྱང་ཆུབ་ཆེན་པོར་ས་གནོན་བཞུགས་པ། ཕྱག་གཡས་གསེར་གྱི་གཤང་ཆུང་སྒྲོག་པ། གཡོན་པ་ནེའུ་ལེའི་རྐྱལ་པ་བསྣམས་པ། འཁོར་དགྲ་བཅོམ་གཡུང་དྲུང་སེམས་དཔའ། སྟོང་ཕྲག་དུ་མས་བསྐོར་ནས་བཞུགས་སོ། །ཞེས་སོ། །མཚན་གཞན་འཕགས་པ་ཝེར་ཡ་ཟེར།

  ༡༦ གནས་བརྟན་ཁྲི་འོད་མུ་སྤུངས་ནི། འཕགས་པའི་གནས་བརྟན་གྱི་མདོ་སྡེ་མེ་ཏོག་འཕྲེང་བ་ལས། ལྷོ་ཕྱོགས་འཛམ་བུ་གླིང་ཞེས་བྱ་བ་ན། རི་བོ་གངས་དཀར་ཏི་ཙེའི་ཕོ་བྲང་ནས། འཕགས་པའི་རྒྱལ་པོ་རུ་གྱུར་པ་སེམས་དཔའ་ཆེན་པོ་ཁྲི་འོད་མུ་སྤུངས་དེ་ཉིད། སྐུ་ལ་ངུར་སྨྲིག་ཆོས་གོས་ཀླུབ་ཅིང་ཞབས་གཉིས་ཕྱེད་དཀྱིལ་ས་གནོན་ཆེན་པོར་བཞུགས་པ། ཕྱག་གཡས་མར་མེ་གཡོན་ལྗོན་ཤིང་བསྣམས་པ། འཁོར་དགྲ་བཅོམ་སྟོང་ཕྲག་དུ་མས་བསྐོར་ནས་བཞུགས་སོ། །ཞེས་སོ། །

བན་དེའི་གནས་བརྟན་བཅུ་དྲུག་བསྟན་པ།

R-C

བན་དེ་ལུགས་ཀྱི་གནས་བརྟན་བཅུ་དྲུག

  གཉིས་པ་བན་དེ་ལུགས་ཀྱི་གནས་བརྟན་བཅུ་དྲུག་ནི། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལྟར་ན།[27]

  ༡ གནས་བརྟན་ཡན་ལག་འབྱུང་ནི། རི་བོ་གངས་རི་ཏི་སེ་ན་བཞུགས་པ་དང་། ཕྱག་མཚན་བསིལ་ཡབ་ཏུ་རྔ་ཡབ་དང་སྤོས་ཕོར་འཛིན་པ།

  ༢ གནས་བརྟན་མ་ཕམ་པ་ནི། དྲང་སྲོང་གི་རི་སྟེ་ཨུ་ཤི་རའི་གནས་ན་བཞུགས་པ་དང་། ཕྱག་གཉིས་མཉམ་བཞག་ཕྱག་རྒྱ་མཛད་པ།

  ༣ གནས་བརྟན་ནགས་ན་གནས་ནི། ལོ་མ་བདུན་པའི་རི་ཕུག་ན་བཞུགས་པ་དང་། ཕྱག་གཡས་སྡིག་མཛུབ་དང་གཡོན་པས་རྔ་ཡབ་འཛིན་པ།

  ༤ གནས་བརྟན་དུས་ལྡན་ནི། རྒྱ་གར་ནུབ་ཕྱོགས་ཟངས་གླིང་ན་བཞུགས་པ་དང་། ཕྱག་ན་གསེར་གྱི་རྣ་ཀོར་འཛིན་པ།

  ༥ གནས་བརྟན་རྡོ་རྗེ་མོའི་བུ་ནི། སིང་ག་ལའི་གླིང་ན་བཞུགས་པ་དང་། ཕྱག་གཡས་སྡིག་འཛུབས་དང་གཡོན་པས་རྔ་ཡབ་འཛིན་པ།

  ༦ གནས་བརྟན་བཟང་པོ་ནི། ཆུ་བོ་ཡ་མུ་ནའི་གླིང་དང་གངྒཱ་གཉིས་ཀྱི་བར་ན་བཞུགས་པ་དང་། ཕྱག་ཆོས་འཆད་མཉམ་བཞག་མཛད་པ།

  ༧ གནས་བརྟན་གསེར་བེའུ་ནི། ཁ་ཆེའི་ཡུལ་གུར་གུམ་ཅན་དུ་བཞུགས་པ་དང་། རིན་པོ་ཆེའི་ཞགས་པ་འཛིན་པ།

  ༨ གནས་བརྟན་བྷ་ར་དྷྭ་ཛ་གསེར་ཅན་ནི། ནུབ་བ་ལོངས་སྤྱོད་ལ་བཞུགས་པ་དང་། ཕྱག་གཉིས་མཉམ་བཞག་མཛད་པ།

  ༩ གནས་བརྟན་བ་ཀུ་ལ་ནི། བྱང་སྒྲ་མི་སྙན་གྱི་སྤོས་བརྩེགས་ཀྱི་རི་ལ་བཞུགས་པ་དང་། ཕྱག་ན་ནེའུ་འཛིན་པ།

  ༡༠ གནས་བརྟན་སྒྲ་གཅན་འཛིན་ནི། བྲི་ཡང་ཀུ་ཡི་གླིང་རྒྱ་གར་བྱང་ཕྱོགས་ན་བཞུགས་པ་དང་། ཕྱག་ན་པྲོག་ཞུ་འཛིན་པ།

  ༡༡ གནས་བརྟན་ལམ་ཕྲན་བརྟན་པ་ནི། བྱ་རྒོད་ཕུང་པོའི་རི་ལ་བཞུགས་པ་དང་། ཕྱག་གཉིས་མཉམ་བཞག་མཛད་པ།

  ༡༢ གནས་བརྟན་བསོད་སྙོམས་ལེན་ནི། ཤར་ལུས་འཕགས་གླིང་གི་ལག་ཉའི་རི་ལ་བཞུགས་པ་དང་། ཕྱག་ན་གླེགས་བམ་དང་ལྷུང་བཟེད་འཛིན་པ།

  ༡༣ གནས་བརྟན་ལམ་བསྟན་ནི། སུམ་ཅུ་རྩ་གསུམ་གྱི་གནས་མེ་ཏོག་གི་སྙིང་པོ་ལ་བཞུགས་པ་དང་། ཕྱག་གཡས་ཆོས་འཆད་པ་དང་གཡོན་གླེགས་བམ་བསྣམས་པ།

  ༡༤ གནས་བརྟན་ཀླུའི་སྡེ་ནི། རིའི་རྒྱལ་པོ་སྟེ་རྒྱལ་པོའི་ཁབ་ཀྱི་རི་ཞིག་ན་བཞུགས་པ་དང་། ཕྱག་ན་བུམ་པ་དང་མཁར་གསིལ་འཛིན་པ།

  ༡༥ གནས་བརྟན་སྦེད་བྱེད་ནི། རི་རྒྱལ་བི་ཧུ་ལ་སྟེ་ལྷ་རྣམས་ཀྱིས་ཆེད་དུ་བཅོས་པའི་རི་ལ་བཞུགས་པ་དང་། ཕྱག་གཉིས་གླེགས་བམ་འཛིན་པ།

  ༡༦ གནས་བརྟན་མི་ཕྱེད་པ་ནི། རི་བོ་གངས་ཅན་ནི་ཤམྦྷ་ལ་དང་ཉེ་བར་ཡོད་ལ་ཡུལ་ཉེར་བཞིའི་ཡ་གྱལ་ཞིག་ལ་བཞུགས་པ་དང་། ཕྱག་གཉིས་ཐལ་མོ་སྦྱོར་བའི་བར་དུ་བྱང་ཆུབ་མཆོད་རྟེན་འཛིན་པ་དང་བཅུ་དྲུག་གོ། གནས་བརྟན་དེ་དག་གི་ལོ་རྒྱུས་རྒྱས་པ་ནི་བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ནང་དུ་གསལ་ལོ། །

art5131840567

རྒྱ་ནག་ལུགས་ཀྱི་གནས་བརྟན་བཅུ་དྲུག

བན་བོན་གནས་བརྟན་གྱི་ཁྱད་པར་བསྟན་པ།

  དྲུག་པ་བན་བོན་གནས་བརྟན་གྱི་ཁྱད་པར་དཔྱད་པ་ལ་ལྔ་སྟེ། བན་བོན་གནས་བརྟན་བཅུ་དྲུག་ཐེག་པའི་ཁྱད་པར་བསྟན་པ་དང་། བན་བོན་གནས་བརྟན་བཅུ་དྲུག་བྱོན་དུས་ཀྱི་ཁྱད་པར་བསྟན་པ། བན་བོན་གནས་བརྟན་བཅུ་དྲུག་བཞུགས་གནས་ཀྱི་ཁྱད་པར་བསྟན་པ། བན་བོན་གནས་བརྟན་བཅུ་དྲུག་ཕྱག་མཚན་གྱི་ཁྱད་པར་བསྟན་པ། བན་བོན་གནས་བརྟན་བཅུ་དྲུག་ཆས་གོས་ཀྱི་ཁྱད་པར་བསྟན་པ་དང་ལྔའོ། །


རྒྱ་ནག་གི་དགྲ་བཅོམ་པ་ལྔ་བརྒྱ།

བན་བོན་གནས་བརྟན་བཅུ་དྲུག་པོ་ཐེག་པ་ཆེ་ཆུང་གི་ཁྱད་པར་བསྟན་པ།

  དང་པོ་བན་བོན་གྱི་གནས་བརྟན་བཅུ་དྲུག་དེ་ལ་ཐེག་པ་ཆེ་ཆུང་གི་ཁྱད་པར་ཡོད་དེ། བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་ནི་ཐེག་པ་ཆེན་པོའི་འཕགས་པ་རྐྱང་པ་ཡིན་པ་ནི་འཕགས་པའི་གནས་བརྟན་གྱི་མདོ་སྡེ་མེ་ཏོག་འཕྲེང་བའི་ནང་དུ་གསལ་བ་གསུངས།[28] གནས་བརྟན་བཅུ་དྲུག་ལ་སེམས་དཔའ་ཆེན་པོའི་སྒྲ་ཐོབ། དེ་ནི་གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ་ལེས་པའི་དོན་ནི། དེའི་དབང་དུ་བཏང་ན་ངེས་ཅན་ཐེག་པ་ཆེན་པོ་མཐོང་ལམ་ཡན་གྱི་འཕགས་པ་ཤ་སྟག་ཡིན་དགོས། སྟོན་པས་ཐེག་པ་དགུ་པ་བླ་མེད་ཀྱི་དོན་གཏན་ལ་ཕབ་པའི་མདོ་ལས། གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ། ཡིད་ལས་སྤྲུལ་པའི་ཡེ་གཤེན་གཙུག་ཕུད་དང་ཐབས་ཅིག་ཏུ་བཞུགས་སོ། །གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ། ཉིད་ལས་སྤྲུལ་པ་ལྷའི་གཤེན་པོ་གསང་བ་འདུས་པ་དང་ཐབས་ཅིག་ཏུ་བཞུགས་སོ། །གཤེན་རབ་གཡུང་དྲུང་སེམས་དཔའ་ཆེན་པོ་ཚངས་པ་གཙུག་ཕུད་དང་ཐབས་ཅིག་ཏུ་བཞུགས་སོ། །ཞེས་པའི་སྐབས་ནས་བསྟན་པ་ལ་བརྟག་ན་གནས་བརྟན་བཅུ་དྲུག་པ་དེ་ཐེག་པ་ཆེན་པོ་དག་པའི་ས་གསུམ་ལ་གནས་པའི་བྱང་སེམས་འཕགས་པ་ཤ་སྟག་ཡིན་དགོས་སོ། །ཆོས་ལུགས་སམ་བན་དེའི་འདོད་པའི་གནས་བརྟན་བཅུ་དྲུག་ནི་ཉན་ཐོས་ཀྱི་སྡེའམ་ཉན་ཐོས་དགྲ་བཅོམ་པ་ཤ་སྟག་ཡིན་པར་འདོད་དེ། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས། ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གི ། འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །འདི་དག་ལ་ཅིས་ཕྱིར་གནས་བརྟན་ཞེས་བྱ་ན་སངས་རྒྱས་སྤྲུལ་པའི་ཉན་ཐོས་འདི་རྣམས་ལ་ཕྱོགས་གང་དུ་མཆོད་སོགས་བགྱིས་ན་དེ་དག་ཏུ་ཕེབས་ནས་དགེ་འདུན་གྱི་སྡེ་དར་བ་དང་། བསྟན་པའི་གནས་གཞི་བརྟན་པར་འགྲོ་བས་ན་དེ་སྐད་ཅེས་བརྗོད་པར་གསུངས་སོ། །ཞེས་པ་ནས་བན་དེའི་གནས་བརྟན་བཅུ་དྲུག་དེ་ཉན་ཐོས་པ་ཡིན་པར་གསལ་བ་བསྟན་ཡོད། དུང་དཀར་ཚིག་མཛོད་དུ་དགྲ་བཅོམ་པ་ཡིན་པར་བསྟན་ཡོད། གང་ལྟར་ཡང་བོན་པོའི་གནས་བརྟན་བཅུ་དྲུག་དེ་ནི་རྩ་བ་བཞི་དང་རྩ་ཕྱེད་ཉེར་གཅིག་གི་སྡོམ་པ་བསྲུང་བའི་ཐེག་ཆེན་འཕགས་པ་ཤ་སྟག་ཡིན་པ་དང་། བན་དེའི་གནས་བརྟན་བཅུ་དྲུག་དེ་རྩ་བ་བཞི་དང་ཡན་ལག་ལྔ་ཕྲུགས་ཉི་ཤུ་རྩ་གཅིག་གི་སྡོམ་པ་བསྲུང་བའི་ཉན་ཐོས་དགེ་བཅོམ་པ་ཤ་སྟག་ཡིན་པས་ཁྱད་པར་ཡོད་དོ། །

བན་བོན་གནས་བསྟན་བཅུ་དྲུག་བྱོན་དུས་ཀྱི་ཁྱད་པར་བསྟན་པ།

  གཉིས་པ་བན་བོན་གྱི་གནས་བརྟན་བཅུ་དྲུག་པོ་བྱོན་པའི་དུས་ཀྱི་ཁྱད་པར་བསྟན་པ་ལ། བོན་གྱི་ལོ་རྒྱུས་སྲོལ་རྒྱུན་གྱི་དབང་དུ་བཏང་ན། སྤྱི་ལོའི་སྔོན་འདས་ལོ༼༡༦༠༡༧༽དང་། དེང་དུས་ཞིབ་འཇུག་པས་འདོད་པ་ལྟར་ན་སྤྱི་ལོའི་སྔོན་འདས་ལོ༼༡༩༡༧༽ལོར་སྟོན་པ་གཤེན་རབ་མི་བོ་ཆེ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས་པར་འདོད། བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་པོ་དེ་སྟོན་པ་གཤེན་རབ་མི་བོ་ཞལ་བཞུགས་པའི་དུས་ནས་བཞུགས་ཡོད། གང་ལྟར་ཡང་སྤྱི་ལོའི་སྔོན་འདས་པའི་ལོ་ཅིག་སྟོང་བརྒྱད་བརྒྱའི་ཡར་སྔོན་ནས་ཡོད་པ་དང་། བན་དེའི་གནས་བརྟན་བཅུ་དྲུག་པོ་དེ་ཤཱཀྱ་ཐུབ་པ་སྐུ་བཞུགས་པའི་དུས་སུ་ཡོད་པ་ནི་ལོ་རྒྱུས་དག་ལས་གསལ། ཤཱཀྱ་ཐུབ་པའི་སྐུ་འདས་འཁྲུངས་ཐད་ལ་འདོད་སྟངས་མང་ཙམ་ཡོད་པ་ལས་ལོ་རྒྱུས་སྤྱི་མཐུན་ལྟར་ན་སྤྱི་ལོ་སྔོན༥༤༢ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས། ལྕགས་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནའི་ཚལ་དུ་སྐུ་བལྟམས་པར་བཞེད[29]། དེ་ལྟར་ན་བན་དེའི་གནས་བརྟན་བཅུ་དྲུག་པོ་དེ་སྤྱི་ལོའི་སྔོན་འདས་པའི་བཞི་བརྒྱ་ཡས་མས་སྐབས་སུ་བྱོན་པ་ཡིན་དགོས་པས་ཁྱད་པ་ཡོད།

བན་བོན་གནས་བརྟན་བཅུ་དྲུག་བཞུགས་གནས་མི་འདྲ་བར་བསྟན་པ།

  གསུམ་པ་བན་བོན་ཀྱི་གནས་བརྟན་བཅུ་དྲུག་པོ་བཞུགས་གནས་སམ་བསྟན་པ་སྤེལ་ཡུལ་ལ་ཁྱད་པ་ཡོད་དེ། བོན་པོའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་བཞུགས་གནས་ནི། ༡ གནས་བརྟན་དང་པོ་བཞི་ཚོ་ནི་རི་བཞི་ལ་གནས་པ་སྟེ། གངས་ཏི་སེ་ན་ཡོད་པའི་སེང་གེ་བརྒྱ་བསྣོལ་གྱི་རི། གཡུང་དྲུང་དགུ་བརྩེགས་ཀྱི་རི། ཁྲི་སྨོན་རྒྱལ་བཞེད་ཀྱི་རི། གཙུག་རུམ་འབར་བའི་རི་དང་བཞི། གནས་བརྟན་གཉིས་པ་བཞི་ཚོ་ནི། མཚོ་མ་པང་གཡུ་མཚོའི་ཕྱོགས་བཞི་ན་ཡོད་པའི་ཆུ་བོ་ཆེན་པོ་བཞི་ལ་གནས་པ་ནི། སེང་གེ་ཁ་བབ་ཆུ་བོ་ན་ར་ཛ་ར། རྟ་མཆོག་ཁ་བབས་ཀྱི་ཆུ་བོ་པག་ཤུ། རྨ་བྱ་ཁ་བབས་ཀྱི་ཆུ་བོ་གྱིམ་ཤང་། གླང་ཆེན་ཁ་བབ་ཀྱི་ཆུ་བོ་སི་དྷི་རོལ་པ་དང་བཞིའོ། །གནས་བརྟན་གསུམ་པ་བཞི་ཚོ་ནི། གནས་ཆེན་བཞི་ལ་གནས་པ་སྟེ། བྱ་རྒོད་སྤུངས་པའི་གནས། གླང་ཆེན་འགྱིང་བའི་གནས། མེ་ཏོག་སྤུངས་མཛེས་གནས། རི་བོ་ད་ལ་ཡ་ཡི་གནས་དང་བཞིའོ། །གནས་བརྟན་བཞི་པ་བཞི་ཚོ་ནི། གླིང་ཆེན་པོ་བཞི་ལ་གནས་ཏེ། ཤར་ཕྱོགས་ལུས་འཕགས་པོ་གླིང་། བྱང་ཕྱོགས་སྒྲ་མི་སྙན་པའི་གླིང་། ནུབ་ཕྱོགས་བ་གླང་སྤྱོད་པའི་གླིང་། ལྷོ་ཕྱོགས་འཛམ་བུ་གླིང་དང་བཞིའོ། །

  གཉིས་པ་བན་དེའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་བཞུགས་གནས་ནི། རི་བོ་གངས་རི་ཏི་སེ། ཨུ་ཤི་རའི་གནས། ལོ་མ་བདུན་པའི་རི། རྒྱ་གར་ནུབ་ཕྱོགས་ཟངས་གླིང་། སིང་ག་ལའི་གླིང་། ཆུ་བོ་ཡ་མུ་ནའི་གླིང་། ཁ་ཆེའི་ཡུལ་གུར་གུམ་ཅན། ནུབ་བ་ལས་སྤྱོད། བྱང་སྒྲ་མི་སྙན། བྲི་ཡང་ཀུ་ཡི་གླིང་རྒྱ་གར་བྱང་ཕྱོགས། བྱ་རྒོད་ཕུང་པོའི་རི། ཤར་ལུས་འཕགས་གླིང་། སུམ་ཅུ་རྩ་གསུམ་གྱི་གནས། རིའི་རྒྱལ་པོ། རི་རྒྱལ་བི་ཧུ་ལ། ཤམྦྷ་ལ་དང་བཅུ་དྲུག་ལ་གནས་པ་སོགས་ལ་བརྟག་ན་བན་བོན་གྱི་གནས་བརྟན་བཅུ་དྲུག་ལ་ཁྱད་པར་ཡོད་པར་ཤེས་སླའོ། །

བན་བོན་གནས་བརྟན་བཅུ་དྲུག་གི་ཕྱག་མཚན་མི་འདྲ་བའི་སྐོར་བསྟན་པ།

  བཞི་པ་བན་བོན་གྱི་གནས་བརྟན་བཅུ་དྲུག་པོ་དེ་དག་གི་ཕྱག་ཏུ་འཛིན་པའི་ཕྱག་མཚན་གྱི་ཁྱད་པར་ནི། བོན་པོའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་གི་ཕྱག་མཚན་ནི། གནས་བརྟན་དང་པོས་མཉམ་བཞག་ལྷུང་བཟེད། གཉིས་པས་གཡུང་དྲུང་གི་ཆག་ཤིང་དང་རྔ་གཡབ་དཀར་པོ། གསུམ་པས་གླེགས་བམ་དང་རྒྱལ་མཚན། བཞི་པས་བུམ་པ་དང་ཧོས་རུ། ལྔ་པས་མཆོད་རྟེན་དང་ཕྲེང་བ་འཛིན་པ། དྲུག་པས་རིན་ཆེན་པྲོག་ཞུ། བདུན་པས་བུམ་པ་དང་ཅོད་པཎ། བརྒྱད་པས་ཕྲེང་བ་དང་ཧོས་རུ། དགུ་པས་ལྷུང་བཟེད་དང་ཧོས་རུ། བཅུ་པས་རྔ་ཡབ་དང་སྤོས་མེ། བཅུ་གཅིག་པས་ནོར་བུ་དང་རྔ་ཡབ། བཅུ་གཉིས་པས་ཞལ་ཟས་དང་སྤོས་ཀྱི་ལྡིང་ཁང་། བཅུ་གསུམ་པས་མཉམ་བཞག་གཡུང་དྲུང་འཛིན་པ། བཅུ་བཞི་པས་རིན་ཆེན་རྒྱན་ཆ། བཅོ་ལྔ་པས་གསེར་གྱི་གཤང་ཆུང་དང་ནེའུ་ལེའི་རྐྱལ་པ། བཅུ་དྲུག་པས་མར་མེ་དང་ལྗོན་ཤིང་བཅས་ཕྱག་མཚན་མི་འདྲ་བ་བསྟན་ཡོད།

  གཉིས་པ་བན་དེའི་ལུགས་ཀྱི་གནས་བརྟན་གྱི་ཕྱག་མཚན་ནི། དང་པོས་རྔ་ཡབ་དང་སྤོས་ཕོར། གཉིས་པས་མཉམ་བཞག་ཕྱག་རྒྱ། གསུམ་པས་སྡིག་མཛུབ་དང་རྔ་ཡབ། བཞི་པས་གསེར་གྱི་རྣ་ཀོར། ལྔ་པས་སྡིག་འཛུགས་དང་རྔ་ཡབ། དྲུག་པས་ཆོས་འཆད་མཉམ་བཞག བདུན་པས་རིན་པོ་ཆེའི་ཞགས་པ། བརྒྱད་པས་ཕྱག་གཉིས་མཉམ་བཞག དགུ་པས་ནེའུ་ལེན། བཅུ་པས་པྲོག་ཞུ། བཅུ་གཅིག་པས་ཕྱག་གཉིས་མཉམ་བཞག བཅུ་གཉིས་པས་གླེགས་བམ་དང་ལྷུང་བཟེད། བཅུ་གསུམ་པས་གླེགས་བམ། བཅུ་བཞི་པས་བུམ་པ་དང་མཁར་གསིལ། བཅོ་ལྔ་པས་གླེགས་བམ། བཅུ་དྲུག་པས་མཆོད་རྟེན་སོགས་བསྟན་ཡོད། བན་བོན་གནས་བརྟན་བཅུ་དྲུག་གི་ཕྱག་མཚན་ཀྱི་ཁྱད་པར་གཙོ་བོ་ནི། བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་གི་ཕྱག་མཚན་ཐུན་མོང་མ་ཡིན་པ་ནི། ཆག་ཤིང་། རྒྱལ་མཚན། གཡུང་དྲུང་། གཤང་ཆེན། ཕྲེང་བ། བྱ་རུ་ཅན་གྱི་མཆོད་རྟེན། སྤོས་མེ། ནོར་བུ། ཞལ་ཟས། མར་མེ། ལྗོན་ཤིང་འཛིན་པ་སོགས་དང་། བན་དེའི་གནས་བརྟན་བཅུ་དྲུག་གི་ཕྱག་མཚན་ཐུན་མོང་མ་ཡིན་པ་ནི། གསེར་གྱི་རྣ་ཀོར། ཕྱག་རྒྱ་སྡིག་འཛུགས། ཆོས་འཆད་པའི་མཉམ་བཞག ཞགས་པ་བཅས་བསྟན་པ་དང་། བན་བོན་གནས་བརྟན་བཅུ་དྲུག་ཐུན་མོང་གི་ཕྱག་མཚན་ནི། རྔ་ཡབ་བམ་བསིལ་གཡབ། གླེགས་བམ། བུམ་པ། ནེའུ་ལེ། མཉམ་བཞག ཧོས་རུའམ་མཁར་གསིལ། རིན་ཆེན་རྒྱན་ཆའམ་པྲོག་ཞུ། ལྷུང་བཟེད་བཅས་ལ་བརྟག་ན་ཁྱད་པར་ཡོད་པ་ཤེས་སླའོ། །

བན་བོན་གནས་བརྟན་བཅུ་དྲུག་ཆ་ལུགས་ཀྱི་ཁྱད་པ་བསྟན་པ།

  ལྔ་པ་བན་བོན་གཉིས་ལ་གནས་བརྟན་བཅུ་དྲུག་ཅེས་རླུང་རྟ་ཁྱབ་ལ་འབྲུག་ལྟར་གྲགས། སོ་སོ་རང་རང་ལ་ལོ་རྒྱུས་རེ་འཆད་དུའང་ཡོད། བོན་ཕྱོགས་ནས་བཤད་ན་སྟོན་པ་གཤེན་རབ་མི་བོའི་སྐུ་སྲས་གདུང་སོབ་མུ་ཆོ་ལྡེམ་དྲུག་གི་རིང་ནས་གནས་བརྟན་བཅུ་དྲུག་གི་ཐ་སྙད་ཡོད་པ་མ་ཟད་གནས་བརྟན་བཅུ་དྲུག་འབྲི་བ་དང་མཆོད་བསྟོད་ཕྱག་འཚལ་བ་སྨོན་ལམ་འདེབས་པར་བཅས་ཉམས་སུ་ལེན་པའི་སྲོལ་ཡོད་པ་ནི་མདོ་སྡེ་མེ་ཏོག་ཕྲེང་བའི་དབང་ཆོག་རིན་པོ་ཆེ་ཏོག་གི་ནོར་བུ་འབར་བ་ལས་གསལ་ལོ། །[30]

  བན་དེའི་ལུགས་ལ། བོད་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བྲིས་ཐང་དང་འཇིམ་སྐུ་ནི་ཐོག་མར་དུས་རབས་བཅུ་པའི་མཇུག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཀླུ་མེས་འབྲོམ་ཆུང་དེ་སྐབས་ཤིག་རི་བོ་རྩེ་ལྔ་སོགས་ནང་པའི་གནས་བརྟན་ཁག་མཇལ་བར་ཕེབས་པའི་ལམ་ཞོར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཡུན་རིང་བཞུགས་སྐབས། ཐང་གི་གོང་མ་མིང་ཙུང་གིས་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་ནས་ཟླ་བ་ཁ་ཤས་བཞུགས་ཏེ་ཕྱིར་ཕེབས་གནང་ཁར་གནས་བརྟན་རྣམས་ལ་ན་བཟའ་མཚོན་བྱེད་དུ་རྒྱ་ལུགས་ཧ་ཤང་གི་ཆས་དང་འདྲ་བའི་གོས་ཆེན་ཏིང་ཕོན་མངགས་བཏགས་མ་རེ་ཕུལ་ཏེ། དྲན་རྟེན་དུ་རི་མོ་མཁས་པ་རྣམས་ནས་གནས་བརྟན་རྣམས་ཀྱི་འདྲ་ཐང་རེ་བྲིས་པ་དེ་དངོས་སུ་གཟིགས་པར་བརྟེན་ཀླུ་མེས་ཀྱིས་འདྲ་ཐང་དེ་ལ་དཔེ་བྱས་ཏེ་རང་ཉིད་ཀྱིས་དངོས་སུ་འདྲ་བཤུས་གནང་ནས་བོད་དུ་བསྣམས་ཕེབས་རྗེས་བྲག་ཡེར་པར་གནས་བཅུ་ལྷ་ཁང་ཞིག་བཞེངས་གནང་སྟེ། འདྲ་ཐང་བཤུས་བྲིས་ལ་མ་དཔེ་བྱས་པའི་གནས་བརྟན་བཅུ་དྲུག་གི་འཇིམ་སྐུ་བཞེངས་པ་གནང་བ་ནི་བོད་དུ་གནས་བརྟན་བཅུ་དྲུག་གི་སྐུ་བཞེངས་པའི་ཐོག་མ་ཡིན་ཟེར་བ་དང་། བན་དེའི་ལུགས་ཀྱི་གནས་བརྟན་བཅུ་དྲུག་པོ་ཚང་མ་རྒྱ་གར་གྱི་དགྲ་བཅོམ་པ་ཤ་སྟག་ཡིན་ཀྱང་། བོད་ཀྱི་རི་མོའི་ལག་རྒྱུན་དུ་ཚང་མ་རྒྱ་ནག་གི་ཧ་ཤང་དང་འདྲ་བར་ན་བཟའ་ཕུ་ཐུང་ཅན་ཤ་སྟག་བྲིས་སྲོལ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན་ཟེར། འོན་ཀྱང་བན་བོན་གང་གི་ལུགས་ལ་གནས་བརྟན་གྱི་ཐང་ཀའམ་ཙ་ཀ་ལི་འབྲི་བ་དང་འཇིམ་སྐུ་བཞེངས་པའི་སྲོལ་དེ་ཐོག་མ་ནམ་ཞིག་དར་བའི་ལོ་རྒྱུས་བདེན་དཔུང་ཐུབ་པ་ཞིག་མཐོང་དཀའ་འདུག གང་ལྟར་ཡང་བོན་པོའི་ལུགས་ལ་རྒྱ་ནག་ཧ་ཤང་གི་ཆས་གོས་ཅན་བཞེངས་པའི་གནས་བརྟན་བཅུ་དྲུག་ནི་མཐོང་རྒྱུ་མེད། དེང་སང་མཐོང་དུ་ཡོད་པའི་དུས་རབས་བཅུ་དྲུག་པ་དང་། དུས་རབས་བཅུ་བདུན་པའི་མཇུག དུས་རབས་བཅོ་བརྒྱད་པའི་འགོ་ཡན་མན་དུ་བྲིས་པའི་བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་སོགས་ལ་བརྟགས་ཚེ། བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་ནི་བོད་ཀྱི་གྲྭ་གོས་གྱོན་པ་ཅན་ཤ་སྟག་ཅན་ནོ། །དུས་རབས་བཅོ་བརྒྱད་པའི་འགོ་ཙམ་ལ་བོན་ལུགས་གནས་བརྟན་བཅུ་དྲུག་གི་ཙ་ཀ་ལི་འབྲི་སྲོལ་ཡོད་དོ[31]། །འོ་ན་བོན་ལུགས་ཀྱི་གནས་བརྟན་བཅུ་དྲུག་དེ་བོད་ལ་ནམ་ཞིག་དར་ཞེ་ན། བོད་རྒྱལ་གྲི་གུམ་བཙན་པོའི་སྐུ་རིང་ལ་བྱོན་པའི་བླ་ཆེན་དྲན་པ་ནམ་མཁས་གངས་ཅན་བོད་ཀྱི་འགྲོ་བ་སེམས་ཅན་ལ་དགོངས་ནས། འཕགས་པའི་གནས་བརྟན་བཅུ་དྲུག་གི་མདོ་འདུས་པ་རིན་པོ་ཆེ་དེ་བོད་སྐད་ལ་བསྒྱུར་བར་བཤད་དོ། །[32]བོན་པོའི་གནས་བརྟན་བཅུ་དྲུག་སྐོར་ཞིབ་འཇུག་བྱེད་འདོད་ན《འཕགས་པའི་གནས་བརྟན་བཅུ་དྲུག་གི་མདོ་འདུས་པ་རིན་པོ་ཆེ》དང་། 《འཕགས་པའི་གནས་བརྟེན་བཅུ་དྲུག་ལ་མཆོད་པ་འབུལ་བ་དང་བསྟོད་པའི་སྐོར》དང་། ཀུན་གྲོལ་གྲགས་པས་མཛད་པའི་《འཕགས་པའི་གནས་བརྟན་བསྟན་པ་དར་བའི་མེ་ཆེན》དང་། མི་ཕམ་མགོན་པོའི་《གནས་བརྟན་ཡན་ལག་བདུན་པ》སོགས་ལས་གསལ་ལོ། །

  དཔྱད་གཞི།

  ༡ སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《འཕགས་པའི་གནས་བརྟེན་གྱི་མཆོད་པ་མདོ་སྡེ་མེ་ཏོག་ཕྲེང་བ》 མུ་ཆོ་ལྡེམ་དྲུག་གི་གསུང་། མི་ནུབ་དཔལ་གྱི་རྒྱལ་མཚན་གྱི་སྙན་རྒྱུད། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས།

  ༢ 《འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད》 སྟོན་པ་གཤེན་རབ་མི་བོས་གསུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས།

  ༣ 《མདོ་སྡེ་མེ་ཏོག་ཕྲེང་བའི་དབང་ཆོག་རིན་པོ་ཆེ་ཏོག་གི་ནོར་བུ་འབར་བ》 སངས་རྒྱས་གླིང་པས་བརྩམས། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། ཤ༡༨༦ན་གསལ།

  ༤ 《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས།

  དཔྱད་མཆན།

  [1] སྟོང་སྐོར་ཚེ་རིང་ཐར་གྱིས་བསྒྲིགས། 《གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས》 དེབ་གཉིས་པ། 《གངས་ཅན་བོད་ཀྱི་བརྡ་ཡང་དག་པར་སྦྱོར་བ་མིང་གི་བསྟན་བཅོས་ལེགས་པར་བཤད་པ་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ》 སྦྲ་སར་ཀུན་བཟང་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས༢༠༡༠ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༡༣༧

  [2] གོང་དང་འདྲ། ཤ༡༥༩ན་གསལ།

  [3] གོང་དང་འདྲ། ཤ༡༨༤ན་གསལ།

  [4] 《བོད་རྒྱ་ཚིག་མཛོད་ཆེན་མོ》མི་རིགས་དཔེ་སྐྲུན་ཁང་སྤྱི་ལོ༡༩༩༣ལོའི་ཟླ༥པར་པར་གཞི༡པོ་བསྒྲིགས། ༢༠༠༠ལོའི་ཟླ༢པར་པེ་ཅིང་དུ་པར་ཐེངས༥པ། ཤ༡༥༤༥ན་གསལ།

  [5]《 དེང་རབས་བོད་སྐད་ཚིག་མཛོད》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་༢༠༡༦ལོའི་ཟླ༥པར་པར་གཞི༡བསྒྲིགས། ཤ༡༠༠༧

  [6] 《དུང་དཀར་ཚིག་མཛོད་ཆེན་མོ》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ། ཤ༡༢༢༧ན་གསལ།

  [7] 《གཤེན་རབ་རྣམ་པར་རྒྱལ་བ་ལས་གཟུངས་སྡེ་རིན་ཆེན་ཕྲེང་བ》 སྟོན་པ་གཤེན་རབ་མི་བོའི་བཀའ། བྲིས་མ། ཤ༣༧སྲིབ་ན་གསལ།

  [8] 《བོན་རིན་པོ་ཆེ་འཕྲུལ་ངག་བདེན་པ་གཙང་མ་ཀླུ་འབུམ་ནག་པོའི་གཞུང》 སྟོན་པ་གཤེན་རབ་མི་བོའི་བཀའ། བྲིས་མ། ཤ༢༨ཉིན་ན་གསལ།

  [9] 《མ་རྒྱུད་གཞི་ཡེ་སངས་རྒྱས་པའི་རྒྱུད》 བཀའ། བྲིས་མ། ཤ༦ཉིན་ན་གསལ།

  [10] 《སངས་རྒྱས་ཀྱི་བསྟན་པ་ཆག་ཕེབས་པའི་གནས་དང་ཞིང་ཁམས་ཀྱི་མདོ》 བྲིས་མ། སྡེབ༦༨སྲིབ་ན་གསལ།

  [11] 《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ》དེབ༡༤། 《རྒྱལ་པོའི་བཀའ་ཁྲིམས་བསྩལ་བའི་མདོ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༨པར་པར་གཞི་དང་པོ་བསྒྲིགས། ཤ༢༨༥ན་གསལ།

  [12] སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས།《ཞང་བོད་ལོ་རྒྱུས་ཆེན་མོ》སྟོད་ཆ། 《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》 གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༧༦༨ན་གསལ།

  [13] སྣང་མཐའ་བསྟན་འཛིན་ཉི་མས་བསྒྲིགས།《ཞང་བོད་ལོ་རྒྱུས་ཆེན་མོ》སྟོད་ཆ། 《གཟེར་མིག་གི་མདོ》སྟོན་པ་གཤེན་རབ་མི་བོས་གསུང་། དྲང་རྗེ་བཙུན་པའི་གཏེར་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༡པར་པར་གཞི་དང་པོ་བསྒྲིགས། ཤ༡༩༡ན་གསལ།

  [14] འོད་ཟེར་སྦྱིན་པས་བསྒྲིགས།《གསུང་རབས་སྒོ་མཛོད་རིན་པོ་ཆེ》དེབ༢ནང་《འདུལ་བ་ཀུན་འབྱུང་དབྱིངས་དག་རྒྱུད་ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད》སྟོན་པ་གཤེན་རབ་མི་བོས་གསུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ༩པར་པར་གཞི་དང་པོ་བསྒྲིགས། ཤ༡༣༨ན་གསལ།

  [15] སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༦༣པ། 《འཕགས་པའི་གནས་བརྟེན་གྱི་མཆོད་པ་མདོ་སྡེ་མེ་ཏོག་ཕྲེང་བ》 མུ་ཆོ་ལྡེམ་དྲུག་གི་གསུང་། མི་ནུབ་དཔལ་གྱི་རྒྱལ་མཚན་གྱི་སྙན་རྒྱུད། ༡༩༩༨ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡-༢༣ན་གསལ།

  [16] སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༦༣པ། 《འཕགས་པའི་གནས་བརྟེན་གྱི་མཆོད་པ་མདོ་སྡེ་མེ་ཏོག་ཕྲེང་བ》 མུ་ཆོ་ལྡེམ་དྲུག་གི་གསུང་། མི་ནུབ་དཔལ་གྱི་རྒྱལ་མཚན་གྱི་སྙན་རྒྱུད། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡༠༢ན་གསལ།

  [17] 《དུང་དཀར་ཚིག་མཛོད་ཆེན་མོ》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ། ཤ༡༢༣༧ན་གསལ།

  [18] 《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས། ཤ༡༤༡-༡༤༤ན་གསལ།

  [19] 《གཡུང་དྲུང་བོན་གྱི་ལྷ་ཚོགས་ཆེན་མོ》ཚེ་རིང་ཐར་དང་རིག་འཛིན་ཉི་མ་གཉིས་ཀྱིས་བསྒྲིགས། ༢༠༡༩་༡༡ ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡༠༥ན་གསལ།

  [20] 《འཕགས་པའི་གནས་བརྟན་ཕྱག་མཆོད་བསྟན་པའི་དར་ཆེན》 གཡུང་དྲུང་བདུད་འདུལ་གྱིས་བརྩམས། བྲིས་མ་ཞིག། ཉག་རོང་ཡེ་ཤེས་དགོན་ཁྱུང་པོ་ཚང་ལ་ཡོད།

  [21] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༤༩༡ན་གསལ།

  [22] ཁྲི་བསོད་བསྟན་གྱིས་བསྒྲིགས། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》པོད་བརྒྱད་པ། 《འཛམ་གླིང་གངས་རྒྱལ་ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག》 གྲུབ་དབང་བསྟན་འཛིན་རིན་ཆེན་གྱིས་བརྩམས། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ༢༠༡༨ལོའི་ཟླ༧པར་པར་གཞི་དང་པོ་བསྒྲིགས། ཤ༤༠ན་གསལ།
  [23] 《གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས》དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༨ལོར་ཟླ༡༡པར་པར་ཐེངས་དང་པོ་བརྒྱབ། ཤ༤༨༨-༤༩༩ན་གསལ།

  [24] 《ཞང་བོད་ཚིག་མཛོད་ཆེན་མོ》 དེབ་གཉིས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༢༠ལོའི་ཟླ༡༢པར་པར་གཞི་དང་པོ་བསྒྲིགས། ཤ༣༤༨ན་གསལ།

  [25] 《དུང་དཀར་ཚིག་མཛོད་ཆེན་མོ》དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་རྩོམ་སྒྲིག་མཛད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་༢༠༡༥ལོའི་ཟླ༤པར་པར་གཞི་གཉིས་པ་དཔར་ཐེངས་ལྔ་པ་བཏབ། ཤ༡༢༣༧ན་གསལ།

  [26] སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༦༣པ། 《འཕགས་པའི་གནས་བརྟེན་གྱི་མཆོད་པ་མདོ་སྡེ་མེ་ཏོག་ཕྲེང་བ》 མུ་ཆོ་ལྡེམ་དྲུག་གི་གསུང་། མི་ནུབ་དཔལ་གྱི་རྒྱལ་མཚན་གྱི་སྙན་རྒྱུད། ༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡-༢༣ན་གསལ།

  [27] 《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཟླ༡༠པར་པར་གཞི་དང་པོ་བསྒྲིགས། ཤ༡༢༥-༡༣༩ན་གསལ།

  [28] སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༦༣པ། 《འཕགས་པའི་གནས་བརྟེན་གྱི་མཆོད་པ་མདོ་སྡེ་མེ་ཏོག་ཕྲེང་བ》 མུ་ཆོ་ལྡེམ་དྲུག་གི་གསུང་། མི་ནུབ་དཔལ་གྱི་རྒྱལ་མཚན་གྱི་སྙན་རྒྱུད། ༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡-༢༣ན་གསལ།

  [29]《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་ཞིང་འགྲེམས་སྤེལ་བྱས། ༡༩༩༣ལོའི་ཟླ༥པར་པར་གཞི་དང་པོ་བསྒྲིགས། ༢༠༠༠ལོར་པེ་ཅིན་དུ་པར་ཐེབས༥པ་བརྒྱབ། ཤ༢༨༣༠ན་གསལ།

  [30] སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༦༣པ། 《མདོ་སྡེ་མེ་ཏོག་ཕྲེང་བའི་དབང་ཆོག་རིན་པོ་ཆེ་ཏོག་གི་ནོར་བུ་འབར་བ》 སངས་རྒྱས་གླིང་པས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡༦༡-༢༠༥ན་གསལ།

  [31] སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༦༣པ། 《མདོ་སྡེ་མེ་ཏོག་ཕྲེང་བའི་དབང་ཆོག་རིན་པོ་ཆེ་ཏོག་གི་ནོར་བུ་འབར་བ》 སངས་རྒྱས་གླིང་པས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡༨༦ན་གསལ།

  [32] སོག་སྡེ་བསྟན་པའི་ཉི་མས་བསྒྲིགས།《གཡུང་དྲུང་བོན་གྱི་བརྟེན་འགྱུར་ཆེན་མོ》ལས་གླེགས་བམ༢༦༣པ། 《མདོ་སྡེ་མེ་ཏོག་ཕྲེང་བའི་དབང་ཆོག་རིན་པོ་ཆེ་ཏོག་གི་ནོར་བུ་འབར་བ》 སངས་རྒྱས་གླིང་པས་བརྩམས། ༡༩༩༨ ལོར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱེད། ཤ༡༦༦ན་གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།