བོན་གྱི་འདུ་གནས་སླུང་ཤོད་ཐང་དམར་གང་དུ་ཡོད་པར་ཐོག་དམར་དཔྱད་པ།
[ཟླ་ཚེས། 2022-10-17 10:27:47][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོན་གྱི་འདུ་གནས་སླུང་ཤོད་ཐང་དམར་གང་དུ་ཡོད་པར་ཐོག་དམར་དཔྱད་པ།
ནང་དོན་གནད་བསྡུས། དེ་ཡང་བོན་གྱི་འདུ་གནས་སླུང་ཤོད་ཐང་དམར་ཐོག་མར་དཔྱད་པ་ལ་དེ་ཉིད་ངོས་འཛིན་བྱེད་པར་ལུང་གང་དུ་འཁོད་པ་དང་གཅིག ཀླུང་ཤོད་གང་དུ་ཡོད་པར་དཔྱད་པ་དང་གཉིས། ཡར་ཀླུང་གཙང་པོའི་མདོ་ཟེར་བ་གང་དུ་ཡོད་པར་ངོས་འཛིན་པ་དང་གསུམ། འདི་གར་བོན་གྱི་འདུ་གནས་དང་སྒྲུབ་གནས་ཀྱི་ཤུལ་སྟོན་རྒྱུ་ཡོད་དགོས་པ་བཞི་བཅས་ཀྱི་གཙོ་བོའི་ཆ་རྐྱེན་འདི་དག་ཚང་དགོས་པའི་གནས་ཚད་དུ་གྱུར་ཡོད།
བརྡ་ཆད་གཙོ་བོ། འདུ་གནས། འོན་མོ་ཀླུང་རིང་། འོན་གསས་ཁང་། ཀླུང་ཤོད་ཐང་དམར།
གཅིག ཐོག་མར་བོན་གྱི་དཔེ་རྙིང་གྲགས་ཅན་《བསྒྲགས་པ་རིན་ཆེན་གླིང་གྲགས》ལས། “སླུང་ཤོད་ཐང་དམར་བོན་གྱི་འདུ་འཚོགས་གནས།”[1] ཞེས་དང་། ཡང་དཔེ་རྙིང་མཛོད་སྒྲ་འགྲེལ་ལས་“ཀླུམ་ཤོད་ཐང་དཀར།”[2] དང་དར་རྒྱས་གསལ་སྒྲོན་ལས་“ཟླུམ་ཤོད་ཐང་དམར་”[3] ཞེས་སུ་གྲགས་པའི་འདུ་གནས་དེ་ནི། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས། “ཡར་ལུང་སོག་ཁ་ཟླུམ་ཤོད་ཐང་དམར་དང་། [4]ཞེས་དང་བོན་གྱི་བསྟན་འབྱུང་དེ་དག་ཙམ་མ་ཡིན་པར་ཁྲོ་འགྲེལ་དང་ལེགས་བཤད་མཛོད་སོགས་དཔེ་ཆ་དུ་མར་ཡང་ཡང་ལུང་དུ་དྲང་ཡང་《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》གྱི་ཡན་ལག་དགོན་དེབ་ལེའུ་འམ་[5]《གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེ་ཆགས་རབས་མདོར་བསྡུས》ལས། ཟླུམ་ཤོད་ཐང་དམར་ནི་ཡར་ལུང་གཙང་པོའི་མདོ།”[6] ཞེས་པ་དེ་ཁོ་ན་ཙམ་ལས་ཡུལ་གང་དང་ས་མིག་གང་དུ་ཡོད་པ་ཁ་གསལ་མ་བྱུང་བར་ལུས་ཡོད། དེ་ཉིད་ངོས་འཛིན་བྱེད་པ་ལ་ཀླུང་ཤོད་གང་དུ་ཡོད་པར་དཔྱད་པ་དང་ཡར་ཀླུང་གཙང་པོའི་མདོ་ཟེར་བ་གང་དུ་ཡོད་པར་དཔྱད་པ་འདི་གར་བོན་གྱི་འདུ་གནས་དང་སྒྲུབ་གནས་ཀྱི་ཤུལ་སྟོན་རྒྱུ་ཡོད་དགོས་པ་བཅས་ཀྱི་ཆ་རྐྱེན་ཚང་དགོས་པའི་གནས་སུ་གྱུར་ཡོད།
གཉིས། དཔེ་རྙིང་དེ་དག་ཏུ་སླུང་ཤོད་དང་ཀླུམ་ཤོད་ཟླུམ་ཤོད་སོགས་འབྲི་སྲོལ་མ་འདྲ་བ་འགའ་ཡོད་ཀྱང་དོན་དུ་ཀླུང་ཤོད་ལ་གོ་དགོས་སྟེ་《ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད》ལས། “ཡུལ་འདིར་སྔོན་གྱི་ཡིག་ཆ་ཁག་ཏུ་མིང་གི་རྣམ་གྲངས་དུ་མ་འཁོད་དེ། འོན་མོ་ཀླུང་རིང་དང་འོན་མོ་ལུང་རིང་། འོན་མོ་ཀླུངས་རིང་། འོན་མོ་སླུང་རིས། འོན་ལ་མོ་ལུང་རིང་། འོན་དཀར་ཚེས། འོན། བོན་མོ་ལུང་རིང་དང་། བོན། ཡང་བོན་ཞེས་པ་གོ་དོན་མཚུངས་པའི་སོན་ཞེས་ཀྱང་ཡོད་པར་སེམས། དེ་བཞིན་འོལ་མོ་ལུང་རིང་ཞེས་པ་སོགས་ཡུལ་མིང་ཧ་ཀྱང་མང་པོ་ཡིག་ཐོག་ཏུ་འཁོད་ཡོད།”[7] ཅེས་སོགས་རྒྱས་བཤད་བྱས་འདུག་པས་དོན་དུ་ད་ལྟའི་[འོན་མོ་ཀླུང་རིང་]ཞེས་པའི་ལུང་པ་འདིའི་ཤོད་དུ་ཆགས་པས་ནས་ཀླུང་ཤོད་དུ་གོ་དགོས། 《བསྒྲགས་པ་རིན་ཆེན་གླིང་གྲགས》ལས། “གཤེན་པོ་རྣམས་རྒྱལ་བློན་མགུར་ལྷ་དང་ཕོ་ལྷ་སྐྱབས་སུ་གསོལ། སེལ་དང་བསང་ཁྲུས་མང་དུ་བྱས་པས། ལྷའི་ཞལ་ཚུལ་གཟིགས། ཡར་ཆབ་རྣལ་དུ་ཕེབས། རྒྱལ་པོ་བསྙུང་བ་དྭངས། བོད་ཁམས་ཀྱི་ནད་རིགས་འཁྲུག་པ་རྣམས་ཆད་དོ། །དེ་ནས་རྒྱལ་པོ་དགྱེས་ཏེ་བོན་ལ་ཆེ་ཐབས་ཡིག་ཚངས་ཕུལ་བ་ནི། སྟོད་ནས་ཡུལ་གསུམ་ཕུལ་ཏོ། །ཟས་གད་སེར་སྟེང་། གཙང་པོ་གཞུང་སྨད། ཆུ་བར་བྲེ་སྣ་དང་གསུམ་ཕུལ་ལོ། །སྨད་ནས་ཡུལ་གསུམ་ཕུལ་ཏེ། འོར་མོ་ལུང་རིང་། འཕན་ཡུལ་འབྲམ་སྐྱེས། ཡར་མོ་བྲུད་དང་གསུམ་ཕུལ་ལོ། །སྟོད་ནས་འབངས་གསུམ་ཕུལ་ཏེ་འོ་དང་སོ་ངན་གླེ་བོ་གསུམ་ཕུལ་ལོ། །དབུས་ན་གསུམ་ཕུལ་ཏེ། པྲེ་སླུང་རླུང་གསུམ་ཕུལ་ལོ། །ཡར་ལུང་སོག་ཁ་བཞུགས་པའི་གནས་སུ་ཕུལ། ལྷ་ས་ཐུགས་དམ་ལྷ་གསོལ་བའི་ས་རུ་ཕུལ་ལོ། །”[8] ཞེས་ཁྲི་སྲོང་སྐབས་སུ་ཡུལ་དབུས་སུ་འོལ་མོ་ལུང་རིང་དང་འབངས་པྲེ་སླུང་རླུང་གསུམ་ཟེར་བ་ཡོད་པར་བཤད་པ་དེས་ཀྱང་གོ་བ་མང་པོ་རྙེད་ནུས་སོ། །
གསུམ། ཡར་ཀླུང་གཙང་པོའི་མདོ་ཟེར་བ་གང་དུ་ཡོད་པར་ངོས་འཛིན་པ་ལ། སྔར་གྱི་ཡིག་རྙིང་ཁག་ཏུ་བྱེ་མ་གཡུང་དྲུང་གངས་རི་ནས་འབབ་པའི་ཆུ་དེ་ལ་རྟ་མཆོག་ཁ་འབབ་དང་དེ་མར་མར་གཙང་ཁུལ་ནས་བབ་ཚེ་ཡར་ཆབ་གཙང་པོ་ཟེར་ཞིང་། ལྷ་སའི་སྐྱིད་ཆུ་དང་འདྲེས་པས་སྐྱིད་ཤོད་གཙང་པོ་ཟེར་ནས་འབྲི་སྲོལ་དང་བཤད་སྲོལ་ཡང་ཡོད། ཡར་ལྷ་ཤམ་པོ་ནས་འབབ་པའི་ཆུ་ལ་ཤམ་ཆུ་དང་ཡུལ་ལ་ཡར་ཀླུང་ཟེར་ཞིང་ཆུ་དེ་ཡར་ཆབ་གཙང་པོ་འདྲེས་པ་ལ་ཡར་ཀླུང་གཙང་པོ་ཟེར། ༼འོན་ཀྱང་རྟ་མཆོག་ཁ་འབབ་ནས་གྲོགས་རོང་ཆེན་མོ་བར་གྱི་ཆུ་ལ་དབྱེ་བ་མེད་པར་ཡར་ལུང་གཙང་པོ་ཟེར་བ་ནི་དེངས་དུས་ཀྱི་ཤོད་ལུགས་གསར་པ་ཙམ་མོ། ༽ལུང་པ་དེ་ཡི་ཁ་སྤྲོད་ན་ཡོད་པའི་འོན་མོ་ཀླུང་རིང་ངམ་བོན་མོ་ལུང་རིང་ནས་འབབ་པའི་ཆུ་ཡི་མིང་ལ་བོན་ཆུ་ཟེར་ཞིང་ཆུ་དེ་གསུམ་གྱི་འདུས་མདོ་ལ་ཡར་འོན་མདའ་འདི་ཡར་ཀླུང་གཙང་པོའི་མདོ་ཞེས་བྱ་བ་འདིར་ངོས་འཛིན་དགོས་པ་ཡིན་སྟེ་《ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད》ལས་“ཡར་འོན་གྱི་མདའ་དབུས་གཙང་གི་ཆུ་བོ་ཆེན་པོ་ཐམས་ཅད་ཀྱི་འདུས་མདོ་ལྟ་བུར་འཁེལ་ཡོད། དེ་ལྟར་གཙང་ནས་ཡོང་བའི་གཙང་ཆུ་དང་སྐྱིད་ཤོད་ནས་ཡོང་བའི་སྐྱིད་ཆུ་གཉིས་ཡུལ་ཡར་ཀླུང་ས་ཁོངས་ཀྱི་གོང་དཀར་སྲིན་པོ་རིའི་སྣར་མཉམ་དུ་འདྲེས་ནས་ཆུ་བོ་དེ་གཉིས་བོད་ཀྱི་ཆུ་བོ་བཞི་འདུས་ཀྱི་གྲུབ་ཆ་གཙོ་བོར་གྱུར་ནས་ཁ་ཤར་དུ་ཕྱོགས་ཤིང་ཡར་ཀླུང་གི་ལྟེ་བ་བརྒྱུད་ནས་བཞུར་བའི་ནང་དུ་ཡར་ཀླུང་གཞུང་ནས་ཡར་ལྷ་ཤམ་པོའི་ཆུ་བོ་ལྷོ་ནས་བྱང་དུ་ཕྱོགས་ནས་ཡར་ཀླུང་གཙང་པོའི་ནང་དུ་འབབ་པ་དང་། དེ་བཞིན་ཡར་ཀླུང་གི་ཁ་སྤྲོད་དུ་ཡོད་པའི་བོན་མོ་ལུང་རིང་གི་བོན་ཆུ་དེ་ཉིད་བྱང་ནས་ལྷོར་ཕྱོགས་ཏེ་ཡར་ཀླུང་གཙང་པོའི་ནང་དུ་འབབ་པས་ན་དེར་རྒྱ་གྲམ་གྱི་ཆུ་བོའི་དབྱིབས་གསལ་པོར་གྲུབ་ཡོད། དེའི་ཕྱིར་ཡར་འོན་གྱི་མདའ་འདི་བོད་ཀྱི་ཆུ་བོ་ཆུ་བོ་བཞི་འདུས་ཀྱི་དབུས་ཡིན་པ་དང་བོད་ཀྱི་ཆུ་བོ་བཞི་འདུས་དེ་ནི་གནམ་གྱི་དཀྱིལ་དང་ས་ཡི་ལྟེ་བའི་མཚོན་རྟགས་སུ་གྲུབ།”[9]ཞེས་དང་“ཡུལ་སྤྱིའི་ས་ཁམས་ལ་བལྟས་ན་ཆུ་བོ་ཆེན་པོ་བཞི་པོ་འདི་རྣམས་ཡར་མོ་ཀླུང་ཆེན་དང་འོན་མོ་ལུང་རིང་གི་མདོར་རྒྱ་གྲམ་གྱི་རྣམ་པ་ཡོད་པ་གསལ་པོ་ཡོད་ལ།”[10]ཞེས་པས་ཡར་ལུང་གཙང་པོའི་མདོ་ཞེས་པ་འདི་གར་རང་དུ་ངོས་འཛིན་པ་ལས་ཡར་སྐྱིད་ཆུ་འདྲེས་མཚམས་ཀྱི་སྲིན་པོ་རི་དང་མར་ཉང་ཆུ་འདྲེས་མཚམས་ཀྱི་ཉང་ཀོང་སུམ་མདོའི་ཀོང་པོ་རྩེ་བླ་རྫོང་སོགས་ལ་དཔྱད་དུ་མེད་པར་གསལ་པོར་རྟོགས་ནུས།
བཞི། བོན་གྱི་འདུ་གནས་དང་སྒྲུབ་གནས་ཀྱི་ཤུལ་སྟོན་རྒྱུ་ཡོད་དགོས་པས་འོན་མོ་ཀླུང་རིང་གི་ལུང་པའི་ཕུ་མདའ་གང་སར་བོན་དང་འབྲེལ་བའི་ལོ་རྒྱུས་མང་པོ་བཤད་རྒྱུ་ཡོད་ལ་འོན་ཀེ་རུ་ལྷ་ཁང་དུ་བོན་དཔེ་འགའ་ཞིག་ཡོད་པར་གྲགས། ལྷག་པར་འོན་མདའི་གསས་ཁང་གི་རི་ཆུང་འདིའི་མིང་ལ་རི་གཡུང་དྲུང་དགུ་བརྩེགས་ཟེར་སྲོལ་ཡོད་པ་ཡུལ་མིའི་ངག་རྒྱུན་ཡོད་ལ་ད་དུང་གོང་མཚུངས་《ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད》ལས་“འོན་མདའི་རི་གཡུང་དྲུང་དགུ་བརྩེགས་ནི་གཤེན་རབ་མི་བོའི་བོན་ཆོས་སྤེལ་སའི་ལྟེ་གནས་ཡིན་ལ། ཤར་ངོས་སུ་རྔོག་ཕྱུགས་ཐང་ཞེས་པའི་རྩྭ་ཐང་དང་ལྷོར་རྒྱ་གར་གླིང་ཞེས་པའི་ནགས་གླིང་དང་། ནུབ་རྒྱུད་དུ་སེ་མ་ན་ར་ཞེས་པ་ལ་སོགས་པའི་ཞིང་ཐང་། བྱང་ངོས་ཀྱི་རི་སྣར་བྲག་ཁ་རྫོང་ཡོད། བྲག་ཁ་རྫོང་ནི་ས་སྐྱའི་དུས་རབས་སུ་བརྩེགས་པའི་ཕག་གྲུའི་ཚོང་འདུས་བྲག་ཁ་ཞེས་པ་དེ་ཡིན། བྲག་ཁ་རྫོང་ཡོད་སའི་རི་སྣའི་མདུན་དུ་རང་བྱུང་གི་མཚེའུ་ཞིག་ཡོད། ངག་རྒྱུན་དུ་དེ་སྔ་མཚོ་འདིར་མཚོ་བདག་གླང་ཞིག་ཡོད་པ་དང་ཕྱིས་སུ་མཚོ་དེར་བཙོག་གྲིབ་ཕོག་པས་མཚོ་བདག་གླང་དེ་མཚོ་དེ་ནས་ཐོན་དེ་འབན་རྩིབ་ཀྱི་མཚོར་ཕྱིན་པ་རེད་ཟེར། མཚོ་དཀྱིལ་དུ་ནེའུ་གསེང་ཆུང་ངུ་ཞིག་ཡོད་པ་དང་། དེའི་དབུས་སུ་ལྕང་སྡོང་ཞིག་ཡོད་པ་དེར་བྱ་ངང་པའི་ཚང་བཅས་ཡོད་པས་ལོ་རེ་བཞིན་བྱ་ངང་པའི་ཕྲུག་གུ་སྐྱེ་འཕེལ་བྱེད་ཀྱིན་ཡོད། དེའི་བྱང་དུ་རི་ཆུང་དམར་པོ་ཞེས་རི་སྣ་བྲག་དམར་ལས་གྲུབ་པ། སེང་གེ་རལ་པ་དམར་སེར་ཅན་ས་ལ་ཉལ་བ་ཇི་མ་ཇི་བཞིན་པ་ཞིག་ཡོད། དེར་རི་ཆུང་དམར་པོ་ཞེས་ཟེར་ལ་སེང་གེ་ཡིན་པར་གྲགས་ལ། རང་བྱོན་དུ་གྲགས་པའི་སེང་གེ་དེ་ཉིད་རི་གཡུང་དྲུང་དགུ་བརྩེགས་ལ་ཁ་ཕྱོགས་ནས་གནས་པ་སོགས་རི་གཡུང་དྲུང་དགུ་བརྩེགས་ནི་ས་ཡི་དགེ་མཚན་དུ་མས་བསྐོར་བའི་དབུས་སུ་འབུར་དུ་ཐོན་པས། ཕྱོགས་ཀུན་ནས་མངོན་པར་གསལ་ཞིང་བདེ་མཆོག་གི་གནས་ཡིན་ལ། རི་ཆུང་འདི་ལྷོ་བྱང་གཉིས་སུ་ཅུང་ཟད་བསྣར་ཡོད། གཡུང་དྲུང་རི་དེ་ནི་དེ་སྔ་གཤེན་རབ་མི་བོ་ཆེས་བོན་ཆོས་གསུང་སའི་གནས་ཡིན་པ་དང་། དེར་གཤེན་རབ་མི་བོས་བོན་གྱི་ཆོ་ག་གནང་བའི་ལོ་རྒྱུས་ལྡན་ཡོད་པ་དམ་ཅན་སྲུང་མའི་རྣམ་ཐར་ན་འཁོད་ཡོད། འོན་མདའི་རི་གཡུང་དྲུང་དགུ་བརྩེགས་ནི་ཡར་འོན་གཉིས་ཀྱི་འདུས་མདོ་དང་བོད་ཀྱི་ཆུ་བོ་ཐམས་ཅད་ཀྱི་འདུར་མདོར་ཆགས་ཡོད། གནས་རི་འདིའི་སྟེང་སངས་རྒྱས་ཆོས་ལུགས་ཀྱི་དགོན་སྡེ་མ་བྱུང་པའི་སྔོན་བོན་གྱི་གསས་མཁར་ཡོད། ཕྱིས་སུ་ཡུལ་དབུས་ཁུལ་དུ་བོན་གནས་ཐམས་ཅད་བན་དེའི་གནས་སུ་བསྒྱུར་པ་བཞིན་དུ་གནས་འདི་ཡང་སངས་རྒྱས་ཆོས་ལུགས་ཀྱི་གནས་སུ་བསྒྱུར་པ་ཞིག་རེད། གཡུང་དྲུང་དགུ་བརྩེགས་ཀྱི་རྩེ་མོར་ལྷ་ཡི་སྐུ་མཁར་བརྩེགས་ཡོད་པས། ཡུལ་འདི་པ་རྣམས་སྔོན་དུས་སུ་དབྱར་ཟླ་བཞི་པའི་ནང་གནས་རི་འདིར་བསང་རུབ་ཅེས་བོད་ཀྱི་ལྷ་སྲུང་གསོལ་བའི་དམངས་སྲོལ་གྱི་ལྷ་གསོལ་བའི་ཅོ་ག་ལོ་རེར་བསྟར་ཆགས་སུ་སྤེལ་གྱིན། སྤྱི་ལོ་གཅིག་སྟོང་བཞི་བརྒྱའི་ནང་གནས་འདི་འགོས་ལོ་གཞོན་ནུ་དཔལ་གྱི་གདན་སར་གྱུར་པ་དང་། འདིར་འགོས་ལོ་མཆོག་དགོངས་པ་མྱ་ངན་ལ་འདས་པའི་མཛད་པ་བཞེས་པ་དང་སྐུའི་གདུང་རྟེན་སོགས་དུས་འགྱུར་མ་བྱུང་བར་གནས་འདིར་མཇལ་རྒྱུ་ཡོད། རྗེས་སུ་སྤྱི་ལོ་༡༦༠༠ཡི་ནང་ནས་གནས་འདིར་བསྟན་པའི་གསལ་བྱེད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་མངའ་རིས་གྲྭ་ཚང་གནས་སྤོས་གནང་སྟེ་སྤྱི་ལོ་༡༩༥༩ལོའི་དུས་འགྱུར་མ་བྱུང་བར་དུ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་གཟི་བྱིན་ལྷམ་མེར་འཕྲོ་བཞིན་བཞུགས། རི་གཡུང་དྲུང་དགུ་བརྩེགས་ཀྱི་ལྷོ་ངོས་ཀྱི་སྡེངས་ཁ་དེར་ཁྲོ་མོ་མ་ཟེར་ཞིང་དེ་ནི་རྡོ་རྗེ་རྣལ་འབྱོར་མའི་ཆོས་འབྱུང་ཉིས་བརྩེགས་ཀྱི་གཞལ་ཡས་ཁང་དུ་གྲགས། སྤྱིའི་ཆ་ནས་བལྟས་ན་རི་གཡུང་དྲུང་དགུ་བརྩེགས་འདི། ས་གཡུང་དྲུང་དང་འདྲ་བ་ཡར་ཀླུང་གཙང་པོའི་བཞུར་ཁུལ་གྱི་ཤར་ནུབ་ཀྱི་གཤོང་ས་དང་ཡར་འོན་གཉིས་ཀྱི་ལྷོ་བྱང་གྱི་གཤོང་ས་གཉིས་རྒྱ་གྲམ་དུ་ཆགས་པའི་སྟེང་། ཆུ་གཡུང་དྲུང་རིས་ནུབ་ནས་ཤར་དུ་རྒྱུག་པའི་ཡར་ཀླུང་གཙང་པོའི་སྟེང་ལྷོ་བྱང་གཉིས་ནས་བབས་པའི་ཡར་འོན་གྱི་ཆུ་བོ་རྒྱ་གྲམ་དུ་ཆགས་པའི་འདུས་མདོར་ཆགས་ཡོད། རི་དབྱིབས་ནི་སྤྱིར་གྲུ་གསུམ་མདེལ་ལྕགས་བཞིན་དུ་བྱང་སྣེ་གཅིག་ལ་ལྷོ་སྣེ་གཉིས་ལས་གྲུབ་ཡོད། གསུང་རྒྱུན་དུ་ལྷོ་སྡིག་པ་དང་བྱང་སེང་གེའི་བར་གཡུང་དྲུང་དགུ་བརྩེགས་པའི་གནས་རི་ཡིན་ཟེར་ཞིང་། གཡུང་དྲུང་གི་འདྲ་གཟུགས་ཅུང་ཟད་མངོན་གྱིན་ཡོད། གཡུང་དྲུང་དགུ་བརྩེགས་ཀྱི་ཤར་ངོས་ཀྱི་འདབས་སུ་བྲག་ཚོགས་ཞིག་ཡོད་པ་དེར་གནའ་བོའི་དུས་ཀྱི་བྲག་བརྐོས་རི་མོ་བརྐོས་ཡོད་པ་མ་ཟད། རི་མོའི་ཚུལ་ལ་བལྟས་ན་ལོ་སྟོང་ཕྲག་གོང་གི་བྲག་བརྐོས་རི་མོ་ཡིན་པར་སྣང་། གཡུང་དྲུང་དགུ་བརྩེགས་ཀྱི་བྱང་ཤར་ངོས་ཀྱི་རྩེ་འོག་ཏུ་ཆོས་རྒྱལ་བྲག་འོག་ཅེས་པ་དེར་བྲག་བརྐོས་ཀྱི་སྐུ་འདྲ་དང་གཟུངས་སྔགས་བརྐོས་ཡོད་ཀྱང་སྐུ་འདྲ་མང་ཆེ་བ་ནི་ཕྱིས་སུ་བརྐོས་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྷའི་སྐུ་འདྲ་ཡིན་པ་དང་གཟུངས་སྔགས་ཀྱང་དེ་འདྲ་རེད། འོན་ཀྱང་སྐུ་འདྲ་དེ་དག་ཁྲོད་ངོས་མ་ཆོད་པའི་ལྷ་སྐུ་གཞན་དག་ཀྱང་འདུག གཡུང་དྲུང་དགུ་བརྩེགས་ཀྱི་ནུབ་བྱང་གི་རི་རྩེ་དང་དེའི་འདབས་སུ་བྲག་ངོས་སུ་སྤྱན་རས་གཟིགས་ཀྱི་སྐུ་འདྲ་གཉིས་ཡོད་ཅིང་རི་འདབས་ཀྱི་སྐུ་འདྲ་དེ་རང་བྱོན་དུ་གྲགས། གསུང་རྒྱུན་ལ་སྔོན་སྤྱན་རས་གཟིགས་ཀྱི་སྐུ་འདྲ་ཞིག་གནམ་མཁའ་ནས་འཕུར་ཏེ་གནས་རི་འདིའི་བྲག་ངོས་སུ་ཐིམ་པས་སྤྱན་རས་གཟིགས་ཀྱི་སྐུ་འདྲ་རང་བྱོན་འདི་བྱུང་བ་དང་སྐུ་འདྲའི་ངོས་ནས་ཚེས་བཟང་དུས་བཟང་སོགས་སུ་བདུད་རྩི་འབབ་ཀྱིན་ཡོད། དེ་སྔ་སྐུ་འདྲ་དེ་རི་འདབས་སུ་གནས་པའི་ཁྱིམ་ཚང་ཡོད་པ་དེའི་ཁྱིམ་ནང་དུ་ཡོད་པས། ཁྱིམ་ཚང་དེར་ཡང་སྤྱན་རས་གཟིགས་ཞེས་ཟེར།”[11]ཞེས་དང་ཡང་དེ་ཉིད་ལས་“མངའ་རིས་གྲྭ་ཚང་གི་གསུང་རྒྱུན་དུའང་གནས་འདི་ཐོག་མར་བོན་གནས་ཡིན་པའི་སྐོར་མི་ཐོག་ནས་མི་ཐོག་བརྒྱུད་པའི་ངག་རྒྱུན་ཡོད་པ་མ་ཟད། དགོན་པའི་འོག་ཁང་འགའ་ཤས་ནང་དུ་བོན་ཆོས་ཡོད་པའིགསུང་རྒྱུན་ཡོད། སྤྱིར་ཡུལ་འདིའི་ཁུལ་དུ་བོན་དཔེ་རྙིང་པ་ཡོད་དེ། འོན་གྱི་ཀེ་རུ་ལྷ་ཁང་གི་དཔེ་རྙིང་ཁྲོད་དུ་བོན་གྱི་དཔེ་རྙིང་བྲིས་མ་སྤུས་ལེགས་ཀྱི་ཤོག་འཁྱར་མང་ཙམ་མཐོང་རྒྱུ་འདུག་ལ། ད་དུང་དེ་ལས་ཅུང་ཞན་པའི་བོན་དཔེ་ཤོག་འཁྱར་འགའ་ཤས་མཐོང་རྒྱུ་འདུག་པས་དེ་སྔ་འོན་ལུང་པའི་ནང་དེ་སྔའི་བོན་གསར་རྙིང་གཉིས་ཀའི་དཔེ་ཆ་གང་མང་ཡོད་པར་ངེས།”[12]ཅེས་ཁ་གསལ་ལ་དོན་ཚང་བར་བྲིས་པ་དེ་གས་ཆོག་འདུག
རང་ཉིད་ཀྱི་དཔྱད་ན། སྟོན་པ་གཤེན་རབ་ཀྱི་རྣམ་ཐར་མདོ་གཟེར་མིག་དང་དྲི་མེད་གཟི་བརྗིད་ཀྱི་དགོང་དོན་ལྟར་གཤེན་རབ་ཀོང་ཡུལ་དུ་ཕེབས་སྐབས་ཡར་ཆབ་གཙང་པོའི་རྒྱུད་ནས་ཤར་དུ་ཕེབས་པས་ས་ཆ་འདིར་ཕེབས་པས་བཤད་ཚུལ་འདི་དག་ད་ལྟའི་བར་རྒྱུན་འཐུད་དུ་བྱུང་བ་ཡིན་པའམ་ཏུན་ཧོང་ཡིག་རྙིང་དང་དགའ་ཐང་འབུམ་པ་ཆེའི་ནང་ན་བཤད་པའི་གཏོ་དཔྱད་མཁས་པའི་ཕ་ཇོ་གཤེན་རབ་མྱི་བོ་ཆེས་རྒྱུ་བོན་ཆོ་ག་སྤེལ་བའི་ཚིག་དོན་དང་མཐུན་པའི་ས་ཆ་ཡིན་པ་དངོན་སུམ་གྲུབ་ཡོད་པས་ས་ཆ་འདིར་ཐོག་མར་གཤེན་རབ་ཕེབས་མྱོང་ལ། དེ་རྗེས་གཉའ་ཁྲི་བཙན་པོ་ཡུལ་ཡར་ཀླུང་དུ་ཆབ་སྲིད་དབུ་འཛུག་སྐབས་མཚེ་མི་དང་གཅོའུ་ཕྱག་དཀར་གྱི་རྒྱུད་པས་ཡུལ་འོན་ལུང་དུ་སྐུ་གཤེན་གྱི་བྱ་བ་གཉེར་བའི་གནས་བྱས། བོད་རྒྱལ་མུ་ཁྲི་བཙན་པོས་ཞང་ཞུང་ཡུལ་ནས་བོན་གཤེན་གདན་འདྲེན་དང་བོན་བསྟན་ནང་འདྲེན་བྱས་ནས་བོད་ཡུལ་འདུ་གནས་སོ་བདུན་བཙུག་སྐབས་འདུ་གནས་ཀླུང་ཤོད་ཐང་དམར་ས་ཆ་འདི་གར་ཡིན། དེ་རྗེས་བོད་རྒྱལ་ཁྲི་སྲོང་རང་ཉིད་ལུང་པ་འདིར་ཡུང་རིང་བཞུགས་ཡོད་ལ་འོན་ཀེ་རུ་ལྷ་ཁང་ཡང་གནས་འདིར་ཡོད་པས་ཡུལ་འདིར་བོན་བསྟན་ཉམས་གུད་སོང་ཡང་བོན་གྱི་བསང་གསོལ་ཡིག་འཐོར་དང་བཤད་སྲོལ་ངག་རྒྱུན་དུ་མ་ད་ལྟའི་བར་དུ་གནས་འདུག
མདོར་ན་ཡུལ་མིས་འོན་གསལ་ཁང་ངམ་འོན་གསས་ཁང་། འོན་གཡུང་དྲུང་དགུ་བརྩེགས། འོན་མངའ་རིས་གྲྭ་ཚང་ཆགས་ས་སོགས་ཟེར་བའི་ས་ཆ་འདིའི་ཐང་ལ་བོན་གྱི་འདུ་གནས་སླུང་ཤོད་ཐང་དམར་རམ་ཀླུང་ཤོད་ཐང་མར་ཡིན་པ་དང་རི་སྒང་ལ་བོན་གྱི་སྒྲུབ་གནས་ཟླུམ་ཤོད་སྒང་ཚལ་གྱི་ཆགས་ཤུལ་ཡིན་པའི་ངོས་འཛིན་བྱས་པ་ཡིན།
སྤྱིར་འབྲི་གུང་དགོང་གཅིག་གི་དགོངས་དོན་ལྟར་དེང་དུས་དེའི་རྗེས་འཛིན་ཉུང་ཤས་ཀྱིས་འོན་འོན་མོ་ཀླུང་རིང་འདི་ཉིད་ཞིང་ཁམས་འོལ་མོ་ལུང་རིང་ཡིན་པར་སྒྲུབ་པ་དང་ངམ་ཤོད་འོན་གྱི་བྱིས་པ་འདྲེས་ཁྲིད་པ་ཞིག་སྟོན་པ་གཤེན་རབ་མི་བོ་ཡིན་པར་སྒྲུབ་པའི་དམིགས་ཡུལ་ངོ་མ་དེ་དགོད་བྲོའི་གནས་ལ་མ་འདས་ཀྱང་། ཞིབ་འཇུག་པའི་བལྟ་ཕྱོགས་ནས་གོ་ཏ་མའམ་རྒྱལ་བུ་དོན་གྲུབ་དེ་ཉིད་ཐེག་ཆེན་ལུགས་ལ་སངས་རྒྱས་ཞེས་བརྗོད་ནས་མཚན་བཟང་སོ་གཉིས་དང་དཔེ་བྱེད་བཟང་པོ་བརྒྱད་ཅུའི་གཟུགས་སུ་བཀོད་པ་ལྟར་རྒྱུ་བོན་ལ་མཁས་པའི་གཤེན་པོ་ཞིག་རྣམ་མཁྱེན་གཤེན་རབ་ཀྱི་གཟུགས་སུ་བཀོད་པ་ཡང་ཡོད་སྲིད་པ་རེད། དོན་དུ་ཡུལ་འདིར་བོན་དང་གཤེན་གྱི་གནས་ཡུལ་དང་སྒྲུབ་གནས་ཡོད་པ་ཤིན་ཏུ་གསལ་ལ་འདི་ནས་བོད་ཀྱི་ཤེས་རིག་ལོ་རྒྱུས་འཚོལ་བའི་རྒྱུ་ཆ་མ་ཉུང་ཡོད་པར་ངེས་སོ།
མཇུག་བསྡུའི་གཏམ་དང་རེ་བ། ལྷ་ཡི་ལུང་བསྟན་དང་མཁའ་འགྲོས་བརྡ་སྟོན་གྱིས་གནས་སྒོ་གསར་འབྱེད་ཀྱི་རྣམ་པ་མ་ཡིན་པར་རང་རེའི་བོན་རྒྱུད་གཞུང་དང་ལོ་རྒྱུས་དུ་མ་ལ་འཁོད་པའི་འདུ་གནས་སླུང་ཤོད་ཐང་དམར་དང་སྒྲུབ་གནས་ཟླུམ་ཤོད་སྒང་ཚལ་ལ་དོན་ཚན་རྣམ་པ་བཞི་ཡི་ཐོག་ནས་འདི་དག་དོ་སྣང་བྱེད་མཁན་དང་གནས་སྐོར་གྱི་འདུན་པ་ཡོད་མཁན་དམིག་ནས་གུས་པས་ཞིབ་འཇུག་དང་ངོས་འཛིན་བྱས་པའི་དཔྱད་གཏམ་ཐོག་མ་འདི་སྤེལ་ཡོད་པ་དེ་ལ་མཁྱེན་ལྡན་རྣམས་པས་སློབ་སྟོན་དང་སྐྱོན་སེལ་གྱི་དགོང་འཆར་མི་ཉུང་བ་གནང་བའི་རེ་བ་ཞུ།
ད་ལྟའི་གནས་ཡུལ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྐྱེད་པ་ཤང་སྟར་ཤིང་གྲོང་ཚོ། རྩེ་ཐང་ནས་སྤྱི་ལེ་༣ཙམ་ཡོད།
དཔྱད་གཞིའི་ཡིག་རིགས།
1《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས》དྲན་པ་ནམ་མཁས་མཛད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། ༢༠༡༠ མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༡༠༧) ལས་གསལ།
2《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ》 དྲན་པ་ནམ་མཁས་མཛད། ༡༩༩༣ ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། དེབ་གཟུགས་ཤོག་ངོས་(༢༡) པར་གསལ།
3《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད། ༢༠༡༠ གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༢༨༦) པར་གསལ།
4《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན》 གཙང་ཚ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད། ༡༩༨༨ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་(༢༢༢་དང་༤༩༢) པར་གསལ།
5《 གཡུང་དྲུང་བོན་གྱི་བསྟན་པ་སྔ་ཕྱིའི་དུས་སུ་དགོན་སྡེ་ཆགས་རབས་མདོར་བསྡུས་ལས》དགེ་སློང་བསྟན་འཛིན་དབང་གྲགས་ཀྱིས་མཛད། ཞང་ཞུང་རིག་གནས་དཔེ་དཀོན་གཅེས་ཕྲེང་། དགེ་སློང་བསྟན་འཛིན་དབང་གྲགས་གསུང་འབུམ། པོད་༣པ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་༤༢པར་གསལ།
6 ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད་ལས་འཕྲོས་པའི་བོན་དང་བོད་ཀྱི་བཙན་པོའི་འབྱུང་ཁུངས་སྐོར་གླེང་བ། སྤེན་པས་བརྩམས། ༢༠༢༠ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས་༥པ་དང་ཤོག་ངོས་༩༣ཤོག་ངོས་༩༨ཤོག་ངོས་༨༨དངཤོག་ངོས་༡༠༥བཅས་ལ་གསལ་ལོ། །
དཔྱད་མཆན།
[1] བསྒྲགས་པ་རིན་ཆེན་གླིང་གྲགས་ཤོག་ངོས་༡༠༧ན་གསལ།
[2] མཛོད་སྒྲ་འགྲེལ་ཤོག་ངོས་༢༡ན་གསལ།
[3] དར་རྒྱས་གསལ་སྒྲོན་ཤོག་ངོས་༢༨༦ན་གསལ།
[4] སྐལ་བཟང་མགྲིན་རྒྱན་ཤོག་ངོས་༢༢༢དང་༤༩༢ན་གསལ།
[5] སྐལ་བཟང་མགྲིན་རྒྱན་ཤོག་ངོས་༤༩༢ན་གསལ།
[6] དགོན་སྡེ་ཆགས་རབས་མདོར་བསྡུས་ཤོག་ངོས་༤༢ན་གསལ།
[7] ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད་ཤོག་ངོས་༥ན་གསལ།
[8] བསྒྲགས་པ་རིན་ཆེན་གླིང་གྲགས་ཤོག་ངོས་༡༣༦ན་གསལ།
[9] ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད་ཤོག་ངོས་༩༣ན་གསལ།
[10] ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད་ཤོག་ངོས་༩༨ན་གསལ།
[11] ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད་ཤོག་ངོས་༨༨ན་གསལ།
[12] ལྷོ་ཁ་འོན་མོ་ཀླུང་རིང་གི་ཡུལ་བཤད་ཤོག་ངོས་༡༠༥ན་གསལ།