ཞང་ཞུང་བོད་ཀྱི་རིག་གནས་ལས་ཁྱུང་གི་མི་རིགས་བྱུང་ཚུལ་སྐོར་ལ་ཅུང་ཙམ་དཔྱད་པ།
[ཟླ་ཚེས། 2022-09-22 17:27:30][རྩོམ་པ་པོ། སྒར་བ་ངག་དབང་བཟང་པོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
ནང་དོན་གནད་བསྡུས། གནའ་རབས་ཞང་ཞུང་བོད་ཀྱི་རིག་གནས་ལས་ཁྱུང་གི་མི་རིགས་(羌族)བྱུང་ཚུལ་སྐོར་ཅུང་ཙམ་གླེང་བ་ལ། གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་སོགས་ཀྱི་སྐབས་སུ་བོད་ཡོངས་ལ་ཞང་ཞུང་བོད་ཀྱི་ཡུལ་ཞེས་བརྗོད་ལ། ཞང་ཞུང་བོད་ཀྱི་ཡུལ་དེ་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་པས། མངའ་རིས་སྐོར་གསུམ་གྱི་ཡུལ་ལ་ཞང་ཞུང་ཕུག་དང་དབུས་གཙང་རུ་བཞིའི་ཡུལ་ལ་ཞང་ཞུང་བར། མདོ་ཁམས་ཀྱི་ཡུལ་ལ་ཞང་ཞུང་སྒོ་ཞེས་བརྗོད། ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་བྱ་རྒྱལ་ཁྱུང་ཞིག་བྱུང་ནས། དེ་ལས་ཞང་ཞུང་བོད་ཀྱི་འགྲོ་བ་མིའི་བྱུང་བར་འདོད་ལ། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་བྱོན་ནས་ཞང་ཞུང་བོད་ཀྱི་ཡི་གེ་དང་རྩིས་རིག་པ། གསོ་བ་རིག་པ། གཡུང་དྲུང་བོན་གྱི་ཆོས་ལུགས་སོགས་རིག་གཞུང་གི་སྲོལ་བཏོད་ནས་ཞང་ཞུང་ཕུག་པའི་ཡུལ་དུ་དར་སྤེལ་བཏང་ཞིང་། དེ་ནས་རིམ་བཞིན་གནའ་རབས་ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་རྣམས་ཀྱིས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད།
གནད་ཚིག གནའ་རབས་ཞང་ཞུང་། ཞང་ཞུང་སྒོ་ཕུག་བར་གསུམ། ཞང་ཞུང་བོད་ཀྱི་རིག་གནས། ཁྱུང་རིགས་དང་ཁྱུང་གི་མི་རིགས་བྱུང་ཚུལ།
གནའ་རབས་ཞང་ཞུང་བོད་ཀྱི་རིག་གནས་ལས་ཁྱུང་གི་མི་རིགས་(羌族)བྱུང་ཚུལ་སྐོར་ཅུང་ཙམ་གླེང་བ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ། མཇུག་བསྡུ་བ་བཅས་གསུམ་ཡོད་དེ།
དང་པོ། མདོར་བསྟན་པ། གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་སོགས་ཀྱི་སྐབས་སུ་བོད་ཡོངས་ལ་ཞང་ཞུང་བོད་ཀྱི་ཡུལ་ཞེས་བརྗོད་ལ། ཞང་ཞུང་བོད་ཀྱི་ཡུལ་དེ་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་པས། མངའ་རིས་སྐོར་གསུམ་གྱི་ཡུལ་ལ་ཞང་ཞུང་ཕུག་དང་དབུས་གཙང་རུ་བཞིའི་ཡུལ་ལ་ཞང་ཞུང་བར། མདོ་ཁམས་ཀྱི་ཡུལ་ལ་ཞང་ཞུང་སྒོ་ཞེས་བརྗོད། ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་བྱ་རྒྱལ་ཁྱུང་ཞིག་བྱུང་ནས། དེ་ལས་ཞང་ཞུང་བོད་ཀྱི་འགྲོ་བ་མིའི་བྱུང་བར་འདོད་ལ། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་བྱོན་ནས་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་དང་རྩིས་རིག་པ། གསོ་བ་རིག་པ། གཡུང་དྲུང་བོན་གྱི་ཆོས་ལུགས་སོགས་རིག་གཞུང་གི་སྲོལ་བཏོད་ནས་གནའ་རབས་ཞང་ཞུང་ཕུག་པའི་ཡུལ་དུ་དར་སྤེལ་བཏང་ཞིང་། ཁྱུང་གི་རིག་གནས་སོགས་ཞང་ཞུང་གི་རིག་གནས་མཐའ་དག་རིམ་བཞིན་གནའ་རབས་ཞང་ཞུང་གི་རྒྱལ་རབས་བཅོ་བརྒྱད་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་རྒྱལ་རབས་དག་གིས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་མཛད།
གཉིས་པ་རྒྱས་པར་བཤད་པ་ལ་གཉིས་ཏེ།
དང་པོ། ཞང་ཞུང་བོད་ཀྱི་མི་རིགས་ལ་ཁྱུང་རིགས་(羌族)སུ་འབོད་པའི་རྒྱུ་རྐྱེན་ལ་དཔྱད་པ།
མངའ་མཛད་བཅུའི་མཇུག་ཏུ་གནའ་རབས་ཞང་ཞུང་བོད་ཀྱི་ཐོག་མའི་རྒྱལ་རབས་ཀྱི་དབུ་བརྙེས་པ་ཡིན་ལ། གནའ་རབས་ཞང་ཞུང་སྲིད་པའི་རྒྱལ་རབས་ལ་སྔ་རྗེས་སུ་རྒྱལ་རབས་བཅོ་བརྒྱད་བྱུང་ཞིང་། དེ་ཡང་གངས་རིའི་ལྗོངས་ཀྱི་ཡང་རྩེའམ་གངས་དཀར་ཏི་སེའི་མཐའ་འཁོར་གྱི་ཕྱོགས་སོ་སོར་རིམ་པ་བཞིན་ཆགས་ཏེ་གནའ་རབས་ཞང་ཞུང་གི་ཡུལ་ཡོངས་ལ་དབང་སྒྱུར་བ་དང་། གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་དེ་ལ་ཡང་སྒོ་ཕུག་བར་གསུམ་དུ་ཡོད་པས། མངའ་རིས་སྐོར་གསུམ་གྱི་ཡུལ་ལ་ཞང་ཞུང་ཕུག་དང་དབུས་གཙང་རུ་བཞིའི་ཡུལ་ལ་ཞང་ཞུང་བར། མདོ་ཁམས་སྒང་དྲུག་དང་མདོ་སྨད་ཀྱི་ཡུལ་ལ་ཞང་ཞུང་སྒོ་ཞེས་སུ་བརྗོད། ཞང་ཞུང་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་སྐོར་འདི་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ཅེས་པའི་ནང་དུ། ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེའི་རྒྱལ་ས་ནི་གངས་ཆེན་པོ་ཏི་སེའི་མདུན། རི་སྤོས་ངད་ལྡན་གྱི་རྩ་བ། མཚོ་མུ་ལེ་ཁྱུད་ཀྱི་ཉེ་འགྲམ། ག་ལྗང་གཡུ་ལོ་རྫོང་མཁར་ཞེས་བྱ་བ་དེ་ཡིན་ཞིང་། རྒྱལ་པོ་འདི་ནི་གཤེན་རབ་མི་བོ་ཆེའི་དངོས་སློབ་དང་། གཡུང་དྲུང་བོན་གྱི་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཞིག་ཡིན་ལ། ཁོང་གིས་གངས་ཏི་སེའི་མདུན་ཞོལ་ཏུ་གསས་ཁང་ནོར་བུ་སྤུངས་བརྩེགས་ཞེས་བྱ་བ་ཞིག་བཞེངས། དེ་ནས་རིམ་བཞིན་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་ཁམས་ལ་དབང་སྒྱུར་བའི་རྒྱལ་རབས་རྣམས་ཇི་ལྟར་བྱོན་པའི་ཚུལ་ཡང་ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ་སྲིད་པ་གནམ་ནས་བསྐོས་པའི་ཞང་ཞུང་སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན། ཟིལ་གནོན་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན། ཁྲི་དོ་གྱེར་སྤུངས་རྒྱལ་པོ་ཁང་ཀ་ཤེལ་གྱི་བྱ་རུ་ཅན། སླས་ཀར་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན། གཡུང་ཡར་མུ་ཁོབ་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེ་རྒྱལ་པོ་རིན་ཆེན་དྲུག་གི་བྱ་རུ་ཅན། སྤུངས་གཡུང་གྱེར་གྱི་རྒྱལ་པོ་བྱུ་རུ་འོད་ཀྱི་བྱ་རུ་ཅན། ཉི་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན། སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤིང་ལྕགས་ཀྱི་བྱ་རུ་ཅན། ཛྭོ་དམར་ཐིས་ཕུངས་རྒྱལ་བོ་མེ་ཕུང་འོད་ཀྱི་བྱ་རུ་ཅན། བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན། ལི་ཝེར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན། ལིག་མུར་ནམ་མཁའ་རྒྱལ་པོ་བེེཌཱརྱ་འོད་ཀྱི་བྱ་རུ་ཅན། ཤེལ་རྒྱུང་ཁྲི་དོ་རྒྱལ་པོ་ཛྭོ་དམར་འོད་ཀྱི་བྱ་རུ་ཅན། མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན། སད་ཁྲི་གྱེར་གྱི་རྒྱལ་པོ་ཨུད་པད་འོད་ཀྱི་བྱ་རུ་ཅན། ཉེ་ལོ་ཝེར་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན། མུ་མུར་ཐོག་རྒོད་རྒྱལ་པོ་ཨེན་ཏ་འོད་ཀྱི་བྱ་རུ་ཅན་བཅས་གནའ་རབས་ཞང་ཞུང་གི་རྒྱལ་པོ་བཅོ་བརྒྱད་འདི་དག་གི་རིང་ལ། ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ཀྱི་མགོ་གནོན་པ་དང་། གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བཅུར་རྒྱས་ཞེས་གསུངས་པ་ལྟར། རྒྱལ་པོ་དེ་རྣམས་ཀྱི་མཚན་ལ་བྱ་རུ་ཅན་ཞེས་པའི་ཐ་སྙད་བྱུང་ལ། དེའི་དོན་ནི་རྒྱལ་པོ་དེ་རྣམས་ཀྱི་མཚན་དབང་ཆེ་བར་བསྟན་པའི་མཚན་རྟགས་སུ། རིན་པོ་ཆེའི་སྣ་ཚོགས་ལས་གྲུབ་པའི་དབུ་ཞྭ་ཕལ་ཆེར་རྨོག་ཞུའི་དབྱིབས་འདྲ་བ་ཞིག་ལ། གཡས་གཡོན་དུ་རྒྱལ་པོ་སོ་སོའི་མཚན་རྟགས་ལྡན་པའི་རིན་པོ་ཆེའི་གསེར་དང་ཤེལ་གྱི་རིགས། བྱུ་རུ་ལ་སོགས་པའི་རྭ་ཐུང་ལ་སྦོམ་པ་རེ་ཡོད་པ་བྱ་ཁྱུང་གི་རྭའི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་འདུག་ཅིང་། འདི་དག་ནི་མིའི་རྒྱལ་པོ་རྣམས་ཀྱི་ཆེ་རྟགས་མཚོན་བྱེད་ཀྱང་ཡིན་ནོ། །
གནའ་རབས་ཞང་ཞུང་གི་བྱ་རུ་ཅན་བཅོ་བརྒྱད་དུ་གྲགས་པའི་རྒྱལ་པོ་འདི་དག་ནི་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་བཅོ་བརྒྱད་རེ་རེའི་ཚབ་མཚོན་བྱེད་ཀྱི་ཞང་ཞུང་གི་རྒྱལ་པོ་བཅོ་བརྒྱད་ཡིན་ཞིང་། རྒྱལ་པོ་འདི་རྣམས་ཞང་ཞུང་གི་ཡུལ་གང་དུ་རྒྱལ་རྒྱུད་གང་གིས་རྒྱལ་ཁམས་ཡོངས་ལ་ཇི་ལྟར་དབང་སྒྱུར་ཡོད་པའི་སྐོར་འདི་ལ། ཚངས་དབང་ཡིད་འཕྲོག་དང་བོན་གྱི་བསྟན་འབྱུང་ཉུང་བསྡུས་སོགས་ཀྱི་བཞེད་ཚུལ་མི་འདྲ་བ་འགའ་རེ་ཡོད་ཀྱང་ཞང་ཞུང་དང་བོན་གྱི་གནའ་དེང་གི་ལོ་རྒྱུས་ཁུངས་དང་ས་འོག་ནས་ཐོན་པའི་གནའ་རྫས་བརྟག་དཔྱད་མཁན་གྱིས་དཔྱད་འབྲས་སོགས་ལ་རིགས་པས་ལེགས་པར་བརྟག་ཅིང་དཔྱད་ན། རྒྱལ་རབས་སོ་སོའི་ཡུལ་དང་རྒྱལ་ས་མི་འདྲ་བར་རྒྱལ་རྒྱུད་མི་གཅིག་པའི་རྒྱལ་པོ་སོ་སོས་དུས་རིམ་པ་བཞིན་དུ་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་ཐམས་ཅད་ལ་དབང་སྒྱུར་བར་འདོད།
གནའ་རབས་ཞང་ཞུང་ཕུག་པའི་ཡུལ་ནི་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་ཆེས་ཆེར་དར་སའི་གནས་ཡིན་པས། ཞང་ཞུང་ཕུག་པའི་ཡུལ་ལ་གཡུང་དྲུང་གི་མིང་ལས་ཟུར་ཆག་པའི་རྒྱའི་སྐད་དུ་羊同ཟེར་ལ། གནའ་རབས་ཞང་ཞུང་གི་ཆོས་དང་རིག་གཞུང་ལས་ཞང་ཞུང་བོད་ཀྱི་འགྲོ་བ་མིའི་རིགས་རྒྱུད་ཁྱུང་གི་སྒོ་ང་ལས་གྲོལ་ནས་རིམ་པ་བཞིན་དུ་འགྲོ་བ་མིའི་བྱུང་བར་འདོད་པའི་རྒྱུ་མཚན་གྱིས། རྒྱའི་སྐད་དུ་སྔར་བོད་མི་ཡོངས་ལ་ཁྱུང་རིགས་སམ་ཆང་རིགས(羌族)ཞེས་སུ་འབོད་པ་མ་ཟད། རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ལྟར་ན། རྒྱའི་མི་རིགས་ནི་འབྲུག་གི་རྒྱུད་པ་ཡིན་པར་འདོད་པས། རྒྱའི་མི་རིགས་ལ་འབྲུག་གི་རྒྱུད་པ(龙的后代)ཞེས་སུ་བརྗོད། གནའ་རབས་ཞང་ཞུང་བོད་ཀྱི་སྲིད་པའི་རྒྱལ་རབས་བཅོ་བརྒྱད་ཀྱི་རྒྱལ་པོ་སོ་སོའི་དབུ་ཞྭའི་སྟེང་དུ་རིན་པོ་ཆེའི་གསེར་དང་ཤེལ་གྱི་རིགས། བྱུ་རུ་ལ་སོགས་པའི་རྭ་ཐུང་ལ་སྦོམ་པ་རེ་ཡོད་པ་བྱ་ཁྱུང་གི་རྭའི་དབྱིབས་ལྟ་བུ་དབུ་རྒྱན་བཟོ་བའི་སྲོལ་སྔར་ནས་ཡོད་པ་དང་། གངས་རིའི་ས་སྤྱོད་རྒྱལ་པོའི་རྒྱལ་རབས་ལས་གཏམ་རྒྱུད་ཡ་མཚན་ལས་མཆེད་པ། བྱ་རྒྱལ་ཁྱུང་གི་མངལ་ལས་རྒྱལ་པོ་བཙས། ཞེས་པ་ལྟར། མདོ་ལུང་རྒྱལ་པོའི་ཕོ་བྲང་དུ་འགྲོ་ན། སྔོན་ལ་ཕོ་བྲང་མདུན་དུ་རྡོ་དཀར་སྤུངས་པའི་མ་ཎི་རྡོ་འབུམ་ཞིག་ཡོད་པ་དེ་བརྒྱུད་རྗེས། རྡོ་བརྩིགས་ཀྱི་ཐོག་ཁང་སྒོ་ཆེན་ཞིག་མཐོང་ཐུབ་ལ། སྒོ་ཆེན་གྱི་སྟེང་དུ་ཤིང་བརྐོས་ཁྱུང་ཆེན་ཞིག་ཡོད་ཅིང་། ཁྱུང་གི་མཆུ་དང་སྡེར་མོ་ནི་བྱའི་གཟུགས་དང་ལུས་ནི་མིའི་གཟུགས་ཡིན། ལག་སྡེར་གྱི་ནང་དུ་སྦྲུལ་ཆེན་ཞིག་འཆང་ཡོད་ཅིང་། རྐང་སྡེར་གཉིས་ཀྱི་བར་ལ་བསམ་སེའུ་རེ་བཟུང་ཡོད་ལ། དེ་ནི་མདོ་ལུང་རྒྱལ་པོའི་གཉུག་མའི་མཚོན་ཆོས་ཤིག་ཡིན།
བཤད་སྲོལ་དུ་གནའ་སྔ་མོ་སྔ་མོ་ཞིག་ལ། རྒྱལ་རོང་ཡུལ་དུ་གཅིག་གྱུར་གྱི་དཔོན་པོ་ཞིག་མེད་པས། རྒྱུན་པར་ཚོ་བ་དང་ཤོག་ཁག་བར་འགལ་བ་དང་འཁྲུག་རྩོད་བྱུང་སྟེ། མི་རྣམས་རྩོད་འཁྲུག་ཆེ་བའི་ཀློང་དུ་འཚོ་བཞིན་ཡོད། འདི་དག་ཚང་མ་ལྷ་ཀུན་ཏུ་བཟང་པོས་གཟིགས་ནས་ཁོང་གིས་སྐྱེ་འགྲོ་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་བའི་ཆེད་དུ། ཁོང་ཉིད་ཀྱི་སྐུ་གསུང་ཐུགས་གསུམ་བྱ་རྒྱལ་ཁྱུང་ཆེན་གསུམ་གྱི་རྣམ་པར་སྤྲུལ་ཏེ། མེ་ཏོག་སྣ་བརྒྱ་བཞད་པའི་ལྷ་སའི་ཟང་རོང་ཁ་ཡས་སུ་འཕུར། ཟང་རོང་ཁ་ཡས་ཀྱི་མི་སེར་རྣམས་ཀྱིས་བྱ་རྒྱལ་ཁྱུང་ཆེན་སྔོན་ཆད་མཐོང་མ་མྱོང་བས། མཐོང་རྒྱ་ཐོས་རྒྱ་ཆེ་བའི་བགྲེས་པོ་ཞིག་གིས་ར་ཅན་ནི་ཁྱུང་པོ་ཡིན། མི་རྣམས་ཀྱིས་བསྐོར་ནས་བལྟས་ཙ་ན། གཅིག་ནི་ངོ་མ་ཁྱུང་པོ་རེད། དེར་བརྟེན། ཟང་རོང་ཁ་ཡས་ཀྱི་ས་མིང་ཡང་ཁྱུང་པོ་རུ་བསྒྱུར། ཁྱུང་ཆེན་གསུམ་དེ་ཁྱུང་པོ་ནས་དུས་ཡུན་ངེས་ཅན་ལ་བསྡད་རྗེས་འཕུར་ནས་སོང་། ཁྱུང་ཆེན་དེ་གསུམ་བསྡད་པའི་ཚང་ནང་དུ་ཁྱུང་སྒོང་དཀར་པོ་དང་སེར་པོ། ཁྲ་ཁྲ། ནག་པོ་བཞི་ཡོད། མི་སེར་རྣམས་ཀྱིས་སྒོ་ང་དེ་དག་ལ་ཞིབ་མོར་ལྟ་རྟོག་བྱེད་བཞིན་འདུག ། ཉིན་བཅུ་ལྷག་འདས་རྗེས། སྒོ་ང་དེ་དག་ལས་དཀར་སེར་ཁྲ་ནག་བཅས་ཁ་དོག་བཞིའི་བུ་བཞི་བཙས། ལྷ་ཀུན་ཏུ་བཟང་པོས་ཁ་དོག་དཀར་པོའི་སྤུན་མཆེད་ཐོག་ལྷ་དཔལ་རྒྱལ་རོང་ཡུལ་གྱི་མདོ་གནས་སུ་མངགས་ནས་རྒྱལ་པོར་བསྐོས། ཁ་དོག་སེར་པོའི་སྤུན་གཉིས་པ་ལྷ་ཁྱུང་ས་ཆ་དེའི་རྒྱལ་པོར་བསྐོས། ཁ་དོག་ཁྲ་ཁྲའི་སྤུན་གསུམ་པ་ཚ་མོ་རྒྱལ་རོང་ཡུལ་གྱི་མདའ་མདོ་རུ་མངགས་ནས་རྒྱལ་པོར་བསྐོས། ཁ་དོག་ནག་པོའི་སྤུན་ཆུང་རྒྱལ་རོང་ཡུལ་གྱི་ཁྲོ་སྐྱབས་སུ་མངགས་ནས་རྒྱལ་པོར་བསྐོས། ཞེས་ཟེར་ཞིང་། དེ་ལས་ང་ཚོར་བདེན་དཔང་ཞིག་འཐོབ་པ་ནི། མདོ་ལུང་རྒྱལ་པོའི་མེས་པོ་ནི་ལྷ་སའི་ཁྱུང་པོ་ནས་ཐོན་པ་ཡིན་ལ། རྒྱལ་ཁག་སོ་སོའི་རྒྱལ་པོ་རེ་རེ་ལའང་འདི་འདྲའི་བཤད་རྒྱུན་ཞིག་ཡོད་དེ། ཁྲོ་སྐྱབས་དང་འོག་གཞི་མདའ་མདོ། མ་ཕྱི། བྲག་སྟེང་། ཆུ་ཆེན། བཙན་ལྷ་སོགས་ཀྱི་རྒྱལ་པོ་དང་མི་སེར་ཐམས་ཅད་ཁྱུང་པོའི་རིགས་སོ་དགུ་པ་ནས་རུ་སྤར་ནས་ཐོན་པ་ཡིན་ཟེར། པ་ཝམ་རྒྱལ་པོ་ནི་བྲག་སྟེང་ནས་མཆེད་པ་ཡིན་ལ། མདོ་ལུང་རྒྱལ་པོ་ནི་མ་ཕྱི་ནས་མཆེད་པ་ཡིན། རྒྱལ་ཁ་བཀྲ་ཤིས་གླིང་གི་རྒྱལ་པོ་ནི་མདའ་མདོ་ནས་མཆེད་པ་ཡིན་པར་མ་ཟད། དེ་ལས་སོ་མང་རྒྱལ་པོའི་མེས་པོ་མཆེད་པ་ཡིན། ཡང་སོ་མང་རྒྱལ་པོའི་རྒྱུད་ལས་མཆོག་རྩེ་དང་རྫི་འགག དམ་པ་བཅས་ཀྱི་རྒྱལ་པོ་མཆེད་པ་ཡིན་ཟེར། འདི་དག་གིས་རྒྱུ་མཚན་གྱིས་གནའ་རབས་ཞང་ཞུང་གི་རིག་གནས་ལས་བོད་ཀྱི་མེས་པོའི་ཁུངས་དང་བླ་(图腾)ཡང་ཁྱུང་ལ་གཏུག་ཡོད་པས།
ཕྱིས་སུ་ཕོ་བྲང་པོ་ཏ་ལ་དང་ལྷ་སའི་གཙུག་ལག་ཁང་གཙོས་པའི་གྲུབ་མཐའ་རིས་མེད་ཀྱི་དགོན་པ་ཆེ་ཁག་རྣམས་ཀྱི་རྒྱ་ཕིབས་རྩེ་མོ་དང་ལྷ་ཁང་སོ་སོའི་རྟེན་གཙོ་དག་གི་སྐུའི་རྒྱབ་ཡོལ་གྱི་ཁྲི་དྲུག་འཇོག་གི་དབུས་སུ་བྱ་རྒྱལ་ཁྱུང་གི་འདྲ་གཟུགས་འཇོག་སྲོལ་ཤུགས་ཆེ་བ་འདི་དག་ལ་ཕྱོགས་རིས་སུ་མ་སོང་བར་བློ་གཟུ་བོར་གནས་པའི་སྒོ་ནས་རིགས་པས་དཔྱད་ན། གནའ་རབས་ཞང་ཞུང་བོད་ཀྱི་རིག་གནས་ལས་ཞང་ཞུང་བོད་ཀྱི་འགྲོ་བ་མི་ཁྱུང་ལས་བྱུང་ཞིང་། དེ་ལ་བརྟེན་ནས་རྒྱའི་སྐད་དུ་ཁྱུང་རིགས་སམ་ཆང་རིགས་(羌族)ཞེས་སུ་འབོད་པའི་རྟགས་ཡང་དག་དེ་ལས་གསལ་བོ་ཞིག་ག་ལ་དགོས། སྲོང་བཙན་སྒམ་པོའི་སྐུ་རིང་ལ་སངས་རྒྱས་ཆོས་ལུགས་དར་བའི་ཕྱིས་སུ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་བྲག་སྲིན་མོ་གཉིས་ཀྱི་རིགས་རྒྱུད་ལས་བོད་མིའི་འགྲོ་བ་བྱུང་བར་འདོད། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོའི་བར་དུ་བོད་ཀྱི་སྤྱིའི་མིང་ལ་རྒྱའི་སྐད་དུ་ཏཱ་བྷོད་(大蕃)ཅེས་བརྗོད་ཅིང་། སྲོང་བཙན་སྒམ་པོས་ཐུ་ལུ་ཧུང་(吐谷浑)གི་རྒྱལ་ཁམས་བཅོམ་ནས་བོད་བཙན་པོའི་མངའ་ཁོངས་སུ་བཅུག་ཅིང་། དེ་གཉིས་ཀྱི་མིང་བསྡུས་ནས་རྒྱའི་སྐད་དུ་ཐུ་བྷོད་(吐蕃)ཅེས་ཟེར། དེའི་ཕྱིས་སུ་དབུས་གཙང་གཉིས་ལས་གཙང་ཕྱོགས་ཀྱི་སྐྱེས་ཆེན་དམ་པ་མང་པོ་ཞིག་རྒྱ་ནག་གོང་མའི་དབུ་བླ་མཛད་དེ། གོང་མའི་རྒྱལ་སྲིད་དང་འབྲེལ་འདྲིས་ཆེ་བའི་དབང་གིས་བོད་སྤྱིའི་མིང་ལ་གཙང་གི་མིང་ནས་ཐོགས་ཏེ་རྒྱའི་སྐད་དུ་ཙང་ཙུའུ(藏族)ཞེས་བརྗོད། དེ་བཞིན་དུ་བཙན་པོ་གླང་དར་མ་བཀྲོངས་པའི་རྗེས་སུ། བསམ་ཡས་དགོན་པའི་དགེ་འདུན་པ་མང་པོ་ཞིག་གིས་བསམ་ཡས་དགོན་པའི་བཙན་པོའི་ཡིག་ཚང་གི་གནའ་བོའི་ལོ་རྒྱུས་སོགས་ཡིག་ཆ་འབོར་ཆེན་མྱུར་སྐྱོབ་བྱས་ཏེ། ཏུན་ཧོང་ཕྱོགས་སུ་གདན་དྲངས་ནས་གཏེར་ལ་སྦས་བས། ཏུན་ཧོང་གཏེར་ཡིག་ཏུ་གྲགས་ཤིང་།
ད་ལྟ་ཏུན་ཧོང་དུ་འབོད་པའི་ཡུལ་འདི་མིང་ལ་སྔོན་ཆད་བྱེ་གླིང་ཅེས་སུ་འབོད་ལ། རྒྱའི་སྐད་དུ་སྔོན་ཆད་沙洲ཞེས་བརྗོད། ཕྱིས་སུ་དུས་རབས་བཞི་བ་ནས་རྒྱ་དང་བོད། ལི་ཡུལ་དང་མི་ཉག་སོགས་ཀྱི་དགེ་འདུན་པ་མང་པོ་ཞིག་གིས་རིམ་པ་བཞིན་དུ་བྲག་ལ་ཁུང་བུ་བརྐོས་ནས་ལྷ་ཁང་དང་འདུ་ཁང་། སྒོམ་ཁང་མང་པོ་བཞེངས་ཤིང་དགོན་པ་བཏབས་ནས་ཡུལ་ཕྱོགས་དེར་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་མཛད་ཅིང་། བོད་རིགས་གཙོ་བྱས་པའི་མི་རིགས་སོ་སོའི་དགེ་འདུན་པ་རྣམས་ཀྱིས་ཤར་ནུབ་གཉིས་སུ་བྲག་ཁུང་སྟོང་ཕྲག་གམ་མང་པོ་བརྐོས་ནས་དགོན་པ་རྒྱ་ཆེར་བཞེངས་པ་ལ་ཤར་གྱི་སྟོང་ཁུང་དགོན་པ་དང་ནུབ་ཀྱི་སྟོང་ཁུང་དགོན་པ་གཉིས་སུ་ཆགས་ཤིང་། རྒྱའི་སྐད་དུ་བོད་སྐད་ཀྱི་མིང་ལས་འགྱུར་ཏེ་ཤར་ནུབ་ཀྱི་དགོན་པ་འདི་གཉིས་ལ་东千佛洞或西千佛洞ཞེས་ཟེར་ལ། ཡུལ་འདིའི་མིང་ལ་བོད་སྐད་ཀྱི་སྟོང་ཁུང་ཅེས་པར་རྒྱའི་སྐད་དུ་敦煌ཅེས་འབོད་བཞིན་ཡོད་ཅིང་། བོད་སྐད་དུ་དེའི་མིང་ཐོགས་དོན་མ་ཤེས་པའི་དབང་གིས་སྟོང་ཁུང་ཅེས་མི་འབྲི་བར་རྒྱའི་སྐད་གདངས་ལྟར་ཏུན་ཧོང་ཅེས་འབྲི་བཞིན་པ་དང་། དེ་མིན་རྒྱའི་མཆོད་རྟེན་དཀར་པོའི་ས་ཆའི་བྱམས་པ་འབུམ་གླིང་དགོན་ལ་འབུམ་གླིང་གི་སྒྲ་ལས་རྒྱའི་སྐད་དུ་炳灵寺ཟེར་བ་འདི་ལྟ་བུའི་རྒྱ་བོད་སྐད་གཉིས་མཉམ་བསྲེས་ཀྱིས་ཟུར་ཆག་པའི་མིང་དང་ཐ་སྙད་མང་པོ་ཡོད་དོ། །
གཉིས་པ། ཁྱུང་རིགས་ཞང་ཞུང་བོད་ཀྱི་རིག་གནས་ལ་དཔྱད་པ།
བསྐལ་བ་ཡ་ཐོག་གི་དུས་སུ་ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་བྱ་རྒྱལ་ཁྱུང་ཞིག་བྱུང་བ་ལས་ཞང་ཞུང་བོད་ཀྱི་འགྲོ་བ་མིའི་བྱུང་བར་འདོད་ལ། དེ་ནས་རིམ་གྱིས་ཞང་ཞུང་བོད་ལ་ཇུ་ཐིག་གི་ཡི་གེ་དང་གཟུགས་རིས་ཡི་གེ་གཉིས་དར་ཡོད་པ་ད་ལྟའི་མོ་རྩིས་གཏོ་གསུམ་དང་བྲག་བརྐོས་ཡིག་རིས་སོགས་སུ་ཤིན་ཏུ་གསལ་ཞིང་། ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མའི་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེའི་དུས་སུ་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་ཞང་ཞུང་ཁྱུང་ལུང་འོལ་མོའི་ལུང་རིང་གི་ཡུལ་དུ་བྱོན་ནས་ཞང་ཞུང་སྒོ་ཕུག་བར་གསུམ་གྱི་ཡུལ་གྲུ་ཀུན་ཏུ་ཞང་ཞུང་བོད་ཀྱི་ཡི་གེ་དང་རིག་གཞུང་། ཆོས་ལུགས་སོགས་རིམ་བཞིན་དར་བར་མཛད་དེ། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས་ཞང་ཞུང་གི་གྲགས་ཆེ་བའི་རྒྱལ་རབས་བཅོ་བརྒྱད་ཀྱི་ཐོག་མ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་དུ་གྲགས་པ་དེ། ཞེས་པ་ནས། རྒྱལ་པོ་འདི་ནི་གཤེན་རབ་མི་བོ་ཆེའི་དངོས་སློབ་དང་། བོན་གྱི་བསྟན་པའི་སྦྱིན་བདག་ཁྱད་པར་ཅན་ཞིག་ཡིན་ལ། ཞེས་གསུངས་པ་ལྟར། སྟོན་པ་གཤེན་རབ་མི་བོ་ཆེས་ཞང་ཞུང་བོད་ཀྱི་ཡི་གེ་བརྩམས་ཤིང་ལྡེའུ་སོགས་ཀྱི་རིགས་པས་བློ་གྲོས་ཀྱི་རྩལ་སྦྱོང་བ། རིག་གཞུང་འཆད་པའི་རྒྱུན་འཛིན་གྱི་སློབ་མ་སྐྱོང་བ་དང་གླེགས་བམ་འབྲི་བ། བསྒྲགས་པ་གསུམ་གྱི་དཔེའུ་རྩེ་དང་སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུ་ལ་སོགས་པའི་གཞུང་ལུགས་བརྩམས་ཏེ། གཡུང་དྲུང་བོན་གྱི་ཆོས་ལུགས་གསར་གཏོད་གནང་ཞིང་། གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་དུ་རིག་པའི་གནས་མང་པོ་ཞིག་གསར་གཏོད་དང་ཡར་རྒྱས་གཏོང་བར་མཛད། དེ་ལྟར་གཤེན་རབ་མི་བོ་ཆེས་གསར་གཏོད་གནང་བའི་ཞང་ཞུང་བོད་ཀྱི་ཡི་གེ་དེར་རྩ་བའི་ཡི་གེ་ལ་དབྱངས་དང་གསལ་བྱེད། མགོ་ཅན་དང་འདོགས་ཅན་ཡོད་ཅིང་། དབུ་གང་ནས་ཚུགས་པའི་རྟགས་སུ་ཡིག་མགོ་ཡོད་པ། ཡིག་འབྲུ་ཕན་ཚུན་མི་འཁྲུགས་པའི་ཆེད་དུ་ཚེག་ཡོད་པ། དོན་གྱི་མཚམས་དབྱེ་བ་ལ་ཤད་ཡོད་པ་སོགས་གནའ་རབས་བོན་གྱི་རིག་གཞུང་དང་དེང་རབས་ཞང་ཞུང་གི་རིག་གཞུང་ལ་ཞིབ་འཇུག་བྱེད་པའི་མཁས་པ་མང་པོས་གནའ་རབས་ཞང་ཞུང་གི་རྒྱལ་རབས་དུས་ནས་ཞང་ཞུང་བོད་ཀྱི་ཡི་གེ་ཡོད་པར་འདོད། སྲོང་བཙན་སྒམ་པོའི་དུས་ནས་ཕྱིས་བྱུང་གི་བོད་ཀྱི་དེབ་ཐེར་དང་ཆོས་འབྱུང་རྣམས་སུ་སྲོང་བཙན་སྒམ་པོས་བློན་པོ་ཐོན་མི་སམ་བྷོ་ཊ་རྒྱ་གར་ལ་མངགས་ནས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་ལ་སོགས་པའི་བོད་ཀྱི་ཡི་གེ་གསར་གཏོད་གནང་སྟེ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་ཡང་བརྩམས་པར་བཞེད། ཡང་མཁས་པའི་དབང་པོ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་མཁས་པ་ཁག་ཅིག་གིས་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་འདི་གཉིས་ས་སྐྱ་པཎྡི་ཏས་བརྩམས་པར་འདོད། བོད་ཡོངས་ལ་གྲགས་པ་ནི་ཐོན་མི་སམ་བྷོ་ཊས་རྒྱ་གར་གྱི་གསལ་བྱེད་ལྔ་བཅུ་ལས་བོད་ལ་མཁོ་བའི་ཡི་གེ་ཀ་ཁ་ག་ང་། ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཡ། ར་ལ་ཤ་ས། ཧ་སོགས་གསལ་བྱེད་ཉེར་གསུམ་དང་རྒྱ་གར་གྱི་དབྱངས་བཅུ་དྲུག་ལས་ཨ་བླངས་ནས་གསལ་བྱེད་ཉེར་བཞི་དང་། དེའི་སྟེང་སྟོད་དུ་ཅ་ཆ་ཇ་གསུམ་དང་སྨད་དུ་ཞ་ཟ་འ་གསུམ་བཅས་ཡི་གེ་གསར་བ་དྲུག་བསྣན་ནས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་གཏན་ལ་ཕབ་པར་འདོད། གོང་གི་འདོད་ཚུལ་འདི་དག་ལ་བརྟག་ཅིང་དཔྱད་ན། སྲོང་བཙན་སྒམ་པོའི་གོང་རོལ་ཏུ་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་ཡོད་དགོས་ཏེ། གཅིག་ནས་གནའ་རབས་ཞང་ཞུང་བོད་ཀྱི་རྒྱལ་རབས་བཅོ་བརྒྱད་དང་དབུས་གཙང་གི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་རྒྱལ་རབས་དང་། གཉའ་ཁྲི་བཙན་པོ་ནས་སྲོང་བཙན་སྒམ་པོ་ལ་ཐུག་གི་བར་དུ། ལོ་ངོ་སྟོང་ཕྲག་ཁ་ཤས་རིང་རྒྱལ་རབས་མང་པོས་རྒྱལ་སྲིད་དང་འཇིག་རྟེན་ལུགས་ཀྱི་བྱ་གཞག་མང་པོ་ཞིག་ཡི་གེར་བརྟེན་ནས་མཛད་དགོས་པས། ཞང་ཞུང་བོད་ལ་ཡི་གེ་མེད་པར་ཇི་ལྟར་ཁས་ལེན་རུང་། གཉིས་ནས་རྒྱ་གར་འཕགས་པའི་ཡུལ་ནི་འཛམ་གླིང་གི་གནའ་བོའི་ཆོས་དང་རིག་གཞུང་དར་སའི་འབྱུང་ཁུངས་ཡིན་པས། འཛམ་གླིང་གི་ཆོས་དང་རིག་གཞུང་ཕལ་ཆེ་བའང་གནའ་རབས་རྒྱ་གར་ནས་རྒྱལ་ཁབ་གཞན་དག་ཏུ་དར་བ་ཡིན་ཞིང་། གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་ནི་རྒྱ་གར་འཕགས་པའི་ཡུལ་དང་ཧ་ཅང་ཐག་ཉེ་ཞིང་འདབས་འདྲེས་པས། གནའ་བོའི་རྒྱ་གར་གྱི་ཆོས་དང་རིག་གཞུང་ལ་བརྟེན་ནས་གནའ་རབས་ཞང་ཞུང་བོད་ཀྱི་ཡུལ་དུའང་གནའ་བོའི་ཆོས་ལུགས་དང་རིག་གཞུང་སོགས་ལོ་ངོ་སྟོང་ཕྲག་འགའི་སྔོན་ནས་དར་ཡོད་པར་ངེས་ལ། འདི་དག་ཚང་མའང་ཡི་གེར་བརྟེན་ནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པས། ཞང་ཞུང་བོད་ལ་ཡི་གེ་མེད་པར་ཇི་ལྟར་ཁས་ལེན། གསུམ་ནས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེས་སྤྱི་ལོ་སྔོན་གྱི་ལོ་ངོ་ཉིས་སྟོང་ཡས་མས་གོང་རོལ་ནས་གཡུང་དྲུང་བོན་གྱི་ཆོས་དང་གསོ་དཔྱད་སོགས་དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད་དེ། དཔྱད་བུ་ཁྲི་ཤེས་ལ་སོགས་པའི་རྗེས་འཇུག་མཁས་པ་མང་པོ་ཞིག་བསྐྱངས་ནས་ཞང་ཞུང་བོད་ཀྱི་ཡུལ་དུ་ཆོས་དང་གསོ་རིག་སོགས་རིག་གཞུང་མང་པོ་དར་སྤེལ་མཛད་ཅིང་། ཆོས་དང་གསོ་རིག་སོགས་རིག་གཞུང་འདི་དག་ཀྱང་ཡི་གེར་བརྟེན་ནས་དར་སྤེལ་བྱེད་དགོས་པས། ཞང་ཞུང་བོད་ལ་ཡི་གེ་མེད་པར་ཁས་ལེན་པར་མི་བྱ་སྟེ། ཇི་སྐད་དུ། གངས་ཅན་མཁས་པའི་དབང་བོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། སྔ་རབས་པ་འགས་བྱས་པ་ཡིས། །གསོ་དཔྱད་བྱུང་བ་བརྗོད་པའི་སྐབས། །བོད་ཡུལ་གསོ་དཔྱད་བསྟན་པའི་དབུ། །ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད། །དེ་ནི་མ་བརྟགས་གཏམ་ཡིན་ཏེ། །ཆོས་རྒྱལ་འདི་རིང་རྒྱ་གར་ནས། །བི་བྱི་བི་ལྷ་གཉིས་བྱོན་ནས། །འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ། །སྤེལ་བའི་ཐོག་མར་དབུ་བརྙེས་ལས། །དེའི་དུས་བོད་ཀྱི་གསོ་དཔྱད་དབུ། །བརྙེས་པར་བརྗོད་ན་མངོན་སུམ་འགལ། །གངས་ཅན་བོད་ཀྱི་གསོ་དཔྱད་ནི། །གཉའ་ཁྲི་བོད་རྗེར་མ་བྱོན་གོང་། །སྟོན་པ་གཤེན་རབ་མི་བོ་ཆེས། །ཞང་ཞུང་འོལ་མོ་ལུང་རིར་བལྟམས། །དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད། །དཔྱད་བུ་ཁྲི་ཤེས་ལ་སོགས་པའི། །རྗེས་འཇུག་མཁས་པ་མང་བསྐྱངས་ནས། །བོད་ཡུལ་གསོ་དཔྱད་བསྟན་པ་སྤེལ། །གཡུང་དྲུང་བོན་ལ་རླུང་ལྟར་གྲགས། །དེས་ན་བོད་ཀྱི་གསོ་དཔྱད་དབུ། །གཡུང་དྲུང་བོན་གྱི་དུས་སུ་བརྙེས། །ཞེས་གསུངས་པ་ལྟར། སྟོན་པ་གཤེན་རབ་མི་བོ་ཆེས་གཡུང་དྲུང་བོན་གྱི་ཆོས་དང་དཔྱད་སྡེ་ཉིས་ཁྲི་ཆིག་སྟོང་མཛད་པ་མ་ཟད། ཞང་ཞུང་བོད་ཀྱི་གསོ་རིག་ཐོག་མར་དར་སྤེལ་མཛད་ཅིང་། ཞང་ཞུང་བོད་ཀྱི་གསོ་རིག་ལ་གཞིར་བྱས་ཏེ། ལྷ་ཐོ་ཐོ་རིའི་སྐབས་ནས་རིམ་བཞིན་རྒྱ་གར་གྱི་གསོ་རིག་དང་མཉམ་བསྲེས་བྱས་ཤིང་། རྒྱ་ནག་དང་བལ་ཡུལ་གྱི་གསོ་རིག་ལས་ལེགས་པའི་ཆ་བླངས་ནས་ཁ་བསྐངས་ཏེ། གཡུ་ཐོག་ཡོན་ཏན་མགོན་པོས་ད་ལྟའི་གསོ་རིག་རྒྱུད་བཞི་འདི་ཉིད་མཛད་པ་ཡིན་པས། མདའ་དང་འཕང་ཞེས་པ་ལས། གསོ་རིག་རྒྱུད་བཞི་དེ་ནི་བོད་ཀྱི་གསོ་བ་རིག་པའི་ཀ་བ་ལྟ་བུ་ཞིག་ཡིན་པར་ཀུན་གྱིས་ཁས་ལེན་དང་ངོས་འཛིན་གནང་བཞིན་ཡོད། གཞུང་དེའི་ནང་དུ་རྒྱ་གར་དང་རྒྱ་ནགཞང་ཞུང་། བལ་ཡུལ་བཅས་ནས་དར་བའི་གསོ་བ་རིག་པའི་ནང་དོན་ཇི་སྙེད་ཅིག་བསྡུ་སྒྲིག་བྱས་ཡོད་པས་ན། གཞུང་དེར་ནང་དོན་དང་ཁྱབ་བྱའི་ངོས་ནས་བརྗོད་ན་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གསོ་བ་རིག་པའི་ཁྱད་ཆོས་ལྡན་ཡོད་པར་བརྟེན། དེ་ནི་བོད་མི་རྣམས་ཀྱིས་གཞན་ལ་ངོམ་ཆོག་པའི་བོད་ཀྱི་ཤེས་རིག་ཅིག་ཡིན། ཞེས་གསུངས་པ་ལྟར། དེའི་དུས་སུ་ཞང་ཞུང་བོད་ལ་ཡི་གེ་མེད་པར་སྨྲ་མི་རུང་སྟེ། ཞང་བོད་ལོ་རྒྱུས་ཏི་སེའི་འོད་ལས། གནའ་དུས་ཀྱི་བོད་མི་ཚོས་ཡི་གེ་ཞིག་བེད་སྤྱོད་བྱས་ཡོད་པའི་ཡིག་རྙིང་གི་ལུགས་དེ་འབྲི་སྟངས་བདེ་པོ་དེ་ཙམ་ཞིག་མེད་པ་ལ། རྒྱ་གར་གྱི་ཡི་གེ་ལས་དཔེར་བླངས་ཏེ་འབྲི་སྟངས་བདེ་ཞིང་། བོད་མི་ཚོས་བེད་སྤྱོད་བྱེད་སླ་བའི་དགོས་པ་དང་། རྒྱ་གར་ནས་བྱུང་བའི་རྒྱལ་བའི་བཀའ། རྗེས་འཇུག་མཁས་པའི་བསྟན་བཅོས་སོགས་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་ལ་མང་བ་ཞིག་བཞུགས་པ་དེ་དག་བོད་སྐད་དུ་བསྒྱུར་སྟབས་བདེ་ཞིང་། ཆོས་ཀྱི་ཚིག་དོན་རྒྱ་ཆེན་པོ་རྣམས་ལེགས་སྦྱར་གྱི་སྐད་དང་ཕན་ཚུན་གོ་བསྡུར་བྱེད་སླ་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ཏེ། ཐོན་མི་ཨ་ནུས་བོད་ཡིག་གི་སྲོལ་གསར་དུ་བཏོད་མཛད་པའི་དགོངས་དོན་ཞིག་ཡིན་དགོས། ཞེས་གསུངས་པ་ལྟར། སྲོང་བཙན་སྒམ་པོའི་སྐབས་སུ་ཐོན་མི་སམ་བྷོ་ཊས་བཙན་པོ་བོད་ཀྱི་ཡི་གེ་གསར་བཟོ་མཛད་སྐབས། ཐོན་མིའི་ཞལ་ལུང་ལས། བོད་ཀྱི་སྐད་དང་མཐུན་པའི་ཡི་གེ་འགའ་ཞིག་ཕྱག་ཐོགས་པ་ན། ལམ་དུ་འགྲོ་བའི་མགྲོན་པོ་ཞིག་དང་འཕྲད་ནས་གཏམ་འཕྲོས་མཛད་པར། ཐོན་མིས། ཁྱེད་གང་ནས་བྱོན་བྱས་པར། དེ་ན་རེ། ཞང་ཞུང་ནས་འོངས་ཟེར། གང་དུ་འགྲོ་བྱས་པས། ཟ་ཧོར་དུ་འགྲོ་ཟེར། གང་གི་དོན་དུ་འགྲོ་བྱས་པར་ཇ་ཉོ་རུ་འགྲོ་ཟེར། ནམ་སླེབས་བྱས་པས་ཅི་ཆ་ཟེར། དེ་ནས་སློབ་དཔོན་གྱིས་མི་དེའི་སྐད་ལ་དཔྱད་པ་མཛད་པས། ཞང་ཞུང་ཞེས་ཞ་ཡིག་སྣོན་དགོས་པ་ཐུགས་ལ་ཤར། དེ་བཞིན་དུ་འོངས་ཞེས་པས་འ་དང་། ཟ་ཧོར་ཞེས་པས་ཟ་དང་། ཇ་ཞེས་པས་ཇ་དང་། ཅི་ཆ་ཞེས་པས་ཅ་ཆ་གཉིས་རྣམས་བོད་ཡིག་ཏུ་སྣོན་དགོས་པར་དགོངས་ནས། གསལ་བྱེད་ཀྱི་སྟོད་དུ་ཅ་ཆ་ཇ་གསུམ་དང་སྨད་དུ་ཞ་ཟ་འ་གསུམ་བསྣན་ཞེས་གསུངས་པ་ལྟར། འདིར་ཐོན་མིས་ཡི་གེ་དྲུག་གསར་དུ་བསྣན་པ་དང་རྙེད་པའི་རྐྱེན་དག་ལ་ཞིབ་ཏུ་དཔྱད་ན། སྲོང་བཙན་སྒམ་པོས་བོད་ཀྱི་རྒྱལ་ཁམས་སྔར་ལས་གཏན་འཇགས་དང་འཕེལ་རྒྱས་འབྱུང་བའི་ཆེད་དུ། ཤར་གྱི་ཐང་རྒྱལ་རབས་དང་ནུབ་ཀྱི་བལ་པོ་གཉིས་ལ་གཉེན་ཉེའི་འབྲེལ་བ་བཟུང་སྟེ། ཇོ་ཤཱཀྱ་རྣམ་གཉིས་གདན་དྲངས་ནས་བོད་ཀྱི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་པ་ན། སྔར་གྱི་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་དེ་ཆོས་ལུགས་དང་རིག་གཞུང་། རྒྱལ་སྲིད་ལས་དོན་ཕྱོགས་རིས་པ་ཙམ་ལ་བཀོལ་ཆོག་པ་ལས། རྒྱ་གར་གྱི་སངས་རྒྱས་ཀྱི་བཀའ་དང་དེའི་འགྲེལ་བཤད་བསྟན་བཅོས་ཀྱི་གཞུང་ལུགས་མཐའ་དག་ལེགས་སྦྱར་གྱི་སྐད་ནས་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེར་དཔྱིས་ཕྱིན་པ་ཞིག་བསྒྱུར་དཀའ་བར་དགོངས་ནས། ཐོན་མི་སམ་བྷོ་ཊ་རྒྱ་གར་དུ་མངགས་ནས་གནའ་བོའི་རྒྱ་གར་གྱི་ལེགས་སྦྱར་ཡི་གེ་དང་རིག་གཞུང་མཐའ་དག་ལ་ནང་བྱན་ཆུབ་པར་སྦྱངས་ཏེ་ཕྱིར་ཕེབས་པ་ན། སྲོང་བཙན་སྒམ་པོས་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་སོགས་རྒྱ་གར་གྱི་རིག་གཞུང་མཐའ་དག་བོད་དུ་བསྒྱུར་བ་ལ། བོད་ཀྱི་སྐད་དང་རྒྱ་གར་གྱི་རིག་གཞུང་གཉིས་ཀར་མཐུན་པའི་ཡི་གེ་ཁྱད་པར་བ་ཞིག་གསར་བཟོ་མཛད་དགོས་པར་བཀའ་གནང་ཞིང་། ཐོན་མི་སམ་བྷོ་ཊས་གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་ལས་འདོར་ལེན་གང་ལེགས་མཛད་ནས་ཅ་ཆ་ཇ་གསུམ་དང་ཞ་ཟ་འ་གསུམ་བླངས་ཤིང་། དེའི་རྨང་གཞིའི་སྟེང་དུ་རྒྱ་གར་གྱི་ཡི་གེ་ལས་ཀ་ཁ་ག་ང་། ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཡ། ར་ལ་ཤ་ས། ཧ་སོགས་གསལ་བྱེད་ཉེར་གསུམ་དང་རྒྱ་གར་གྱི་དབྱངས་བཅུ་དྲུག་ལས་ཨ་ཡིག་བླངས་ནས་གསལ་བྱེད་ཉེར་བཞིས་ཁ་གསབ་སྟེ། བོད་ཀྱི་ཡི་གེ་འཐུས་ཚང་དུ་བཏང་ནས་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་གཏན་ལ་ཕབ་ཅིང་། དེའི་གཞུང་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་བརྩམས་ནས་ཆོས་དང་རིག་གཞུང་། རྒྱལ་སྲིད་སྐྱོང་བ་ལ་འགྲན་ཟླ་དང་བྲལ་བའི་ད་ལྟའི་བོད་ཀྱི་ཡི་གེ་འདི་ཉིད་ཐོན་མི་སམ་བྷོ་ཊས་གསར་གཏོད་མཛད་པ་དང་། དེའི་རྗེས་སུ་ས་སྐྱ་པཎྡི་ཏས་ཐོན་མི་སམ་བྷོ་ཊས་བརྩམས་པའི་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པའི་གཞུང་གི་དངོས་གཞི་ལ་མཆོད་བརྗོད་དང་མཇུག་བྱང་མཛད་དེ། ཕྱིས་བྱུང་གི་བསྟན་བཅོས་རྣམས་དང་མཐུན་པར་མཆོད་བརྗོད་དང་མཇུག་བྱང་བཅས་མགོ་མཇུག་ཆ་ཚང་བར་མཛད་པ་ཡིན་ནོ། །
གསུམ་པ། མཇུག་བསྡུ་བ།
མདོར་ན། གནའ་རབས་ཞང་ཞུང་བོད་ཀྱི་རིག་གནས་ལ་བརྟེན་ནས། ཞང་ཞུང་བོད་ཀྱི་འགྲོ་བ་སྤྱི་དང་བྱེ་བྲག་ཡུལ་ཕྱོགས་སོ་སོའི་རང་རང་གི་རིགས་ཀྱི་བྱུང་ཁུངས་ཁྱུང་ལས་བྱུང་བར་འདོད་པས། རྒྱའི་སྐད་དུ་ཞང་ཞུང་བོད་ཀྱི་མི་རིགས་ལ་ཁྱུང་རིགས་སམ་ཆང་རིགས་(羌族)ཞེས་འབོད་པས། ད་ལྟའང་བོད་ཀྱི་སྲོལ་རྒྱུན་གྱི་ལས་ཕྱིའི་ལྷ་ཁང་དང་ནང་གི་མཆོད་ཁང་སྟེང་དང་། གསང་བའི་འདུ་ཤེས་སོགས་ཀྱི་ནང་དུའང་ཁྱུང་དང་འབྲེལ་བའི་རིག་གནས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཏུ་གྱུར་ཡོད་ཅིང་། གནའ་བོའི་ཞང་ཞུང་བོད་ཀྱི་རིག་གཞུང་དང་རྒྱ་གར་གྱི་རིག་གཞུང་། བོད་བཙན་པོའི་རིག་གཞུང་བཅས་བར་གྱི་འབྲེལ་བ་མདོར་བསྡུས་ཏེ་དཔེར་དྲངས་ནས་གསལ་བོར་བརྗོད་ན། གནའ་རབས་ཞང་ཞུང་བོད་ཀྱི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་དག་ནི་ཞོའི་རུ་རྩི་ལྟ་བུ་དང་། རྒྱ་གར་གྱི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་རྣམས་ནི་འོ་མ་ལྟ་བུ། ཐོན་མི་སམ་བྷོ་ཊ་དང་གཡུ་ཐོག་ཡོན་ཏན་མགོན་པོ་སོགས་ཀྱིས་དབྱངས་གསལ་དང་སུམ་རྟགས། གསོ་རིག་རྒྱུད་བཞི་གསར་དུ་བརྩམས་པ་སོགས་ནི་ཞོའི་རུ་རྩི་དང་འོ་མ་གཉིས་མཉམ་བསྲེས་བྱས་ནས་གསར་དུ་ཞོ་བརྒྱབ་པ་ལྟ་བུ་ཞིག་ཡིན་ལ། ཞོའི་རུ་རྩི་ལྟ་བུའི་ཞང་ཞུང་གི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་རྨང་གཞི་ནི་གནའ་རབས་ཞང་ཞུང་གི་རྒྱལ་རབས་དུས་ནས་ཡོད་ཅིང་། དེ་ཡོད་པས་ཕྱིས་བྱུང་གི་ཞོ་ལྟ་བུའི་དབྱངས་གསལ་དང་སུམ་རྟགས། གསོ་རིག་རྒྱུད་བཞི་སོགས་ཐུན་མོང་གི་རིག་གཞུང་ཡང་གནའ་རབས་ཞང་ཞུང་གི་རྒྱལ་རབས་དུས་ནས་ཡོད་པར་ཁས་ལེན་མི་རུང་ཞིང་། འོ་མ་ལྟ་བུའི་རྒྱ་གར་གྱི་དབྱངས་གསལ་སོགས་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་མང་པོ་ཞིག་རྒྱ་གར་གྱི་རིག་གཞུང་ནས་ཚུར་བླངས་ཏེ། གནའ་རབས་ཞང་ཞུང་གི་རིག་གཞུང་དང་མཉམ་བསྲེས་བྱས་པར་བརྟེན་ནས། ཕྱིས་བྱུང་གི་ཞོ་ལྟ་བུའི་དབྱངས་གསལ་དང་སུམ་རྟགས། གསོ་རིག་རྒྱུད་བཞི་སོགས་ཐུན་མོང་གི་རིག་གཞུང་གསར་བཏོད་མཛད་པ་ཡིན་པས། དེ་ཉིད་རྒྱ་གར་གྱི་རིག་གཞུང་ཡིན་པར་ཡང་ཁས་ལེན་ག་ལ་རུང་། གནའ་རབས་ཞང་ཞུང་གི་ཞོའི་རུ་རྩི་ལྟ་བུའི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་དང་འོ་མ་ལྟ་བུའི་རྒྱ་གར་གྱི་ཡི་གེ་དང་གསོ་རིག་སོགས་ཐུན་མོང་གི་རིག་གཞུང་གཉིས་མཉམ་བསྲེས་མ་བྱས་པར་ཕྱིས་བྱུང་གི་ཞོ་ལྟ་བུའི་ཡི་གེ་དང་གསོ་རིག་རྒྱུད་བཞི་སོགས་ཐུན་མོང་གི་རིག་གཞུང་ནི་འབྱུང་མི་སྲིད་པ་དང་། རྒྱ་ཡུལ་དང་བལ་ཡུལ་གྱི་རིག་གཞུང་དང་བོད་ཀྱི་རིག་གཞུང་བར་གྱི་འབྲེལ་བའང་དེ་བཞིན་དུ་ཤེས་པར་བྱའོ། །
ཞེས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ཁྱུང་གི་རིག་གནས་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པའི་སྟེང་དུ། ཞང་ཞུང་བོད་ཀྱི་རིག་གནས་ལས་ཁྱུང་གི་མི་རིགས་བྱུང་ཚུལ་སྐོར་ལ་ཅུང་ཙམ་དཔྱད་པ་ཞེས་པའི་དཔྱད་རྩོམ་འདི་མཚོ་སྔོན་ཚད་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་སྒར་བ་ངག་དབང་བཟང་པོས་མཚོ་སྔོན་ཟི་ལིང་ཙོང་ཁ་བརྩེ་ཆེན་དར་རྒྱས་གླིང་དུ་ཕུལ་བ་ལགས། །
ཟུར་ལྟའི་དཔྱད་གཞི།
1.ནམ་མཁའི་ནོར་བུས་བརྩམས་པའི་ཞང་བོད་ལོ་རྒྱུས་ཏི་སེའི་འོད། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས། ༡༩༩༦ལོའི་ཟླ་༥པར།
2.དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོར།
3.མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཏེ་མདའ་དང་འཕང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༩པར།
4.མཁས་པ་ལྡེའུས་མཛད་པའི་ལྡེའུ་ཆོས་འབྱུང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ལོར།
5.དྲན་པ་ནམ་མཁའ་སོགས་ཀྱིས་བརྩམས་པའི་བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་བསྒྲིགས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ་༨པར།
6.གཏེར་སྟོན་ཨོ་རྒྱན་གླིང་པས་བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ལོར།
7.ཚེ་ཏན་ཞབས་དྲུང་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ལོའི་ཟླ་༤པར།
8.ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་བརྩམས་པའི་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ། བོད་ལྗོངས་དཔེ་རྙིང་དཔེ་བསྐྲུན་ཁང་། ༡༩༩༡ལོའི་ཟླ་༣པར།
9.བྱང་མཁྱེན་རབ་རྒྱ་མཚོས་བརྩམས་པའི་བོད་བཙན་པོའི་ལོ་རྒྱུས་ལ་དཔྱད་པ་རིགས་པ་སྨྲ་བའི་རང་ཚུགས། ཧྲང་ཧེའི་མཐོ་རིམ་ཤེས་རིག་དར་སྤེལ་དཔེ་སྐྲུན་ཁང་། ༢༠༡༧ལོའི་ཟླ༢པར།
10.དཔལ་འབྱོར་བཟང་པོས་བརྩམས་པའི་རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོའི་ཟླ་༦པར།
11.བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི་མདོ་སྨད་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ལོའི་ཟླ་༣པར།
12.ཁྱུང་པོ་དཔལ་རྒྱལ་གྱིས་བརྩམས་པའི་ཞང་བོད་བུ་ཡི་བགྲོ་གླེང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ལོའི་ཟླ་༧པར།
13.བོད་ཀྱི་བོན་དགོན་ཁག་གི་ལོ་རྒྱུས་དང་ད་ལྟའི་གནས་བབས། ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ལོའི་ཟླ་༡༠པར།
14.སྟོད་མངའ་རིས་ཀྱི་དགོན་སྡེ་ཁག་གི་དཀར་ཆག་དྭངས་གསལ་མེ་ལོང་། མངའ་རིས་སྲིད་གྲོས་ཀྱི་མི་རིགས་ཆོས་ལུགས་རིག་གནས་ལོ་རྒྱུས་ཨུ་ལྷན་གྱིས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༥ལོའི་ཟླ་པར།
15.གངས་རིའི་ས་སྤྱོད་རྒྱལ་པོའི་རྒྱལ་རབས། —མཆོག་རྩེའི་རྒྱལ་རབས་བཅུ་དྲུག་པ་བསོད་ནམས་ཚེ་རིང་གི་རྣམ་ཐར། སྲིད་གྲོས་འབར་ཁམས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་དང་རྔ་བ་ཁུལ་རྒྱལ་རོང་རིག་གནས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ༡༢པར།
汉文资料:
1.才让太、顿珠拉杰著《苯教史纲要》(汉文),中国藏学出版社,2015年6月。
2.《册府元龟》吐蕃史料校正(汉文),四川民族出版社,1981年12月。
3.苏静仁编《通鉴吐蕃史料》(汉文),四川人民出版社,1982年5月。
4.张云著《上古西藏与波斯文明》,中国藏学出版社,2005年。