ཤེལ་ཞིག་གཡུང་དྲུང་རྒྱལ་པོའི་མི་ཚེ་དང་ལྟ་གྲུབ་སྐོར་ལ་དཔྱད་པ།

[ཟླ་ཚེས། 2022-05-13 16:56:43][རྩོམ་པ་པོ། དགེ་བཤེས་གཙུག་གཤེན་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ས་བཅད་དང་པོ།   ཁོང་གི་མཚན་གྲངས་དང་རིགས་རུས་འཁྲུངས་ཡུལ་སྐོར།  
 
གཅིག  ཤེལ་ཞིག་གཡུང་དྲུང་རྒྱལ་པོའི་མཚན་གྲངས་ཀྱི་སྐོར།
   སྤྱིར་བན་བོན་གྲུབ་མཐའི་ཁྱད་མེད་པར་གཏེར་སྟོན་རྣམས་ལ་ཕྱི་ནང་གསང་བ་ཡང་གསང་གི་མཚན་གྲངས་མང་པོ་ཡོད་སྲོལ་འདུག  ཁོང་ཡང་གཏེར་སྟོན་ཆེན་པོ་ཞིག་ཡིན་པས་མཚན་གྱི་རྣམ་གྲངས་འགའ་ཞིག་ཡོད་པ་རེད།   དེ་ཡང་ཀུན་གྲོལ་གྲགས་པའི《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》དང་བདེ་ཆེན་གླིང་པའི《གཤེན་རབ་བཀའ་འབུམ་དཀར་ཆག》གསང་སྔགས་གླིང་པའི་གཏེར་མ《དྲན་པའི་རྣམ་ཐར་གཡུང་དྲུང་གསང་བའི་མཛོད་ཆེན》སོགས་ལས་ཁྱུང་པོ་རིན་ཆེན་གླིང་པ་དང་མི་ཤིག་རྡོ་རྗེ།  ཤེལ་ཞིག་གཡུང་དྲུང་རྒྱལ་པོ་བཅས་ནི་ཁོང་གི་མཚན་གྱི་རྣམ་གྲངས་ཡིན་པ་བཤད་ཡོད།   ཁོང་གི་སྙན་རྒྱུད་བོན་སྡེ་ཁག་མཇལ་སྐབས་ང་ཚོས་ཁོང་གི་མཚན་གྱི་རྣམ་གྲངས་འགའ་ཞིག་རྟོགས་ཐུབ།  དཔེར་ན།  ཁོང་གི་སྙན་རྒྱུད་དཔེ་ཆ་གྷུ་རུ་ཞི་དྲག་སྒྲུབ་སྐོར་ནང་གི་ལེའུ་ཁ་ཤས་ཀྱི་མཇུག་བྱང་དུ་ཁོང་གི་མཚན་ལ་མི་ཤིག་ཨོ་རྒྱན་གླིང་པ་དང་མི་ཤིག་གླིང་པ་ཞེས་བཀོད་འདུག   ཡང་སྙན་རྒྱུད་བོན་སྡེ་འགའ་ཞིག་གི་ནང་དུ་ཁོང་གི་མཚན་ལ་རྡོ་རྗེ་གླིང་པ་ཞེས་བཀོད་པ་ཡང་འདུག   ལས་གྲུབ་ཡེ་ཤེས་མཁའ་འགྲོ་སོགས་ཀྱིས་སྙན་དུ་བརྒྱུད་པའི་དཔེ་ཆ《ཚེ་དབང་ཡང་ཞུན》ནང་གི་ལེའུ་བཅུ་དྲུག་པ།  «བསྐང་བཤགས་རིན་ཆེན་སྤུངས་པ» ཞེས་པའི་མཇུག་བྱང་དུ“དུས་མཐའི་རྣམ་འབྱོར་དྲུང་མུ་ཝེར་རོ་ལ།   སྟོན་ཟླ་ཐ་ཆུང་ཚེས་པ་བཅོ་ལྔ་ལ།   དབེན་གནས་གཡུ་ཁྲ་ཕུག་ཏུ་སྙན་དུ་བརྒྱུད།”ཅེས་ཁོང་གི་མཚན་དྲུང་མུ་ཝེར་རོ་ཞུ་བ་གསལ་ཡོད།   འདི་ནི་ཞང་སྐད་དེ་དྲུང་མུ་ནི་གཡུང་དྲུང་ཞེས་པའི་དོན་དང་ཝེར་རོ་ནི་རྒྱལ་པོ་ཞེས་པའི་དོན་ཡིན།   དེ་ལྟར་ཁོང་གི་མཚན་འགའ་ཞིག་ཡོད་ཀྱང་ནམ་རྒྱུན་ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ་མི་ཤིག་རྡོ་རྗེ་ཞེས་འབོད་སྲོལ་ཡོད།  དེ་གཉིས་ལ་གོ་དོན་ཐད་ནས་ཁྱད་པར་ཆེན་པོ་མེད།   ཤེལ་ཞིག་གཡུང་དྲུང་རྒྱལ་པོ་ནི་ཁོང་གི་རུས་མིང་མཉམ་དུ་ཡོད་པའི་བོན་ལུགས་ཀྱི་མིང་བརྡ་ཞིག་ཡིན་ལ།  མི་ཤིག་རྡོ་རྗེ་ཞེས་པ་ནི་གཙོ་བོ་ཐུབ་བསྟན་ཆོས་ལུགས་དང་འབྲེལ་བའི་མིང་བརྡ་ཞིག་ཡིན།  (ཡི་གེའི་ཟུར་ཡངས་པའི་ཆེད་དུ་གཤམ་དུ་ཁོང་གི་མཚན་ལ་མི་ཤིག་ཅེས་བཀོལ་སྤྱོད་བྱས་ཡོད།)
གཉིས།   ཁོང་གི་རིགས་རུས་སྐོར།
   ཁོང་གི་རིགས་རུས་ནི་བོན་གྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་གདུང་རྒྱུད་ཞིག་པོ་བཅོ་བརྒྱད་ཡོད་པ་ལས་ཤེལ་ཞིག་གི་ཁོངས་སུ་གཏོགས་པ་ཡིན།   རུས་རྒྱུད་འདིའི་སྐོར་ཞིབ་ཏུ་གླེང་ན་ཅུང་ཙམ་བཤད་རྒྱུ་ཡོད་སྲིད་མོད།   འདིར་མདོར་བསྡུས་ཙམ་ཞིག་གླེང་བར་བྱའོ།།   ཕྲན་གྱི་ལག་ཏུ་སོན་པའི་དཔྱད་གཞིའི་ཡིག་ཆ་ལྟར་ན།  ཤེལ་ཞིག་རུས་རྒྱུད་ཀྱི་རུས་ཁུངས་ནི་ཆེས་གནའ་བོའི་དུས་སུ་བོད་ཡུལ་དུ་གདུང་རྒྱུད་ཀྱི་རྒྱལ་པོ་དྲུག(1)བྱུང་བ་ལས་རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད་དུ་གཏོགས་པར་བཤད(2)།  རུས་འདིར་རྒོད་རྗེ་རྒྱ་ཡི་གདུང་ཟེར་ཞིང་བོན་གྱི་སྲིད་པའི་ལྷ་གསས་ཆེན་རིགས་ལྔ་ལས་རྒོད་གསས་ཀྱི་གདུང་རྒྱུད་ཡིན་པས་དེ་སྐད་འབོད།   རྒོད་གསས་ནས་བཟུང་སྟེ་ཕལ་ཆེར་མི་རབས་བདུན་ཡན་མན་འདས་རྗེས་རུས་རིགས་འདི་ནས་རྒྱ་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་ཞུ་བ་དེ་ཉིད་འཁྲུངས་པ་རེད།   ཁོང་ནི་བོན་གྱི་ལོ་རྒྱུས་ནང་སྟོན་པ་གཤེན་རབ་མི་བོ་ཆེའི་ཡོན་བདག་གཙོ་བོ་ཞིག་ཡིན་པ་གསལ་བས་ཁོང་རྣམ་གཉིས་ནི་དུས་མཉམ་དུ་བྱོན་པ་ཤེས་ཐུབ།   བོན་གྱི་བསྟན་རྩིས་ལྟར་ན་སྟོན་པ་གཤེན་རབ་བྱོན་ནས་ད་བར་ལོ་ངོ་གཅིག་ཁྲི་བརྒྱད་སྟོང་ལྷག་ལ་སོན་པ་བཤད་ཅིང་།   དེང་རབས་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཐབས་ལམ་བེད་སྤྱོད་གནང་སྟེ་ལོ་རྒྱུས་སྨྲ་མཁན་གྱི་མཁས་དབང་མང་པོས་ཀྱང་བོད་བཙན་པོའི་རྒྱལ་རབས་དབུ་མ་ཚུགས་པའི་སྔོན་ནས་སྟོན་པ་གཤེན་རབ་བྱོན་པ་གླེང་འདུག་པས་རུས་རྒྱུད་འདིའི་ལོ་རྒྱུས་ཀྱི་ཕུགས་ཐག་རིང་ཐུང་གང་འདྲ་ཡིན་པ་གསལ་བཤད་བྱས་ཡོད།   
    དེའི་རྗེས་སུ་སྤུ་རྒྱལ་བཙན་པོ་ཁྲི་ཐོག་གཉིས་པ་མུ་ཁྲི་བཙན་པོའི་དུས་སྐབས་ཙམ་ལ་འཛམ་གླིང་མཁས་པའི་རྒྱན་དྲུག་བྱུང་ཞིང་།   རྒྱན་དྲུག་ནང་ཚན་རྒྱ་ནག་ལེགས་ཏང་རྨང་པོ་ནི་རྒོད་རྗེ་རྒྱ་ཡི་རིགས་སུ་གཏོགས་ཤིང་བཞུགས་ཡུལ་ནི་དེང་གི་དར་རྩེ་མདོའམ་གནའ་བོའི་དུས་སུ་རྒྱ་སོ་དར་རྩེ་ཞེས་པ་དེ་ཡིན་པ་བཤད་ཡོད།  མི་ཤིག་མཆོག་ལ་ཤེལ་བྲག་ཚལ་དུ་གྱིམ་ཚ་རྨ་ཆུང་གིས་སྙན་དུ་བརྒྱུད་པར་གྲགས་པའི《ཤེལ་རབ་གསོལ་འདེབས་ཤེལ་དཀར་ཕྲེང་བ》ལས“སྔོན་ཚེ་རྒྱ་ནག་གྲོང་ཁྱེར་དུ།།   ཀུན་དགའ་འོད་འཕྲོས་ཤར་ཕྱོགས་ཀྱི།།  རྒྱ་ནག་ཁྲི་མཚོ་མཚོ་ཡི་དཀྱིལ།།  མེ་ཏོག་པད་མ་རྭ་བའི་དབུས།།  མེ་ཏོག་ཤར་གླིང་དཀར་པོའི་དཀྱིལ།།  འགྲོ་བ་སེམས་ཅན་དོན་ཆེད་དུ།།  དབྱིངས་ཉིད་ཀུན་ཏུ་བཟང་པོ་ཡིས།།  ཐུགས་ལ་འོད་ཟེར་ལྔ་སྤྲོས་པའི།།   མེ་ཏོག་དེ་ཡི་དབུས་སུ་བབས།།  རྫུ་འཕྲུལ་ཐབས་ཀྱི་སྤྲུལ་པ་ལས།། ཤེལ་གྱི་སྒོང་ང་འོད་ཆེན་འཁྲུངས།། ཤེལ་སྒོང་དཀར་པོ་ཞིག་ནང་ནི།། ཤེལ་གྱི་མི་ཆུང་ཚོན་གང་ལ།། མཚོ་རོལ་གཡུ་ཡི་དབུ་སྐྲ་ཅན།།  དུང་གི་ཨག་ཚོམ་མཐོ་གང་པ།།  སྐུ་ལ་དར་དཀར་རལ་ག་གསོལ།།  ཕྱག་ན་ཨུ་དུ་འབར་བ་ནི།།  ཡིད་བཞིན་ནོར་བུ་བརྒྱན་པ་བསྣམས།།  མི་མིན་ལྷ་མིན་མཆོད་པ་ཕུལ།།  རྒྱ་ནག་ཇིང་གེར་རྒྱལ་པོས་རྙེད།། དེ་ལ་མིང་དང་མཚན་གསོལ་བ།།  ཟིང་པ་མཐུ་ཆེན་ཞེས་ཀྱང་བྱ།།  ཧ་ཤང་རྒྱལ་བོན་ཞེས་ཀྱང་བྱ།།  རྒྱ་ནག་ལེགས་ཏང་རྨང་པོ་གསོལ།།”ཞེས་ལེགས་ཏང་རྨང་པོ་མཆོག་དང་པོ་ཤེལ་གྱི་སྒོ་ང་ལས་འཁྲུངས་པ་དང་ཤེལ་ཞིག་གི་ཐ་སྙད་ཀྱང་དེ་ལས་བྱུང་བ་ངོས་འཛིན་གནང་ཡོད།  སྒོང་སྐྱེས་ལས་གདུང་རབས་གྲོལ་ཚུལ་འདི་བོན་གྱི་ལོ་རྒྱུས་ཁྲོད་དར་ཁྱབ་ཆེ་ཞིང་།   རུས་རྒྱུད་མང་པོ་ཞིག་གིས་སོ་སོའི་རུས་རིགས་ཀྱི་ཆེ་བ་མཚོན་ཆེད་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཞིག་བརྩམས་སྲོལ་ཡོད་འདུག   གཏམ་རྒྱུད་འདི་མི་ཤིག་མཆོག་གིས་རང་གི་རུས་རྒྱུད་ཀྱི་ཆེ་བ་འདོན་པའི་ཆེད་དུ་གསར་དུ་བཟོས་པའམ་ཡང་ན་ཁོང་གི་ཡབ་མེས་ཚོའི་ངག་རྒྱུན་ཁྲོད་ཡོད་པའི་སྔོན་གྱི་གཏམ་རྒྱུད་ཅིག་ལ་གཞི་བྱས་ནས་བརྩམས་པ་གང་ཡིན་རྟོགས་དཀའ་བ་ཞིག་རེད།  གང་ལྟར་གཏམ་རྒྱུད་འདི་ཤེལ་ཞིག་གི་མིང་བརྡ་བྱུང་ཚུལ་ལ་འབྲེལ་བ་དམ་ཟབ་ཡོད་པ་འདྲ།   འགའ་ཞིག་གིས་ཤེལ་ཞིག་ཅེས་པའི་མིང་བརྡ་ནི་མི་ཚང་ཞིག་གིས་རྟེན་དྲི་མེད་ཤེལ་སྐུ་ཉར་ཚག་བྱས་པས་དེ་ཚང་གི་རུས་རྒྱུད་ལ་ཤེལ་ཞིག་ཅེས་འཐོགས་པར(3)བཤད་ལ།  ཡང་འགས་གདུང་རིགས་ལ་སྐྱོན་གྱིས་མ་གོས་པ་ཤེལ་དཀར་ལྟ་བུ་ཡིན་པས་དེ་ལྟར་འབོད་པ(4)བཤད་ཡོད།  
    གུས་པའི་བསམ་ཚུལ་ཡིན་ན་གོང་གི་གཏམ་རྒྱུད་འདི་མི་ཤིག་ཁོང་གིས་གསར་དུ་བཟོས་པ་ཞིག་མ་ཡིན་པར་སྔོན་གྱི་ངག་རྒྱུན་ཞིག་ཁོང་གིས་ཤོག་ཐོག་ཏུ་ཕབ་པ་ཡིན་ཤས་ཆེ།   ཤེལ་ཞིག་ཅེས་པའི་ཐ་སྙད་འདི་དུས་རབས་བཅུ་གཅིག་པའི་ནང་ནས་ཡོད་པ་གསལ་ཏེ།    ཞིག་པོ་བཅོ་བརྒྱད་ཀྱི་ཐ་སྙད་ནི་ཞུ་སྒོམ་འཁྲུལ་ཞིག་གི་རྣམ་ཐར་ལས་བྱུང་ཞིང་།  ཞུ་སྒོམ་འཁྲུལ་ཞིག་གི་སློབ་མར་ཞིག་པོ་བཅོ་བརྒྱད་བྱུང་བ་བཤད་ཡོད།   ཞུ་སྒོམ་འཁྲུལ་ཞིག་གི་འཁྲུངས་འདས་ལོ་ཚིགས་སྐོར་ལ་བཞེད་པ་མི་མཐུན་པ་འགའ་ཞིག་འདུག་ཀྱང་།  ས་དམར་ཚེ་རིང་དོན་གྲུབ་ལགས་ཀྱིས«ཞུ་སྒོམ་འཁྲུལ་ཞིག»སྐོར་ལ་ཞིབ་འཇུག་གཏིང་ཟབ་བྱས་རྗེས་ཁོང“སྤྱི་ལོ1065ལོ་ཙམ་ལ་འཁྲུངས་པར་སྙམ”ཞེས་སྡོམ་ཚིག་བཀོད་གནང་འདུག   དེས་ན་དུས་རབས་བཅུ་གཅིག་པའི་ནང་ནས་རྒོད་རྗེ་རྒྱ་ཡི་རྒྱུད་པ་ཁ་ཅིག་ལ་ཤེལ་ཞིག་ཅེས་པའི་ཐ་སྙད་འདོགས་སྲོལ་ཡོད་པ་ཤེས་ཐུབ།   རབ་བྱུང་དགུ་པའི་གཡས་གཡོན་དུ་ཁམས་ཁྱུང་ཡུལ་དུ་ཤེལ་ཞིག་གི་གདུང་རབས་བྱུང་ཞིང་དེ་དག་གི་འགྲོ་དོན་རྒྱས་པའི་འགོ་ཚུགས་ཡོད།   མི་ཤིག་ཁོང་གི་ཡབ་ཡུམ་གྱི་མཚན་ལ་གང་ཞིག་ཞུ་བ་དང་གཅེན་གཅུང་གང་འདྲ་ཡོད་པ།  ཁྱིམ་ཚང་གི་གནས་ཚུལ་དང་འཚར་ལོངས་བྱུང་བའི་བརྒྱུད་རིམ་གང་འདྲ་ཡིན་པ་སོགས་དཔྱད་གཞི་ཁག་ཏུ་གསལ་པོར་འཁོད་མེད། 
གསུམ།  ཁོང་གི་འཁྲུངས་ཡུལ་སྐོར།  
     ཁོང་གི་འཁྲུངས་ཡུལ་ནི་འབྲེལ་ཡོད་ཡིག་ཆ་ཁག་ཞལ་མཐུན་པར་བོད་མདོ་དབུས་ཁམས་གསུམ་ལས་ཁམས་ཆབ་མདོ་ཁྱུང་པོ་སྟེང་ཆེན་རྫོང་ཡིན་པ་གསལ་ཡོད།   ཁོང་ཁྱུང་པོ་སྟེང་ཆེན་གྱི་ནང་གསེས་ས་ཆ་གང་དུ་འཁྲུངས་མིན་ཐད་ནས་དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས་པའི《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས“དང་པོ་ཁྱུང་ཡུལ་སྟོད་དུ་བྱོན་པ་ཡི།།  ཤེལ་ཞིག་སྤྲུལ་སྐུ་གཡུང་དྲུང་རྒྱལ་པོ་ལ།།  རིག་འཛིན་མཁའ་འགྲོས་སྙན་དུ་བརྒྱུད་པའི་བོན།།”(5) ཞེས་ཁོང་ཁྱུང་ཡུལ་སྟོད་སྨད་གཉིས་ལས་སྟོད་དུ་འཁྲུངས་པ་གསལ་ཡོད།   ཁོང་གི་འཁྲུངས་ཡུལ་ཐད་ཀྱི་དཔྱད་གཞི་གལ་ཆེན་ཞིག་ནི་ཁོང་གི་ཡང་སྲིད་སངས་རྒྱས་གླིང་པའི་རྣམ་ཐར་དེ་ཆགས་ཡོད།  ཁོང་རྣམ་གཉིས་སྐུ་གོང་འོག་ཡིན་པས་དུས་སྔ་ཕྱི་རིང་པོར་འགྱངས་མེད་པ་མ་ཟད།   སངས་རྒྱས་གླིང་པས་སྐུ་གོང་མ་མི་ཤིག་རྡོ་རྗེའི་ལོ་རྒྱུས་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད།  ཁྱུང་ཡུལ་རི་ཐ་རྒྱུད་ཀྱི་ངག་རྒྱུན་ཁ་ཤས་ལ་མི་ཤིག་རྡོ་རྗེ་རི་ཐ་རྐོང་ནང(6)ཞེས་པའི་ས་ཆར་འཁྲུངས་པ་བཤད་སྲོལ་ཞིག་འདུག  གུས་པས་རྒྱུས་ལོན་བྱུང་བ་ལྟར་ན།  ལུང་པ་འདི་ནི་སྔོན་མ་སྒར་ཁང་དཔོན་དང་།  རྒན་པོ་བོར་སྟག་ཚ་རྒན་ཆེན་ཚང་།  ལྡིང་དཔོན་ཕུ་སྒོ་གྱེར་དབྲ་ལྡིང་དཔོན་ཚང་གསུམ་གྱི་འབྲོག་ས་ཡིན་འདུག  དབྱར་དུས་སུ་སྦྲ་གུར་འཕུབ་སྟེ་འདུག་པ་ལས་དགུན་དུས་སུ་འདུག་སྲོལ་མེད་པ་ཡིན་འདུག་ལ།  ཤེལ་ཞིག་སོགས་མི་ཚང་གི་ཁྱིམ་གཞིས་ཆགས་པའི་བཤད་སྲོལ་མི་འདུག  འདིའི་ཐད་སངས་རྒྱས་གླིང་པའི་རང་རྣམ《སྐྱེས་རབས་རྣམ་ཐར་རྡོ་རྗེ་རིན་ཆེན་ཕྲེང་བའི་རྒྱན》(གཤམ་ནས་རྡོ་རྗེ་རིན་ཕྲེང་ཞེས་བསྡུས་ཡོད)ལས་སངས་གླིང་མཆོག་སྤྱི་ལོ(༡༧༣༤)ལོར་རྒྱལ་རོང་ནས་ཡར་ཁྱུང་ཡུལ་ཕེབས་སྐབས་རྫ་ཆུ་སྙིང་ཐང་ནས་ཁྱུང་ཡུལ་གསེར་ཚར་ཕེབས་པའི་ལམ་བར“རིམ་པར་ཕེབས་པའི་ལམ་བར་འབྲོག་རུ་འགའ།  ཉེ་བར་སྒར་ཚེ་སྤྲུལ་སྐུ་སྐུ་ཞོག་གི།  སྐྱེ་བ་གོང་མ་མི་ཤིག་རྡོ་རྗེའི་དུས།   རྒྱལ་སྲས་ནམ་མཁའ་གྲགས་པ་དེར་བཞུགས་པའི།   སྤྱན་དྲངས་བཀུར་བསྟི་རིམ་འགྲོ་ཆེ་བར་མཛད།  དབང་ལུང་མན་ངག་ཞུས་ཤིང་གསོལ་བ་བཏབ།   ཞབས་བརྟན་ལེགས་ཕུལ་བཀྲ་ཤིས་སྨོན་ལམ་ཞུས།”(7)ཞེས་གསལ་ཡོད།  དེ་ལྟར་དཔྱད་ན།  མི་ཤིག་གི་སྐུ་སྲས་ནམ་མཁའ་གྲགས་པ་དབྱར་དུས་སུ་འབྲོག་ས་དེར་ཏོག་ཙམ་བཞུགས་ཡོད་པ་ཤེས་ཐུབ།  འདི་ནི་སངས་གླིང་མཆོག་དང་སྐུ་སྲས་ནམ་མཁའ་གྲགས་པ་གཉིས་ཀྱི་མཇལ་འཕྲད་ཐེངས་གཉིས་པ་དེ་ཡིན་ལ།  དང་པོ་ནི་སངས་གླིང་ཐོག་མར་ཁྱུང་ཡུལ་བྱོན་པའི་སྐབས་ཏེ་སྤྱི་ལོ(༡༧༢༧)ལོར་ཡིན།  ལོ་དེར་ནམ་མཁའ་གྲགས་པ་དང་མཇལ་འཕྲད་མཛད་པ་ལས་ནམ་མཁའ་གྲགས་པ་སྲས་ཡོད་པའི་སྐོར་མ་འཁོད་མི་འདུག   མཇལ་འཕྲད་ཐེངས་གཉིས་པ་ཐོག་ནམ་མཁའ་གྲགས་པ་ལ་སྲས་ཚེ་དབང་རྒྱལ་པོ་ཞེས་པ་ཞིག་ཡོད་པ་གསལ་ཡོད།  མི་ཤིག་འདིར་འཁྲུངས་པའི་ངག་རྒྱུན་ཡོད་པ་དང་ལུང་ཚིག་འདི་དག་ལ་དཔྱད་ན།  ཕལ་ཆེར་མི་ཤིག་གི་ཚ་བོ་ཚེ་དབང་རྒྱལ་པོ་འབྲོག་ས་འདི་རུ་འཁྲུངས་པ་ཡིན་ནམ་སྙམ། 
    འོ་ན།  མི་ཤིག་གང་དུ་འཁྲུངས་པ་ཡིན་ནམ་ཞེ་ན།   སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ལས“ཡང་ཞིག་གྱིམ་ཤོད་ནུབ་ཕྱོགས་སུ།   གསེར་རི་གཡུ་ལུང་གྱིམ་ཚ་ཡུལ།   གཡུང་དྲུང་རྒྱལ་པོ་ཞེས་བྱ་བ།   ཟངས་མདོག་དཔལ་རིར་དངོས་གྲུབ་བླངས།   ལྷའི་རིག་འཛིན་མངོན་གྱུར་པའི།   གཡུང་དྲུང་བསྟན་འཛིན་སྨོན་ལམ་སྦྱར།   ལྔ་བརྒྱ་གསལ་བའི་སྒྲོན་མེ་བཀོད།   མི་ཤིག་རྡོ་རྗེ་བྱ་བར་གྱུར།”(8)ཞེས་མི་ཤིག་གི་འཁྲུངས་ཡུལ་ཁྱུང་པོ་རྩེ་དྲུག་གི་ནུབ་ཕྱོགས་གསེར་རི་གཡུ་ལུང་གྱིམ་ཚ་ཞེས་པའི་ཡུལ་དེར་ཡིན་པ་བསྟན་ཡོད།   གསེར་རི་གཡུ་ལུང་སྐོར་བོད་ཀྱི་ལོ་རྒྱུས་ཡིག་ཚང་རླངས་བྱང་ཆུབ་འདྲེ་བཀོལ(968-1076)གྱིས་བརྩམས་པའི《རླངས་ཀྱི་པོ་ཏི་བསེ་རུ་ཆེ་དགེ་ཡིག་ཚང་དང་།  མི་རྒྱུད་གྲོལ་ཐབས》ལས“ཡུལ་འཛིན་སྔ་བ་ཡང་གསེར་པས་གསེར་རིས་བཟུང་།  གཡུ་པས་གཡུ་རིས་བཟུང་།   རུ་དཔོན་གྱིས་སུམ་ཅུ་པ་རླངས་ཡུལ་གྱིམ་ཤོད་བྲག་ཤེལ་ལེ་རྒྱ་གར་གྱི་ཞོལ་རྟ་ཤོད་ལུང་དམར་བཟུང”(9)ཞེས་བྱུང་།  དུས་རབས་བཅུ་གཅིག་པའི་སྔོན་རོལ་དུ་དེང་གི་ཁྱུང་པོ་སྟེང་ཆེན་གྱི་ས་ཁུལ་དུ་རླངས་རུས་རྒྱུད་ཀྱིས་དབང་སྒྱུར་བྱས་པ་དང་།   སྐབས་དེར་དེང་གི་ཁྱུང་པོའི་ཡུལ་ཕྱོགས་འདིར་གསེར་རིས་དང་གཡུ་རིས་རྟ་ཤོད་ལུང་དམར་བཅས་ཡུལ་ཕྱོགས་ཀྱི་ཆ་ཤས་ཆེན་པོ་གསུམ་དུ་དབྱེ་སྲོལ་ཡོད་པ་འདྲ།  གཞན་ཡང་གསེར་རི་གཡུ་ལུང་སྐོར་འཁོད་པ་ནི་སྤྲུལ་སྐུ་བློ་ལྡན་གྱི་ལུང་བསྟན་ཁ་བྱང《ལུང་བསྟན་གསལ་བའི་མེ་ལོང》ལས“རྡ་ཕུ་དར་མཚོ་སྦས་པའི་ཡུལ་ཅིག་ཡོད།  གསེར་རི་གཡུ་རི་གཉིས་ལ་སྦས་ཡུལ་ཡོད། སྤུ་རྒྱལ་མོ་ནོམ་དག་ལ་སྦས་ཡུལ་ཡོད།”(10)ཞེས་དང་།   ཁོང་གི་ལུང་བསྟན་ཁ་བྱང《གསལ་བྱེད་ཉི་མའི་འཁོར་ལོ》ལས“མདོ་གམ་ལྷོ་སྨད་གསེར་གཡུ་གཉིས་ཀྱི་ཡུལ།  ཁྱུང་པོའི་གདན་ས་དཔལ་གྱི་འབྲོང་རྫོངས་སུ།”(11)ཞེས་དང་།  ཡང་དེ་ཉིད་ལས“རོང་ལྷ་རྒྱལ་མཚན་མོན་ནོམ་མཆེད་བརྒྱད་དང་།  གསེར་རི་གཡུ་རི་ཤེལ་ཕུག་དཀར་པོ་དང་།  རྔུ་རྫ་སྒང་རོང་གནས་ཕྲན་ཐམས་ཅད་ལ།  གཏེར་དང་སྦས་ཡུལ་གསང་ཕུག་མང་དུ་ཡོད།”(12)ཞེས་གསལ་ལ།  གཏེར་སྟོན་གསང་སྔགས་གླིང་པས་བརྩམས་པའི《གཞི་བདག་རི་སྔོན་གསེར་ཐུལ་བསང་ཡིག》ལས“ཀྱཻ་གསེར་རི་གཡུ་ལུང་ཕྱོགས་ལ་མངའ་མཛད་པའི།  སྲིད་རྗེ་རི་སྔོན་སྐུ་བླ་གཉན་པོ་ནི།”(13)ཞེས་གསལ་ཡོད།  དེ་ལས་གསེར་རི་ཡུལ་ཕྱོགས་ནི་དེང་གི་སྟེང་ཆེན་རྫོང་ནས་ལྷ་སར་འགྲོ་སའི་ལམ་བར་ཁྱུང་ཉིལ་ལ་གཡས་གཡོན་ཏེ་གཙོ་བོ་གསེར་ཚ་ཤང་གི་ཕྱོགས་སུ་ངོས་འཛིན་སྲོལ་འདུག   གཡུ་ལུང་ནི་སྟེང་ཆེན་རྫོང་གི་ནུབ་རྒྱུད་ག་ཆུ་འབབ་ཡོང་སའི་ལུང་པ་སྟེ་ག་རེ་འགག་གི་རྒྱུད་ལ་ག་རེའི་གཡུ་མཚོ་སྔོན་མོ་དང་སྤུ་རྒྱལ་གནས་ཀྱི་བྱང་ཤར་རྔུལ་ཁྱིམ་ཤར་རོང་གི་སྟོད་རྒྱུད་དུ་གཡུ་ལུང་ནང་ཞེས་པའི་ས་ཆ་སོགས་ཡོད་ཅིང་།   ལུང་པའི་ཉིན་སྲིབ་ཀུན་ཏུ་གཡུ་ཤུག་གི་ལོ་འདབ་རྒྱས་པ།   དེ་ནས་མར་ཡོང་ན་ཟམ་ཞིག་ཤང་གི་ཉེ་འགྲམ་དུ་གཡུ་ཁུག་ཉིན་ཞེས་པའི་ས་ཆ་སོགས་ཡོད་པས་ཕྱོགས་དེར་ངོས་འཛིན་སྲོལ་འདུག   ག་རེ་འགག་དང་གསེར་ཚ་གཉིས་ཀྱི་འདུས་མདོ་ནི་དེང་གི་ཁྲི་རྡོ་གྲོང་རྡལ་ཆགས་སའི་གསེར་མདོ་གྲོང་ཡིན།   གསེར་མདོ་ཞེས་བརྗོད་བདེ་ཕྱིར་ཐ་སྙད་བསྡུས་པ་ལས་གསེར་གཡུ་མདོ་ཞེས་པའི་དོན་ཡིན།  ལོ་དྲུག་བརྒྱའི་གོང་དུ་བྱོན་པའི་སྤྲུལ་སྐུ་བློ་ལྡན་སྙིང་པོས་བརྩམས་པའི《བྱང་ཆུབ་ཆེན་པོ་དགེ་བསྙེན་གསོལ་ཁ་མེ་ལོང་དྭངས་མ》ལས“གསེར་རི་གཡུ་རི་ས་འཚམས་སུ་བྲག་དམར་མདོས་ཆེན་འདྲ་བའི་ཞོར་མདུན་དུ”(14)ཞེས་གསལ་ཞིང་།  མི་ཤིག་རྡོ་རྗེའི་ཁ་བྱང《དུས་བཀྲ་གསལ་བའི་བར་བྱང་འཕྲུལ་གྱི་གབ་རྩེ》ལས“ས་གསེར་རི་སུམ་མདོའི་གསེར་ཟམ་དང་།  རྨ་མདའ་ཟེར་བའི་ལུང་པའི་མདོ།”(15)ཞེས་གསལ་འདུག་པ་མ་ཚད། དུས་ཕྱིས་ཀྱི་གཏེར་སྟོན་འགའ་ཞིག་གི་རྣམ་ཐར་ལས་ཀྱང་ས་ཆ་འདི་གསེར་གཡུ་མདོ་ཡིན་པ་བསྟན་ཡོད།  
   མ་གཞི་མི་ཤིག་ཁོང་གི་འཁྲུངས་ཡུལ་རི་ཐ་རྐོང་ནང་ཡིན་ནམ།  ཡང་ན་གསེར་མདོའི་ཕྱོགས་སུ་ཡིན།   ཡང་ན་གཡུ་ལུང་སྟེ་ག་རེའི་ཕྱོགས་སུ་ཡིན་མིན་བཅས་ལ་དཔྱད་དགོས་པ་ཞིག་རེད།  འབྲེལ་ཡོད་ཡིག་ཆ་ཁག་ནས་ཁོང་གི་འཁྲུངས་ཡུལ་རི་ཐ་རྐོང་ནང་ཡིན་པ་མ་གསལ་བ་དང་།  སངས་གླིང་གི་རྣམ་ཐར་ལ་གཞིགས་ན་རི་ཐ་རྐོང་ནང་མིན་པ་ཤེས་ཐུབ།   གོང་དུ་དྲངས་པའི་སངས་གླིང་རྣམ་ཐར་གྱི་ལུང་ཚིག་དེས་ཁོང་གི་འཁྲུངས་ཡུལ་གཡུ་ལུང་གྱིམ་ཚ་ཞེས་པའི་ས་ཆ་དེ་ཡིན་པ་གསལ་པོར་བསྟན་ཡོད།   སངས་གླིང་མཆོག་གིས་གསུངས་པའི་གཡུ་ལུང་གྱིམ་ཚ་ཞེས་པའི་ས་ཆ་དེ་ཡང་སྙིང་གང་དུ་ཡོད་དམ་ཞེ་ན༑   གསེར་མདོ་རུ་རྒྱབ་རི་སྔོ་ཐུལ་སོགས་རི་ལུང་གི་ས་མདོག་སྔོན་པོ་ཡིན་པས་ཁོང་གིས་གསུངས་པའི་ས་ཆ་དེ་འདི་ཡིན་ནམ་སྙམ་པའི་དོགས་གཞི་འབྱུང་སྲིད་པ་རེད།  འོན་ཀྱང་༑ གཤམ་གྱི་ལུང་ཚིག་འདིས་ཁོང་གིས་གསུངས་པའི་གཡུ་ལུང་གྱིམ་ཚ་ཞེས་པའི་ས་ཆ་དེ་གསེར་མདོ་མ་ཡིན་པར་ག་རེའི་ཕྱོགས་སུ་ཡིན་པ་བསྟན་ཡོད།
    དེ་ཡང་སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ལས“ཡང་ཞིག་སྐྱེ་བ་སྔོན་གྱི་ལས་འབྲེལ་པའི།   གསེར་ཡི་བྲག་ར་སྟག་སེང་འགྱིང་འདྲ་གནས།  ལམ་བར་དེ་རུ་ཚོགས་བསྐང་བྱེད་དུ་སོང་།  རིམ་བཞིན་འབྲང་རྫོང་གསེར་རི་ཡུལ་བརྒལ་ནས།   བྲག་དམར་རི་འདུས་བྱ་བར་སླེབ་པའི་ཚེ།  བྱང་གི་འབྲོག་གནས་རེ་འགའ་ཡོང་དུ་འཕྲད།  དབུས་རུའི་ཕྱོགས་སུ་དུས་འགྱུར་ཡོད་འདྲ་བའི།  མི་སྙན་གཏམ་ནི་འུར་ཟིང་ཆེ་བ་ཐོས།  ཁོ་བོ་བདག་ཀྱང་ཡིད་རབ་མ་བདེ་གྱུར།”ཞེས་དང་། “ས་སྤྲེལ་ལོ་ལ་ཀོང་པོ་ལྗོན་པའི་ཚལ།   རོང་ཆེན་དེ་རུ་འགྲོ་དགོས་ལུང་བསྟན་ནས།   ཇི་ལྟར་བྱེད་ཀྱང་བཤོལ་བའི་ཐབས་མ་མཆིས།   ལུས་སེམས་ཟ་ཟི་ཡིད་གཉིས་བར་དུ་ལུས།   དེ་ཚེ་གཡུ་ལུང་གྱིམ་ཚའི་ས་ཆ་ནས།   གོང་མའི་རུས་མཐུན་འགྲུ་ཤེལ་བླ་མ་ཡི།   ག་རེའི་ཕྱོགས་སུ་ཡོང་དགོས་ཕོ་ཉ་བྱུང་།  རེ་ཞིག་གང་འོས་དཔྱད་པའི་ཚུལ་བྱེད་ནས།   ཕྱོགས་དེར་འགྲོ་བར་བྱའོ་བསམ་པའི་ཚེ།”(16)ཞེས་སངས་རྒྱས་གླིང་པ་མཆོག་དགུང་ལོ་ཉེར་གསུམ(༡༧༢༧)ཐོག་ཁྱུང་པོ་རི་བོ་རྩེ་དྲུག་ནས་རིམ་བཞིན་སྟེང་ཆེན་ཁ་དང་ཀ་ལེགས་དགོན་སོགས་སུ་བྱོན་ཅིང་།   དབུས་གཙང་ཁུལ་དུ་གནས་མཇལ་འགྲོ་རྒྱུའི་འཆར་གཞི་བཞག་སྟེ།  ཁྱུང་ཉིལ་ལ་བརྒལ་ནས་འབྲོང་རྫོང་དགོན་སོགས་བརྒྱུད་དེ་ཡར་དེང་གི་སྟེང་ཆེན་ཁྲི་རྡོ་གྲོང་རྡལ་གནས་སའི་གསེར་གཡུ་མདོ་རི་དམར་གཡུང་དྲུང་ལྷ་རྩེའི་འགྲམ་དུ་སླེབས་སྐབས།   བྱང་འབྲོག་ནས་ཡོང་བའི་གནས་མཇལ་བ་འགའ་དང་འཕྲད་དེ་དབུས་ལྷ་ལྡན་ཞིང་དུ་དམག་འཁྲུག་བྱུང་བའི་གནས་ཚུལ་ཐོས་པ་རེད།  དམག་འཁྲུག་འདི་ནི་རྒྱ་བོད་དམག་ཟུང་འབྲེལ་གྱིས་ལྕགས་བྱི(༡༧༢༠)ལོར་སོག་པོ་ཇུ་གར་བའི་དམག་དཔུང་བོད་ཡུལ་ནས་ཕྱིར་སྤྲད་རྗེས།   ལྕགས་གླང(༡༧༢༡)ལོར་མངའ་རིས་སྐོར་གསུམ་གྱི་གཙོ་བོ་ཁོང་ཆེན་ནེ་བསོད་ནམས་རྒྱལ་པོ་སྲིད་ཁྲིར་བཞག་པ་དང་།   བཀའ་བློན་གཙོ་བོ་པའི་སི་ང་ཕོད་པ་རྡོ་རྗེ་རྒྱལ་པོ།   གུང་ལུམ་པ་བཀྲ་ཤིས་རྒྱལ་པོ།   ཕོ་ལྷ་ཐས་ཇི་བསོད་ནམས་སྟོབས་རྒྱལ།   སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་བསྐོས་ཀྱང་མི་རིང་བར་རྒྱལ་བློན་ནང་མི་མཐུན་པར་གྱུར་ཅིང་། “མེ་ལུག(༡༧༢༧)ལོའི་བོད་ཟླ་དགུ་པའི་ཚེས་བཅོ་བརྒྱད་ཉིན།   ལྷ་ལྡན་གཙུག་ལག་ཁང་གི་གཞུང་སྒོའི་ཐོག་ཁའི་ཚོམས་ཆེན་ཁམས་གསུམ་དུ་ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་།  ལུམ་པ་བ་བཀྲ་ཤིས་རྒྱལ་པོ།  སྦྱར་ར་བ་བློ་གྲོས་རྒྱལ་པོ་སོགས་ཀྱིས་དའི་ཅིང་སྦ་དུར་བསོད་ནམས་རྒྱལ་པོར་རལ་གྲི་བསྣུན་ཏེ་བཀྲོངས།  དེའི་བཙུན་མོ་རྒན་གཞོན་གཉིས་དང་ཞབས་འབྲིང་གཙོ་བོ་རྣམས་ཀྱང་དུས་གཅིག་ཏུ་གཟིམ་ཤག་ནང་དུ་དམར་གསོད་བཏང”(17)བས་ལོ་དེར་དབུས་ལྷ་ས་རུ་དུས་ཟིང་ཆེན་པོ་བྱུང་བ་རེད། 
    དེ་ནས་ཁོང་ཐད་ཀར་ལྷ་སར་འབྱོན་སྟབས་མ་བདེ་བས་གསེར་གཡུ་མདོ་རུ་ཞག་ཤས་བཞུགས་སྐབས་གཡུ་ལུང་གྱིམ་ཚའི་ས་ཆར་བཞུགས་པའི་ག་ཤེལ་བླ་མ་རྣམ་རྒྱལ་གྲགས་པས་ཁོང་ག་རེའི་ཕྱོགས་སུ་ཕེབས་དགོས་པའི་ཕོ་ཉ་འབྱོར་བ་རེད།   དེ་ནས་ཁོང་ག་རེའི་ཕྱོགས་སུ་ཕེབས་ཏེ་གཡུ་མཚོ་གཏེར་ཕུག་རྫོང་གི་གནས་སྒོ་ཕྱེས་གནང་འདུག  བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་པའི《བོན་གྱི་ལོ་རྒྱུས་ཡིག་ཆ་ཕྱོགས་སྒྲིག》ནང་གི་སྐུ་ཞབས་འབྱུང་གནས་ལགས་ཀྱིས་བསྒྲིགས་པའི་བོན་གྱི་བསྟན་རྩིས་རེའུ་མིག་དང་།  དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་བསྒྲིགས་པའི《གནའ་བོའི་ཞང་བོད་ཚིག་མཛོད》གཉིས་ཀྱི་ནང་དུ་རབ་བྱུང་བཅུ་གཉིས་པའི་མེ་སྟག(༡༧༤༦)ལོར་སངས་རྒྱས་གླིང་པས་གཡུ་མཚོ་དགོན་པ་ཕྱག་བཏབ་ཅེས་བཀོད་འདུག་མོད།   སངས་རྒྱས་གླིང་པ་སྐུ་ཕྲེང་དང་པོ་བྱང་ཆུབ་རྡོ་རྗེ་མཆོག་ནི་རབ་བྱུང་བཅུ་གཉིས་པའི་ཤིང་ཡོས(༡༧༣༥)ལོར་སྐུ་གཤེགས་ཟིན་པ་རེད།   གལ་སྲིད་སྐུ་ཕྲེང་གཉིས་པ་མི་ཕམ་མགོན་པོ(1736-1756)ཟེར་བ་ཡིན་ན་ཁོང་སྐབས་དེར་དགུང་ལོ་བཅུ་གཅིག་མ་གཏོགས་ལོན་མེད་ལ་ཁོང་གིས་དགོན་པ་ཕྱག་བཏབ་པའི་ལོ་རྒྱུས་གོ་ཐོས་མི་འདུག  གཞན་ཡང་ཤར་ཡུལ་ཕུན་ཚོགས་ཚེ་རིང་གིས་བརྩམས་པའི《བོན་དགོན་གནས་བབས》ཞེས་པའི་ནང་དུ་གཡུ་མཚོ་དགོན་ནི་རབ་བྱུང་བརྒྱད་པའི་ཤིང་སྟག(༡༤༩༤)ལོར་རྒྱལ་རོང་བླ་མས་ཕྱག་བཏབ་ཅེས་བཀོད་འདུག  དེར་བརྟེན།  ལོ་ཚིགས་འདི་ནི་ནོར་འཛོལ་ཅན་ཡིན་པ་ཤེས་ཐུབ།   སངས་གླིང་མཆོག་གི་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་གསལ་བ་ལྟར་ན༑   ཁོང་གི་མི་ཚེ་ནང་ག་རེའི་ཕྱོགས་སུ་ཐེངས་གཅིག་རང་བྱོན་མྱོང་ཞིང་།  དེ་ནི་གོང་དུ་བཤད་ཟིན་པའི་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོར་རེད། ལོ་དེར་ཁོང་གིས་ག་རེའི་གཡུ་མཚོ་འགྲམ་དུ་སྒར་བཏབ་སྟེ་བོན་འཁོར་བསྐོར་གནང་བ་དང་གཏེར་ཕུག་རྫོང་གི་གནས་སྒོ་ཕྱེས་ཏེ་གཏེར་འདོན་པ་སོགས་གནང་འདུག   དགེ་བཤེས་ཤེས་རབ་གྲགས་པས་བཏུས་རྩོམ་བྱས་པའི《ཞང་བོད་གདན་རབས》སོགས་ལས་ག་ཡི་དར་ཡོལ་དགོན་ཞེས་པ་སོག་དམག་གིས་བརླག་པ་དེ་ཉིད་གཡུ་མཚོ་ཁ་རུ་སྤྲུལ་སྐུ་སངས་གླིང་གིས་སླར་ཡང་ཉམས་གསོ་མཛད་པ་གསལ་འདུག་པས།  ཁོང་གིས་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོར་གཡུ་མཚོ་དགོན་ཉམས་གསོ་བྱས་པ་ཡིན་དགོས་འདུག 
   དེས་ན་ཁོང་གིས་གསུངས་པའི་གཡུ་ལུང་གྱིམ་ཚ་ཞེས་པའི་ས་ཆ་ནི་ག་རེའི་ཕྱོགས་སུ་ཡིན་པ་ཤེས་ཐུབ་པ་མ་ཟད།   ཁྱུང་པོ་སྟེང་ཆེན་དེབ་དང་པོ་ནང་དུ《དཔལ་ཤར་གྲོལ་སྨིན་གླིང་གི་ལོ་རྒྱུས་ཉུང་བསྡུས་ཤེལ་དཀར་ཕྲེང་བ》ཞེས་པ་ཞིག་བཞག་འདུག་ཅིང་།   དེའི་ནང་ག་ཤེལ་བླ་མའི་མེས་པོ་ཞིག་པོ་བསོད་ནམས་ལྷུན་གྲུབ་ཐོག་མར་སྤུ་རྒྱལ་གནས་ཀྱི“བྱང་ཤར་རྔུལ་ཁྱིམ་ཤར་རོང་གི་སྟོད་རྒྱུད་གཡུ་ལུང་ཞེས་པའི་ཉེ་འདབས་སུ་སངས་རྒྱས་ཀྱི་བསྟན་པ་ཚུགས་པ་དང་མེ་རོ་སྤར་ཐུབ་པའི་པྲ་རྟགས་ཤར་ཏེ་དེར་བཞུགས”(18)པ་བཤད་འདུག་པས་མི་ཤིག་ཁོང་དེ་ཚང་ལ་སྐུ་འཁྲུངས་པའི་དོགས་གཞི་ཆེན་པོ་འདུག   གཅིག་ནས་ཁོང་དང་སངས་རྒྱས་གླིང་པ་གཉིས་སྐུ་སྐྱེ་གོང་འོག་ཡིན་པས་བར་ཐག་དུས་ཡུན་རིང་པོར་འགྱངས་མེད་ལ།《དཔལ་ཤར་གྲོལ་སྨིན་གླིང་གི་ལོ་རྒྱུས་ཉུང་བསྡུས་ཤེལ་དཀར་ཕྲེང་བ》ཞེས་པ་རུ་ག་ཤེལ་བླ་རབས་ནང་དུ་ནམ་མཁའ་གྲགས་པ་དང་རྣམ་རྒྱལ་གྲགས་པ་གཉིས་བཀོད་འདུག་ཅིང་།   སངས་རྒྱས་གླིང་པའི་རང་རྣམ་ནང་དུ་ཁོང་ག་རེའི་ཕྱོགས་སུ་གདན་འདྲེན་ཞུ་མཁན་ག་ཤེལ་བླ་མ་རྣམ་རྒྱལ་གྲགས་པ་ཡིན་པ་དང་སྐབས་དེར་ཁོང་གིས་རྣམ་རྒྱལ་གྲགས་པ་དང་ནམ་མཁའ་གྲགས་པ་སོགས་ལ་དབང་ལུང་བསྩལ་བ་གསལ་འདུག   སངས་རྒྱས་གླིང་པ་མཆོག་མེ་ལུག(༡༧༢༧)ལོར་མི་ཤིག་སྐུ་སྲས་ནམ་མཁའ་གྲགས་པས་གཡུ་ཁྲ་ལྷ་སྟེང་དུ་གདན་དྲངས་པ་སངས་གླིང་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་འཁོད་འདུག་པས།   གོང་གི་ག་ཤེལ་བླ་རྒྱུད་ནང་གི་ནམ་མཁའ་གྲགས་པ་དེ་གཡུ་མཚོ་འགྲམ་དུ་སངས་གླིང་གི་སྐུ་མདུན་ནས་དབང་ལུང་ཞུ་མཁན་དེ་ཡིན་པ་དང་དེ་དང་མི་ཤིག་གི་སྲས་ནམ་མཁའ་གྲགས་པ་གཉིས་མི་གཅིག་ཡིན་པའི་ངེས་པ་ཆེ་ཞིང་།   སངས་གླིང་གསེར་གཡུ་མདོ་རུ་བཞུགས་སྐབས་ག་ཤེལ་བླ་མ་རྣམ་རྒྱལ་གྲགས་པས་ཁོང་ཆེད་དུ་ག་རེའི་ཕྱོགས་སུ་གདན་འདྲེན་ཞུ་དགོས་པའི་རྒྱུ་མཚན་དང་།   བོན་གསར་མའི་སྐོར་ལ་དེ་ཙམ་དག་སྣང་མི་བྱེད་པའི་ཁོར་ཡུག་དང་སྤྱི་ཚོགས་ནང་ག་ཤེལ་བླ་མ་རྣམ་རྒྱལ་གྲགས་པ་སོགས་ཀྱིས་དད་གུས་ཆེན་པོས་སངས་གླིང་ལ་བཀའ་དབང་ཞུ་དགོས་པའི་རྒྱུ་མཚན་ཞིག་ཡོད་སྙམ།  གུས་པས་གསེར་ཚ་གནམ་ལྡོང་གི་གྲྭ་རྒན་དགུང་ལོ་བརྒྱད་ཅུ་གྱ་གཉིས་སོན་པ་བོན་ལི་ཚེ་དབང་གྲགས་པ་མཆོག་ལ་མི་ཤིག་སྐོར་བཅར་འདྲི་ཞུས་སྐབས།   ཁོང་གིས་མི་ཤིག་གཡུ་ཁྲ་ལྷ་སྟེང་དུ་བཞུགས་མ་བཅུག་པར་རྒྱང་འཕུད་བཏང་རྗེས།  སྐུ་ལྕམ་དང་ལྷ་སྲས་གཉིས་ལ“མཛོ་ཡུ་ཞིག་ལ་གོ་ཧྲུལ་ལྷམ་ཧྲུལ་བཀལ་ཏེ་དཱ་རྒྱུག་ཅེས་བཤད་པ་དང”གཞིས་སུ་ཡོད་པའི་ས་ཞིང་དང་ལྷ་སྐུ་རྟེན་གསུམ་ཡོད་ཚད་བྱ་སྒར་དཔོན་སོགས་ཀྱིས་བགོ་བཤའ་བརྒྱབ་པ་དང་།  སྐབས་དེར་ཡུམ་སྲས་གཉིས་ཡར་ག་རེའི་ཕྱོགས་སུ་སོང་སྟེ་ག་ཤེལ་ཤར་འདྲ་རུ་བཞུགས་པ་དང་སྐུ་སྲས་དེས་ག་ཤེལ་ཤར་འདྲ་དགོན་ཕྱག་བཏབ་པའི་བཤད་སྲོལ་དེ་འདྲ་ཡང་ཡོད་རེད་ཟེར།   གུས་པས་བསམ་ན་མི་ཤིག་ཁོང་ངེས་མེད་རྣལ་འབྱོར་བ་ཞིག་ཡིན་པས་གཅིག་པུར་གཞན་ཡུལ་དུ་འཁྱམས་རྗེས་ཤུལ་དུ་སྐུ་ལྕམ་དང་སྲས་ནམ་མཁའ་གྲགས་པ་གཉིས་ལྷག་ཅིང་།  ཡུལ་དེའི་སྡེ་དཔོན་གྱིས་ཁོང་གཉིས་གཞིས་སུ་སྡོད་དབང་མ་སྟེར་བས་སྲས་ལོ་ན་ཆུང་བ་སོགས་ཀྱི་རྐྱེན་གྱིས་བྱ་ཐབས་ཟད་དེ་མི་ཤིག་རྡོ་རྗེའི་ཡབ་གཞིས་ག་རེའི་ཕྱོགས་སུ་སོང་བ་ཡིན་ནམ་སྙམ།   དེ་ནས་ནམ་མཁའ་གྲགས་པ་མཆོག་ཆུང་དུས་ག་ཤེལ་རྣམ་ཚང་གིས་གསོ་སྐྱོང་གནང་ཞིང་ནར་སོན་རྗེས་ཕྱིར་ཡབ་ཀྱི་གདན་ས་གཡུ་ཁྲ་ལྷ་སྟེང་དུ་བྱོན་པ་དང་།  དེ་ནས་ལོ་སུམ་ཅུ་ལྷག་འདས་རྗེས་སངས་རྒྱས་གླིང་པ་མེ་ལུག(༡༧༢༧)ལོར་ཁྱུང་ཡུལ་དུ་ཐེངས་དང་པོར་ཕེབས་སྐབས་ཁོང་གཡུ་ཁྲ་ལྷ་སྟེང་དུ་བཞུགས་འདུག   དེ་ལྟར་དཔྱད་གཞིའི་ཡིག་ཆ་དང་འབྲེལ་ཡོད་ངག་རྒྱུན་སོགས་ལ་བརྟག་ན་ཁོང་གི་འཁྲུངས་ཡུལ་ནི་ཁྱུང་ཡུལ་ག་རེའི་ཕྱོགས་སུ་ཡིན་པ་ཚོད་དཔག་བྱེད་ཐུབ།   གཞན་ཡང་ཁོང་གི་སྙན་རྒྱུད་བོན་སྡེ་རྟ་མགྲིན་སྒྲུབ་གཞུང་ནང་གི《གསང་དབང་རིན་ཆེན་འབར་བ》ཞེས་པའི་ལེའུ་མཇུག་ཏུ“བཀའ་རྣམ་པར་དག་པའི་ཡི་གེ་འདི།   རི་ཁྱད་འཕགས་སྤུ་རྒྱལ་གང་ཟང་ཞོལ།   མཚོ་གླིང་རྒྱ་མཚོ་འཁྱིལ་བའི་མདུན་ཞོལ་སུ།  དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི།   ཡི་དམ་རིག་འཛིན་རྣམས་ལ་མཐོལ་ལོ་བཤགས། ”(19)ཞེས་དང་།《དགེ་སྤྱོད་ཡན་ལག་གསུམ་པ》ཞེས་པའི་མཇུག་བྱང་དུ“གནས་ཁྱད་འཕགས་སུ་ཟེ་ཟབ་མོའི་སྒང་།  མཚོ་གླིང་རྒྱ་མཚོ་ཀླུ་ཡི་ཕོ་བྲང་དུ།   དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི།   བཀའ་སྐྱོང་མཁའ་འགྲོ་རྣམས་ལ་བཟོད་པར་གསོལ།”(20)ཞེས་མི་ཤིག་ཁོང་སྤུ་རྒྱལ་གནས་ཀྱི་ཉེ་སྐོར་ག་རེའི་གཡུ་མཚོའི་ཕྱོགས་སུ་གནས་སྐབས་ཤིག་གི་རིང་ལ་བཞུགས་ཡོད་པ་རྟོགས་ཐུབ་བོ།།      
 
 
ས་བཅད་གཉིས་པ།   ཁོང་གི་འཁྲུངས་འདས་ལོ་ཚིགས་དང་སྐུ་གཤེགས་ཡུལ་སྐོར།
 
གཅིག  ཁོང་སྐུ་འཁྲུངས་པའི་ལོ་ཚིགས་སྐོར།
    ཁོང་གི་འཁྲུངས་ལོ་གང་ཞིག་ཡིན་མིན་ཐད་འདོད་སྟངས་མི་འདྲ་བ་འགའ་ཞིག་འདུག་སྟེ།   དཔེར་ན།   མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་རང་རྣམ《སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན》ལས“བློ་ལྡན་བྱོན་ནས་བརྒྱ་དང་དྲུག་ཅུའི་མཚམས།།   ཤིང་ལུག་མི་ཤིག་རྡོ་རྗེ་འཁྲུངས་པའི་དུས།།”ཞེས་དང་།  “དེ་ནས་མི་ཤིག་ཞེ་དྲུག་བཞེས་པའི་དུས།།   ལྕགས་འབྲུག་རིག་འཛིན་ཀུན་གྲོལ་གྲགས་པ་འཁྲུངས།།”(21)ཞེས་བྱུང་ཡོད།   བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་མཆོག་གིས་མཛད་པའི《བསྟན་རྩིས་ཡིད་ཀྱི་མུན་སེལ》ལས“དེ་ནས་ལོ་ལྔ་བ་ཤིང་ལུག་ལ་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་འཁྲུངས།  སྤྱི་ལོ༡༥༩༥ཡིན།”(22)ཞེས་བྱུང་། དོན་གྲུབ་ལྷ་རྒྱལ་སོགས་ཀྱིས་བསྒྲིགས་པའི《བོན་གྱི་ཤེས་རིག་ཚིག་མཛོད》ལས་སྤྲུལ་སྐུ་རྣམ་བཞི་གླེང་སྐབས“མི་ཤིག་རྡོ་རྗེ་སྤྱི་ལོ་༡༨༢༠ལོར་འཁྲུངས”ཞེས་དང་། 《ཞང་བོད་ཚིག་མཛོད་ཆེན་མོ》ལས་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་ངོ་སྤྲོད་གནང་སྐབས“ཁོང་གི་འཁྲུངས་ལོ་མཁན་ཉི་མའི་བསྟན་རྩིས་ནང་གི་མི་ཤིག་གཡུང་དྲུང་འབྱུང་གནས་དེ་ཁོང་ཡིན་ན་སྤྱི་ལོ༡༨༢༠ལོར་འཁྲུངས་ལ།”(23)ཞེས་དང་།   དབྲ་ཁྱུང་སྐལ་བཟང་ནོར་བུས་བརྩམས་པའི་མི་ཤིག་གི་སྙན་རྒྱུད་བོན་སྡེ《མན་ངག་ཉམས་ཀྱི་ཡིག་ཆུང》གི་གླེང་གཞི་ལས“ཕྱིས་དུས་རབས༡༩པའི་ནང་བོན་གྱི་སྤྲུལ་སྐུ་གཏེར་སྟོན་རྣམ་བཞི་ནང་ཚན་ཤེལ་ཞིག་གཡུང་དྲུང་རྒྱལ་པོའམ་མི་ཤིག་རྡོ་རྗེ་ཞེས་པ་དེ་ཉིད་ལ་ཕུག་ལེབ་འོ་མ་སྟག་རྩེ་རུ་དངོས་གྲུབ་ཏུ་བབས་པར་བཤད།”ཅེས་དང་།  “སྤྱི་ལོ་༡༨༢༠ལོར་སྐུ་འཁྲུངས”(24)ཞེས་བཀོད་ཡོད་པ་དང་།  སྨོན་རྒྱལ་མཁྱེན་རབ་ནམ་མཁས་བརྩམས་པའི《ཁྱུང་པོ་སྟེང་ཆེན་དེབ་གསུམ་པ》ལས“ཤེལ་ཞིག་གཡུང་དྲུང་རྒྱལ་པོ་སྟེ་མཚན་གཞན་ལ་མི་ཤིག་རྡོ་རྗེ་ཡང་ཟེར།   སྤྲུལ་སྐུ་རྣམ་བཞིའི་ནང་གསེས་ཤིག་ཡིན་ལ་བློ་ལྡན་སྙིང་པོའི་ཡང་སྲིད་དུའང་གྲགས།   དམ་པ་ཁོང་ཤེལ་ཞིག་གི་གདུང་ལས་འཁྲུངས་པ་ཁོང་གི་མཚན་ལས་ཀྱང་གསལ།   འཁྲུངས་དུས་ནི་མཁན་ཉི་མའི་བསྟན་རྩིས་ནང་མི་ཤིག་གཡུང་དྲུང་འབྱུང་གནས་སྤྱི་ལོ༡༨༢༠ལོར་འཁྲུངས་པ་གསལ།   བོན་བརྒྱའི་བསྟན་རྩིས་ནང་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་ཤིང་ལུག་སྤྱི་ལོ༡༥༩༥ལོར་འཁྲུངས་པ་བཞེད། ”(25)ཞེས་བཀོད་གནང་ཡོད༑
  གཅིག  ཐོག་མར་སྨོན་རྒྱལ་མཁྱེན་རབ་ནམ་མཁའ་སོགས་ཀྱིས་མི་ཤིག་གཡུང་དྲུང་འབྱུང་གནས་ཞེས་པ་མི་ཤིག་རྡོ་རྗེ་ཡིན་པའི་ངོས་འཛིན་བྱས་ཡོད་པ་དེར་དཔྱད་པ་ཅུང་ཙམ་བཏང་ན།  སྔོན་ལ་མཁན་ཉི་མ་བསྟན་འཛིན(1813-1862)སོགས་ཀྱི་བསྟན་རྩིས་ནང་བཀོད་པའི་མི་ཤིག་གཡུང་དྲུང་འབྱུང་གནས་ཟེར་བ་དེ་མི་ཤིག་རྡོ་རྗེ་མ་ཡིན་ཏེ།   མི་ཤིག་རྡོ་རྗེ་མཆོག་ནི་སངས་རྒྱས་གླིང་པའི་སྐུ་གོང་མ་ཡིན་པ་སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་གསལ་ལ།   ཁོང་སངས་རྒྱས་གླིང་པ(1705-1735)དང་ཀུན་གྲོལ་གྲགས་པ(1700-?)གཉིས་ཀྱི་གོང་དུ་བྱོན་པ་མེ་སྟོན་གྱི་རྣམ་ཐར་སོགས་ལོ་རྒྱུས་ཡིག་ཆ་མང་པོར་འཁོད་ཡོད།   གཞན་ཡང་མི་ཤིག་རྡོ་རྗེའི་དངོས་སློབ་གཙོ་བོ་ནི་རྒྱལ་རོང་དགེ་བཤེས(དགེ་ཤིས་ཙ་ཡང་ཟེར)གཡུང་དྲུང་བསྟན་འཛིན་ལགས་ཡིན།  ཁོང་སྤྱི་ལོ(༡༦༥༨)ལོར་འཁྲུངས་པ་མཁན་ཉི་མ་བསྟན་འཛིན་དང་བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ་སོགས་ཀྱི་བསྟན་རྩིས་རྣམས་ཞལ་མཐུན་ཡོད།    མཁན་ཉི་མ་བསྟན་འཛིན་རང་ཉིད་ཀྱིས་བརྩམས་པའི་བཀའ་བརྟེན་དཀར་ཆག《གཤེན་བསྟན་པད་མོ་རྒྱས་བྱེད་ཉི་འོད》ལས“དེ་ནས་གསང་སྔགས་གཏེར་གསར་གྱི་སྐོར་ལ།   ཤེལ་ཞིག་གཡུང་དྲུང་རྒྱལ་པོ་འམ།  མི་ཤིག་རྡོ་རྗེའི་བོན་སྐོར་ནས་བཟུང་པ་རྣམས་ལགས་ཀྱང་འདིར་མ་བཀོད་པས་དགོངས་དཔྱད་ཞུ་རྒྱུ་དང་།”(26)ཞེས་ཁོང་གིས་གཏེར་གསར་གྱི་བོན་སྐོར་ཐོག་མ་མི་ཤིག་རྡོ་རྗེའི་བཀའ་ལ་བཞག་ཡོད།  ཁོང་གི་བསྟན་རྩིས་ནང་གི་མི་ཤིག་གཡུང་དྲུང་འབྱུང་གནས་དེ་ཉིད་གཏེར་སྟོན་མི་ཤིག་རྡོ་རྗེ་མ་ཡིན་པ་ཧ་ཅང་གསལ་པོ་རེད།   དེར་བརྟེན།  མི་ཤིག་ཟེར་བའི་ཐ་སྙད་ཡོད་པ་ཙམ་གྱིས་མི་ཤིག་རྡོ་རྗེ་ལ་ངོས་བཟུང་བ་ནི་ནོར་འཁྲུལ་དང་།  མི་ཤིག་རྡོ་རྗེ་དང་མི་ཤིག་གཡུང་དྲུང་འབྱུང་གནས་གཉིས་མི་ཁ་ཁ་ཡིན་པ་སུས་ཀྱང་རྟོགས་སླ་བ་ཞིག་རེད།  འོ་ན།   མཁན་ཉི་མའི་བསྟན་རྩིས་ནང་གི་མི་ཤིག་གཡུང་དྲུང་འབྱུང་གནས་དེ་ཉིད་སུ་ཞིག་ཡིན་ནམ་ཟེར་ན།   ཁོང་གི་བསྟན་རྩིས་ནང“མཚོ༤ཡིས་སྦྱངས་པའི་ལྕགས་འབྲུག་ལོར།  འཇམ་དབྱངས་མཁྱེན་བརྩེ་དབང་པོའམ།   མི་ཤིག་གཡུང་དྲུང་འབྱུང་གནས་བལྟམས།”(27)ཞེས་སྡེ་དགེ་རུ་འཁྲུངས་པའི་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཡིན་པ་མཁན་ཉི་མ་བསྟན་འཛིན་རང་གིས་གསལ་པོར་གསུངས་ཡོད།  དེར་བརྟེན།  ཞང་བོད་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་པ་དང་སྨོན་རྒྱལ་མཁྱེན་རབ་ནམ་མཁའ་སོགས་ཀྱིས་མཁན་ཉི་མ་བསྟན་འཛིན་གྱི་བསྟན་རྩིས་ལ་གཟིགས་མྱོང་བའི་ཚུལ་བསྟན་མོད༑  ཡང་སྙིང་མཇལ་མྱོང་ཡོད་མེད་ཐེ་ཚོམ་རེད།  
   འཇམ་དབྱངས་མཁྱེན་བརྩེ་དབང་པོ་ནི་གཏེར་སྟོན་བདེ་ཆེན་གླིང་པའི(1833-1892)ཆོས་ཕྱོགས་ཀྱི་བླ་མ་ཞིག་རེད།   འཇམ་དབྱངས་མཁྱེན་བརྩེ་དབང་པོ་མཆོག་ལ་མི་ཤིག་གཡུང་དྲུང་འབྱུང་གནས་ཞེས་འབོད་པ་ནི་བོན་གྱི་གཏེར་སྟོན་བདེ་ཆེན་གླིང་པས་བརྩམས་པའི《ཡང་གསང་བླ་མེད་མེ་རི་འཁྱིལ་བའི་མགུལ་རྒྱན》གྱི་མཇུག་བྱང་ལས་ཀྱང་གསལ་འདུག་སྟེ།“ཁྱད་པར་ཀུ་ས་ཟླ་བ་འོད་ཟེར་གྱི་ཡང་སྤྲུལ་མི་ཤིག་གཡུང་དྲུང་འབྱུང་གནས་རྩལ་ལམ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་སྐུ་གསུང་ཐུགས་ཀྱི་རྟེན་དང་དངོས་པོ་རྒྱུ་ཡི་གནང་སྐྱེལ་གྱ་ནོམ་པས་མཚོན་ཏེ་བཀའ་དགོངས་ཕུར་གསུམ་ཁྲོ་ཕུར་ཞང་གསུམ་སོགས་གཡུང་དྲུང་བོན་གྱི་གསང་སྔགས་སྙིང་པོར་གྱུར་པ་འདི་རྣམས་ལ།   བསྒྲུབ་ཆེན་བཤད་ཚོམ་དང་བཅས་པ་རེ་བྱུང་ན་འབྱུང་འགྱུར་གཡུང་དྲུང་བོན་གྱི་བསྟན་པ་ལ་ཕན་ཐོག་རྒྱ་ཆེར་འབྱུང་བའི་ལུང་དང་བཀའ་ནན་གྱི་དུས་ལན་གཅིག་ཙམ་མ་ཡིན་པར་ཡང་དང་ཡང་དུ་བསྔགས་པ་སོགས”(28)ཞེས་གསལ་པོར་འཁོད་འདུག   དེས་ན་མི་ཤིག་གཡུང་དྲུང་འབྱུང་གནས་ནི་བོན་ཕྱོགས་ནས་འཇམ་དབྱངས་མཁྱེན་བརྩེ་དབང་པོ་མཆོག་ལ་གསོལ་བའི་མཚན་ཞིག་ཡིན་པ་ཤེས་ཐུབ།   འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལགས་ཀྱིས་གྲུབ་མཐའ་རིས་མེད་ཀུན་ལ་དག་སྣང་སྦྱངས་པ་དང་ཁོང་གི་སློབ་རྒྱུད་ལ་གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་གི་བླ་མ་ཡོད་པ་བན་བོན་གཉིས་ཀྱི་ལོ་རྒྱུས་ཡིག་ཆ་འགའ་རུ་གསལ་ཡོད།   ཁོང་དང་གཏེར་སྟོན་བདེ་ཆེན་གླིང་པ་སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་གསུམ་དུས་མཉམ་ཙམ་དུ་ཁམས་སྡེ་དགེ་རུ་སྐུ་འཁྲུངས་པ་རེད༑   འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལགས་ཏག་ཏག་བོད་རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ(༡༨༢༠)ལོར་འཁྲུངས་པ་ཁོང་གི་ལོ་རྒྱུས་ནང་གསལ་འདུག  
   གཉིས།   གོང་དུ་བཀོད་པའི་འཁྲུངས་ལོ་ལས་མེ་སྟོན་མཆོག་གི་བཞེད་པ་ལ་དཔྱད་པ་བཏང་ན།   ཁོང་གིས“བློ་ལྡན་བྱོན་ནས་བརྒྱ་དང་དྲུག་ཅུའི་མཚམས།།   ཤིང་ལུག་མི་ཤིག་རྡོ་རྗེ་འཁྲུངས་པའི་དུས།།”ཞེས་དང་། “དེ་ནས་མི་ཤིག་ཞེ་དྲུག་བཞེས་པའི་དུས།།   ལྕགས་འབྲུག་རིག་འཛིན་ཀུན་གྲོལ་གྲགས་པ་འཁྲུངས།།”ཞེས་མི་ཤིག་ལོ་ཁམས་ཤིང་དང་ལོ་རྟགས་ལུག་ལོར་འཁྲུངས་པ་བཞེད་པ་ལས།   སྤྱི་ལོ་གང་དུ་འཁྲུངས་པ་གསལ་པོར་གསུངས་མེད།   སྤྲུལ་སྐུ་བློ་ལྡན་སྙིང་པོ་མཆོག་ནི་རབ་བྱུང་དྲུག་པའི་ལྕགས་བྱི(༡༣༦༠)ལོར་འཁྲུངས་པ་བོན་གྱི་ལོ་རྒྱུས་ཐོག་ཡོངས་གྲགས་ཆགས་ཡོད།   དེ་ནས་བརྩིས་པའི་ལོ་བརྒྱ་དང་དྲུག་ཅུའི་མཚམས་ནི་རབ་བྱུང་དགུ་པའི་ས་འབྲུག་ལོ་སྟེ་སྤྱི་ལོ(༡༥༡༩)ལོར་ཁེལ་འདུག   འོན་ཀྱང་།  མེ་སྟོན་མཆོག་གིས་མི་ཤིག་རྡོ་རྗེ་ཤིང་ལུག་ལོར་འཁྲུངས་པ་བཞེད་པས་དེ་དང་མི་འགྲིག་པ་མ་ཚད།   མི་ཤིག་དགུང་ལོ་ཞེ་དྲུག་བཞེས་སྐབས་ཀུན་གྲོལ་གྲགས་པ་འཁྲུངས་པར་བཞེད་པ་དེ་དང་ཡང་ནང་འགལ་སོང་ཡོད།   གཞན་ཡང་མེ་སྟོན་མཆོག་གིས་རང་རྣམ《སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན》ནང་དུ་མི་ཤིག་སྐོར་མ་བཀོད་པའི་སྔོན་དུ་སྤྲུལ་སྐུ་བློ་ལྡན་སྙིང་པོ་བྱོན་ནས་ལོ་སུམ་བརྒྱ་འདས་རྗེས་ཁྱུང་ཞིག་ཡེ་ཤེས་རྒྱལ་མཚན་འཁྲུངས་པ་དང་།   དེ་ནས་མི་ལོ་དོན་བདུན་འདས་རྗེས་ལྷོ་རོང་ཤོག་ལྔ་ས་ལུང་དུང་མཚོའི་ཞོལ་དུ་བློ་ལྡན་ཡང་སྲིད་ཨོ་རྒྱན་བསམ་གཏན་གླིང་པ་འཁྲུངས་པ།  དེའི་རྗེས་སུ་མི་ཤིག་རྡོ་རྗེ་འཁྲུངས་པ་བཀོད་ཡོད།   འདི་དག་གོང་འོག་བསྒྲིགས་ཏེ་བལྟས་ན།  ཁོང་གིས“བློ་ལྡན་བྱོན་ནས་བརྒྱ་དང་དྲུག་ཅུའི་མཚམས།།   ཤིང་ལུག་མི་ཤིག་རྡོ་རྗེ་འཁྲུངས་པའི་དུས།།”ཞེས་པའི་ཚིག་དུམ་འདིར་གནས་སྐབས་སུ་གུས་པས་བསམ་ཚུལ་གཉིས་འདོན་རྒྱུ་ཡིན། 
    ༡  ཁོང་གིས་འདིར་གསུངས་པའི་བློ་ལྡན་ནི་སྤྱི་ལོ(༡༣༦༠)ལོར་འཁྲུངས་པའི་བློ་ལྡན་སྙིང་པོ་སྐུ་ཕྲེང་དང་པོ་པད་འབྱུང་ནམ་མཁའ་རིན་ཆེན་ལ་གོ་རྒྱུ་མ་ཡིན་པར་མི་ཤིག་གོང་དུ་བྱོན་པའི་བློ་ལྡན་ཡང་སྲིད་ཨོ་རྒྱན་བསམ་གཏན་གླིང་པར་གོ་དགོས་པ་འདྲ།   ཁོང་གིས་རང་རྣམ་འདི་ཚིག་བཅད་ཀྱི་ལམ་ནས་བརྩམས་གནང་ཡོད།   དེར་བརྟེན།  ཁོང་གིས་བློ་ལྡན་ཡང་སྲིད་ཨོ་རྒྱན་བསམ་གཏན་གླིང་པ་བྱོན་ནས་ལོ་བརྒྱ་དང་དྲུག་ཅུ་འདས་མཚམས།  ཞེས་པའི་ཚིག་བསྡུས་ཏེ“བློ་ལྡན་བྱོན་ནས་བརྒྱ་དང་དྲུག་ཅུའི་མཚམས།།”ཞེས་གསུངས་པ་ཡིན་ནམ་སྙམ།    གོང་གི་ཚིག་དུམ་དེ་བསྡུས་ཏེ་བཅད་མར་འཕབ་དགོས་པའི་དབང་དུ་བྱས་ན།  ཨོ་རྒྱན་བྱོན་ནས་ལབ་ན་དེ་བས་ནོར་ས་ཆེ་ཞིང་།   བསམ་གཏན་གླིང་པ་བྱོན་ནས་ལབ་ཚེ་ཚིག་གི་རྐང་པ་གྲངས་མི་མཉམ་པའི་སྐྱོན་འབྱུང་བར་དོགས་ཏེ“བློ་ལྡན་བྱོན་ནས་བརྒྱ་དང་དྲུག་ཅུའི་མཚམས།།   ཤིང་ལུག་མི་ཤིག་རྡོ་རྗེ་འཁྲུངས་པའི་དུས།།”ཞེས་བཀོད་གནང་བ་འདྲ།  དེ་མིན་ཤོག་ངོས་གཅིག་གི་སྟོད་སྨད་དུ་ནང་འགལ་གྱི་ལོ་ཚིགས་འདི་འདྲ་བཀོད་མི་སྲིད་སྙམ།   མ་འོངས་པར་ཨོ་རྒྱན་བསམ་གཏན་གླིང་པའི་འཁྲུངས་འདས་ལོ་ཚིགས་གསལ་པོར་རྟོགས་ཐུབ་ཚེ་གནད་དོན་འདི་གསལ་པོ་ཡོང་ཐུབ་སྙམ་མོ།།  
     ༢ མེ་སྟོན་མཆོག་གི་རྣམ་ཐར་འདིར་ཞིབ་མཇལ་ཞུས་ན་མི་སྣ་མང་པོ་ཞིག་གི་ལོ་རྟགས་དང་ལོ་ཁམས་ཕལ་ཆེར་འགྲིག་པ་ཡིན་མོད།   ལོ་གྲངས་ཐད་ནས་གོལ་འཛོལ་བྱུང་བ་མང་པོ་མཐོང་རྒྱུ་འདུག   དཔེར་ན།   “མེ་ཕོ་སྤྲེལ་ལོ་གཤེན་ཆེན་ཀླུ་དགའ་འཁྲུངས།།   ཉེར་གཉིས་བཞེས་ནས་མེ་མོ་སྦྲུལ་གྱི་ལོར།།  འབྲིག་མཚམས་མཐའ་དཀར་གནས་ནས་ཟབ་གཏེར་དྲངས།།   དེ་ནས་ཉིས་བརྒྱ་ལོ་འདས་ཤིང་ལུག་ལོར།།   རིག་འཛིན་དབྱིལ་སྟོན་རྒོད་ཀྱི་ལྡེམ་འཕྲུ་འཁྲུངས།།”ཞེས་གཤེན་ཀླུ་དགས་མེ་སྦྲུལ(༡༠༡༧)ལོར་གཏེར་བཏོན་ཏེ་ལོ་ཉིས་བརྒྱ་འདས་མཚམས་དཔོན་གསས་ཁྱུང་རྒོད་རྩལ་འཁྲུངས་པ་བཞེད་འདུག  དེ་ལྟར་ན།  དཔོན་གསས་ཁྱུང་རྒོད་རྩལ་རབ་བྱུང་བཞི་པའི་མེ་བྱི(༡༢༡༦)ལོར་འཁྲུངས་པ་ཡིན་དགོས་པས་ཁོང་ཤིང་ལུག་ལོར་འཁྲུངས་པ་དང་འགལ་ལ།  གཞན་ཡང་མཁན་ཉི་མའི་བསྟན་རྩིས་སོགས་བོན་གྱི་བསྟན་རྩིས་མང་པོར་ཁོང་རབ་བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་འཁྲུངས་པར་བཞེད་པ་དང་འགལ་ལོ།།  དེས་ན།  སྐབས་འདིའི་ལོ་གྲངས་འདི་ཡང་གྲངས་ཀ་ནོར་བ་ཡིན་མི་སྲིད་པ་མ་རེད། 
   གུས་པས་མཇལ་བའི་མི་ཤིག་རྡོ་རྗེའི་བཀའ་རྣམས་ཀྱི་མཇུག་བྱང་དུ་ཁོང་གི་འཁྲུངས་ལོ་དང་ལོ་རྟགས་ལོ་ཁམས་སོགས་འཁོད་པ་མ་མཐོང་ལ།   དེ་བཞིན་ཁོང་བཞུགས་མྱོང་སའི་ཡུལ་ཕྱོགས་ཀྱི་བླ་མ་དང་མཚམས་པ།  རྒན་རབས་རྣམས་ལ་ཁོང་གི་སྐོར་བཅར་འདྲི་ཞུས་སྐབས་ཁོང་གི་འཁྲུངས་ལོ་དང་འབྲེལ་བའི་གནས་ཚུལ་གང་ཡང་རྒྱུས་ལོན་མ་བྱུང་།   ཁོང་གི་འཁྲུངས་ལོ་དང་འབྲེལ་བའི་དཔྱད་གཞི་གལ་ཆེན་གཉིས་རྙེད་པ་ནི་གོང་དུ་གླེང་ཟིན་པའི་མེ་སྟོན་གྱི་རང་རྣམ་དང་བོན་བརྒྱའི་བསྟན་རྩིས་གཉིས་རེད།   དེ་གཉིས་ཀའི་ནང་ཁོང་གི་འཁྲུངས་ལོ་ནི་ཤིང་ལུག་ལོར་ཡིན་པ་གཅིག་མཐུན་བྱུང་འདུག   དེ་གནད་འགག་ཆེན་པོ་ཞིག་རེད།  དེ་སྔོན་ལག་སོན་བྱུང་བའི་དཔྱད་གཞི་འདི་དག་ལ་གཞི་བཅོལ་ན།   ཁོང་སྤྲུལ་སྐུ་བློ་ལྡན་སྙིང་པོ་འདས་རྗེས་དང་ཀུན་གྲོལ་གྲགས་པ་མ་འཁྲུངས་བར་གྱི་ཤིང་ལུག་ལོར་འཁྲུངས་པ་ཐག་བཅད་དེ་གླེང་ཐུབ།   དེའི་བར་དུ་ཤིང་ལུག་ལོ་ཐེངས་ལྔ་ལ་བྱུང་ཡོད་དེ།  དེ་དག་ནི་རབ་བྱུང་བདུན་པའི་ཤིང་ལུག་ལོ(༡༤༡༥)དང་།   རབ་བྱུང་བརྒྱད་པའི་ཤིང་ལུག(༡༤༧༤)ལོ།  རབ་བྱུང་དགུ་པའི་ཤིང་ལུག(༡༥༣༤)ལོ།   རབ་བྱུང་བཅུ་པའི་ཤིང་ལུག(༡༥༩༤)ལོ།   རབ་བྱུང་བཅུ་གཅིག་པའི་ཤིང་ལུག(༡༦༥༥)ལོ་བཅས་རེད།   ཁོང་གི་དངོས་སློབ་གཙོ་བོ་ནི་རྒྱལ་རོང་དགེ་བཤེས་གཡུང་དྲུང་བསྟན་འཛིན་ཡིན་པ་དང་ཁོང་གི་སྐུ་སྲས་ནམ་མཁའ་གྲགས་པས་བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པ་མཇལ་མྱོང་བ་སོགས་ལོ་རྒྱུས་ཡིག་ཆ་རྣམས་ལ་བརྟག་ན༑  ཤིང་ལུག་གི་ལོ་ཚིགས་འདི་དག་ལས་སྔ་མ་གསུམ་དོར་ཆོག་པ་རེད།   ད་ང་ཚོས་ཤིང་ལུག་རྗེས་མ་འདི་གཉིས་ལས་གང་ཞིག་འཐད་ལྡན་ཡིན་མིན་ཐད་དཔྱད་པ་བཏང་ན།   བོན་བརྒྱ་ལྷུན་གྲུབ་རྒྱ་མཚོ་མཆོག་གི་བསྟན་རྩིས་ནང་སྤྱི་ལོ(༡༥༩༥)ལོར་འཁྲུངས་ཞེས་གསུངས་མོད།  ཁོང་གིས་ཤིང་ལུག་ལོར་འཁྲུངས་པ་བཞེད་པས་ཁོང་གི་དགོངས་པ་དངོས་ནི་སྤྱི་ལོ(༡༥༩༤)ལོར་ཡིན་པ་གསལ།   མེ་སྟོན་མཆོག་གིས་མི་ཤིག་དགུང་ལོ་ཞེ་དྲུག་བཞེས་སྐབས་ཀུན་གྲོལ་གྲགས་པ་འཁྲུངས་གསུངས་པས་ཁོང་གིས་ལོ་ཚིགས་འདི་གཉིས་ལས་སྔ་མ་འདོད་ཀྱིན་མེད་པ་ཧ་ཅང་གསལ་པོ་རེད།   མེ་སྟོན་མཆོག་གིས་མི་ཤིག་ཤིང་ལུག་ལོར་འཁྲུངས་གསུངས་པ་དང་དགུང་ལོ་ཞེ་དྲུག་བཞེས་སྐབས་ཀུན་གྲོལ་གྲགས་པ་འཁྲུངས་པར་བཞེད་པས་ཏག་ཏག་ཤིང་ལུག་རྗེས་མ་སྤྱི་ལོ(༡༦༥༥)ལོར་ཡིན་དགོས་འདུག   གནད་འདི་བཀྲལ་རྗེས་གོང་དུ་གླེང་བའི་མེ་སྟོན་མཆོག་གི་བཞེད་པ་ཀུན་ཁ་ཇེ་གསལ་འགྲོ་ཐུབ།   
    འདིར་ད་དུང་དམ་པ་གཉིས་ཀྱི་བཞེད་པ་ལ་བློ་གཟུ་བོར་གནས་པའི་སྒོ་ནས་གང་ཞིག་འགྲིག་མིན་གླེང་ན།  གཅིག  མི་ཤིག་རྡོ་རྗེ་དང་དགེ་བཤེས་གཡུང་དྲུང་བསྟན་འཛིན་བར་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་ལོ་རྒྱུས་ཧ་ཅང་མང་པོར་གསལ།   གལ་སྲིད་མི་ཤིག་ཁོང་སྤྱི་ལོ(༡༥༩༤)ལོར་འཁྲུངས་པ་ཡིན་ན་རབ་བྱུང་བཅུ་གཅིག་པའི་ས་ཁྱི་(༡༦༥༨)ལོར་ཁོང་དགུང་ལོ་དྲུག་ཅུ་རེ་བཞིར་སོན་ཡོད།   དགེ་བཤེས་གཡུང་དྲུང་བསྟན་འཛིན་ལགས་ལོ་འདིར་འཁྲུངས་པ་རེད།   དགེ་བཤེས་གཡུང་དྲུང་བསྟན་འཛིན་དགུང་ལོ་སུམ་ཅུ་ཐོག་མི་ཤིག་དང་མཇལ་འཕྲད་བྱུང་བ་དགེ་བཤེས་བློ་ལྡན་སྙིང་པོས(1707-?)བརྩམས་པའི་གཡུང་དྲུང་བསྟན་འཛིན་མཆོག་གི་རྣམ་ཐར《ལོངས་སྤྱོད་རྒྱན》ལས་གསལ་ཡོད།  དེས་ན་སྐབས་དེར་མི་ཤིག་དགུང་ལོ་དགུ་བཅུ་གོ་བཞིར་སླེབས་དགོས་འདུག  ད་དུང་ངག་རྒྱུན་དང་འབྲེལ་ཡོད་ཡིག་ཆ་ཁག་ལས་ཁོང་རྣམ་གཉིས་ཐོག་མར་མཇལ་འཕྲད་བྱུང་ས་ནི་མི་ཤིག་གི་གདན་ས་ཁྱུང་པོ་གསེར་ཚ་གཡུ་ཁྲ་ལྷ་སྟེང་ཡིན་པ་བཤད༑  གཉིས་ནས་མི་ཤིག་མཆོག་སྐུ་ཚེའི་སྨད་དུ་གསེར་ཚར་བཞུགས་མེད་པ་ནི་ཁོང་དང་འབྲེལ་བའི་ངག་རྒྱུན་དང་ལོ་རྒྱུས་ཡིག་ཆ་སོགས་ཀྱིས་གྲུབ་ཡོད།  གསུམ་ནས་ཁོང་གི་ཡང་སྲིད་སངས་རྒྱས་གླིང་པ་སྤྱི་ལོ(༡༧༠༥)ལོར་འཁྲུངས་པ་རེད།   ཕྱོགས་གཞན་ཞིག་ནས་གླེང་ན།  སངས་རྒྱས་གླིང་པ་དགུང་ལོ་ཉེར་གཉིས(༡༧༢༧)ཐོག་ཁྱུང་ཡུལ་དུ་མི་ཤིག་གི་སྐུ་སྲས་ནམ་མཁའ་གྲགས་པ་དང་མཇལ་འཕྲད་གནང་བ་སངས་གླིང་གི་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་གསལ་ལ།  དགེ་བཤེས་གཡུང་དྲུང་བསྟན་འཛིན་ལགས་ནི་ཀུན་གྲོལ་གྲགས་པའི་རྩ་བའི་བླ་མ་ཡིན་པ་དང་ཁོང་སྤྱི་ལོ(༡༧༢༨)ལོར་སྐུ་གཤེགས་པ་ཀུན་གྲོལ་གྲགས་པའི《གསང་བའི་རྣམ་ཐར》ནང་གསལ་པོར་འཁོད་འདུག  གཞན་ཡང་མི་ཤིག་ཁོང་གི་སློབ་མ་རྟོགས་ལྡན་གཡུང་དྲུང་རྒྱལ་མཚན་ནི་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ(༡༦༣༠)ལོར་སྐུ་འཁྲུངས་པ་སོགས་མི་ཤིག་རྡོ་རྗེའི་འཁྲུངས་ལོ་སྤྱི་ལོ(༡༥༩༤)ལོར་མ་ཡིན་པའི་སྒྲུབ་བྱེད་མང་པོ་ཞིག་འདུག་མོད།  གོང་དུ་དྲངས་པ་དེ་ཚོས་མི་ཆོག་པ་མི་འདུག་པས་ངལ་བའི་རྒྱུ་རུ་བསམ་སྟེ་བསྐྱུར་ཡོད།   དེ་ལྟར་ཁོང་དང་འབྲེལ་བའི་ལོ་རྒྱུས་ཡིག་ཆ་ཁག་གོང་འོག་བསྒྲིགས་ཏེ་དཔྱད་ན་ཁོང་གི་འཁྲུངས་ལོ་ནི་མི་སྟོན་མཆོག་གིས་བཞེད་པ་ལྟར་རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོ་སྟེ།  སྤྱི་ལོ(༡༦༥༥)ལོར་ཡིན་པ་ཐག་བཅད་དེ་གླེང་ཐུབ་པ་རེད།   
གཉིས།   ཁོང་སྐུ་གཤེགས་པའི་དུས་ཚིགས་དང་གཤེགས་ཡུལ་སྐོར།
    ཁོང་སྐུ་གཤེགས་པའི་དུས་ཚོད་ནམ་ཞིག་ཡིན་པ་དཔྱད་གཞི་ཁག་ཏུ་གསལ་པོར་འཁོད་མེད་པ་དང་།  དེ་འབྲེལ་གྱི་ངག་རྒྱུན་ཡང་དཀོན་པོར་གྱུར་འདུག  འདིའི་སྐོར་གྱི་དཔྱད་གཞི་གཙོ་བོ་ནི་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་རང་རྣམ《སྐྱེས་རབས་རྣམ་ཐར་སྐལ་བཟང་དང་འདྲེན》ལས“དེ་ནས་མི་ཤིག་ཞེ་དྲུག་བཞེས་པའི་དུས།།   ལྕགས་འབྲུག་རིག་འཛིན་ཀུན་གྲོལ་གྲགས་པ་འཁྲུངས།།”(29)ཞེས་ཀུན་གྲོལ་གྲགས་པ་སྐུ་འཁྲུངས་པའི་ལོ་དེར་མི་ཤིག་དགུང་ལོ་ཞེ་དྲུག་བཞེས་པ་དང་སྐུ་འཚོ་བཞུགས་གནང་ཡོད་པ་བསྟན་ཡོད།  ཀུན་གྲོལ་གྲགས་པ་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག(༡༧༠༠)ལོར་སྐུ་འཁྲུངས་པ་རེད།  སངས་གླིང་གི་རང་རྣམ《རྡོ་རྗེ་རིན་ཕྲེང》ལས་ཁོང་གི་སྐུ་གོང་མ་ནི་མི་ཤིག་རྡོ་རྗེ་ཡིན་པ་ཡང་ནས་ཡང་དུ་བསྟན་ཡོད།   སངས་རྒྱས་གླིང་པ་ནི་རབ་བྱུང་བཅུ་གཉིས་པའི་ཤིང་བྱ(༡༧༠༥)ལོར་སྐུ་འཁྲུངས་པ་རེད།  དེས་ན་མི་ཤིག་ཁོང་སྤྱི་ལོ(༡༧༠༥)ཡི་གོང་དུ་འདས་ཟིན་པ་ཤེས་ཐུབ་ཅིང་ང་ཚོས་ཁོང་སྐུ་གཤེགས་པའི་དུས་ཚིགས་དེ་སྤྱི་ལོ(༡༧༠༠-༡༧༠༥)བར་གྱི་ལོ་བཞི་གང་རུང་ཞིག་ཡིན་པ་ཐག་གཅོད་ཐུབ།  དུས་སྐབས་དེར་བན་བོན་གཉིས་ལ་སྤྲུལ་སྐུའི་ལམ་ལུགས་ཧ་ཅང་དར་ཁྱབ་ཆེ་ཞིང་།  སྤྲུལ་སྐུ་ངོས་འཛིན་སྟངས་ཐད་ནས་བརྟག་ན་བླ་མ་དེ་སྐུ་གཤེགས་པའི་ཕྱི་ལོ་དེར་སྤྲུལ་སྐུ་ངོས་འཛིན་སྲོལ་ཡོད་པ་རྒྱལ་བ་དང་པཎ་ཆེན།  ཀརྨ་པ་སོགས་བོད་ཀྱི་བླ་ཆེན་སྐུ་ཕྲེང་རིམ་བྱོན་དང་།  བོན་གྱི་གཏེར་སྟོན་སངས་རྒྱས་གླིང་པ་སོགས་ཀྱི་ཡང་སྲིད་འཁྲུངས་རབས་སྐོར་ལ་བལྟས་ན་ཤེས་ཐུབ་པ་ཞིག་རེད།   དེས་ན་གུས་པས་མི་ཤིག་རྡོ་རྗེ་རབ་བྱུང་བཅུ་གཉིས་པའི་ཤིང་སྤྲེལ(༡༧༠༤)ལོར་སྐུ་གཤེགས་ཡོད་པའི་བསམ་ཚུལ་འདོན་རྒྱུ་ཡིན།  
    ཁོང་སྐུ་གཤེགས་ཡུལ་ནི་བོད་ཀྱི་རོང་ཆེན་བཞི་ཡི་ཡ་གྱལ་ནུབ་ཀོང་པོ་རོང་ཡིན་ཏེ།  ཁོང་གི་ཡང་སྲིད་སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》གླེགས་བམ་དང་པོ་ལས“ སྐྱེ་བ་འདི་ཡི་གོང་མ་རུ།  གདན་ས་ཁྱུང་པོའི་ནུབ་ཕྱོགས་ལ།   ཤེལ་ཞིག་གདུང་ལས་སྐུ་སྐྱེས་ཀྱང་།   འགྲོ་དོན་དུས་དང་མ་འགྲིག་པས།   མཁའ་འགྲོའི་སྙན་བརྒྱུད་རེ་འགའ་བསྟན།   དེ་ནས་ནུབ་ཕྱོགས་རྐོང་པོ་རོང་།  མཁའ་སྤྱོད་ཐུགས་ཀྱི་གནས་ཆེན་དྲུང་།   མཁའ་འགྲོ་ཚོགས་ཀྱི་བསུ་བ་བྱུང་།   ཟངས་མདོག་དཔལ་རིའི་ཞིང་དུ་གཤེགས།  མ་འོངས་སུམ་བཅུ་ཁ་རལ་ལ།  དུས་དང་རྟེན་འབྲེལ་འགྲིགས་གྱུར་ཚེ།   འགྲོ་དོན་འབྱུང་བའི་སྨོན་ལམ་བཏབ།”(30) ཞེས་དང་།  སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》གླེགས་བམ་གཉིས་པ་ལས“དེ་འོག་མི་ཤིག་རྡོ་རྗེ་རྩལ་ཞེས་པ།།   སྐྱེས་ནི་གནས་མཆོག(བོན་རི)འདི་རུ་ཕྱིན་གྱུར་ཀྱང་།།   རྟེན་འབྲེལ་དབང་གི་བར་ཆད་རྩུབ་འགྱུར་རྐྱེན།།   སྣང་བའི་གཟུགས་བྱེད་འདི་རུ་བསྡུ་དགོས་བྱུང་།།”(31)ཞེས་ཁོང་སྐུ་གཤེགས་ཡུལ་ཀོང་པོ་རོང་གི་གནས་མཆོག་བོན་རིའི་མདུན་དུ་ཡིན་པ་གསལ་པོར་འཁོད་འདུག་ཅིང་།  ཕྲན་རང་ཁྱུང་པོ་གསེར་ཚ་ཡུལ་དུ་བཅར་འདྲི་བྱེད་དུ་བསྐྱོད་སྐབས་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་སོན་པའི་རྒན་རབས་བོན་ལི་ཚེ་དབང་གྲགས་པ་མཆོག་ནས་ཁོང་གི་སྐུ་གཤེགས་ཡུལ་ཀོང་པོ་ཡིན་པ་གསལ་པོར་གསུངས་པ་དང་།  དགེ་སྦྱོར་བ་ཡ་མ་ཚེ་དབང་ཕུན་ཚོགས་ལགས་ནས་ཁོང་སྐུ་གཤེགས་ཡུལ་ཀོང་པོ་བོན་རིའི་མདུན་རྫོང་ཆུང་ཁ་ཡིན་པ་གསུངས་གནང་སོང་།  དེ་ལྟར་ན་ཁོང་གཤེགས་ཡུལ་ཀོང་པོ་ཡིན་པར་རྩོད་གཞི་མེད་པ་ལྟ་བུ་ཆགས་ཡོད།   རེད་དེ།   ཀོང་ཡུལ་གྱི་ས་ཆ་གང་དུ་གཤེགས་པའི་ཐད་ཚེ་དབང་ཕུན་ཚོགས་ལགས་ནས་ཀོང་པོ་བོན་རིའི་མདུན་རྫོང་ཆུང་ཁར་གཤེགས་པ་བཞེད་ལ།  གཏེར་སྟོན་བདེ་ཆེན་གླིང་པའི་རང་རྣམ《ཀླུ་དབང་གཙུག་ནོར》ལས་ཁོང་དབུས་ཕུག་གསང་བ་ཡང་རྫོང་དུ་སྐུ་མཚམས་བཞུགས་སྐབས་འབམ་ནད་ཀྱིས་ཟིན་ནས་བདེ་ཆེན་དགོན་པའི་སྟེང་དུ་ཡོང་དགོས་བྱུང་བ་དང་མཐའ་མ་བོན་རིའི་དགོན་པ་སྟེང་དུ་སྐུ་ཞི་བར་གཤེགས་པ་འཁོད་ཡོད།  བོན་རིའི་དགོན་པ་སྟེང་ནི་བོན་རི་ཆེན་མོའི་གཡས་མདུན་གྱི་ལེའུ་ལྷ་སྟེང་གི་ཡར་གིའི་རི་མགུལ་དུ་ཡོད།  རྒན་རབས་ཀྱི་ངག་རྒྱུན་དུ་ཁོང་སྐུ་གཤེགས་ཁར་རྟེན་འབྲེལ་མི་འཆུག་པའི་ཆེད་དུ་ཕ་ཡུལ་ཁྱུང་པོའི་ཕྱོགས་སུ་ཞལ་གཟིགས་ཏེ་གཤེགས་པར་བཤད་ལ།   བྱ་སྒར་དཔོན་གྱི་གདུང་རྒྱུད་མ་ཆད་པའང་དེའི་བཀའ་དྲིན་ཡིན་ཟེར།  འོན་ཀྱང་༑ བདེ་གླིང་གི་རྣམ་ཐར《ཀླུ་དབང་གཙུག་ནོར》ལས“ཞལ་ཆིམ་དུ་ང་ད་ནི་ཁྱུང་པོ་གསེར་གཡུའི་ལུང་ལས་འོ་རྒྱལ་ཆེན་པོ་བྱུང་བས་ལུས་མི་ལེན”(32)ཞེས་ཁོང་གི་ཡང་སྲིད་ཁྱུང་ཡུལ་ཕྱོགས་སུ་འཁྲུངས་མི་སྲིད་པའི་ཞལ་ཆེམས་བཞག་སྟེ་སྐུ་གཤེགས་པར་བཤད་ཡོད།     
 
ས་བཅད་གསུམ་པ།   ཁོང་གིས་སྒྲུབ་པ་ཉམས་ལེན་གནང་བའི་སྐོར།  
 
གཅིག  གཡུ་ཁྲ་ལྷ་སྟེང་དང་ཕུག་ལེབ་དབུ་མ་སྟག་རྩེར་བཞུགས་པའི་སྐོར། 
    ཁོང་གི་སྐོར་འཁོད་པའི་ཡིག་ཆ་ལྟོས་བཅས་ཀྱིས་ཉུང་ལ།   ལྷག་ཏུ་ཁོང་གིས་སློབ་དཔོན་དང་བླ་མ་གང་ལ་བསྟེན་པ་དཔྱད་གཞི་ཁག་ཏུ་གསལ་པོ་ཞིག་འཁོད་མེད།  ད་ལྟ་གསེར་ཚ་རི་ཕ་ཉིན་ཐ་རུ་བཞུགས་པའི་ཡ་མ་མཚམས་ཆུང་ཕུན་ཚོགས་རྣམ་རྒྱལ་ལགས་ལ་གུས་པས་མི་ཤིག་སྐོར་ནས་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན།  སྐབས་དེར་མདོ་སྨད་རྒྱལ་རོང་ནས་ཡོང་བའི་གཅོད་པ་ཇ་ཚ་མཚམས་པ་ཞུ་བ་བོན་ཆོས་རིས་མེད་སྤྱོད་མཁན་བླ་མ་ཞིག་ཁྱུང་པོ་གསེར་ཚར་ཕེབས་ཤིང་།  ཁོང་གིས་མི་ཤིག་ལ་གདམ་ངག་ཕྲན་ཙམ་གནང་བའི་བཤད་སྲོལ་ཡོད་པ་གསུངས་བྱུང་།  ཡིན་ནའང་།  ཡུལ་དེའི་རྒན་རབས་གཞན་དག་ལ་ཇ་ཚ་མཚམས་པ་དང་མི་ཤིག་བར་འབྲེལ་བ་ཡོད་པའི་སྐོར་ངག་རྒྱུན་གང་ཡང་བཤད་རྒྱུ་མི་འདུག  དེས་ན་ང་ཚོས་མ་འོངས་པར་ད་དུང་ཇ་ཚ་མཚམས་པ་དུས་ནམ་ཞིག་ཏུ་ཁྱུང་ཡུལ་དུ་བྱོན་པ་དང་ཁོང་ཡང་སྙིང་མི་ཤིག་གི་བླ་མ་གནང་ཡོད་མེད་མུ་མཐུད་དཔྱད་པ་གཏོང་རྒྱུ་རེད།  མཁའ་འགྲོ་འོད་ལྡན་འབར་མས་མི་ཤིག་ལ་སྙན་དུ་བརྒྱུད་པར་གྲགས་པའི་རྟ་མགྲིན་སྒྲུབ་གཞུང་ནང་གི《གསང་དབང་རིན་ཆེན་འབར་བ》ཞེས་པའི་མཇུག་བྱང་དུ“ཡུམ་ཅིག་འོད་ལྡན་འབར་མའི།   གནས་མཆོག་དམ་པ་ཤེལ་ལེ་རྫོང་དྲུག་དུ།  དུས་མཐའི་རྣལ་འབྱོར་མི་ཤིག་རྡོ་རྗེ་རྩལ།   ངེས་མེད་སྤྲང་པོ་བདག་ལ་སྙན་དུ་བརྒྱུད།  བདག་གིས་སྦས་དང་གསང་རྒྱ་ཐུབ་པར་བྱས།   མཚན་ལྡན་བླ་མ་དམ་པ་སྟེ།  ཞུ་གཡས་བསོད་ནམས་དབང་ལྡན་གྲགས་པས་ཡང་ཡང་བསྐུལ་མ་བྱས་ནས་སུ།   བཀའ་རྣམ་པར་དག་པའི་ཡི་གེ་འདི།  རི་ཁྱད་འཕགས་སྤུ་རྒྱལ་གང་ཟང་ཞོལ།  མཚོ་གླིང་རྒྱ་མཚོ་འཁྱིལ་བའི་མདུན་ཞོལ་སུ།  དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི།  ཡི་དམ་རིག་འཛིན་རྣམས་ལ་མཐོལ་ལོ་བཤགས།   བཀའ་སྐྱོངས་བསྲུང་མ་རྣམས་ལ་བཟོད་པར་གསོལ།   དགེ་བས་འགྲོ་ཀུན་རིག་འཛིན་ས་ཐོབ་ཤོག”(33)ཅེས་གསལ་ཡོད།   མཇུག་བྱང་འདི་ལས་ཁོང་གི་བླ་མ་ཞུ་གཡས་བསོད་ནམས་དབང་ལྡན་གྲགས་པ་ཡིན་པ་གསལ་ཡོད།  གོང་གི་མཇུག་བྱང་ལ་བལྟས་ན་བླ་མ་འདི་ནི་ཁྱུང་ཡུལ་གྱི་བླ་མ་ཞིག་ཡིན་པ་རྟོགས་ཐུབ།   གཞན་ཡང་མི་ཤིག་གྷུ་དྲག་སྨད་ཆ་ནང་གི་ལེའུ《སྨད་ཆོག་གསང་བ་བསྡུས་དོན》གྱི་མཇུག་བྱང་དུ“མཚན་ལྡན་བླ་མ་འགྲོ་མགོན་རྒྱལ་བ་གཙུག་ཕུད་ཀྱི་གསུང་གིས་བསྐུལ་བའི་ངོར།   དུས་མཐའི་རྣལ་འབྱོར་རྡོ་རྗེ་གླིང་པས།  དཀར་ཆག་ཡི་གེ་རིས་སུ་བྲིས་པ་འདི།  རིག་འཛིན་མཁའ་འགྲོ་རྣམས་ལ་མཐོལ་ལོ་བཤགས།  བཀའ་སྐྱོང་སྲུང་མ་རྣམས་ལ་བཟོད་པར་གསོལ།”(34)ཞེས་གསལ་ཡོད།  བླ་མ་འདི་གཉིས་ཀྱིས་ཁོང་གི་བཀའ་ལ་རྒྱབ་སྐྱོར་ཤུགས་ཆེར་གནང་འདུག་སྟེ།  ཁོང་གི་སྙན་རྒྱུད་བོན་སྐོར་མང་པོའི་མཇུག་བྱང་ལས་མཚན་ལྡན་བླ་མས་སྐུལ་བའི་ངོར་དཀར་ཆག་ཡི་གེར་བཏབ་ཅེས་གསལ་ཡོད་ཅིང་།  འདིའི་མཚན་ལྡན་བླ་མ་ཞེས་པ་དེ་ཁོང་རྣམ་གཉིས་གང་རུང་ལ་གོ་དགོས་པ་འདྲ།  མི་ཤིག་མཆོག་གི་བཀའ་ནི་བོན་གསར་མའི་ལུགས་སུ་གཏོགས་ཤིང་སྐབས་དེར་ཁྱུང་ཡུལ་དུ་ཁོང་གི་བཀའ་དར་སྤེལ་གནང་བར་དཀའ་ངལ་ཆེན་པོ་འཕྲད་པ་རེད།  རྒྱུ་མཚན་གང་ཡིན་ཞེ་ན།   བཀའ་གསར་མའི་ནང་དུ་ཨོ་རྒྱན་པདྨ་འབྱུང་གནས་ཀྱི་སྐོར་མང་ལ་ཆོས་ཕྱོགས་ཀྱི་ནང་དོན་དང་ཐ་སྙད་ལྡན་ཞིང་།   ཞྭ་ལུགས་དང་ཕྱག་ཆ་སོགས་ལ་རྙིང་མ་དང་བཀའ་རྒྱུད་ཀྱི་རྣམ་པ་མང་པོ་ཞིག་ཐོན་ཡོད་པས་རེད༑  ཐ་ན་མི་ཤིག་ཁོང་བྱ་སྒར་དཔོན་གྱིས་གཞིས་སུ་བཞུགས་མ་བཅུག་པ་དེ་ཡང་ཁོང་གིས་བཀའ་གསར་མའི་ལུགས་སྲོལ་དར་སྤེལ་གནང་བར་འབྲེལ་བ་ཡོད་འདུག  འོན་ཀྱང་༑  བླ་མ་འདི་གཉིས་ཀྱིས་ཁོང་གི་བཀའ་ལ་མཐོང་ཆེན་གནང་སྟེ་ཁོང་གི་སྙན་རྒྱུད་བོན་སྐོར་རྣམས་ཡིག་ཐོག་འཕབ་དགོས་པའི་སྐུལ་མ་ཡང་ཡང་གནང་འདུག  དེས་ན་ཁོང་གིས་བླ་མ་འདི་གཉིས་མདུན་ནས་གདམ་ངག་ཇི་ཙམ་ཞུས་མིན་རྟོགས་དཀའ་རུང་།  བླ་མ་འདི་གཉིས་ནི་ཁོང་གི་མི་ཚེ་དང་བྱ་གཞག་ཁྲོད་དུ་བཀའ་དྲིན་ཧ་ཅང་ཆེ་བའི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་པ་ཤེས་ཐུབ།  
   གཞན་ཁོང་གི་བླ་མ་དང་དགེ་རྒན་སོགས་ཀྱི་གནས་ཚུལ་འཁོད་པའི་ཡིག་ཆ་གུས་པའི་ལག་ཏུ་མ་སོན།  ཁོང་འཁྲུངས་གཞིས་ག་ཐ་ནས་མར་ཡོང་སྟེ་གསེར་ཚ་གཡུ་ཁྲ་ལྷ་སྟེང་དུ་བླ་བྲང་བཟུང་ནས་བཞུགས་ཡོད་འདུག   གཡུ་ཁྲ་ལྷ་སྟེང་གི་རྒྱབ་ཕྱོགས་རི་རྩེ་ནས་ཕུག་ལེབ་དབུ་མ་སྟག་རྩེ་མཐོང་ཐུབ་ཅིང་།   རྒན་རབས་ཚོའི་ངག་རྒྱུན་དུ་མི་ཤིག་མཆོག་ཞོགས་པ་གཡུ་ཁྲ་ལྷ་སྟེང་ནས་ཕུག་ལེབ་དབུ་མ་སྟག་རྩེར་འཕུར་ཏེ་སྒོམ་སྒྲུབ་ཉམས་ལེན་གནང་བ་དང་།   ཉིན་གུང་ཕྱིར་འཕུར་ཏེ་གཡུ་ཁྲ་ལྷ་སྟེང་གི་བླ་བྲང་ཡོད་སར་བཞུགས་ཏེ་བོན་འཁོར་བསྐོར་བ་བཤད་ཀྱིན་འདུག  དེ་ལས་ཁོང་ནམ་རྒྱུན་བཞུགས་གཞིས་གཡུ་ཁྲ་ལྷ་སྟེང་ནས་ཆེད་དུ་ཕུག་ལེབ་གནས་སུ་ཉམས་ལེན་གནང་བར་ཕེབས་ཀྱིན་ཡོད་པ་ཤེས་ཐུབ།  ཁོང་གིས་གཙོ་བོ་རྫོགས་པ་ཆེན་པོའི་ལྟ་བ་ཉམས་ལེན་གནང་གི་ཡོད་པ་དང་།  ཉམས་ལེན་ཚད་གཞི་མཐོ་པོར་སླེབས་ཏེ་ཐུན་མིན་གྱི་གྲུབ་རྟགས་འགའ་ཡང་བསྟན་རྒྱུ་ཡོད་པ་བཤད་སྲོལ་འདུག  ཁོང་ལ་སྙན་རྒྱུད་བྱུང་བའི་རྫོགས་ཆེན་སྐོར་གྱི་དཔེ་ཆ《རྫོགས་ཆེན་གསེར་གྱི་ཡང་ཞུན》ཞེས་པ་ཞིག་ཡོད་འདུག  ཁོང་གི་མཛད་སྤྱོད་དེ་མི་ཕལ་པ་རྣམས་ཀྱི་ངོར་ཅུང་ཐལ་ཆེ་བའི་རྣམ་པ་ཞིག་ཡོད་ཀྱང་།  ཁོང་ནི་རྫོགས་ཆེན་གྱི་གཞུང་དུ་གསལ་བའི་སེང་གེ་ལྟ་བུ།  གླང་ཆེན་ལྟ་བུ།  བུ་ཆུང་ལྟ་བུ།  སྨྱོན་པ་ལྟ་བུ།  གླན་པ་ལྟ་བུ།  ཐ་མལ་གྱི་སྤྱོད་པ་སོགས་ངེས་མེད་ཤུགས་བྱུང་རང་ཤར་གྱི་སྤྱོད་པ་སྤྱོད་མཁན་གྱི་རྣལ་འབྱོར་བ་ཞིག་ཡིན་འདུག 
    ཕུག་ལེབ་དབུ་མ་སྟག་རྩེ་ནི་ཁྱུང་སེར་མངའ་འབངས་ཨ་འབུ་སྒར་གསུམ་གྱི་ནང་ཚན་སྒར་འདབས་ཀྱི་ཁོངས་སུ་གཏོགས་ཤིང་།  དེང་གི་སྲིད་འཛིན་ས་ཁུལ་གྱི་དབང་དུ་བྱས་ན་གསེར་ཚ་ཤང་གི་ཁོངས་གཏོགས་འབུ་ཚབ་གྲོང་ཁྱུང་སེར་སྒར་ཁང་བླ་བྲང་གི་རྒྱབ་རི་ཟངས་བྲག་རིན་ཆེན་འབར་བ་ཞེས་པའི་བྲག་དམར་ཞིག་གི་མགུལ་དུ་ཆགས་ཡོད༑  ལོ་རྒྱུས་ཡིག་ཆ་ཁག་ནང་ཕུག་ལེབ་འོ་མ་སྟག་རྩེ་དང་ཕུག་ལེགས་དབུ་མ་སྟག་རྩེ་སོགས་འབྲི་སྟངས་མི་འདྲ་བ་འགའ་ཙམ་འདུག  གནས་རི་འདི་ནི་རིག་འཛིན་ཡབ་སྲས་གསུམ་གྱི་གནས་རི་ཡིན་པ་དང་།  ལྷག་ཏུ་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་གནས་རི་ཞིག་ཡིན་པ་གསལ།  གནས་འདི་ནི་སྒོམ་སྒྲུབ་ཉམས་ལེན་གནང་སའི་དབེན་གནས་ཉམས་དགའ་བ་ཞིག་ཡིན་ལ། ཕུག་ལེབ་ཅེས་མིང་འཐོགས་དོན་ནི་གནས་འདིར་ཕ་ཝང་ཆེན་པོ་ཞིག་གི་འོག་ཏུ་སྒྲུབ་ཕུག་ངོ་མཚར་བ་ཞིག་ཡོད།   སྒྲུབ་ཕུག་དེ་ནི་མི་ཤིག་མཆོག་གིས་སྒོམ་སྒྲུབ་ཉམས་ལེན་གནང་ས་ཡིན་ལ།   ཁོང་བྱོན་ནས་བཟུང་ད་བར་མཚམས་སྒྲུབ་བྱེད་མཁན་ཕལ་ཆེར་མཚམས་ཆད་མྱོང་མི་འདུག   ཁོང་གནས་འདིར་ཡུན་རིང་བཞུགས་ཏེ་སྒྲུབ་པ་ཉམས་ལེན་གནང་བ་དང་།  སྐབས་དེར་བོན་སྡེ་མང་པོ་ཞིག་སྙན་རྒྱུད་བྱུང་འདུག  དཔེར་ན།  དཔའ་བོ་བདུན་སྒྲུབ་ཀྱི་ནང་ཚན《བདེར་གཤེགས་རིག་འཛིན་ཐུགས་རྒྱུད་ལས་བཏགས་གྲོལ་ཆེན་མོ》ཞེས་པའི་མཇུག་བྱང་དུ“དེ་ལྟར་མན་ངག་གནད་ཀྱི་གདམ་པ་འདི།  སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཀྱིས།  གནས་མཆོག་ཕུག་ལེབ་རྟག་རྩེ་རུ། ངེས་མེད་དུས་མཐའི་སྤྲང་པོ་བདག་ལ་བརྒྱུད།”(35)ཅེས་གསལ་ཡོད།  གཞན་ད་དུང་བོན་སྡེ་འགའ་ཞིག་གནས་འདིར་སྙན་རྒྱུད་བྱས་འདུག་པ་དག་རྩོམ་ཡིག་འདིའི་ས་བཅད་བདུན་པ།  ཁོང་གི་གཏེར་སྙན་དང་བརྩམས་ཆོས་ཞེས་པར་བཀོད་ཡོད། 
    མི་ཤིག་རྡོ་རྗེ་མ་བྱོན་སྔོན་དུ་ཕུག་ལེབ་དབུ་མ་སྟག་རྩེ་འདིར་ཉམས་ལེན་བྱེད་མཁན་ཡོད་མེད་དང་རི་བོ་འདི་གནས་རི་ལ་བརྩི་སྲོལ་ཡོད་མེད་ད་སྔོན་ཤེས་རྟོགས་ཐུབ་མེད།   རི་བོ་འདི་པད་འབྱུང་གི་སྒྲུབ་གནས་ཡིན་པའི་ངོས་འཛིན་གནང་མཁན་དང་ཟངས་བྲག་རིན་ཆེན་འབར་བ་ཞེས་མཚན་གསོལ་མཁན་མི་ཤིག་ཁོང་ཡིན་པ་འདྲ།   སྤ་ཉི་མ་འབུམ་གསལ(1854-1920)མཆོག་གི་རྣམ་ཐར《ནོར་བུའི་ཕྲེང་བ》ལས“ཕྱིར་ལམ་གསེར་ཚ་ཁོག་སྒར་རྐོང་ཚང་ལ་ཞག་ཉི་ཤུ་ཙམ་འགོར་ཞིང་།  དེར་སྤྲུལ་སྐུ་མི་ཤིག་རྡོ་རྗེས་གནས་ཞལ་འབྱེད་པའི་ཟངས་བྲག་རིན་ཆེན་འབར་བ་ཞེས་སུ་གྲགས་པ་དེར་གནས་མཇལ་དང་བསྐོར་བ་སོགས་བྱས་ནས་བྱ་ཟེ་རུ་སོང་།”(36)ཞེས་གནས་སྒོ་འབྱེད་མཁན་མི་ཤིག་ཡིན་པ་བཤད་ཡོད།  ཁོང་གིས་གནས་སྒོ་ཕྱེས་ནས་བཟུང་གནས་རི་འདིར་མཇལ་སྐོར་བྱེད་མཁན་བྱུང་འདུག་ལ།  གཏེར་སྟོན་བདེ་ཆེན་གླིང་པས་ས་ལུག(༡༨༥༩)ལོར་གནས་འདི་ནས་ཟབ་གཏེར་བཞེས་འདུག  རབ་བྱུང་བཅོ་ལྔ་པའི་ས་སྤྲེལ(༡༩༠༨)ལོར་ཉག་གཏེར་གསང་སྔགས་གླིང་པ་མཆོག་དང་མཁའ་འགྲོ་དབང་གི་སྒྲོན་མ་ཡབ་ཡུམ་གཉིས་ཀྱིས་གནས་འདི་ནས་ཟབ་གཏེར་འགའ་ཞིག་བཞེས།  དེའི་རྗེས་སུ་གཤེན་སྤྲུལ་ཐུགས་རྗེ་ཉི་མས(1901-1949)ཀྱང་གནས་འདི་ནས«ཚེ་དབང་དྲག་འཁྲོས»སོགས་གཏེར་བཏོན་པ་རེད།   སྒར་ཁང་དཔོན་ཁྱུང་པོ་གཡུང་དབང་གི་སྲས་བཙན་རྒྱལ་གྲགས་པས་སྐུལ་བ་ལ་བརྟེན་ནས་གཏེར་སྟོན་བདེ་གླིང་ཆེན་པས་གནས་རི་འདིའི་དཀར་ཆག«ཟངས་བྲག་རིན་ཆེན་འབར་བའི་དཀར་ཆག་རྡོ་རྗེ་འབར་བའི་ཕྲེང་བ» ཞེས་པ་ཞིག་བརྩམས་གནང་ཡོད།  གཏེར་སྟོན་བདེ་ཆེན་གླིང་པ་ཁོང་ཁྱུང་ཡུལ་དུ་ཐེངས་གཉིས་ལ་ཕེབས་ཡོད་ཅིང་ཐེངས་གཉིས་ཀར་དཔོན་བཙན་རྒྱལ་གྲགས་པས་སྒར་ཁང་དུ་གདན་ཞུས་བྱས་འདུག  སྒར་ཁང་དཔོན་བཙན་རྒྱལ་གྲགས་པ་ནི་ཡབ་མེས་གཞན་དང་མི་འདྲ་བར་བཀའ་གསར་མའི་བོན་སྐོར་ལ་ཐུགས་མཉེས་པོ་གནང་མཁན་ཞིག་རེད།  བཤད་སྲོལ་ལ་ཁོང་མི་ཤིག་གི་སྐུ་སྐྱེ་ཡིན་པ་དང་དུས་སྐབས་དེར་སྒར་ཁང་རྣམ་ཚང་ལ་སྲས་པོ་མ་འཁྲུངས་ཤིང་སྲས་མོ་གསུམ་ཡོད་པར་བཤད།  ཉིན་ཞིག་བྱིས་པ་བཙན་ཁང(ཨ་བསེའི་སྒྲུབ་ཁང)ནང་བསྙལ་བཞག་སྐབས་མི་དམར་པོ་རལ་པ་ཅན་ཞིག་གིས་བྱིས་པ་བང་ནས་ཡོད་པ་ཨ་མས་མཐོང་ཞིང་། དུས་ཡུན་ཅུང་ཙམ་འདས་རྗེས་མི་དེ་མཐོང་རྒྱུ་མེད་པར་གྱུར་ཅིང་ཨ་མས་བྱིས་པ་པང་དུ་བླངས་སྐབས་བྱིས་པ་དེ་བུ་རུ་གྱུར་ཡོད་པ་མཐོང་།  དེར་བརྟེན།  ཁོང་གི་མཚན་ལ་བཙན་བརྗེས་གྲགས་པ་ཞེས་བཏགས་པ་གླེང་བཞིན་འདུག   ཁོང་གི་སྐུ་དུས་ནས་བཟུང་སྒར་ཁང་དུ་གསར་བོན་གྷུ་རུ་དྲག་པོའི་སྒྲུབ་པ་ཚོགས་འགོ་བརྩམས་ཡོད་འདུག   དེ་ནས་བཟུང་སྒར་ཁང་རྣམ་ཚང་ནས་ལོ་རེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནང་གྷུ་དྲག་སྒྲུབ་པ་འཚོགས་ཏེ་དེའི་མཇུག་ཏུ་གར་འཆམ་རྒྱག་སྲོལ་ཡོད།  གར་འཆམ་དེ་ཡང་དཔོན་བཙན་རྒྱལ་གྲགས་པའི་སྐུ་དུས་སུ་བྱུང་བ་བཤད་སྲོལ་འདུག 
གཉིས།  ཁོང་གིས་སློབ་ཚོགས་བསྐྱངས་པའི་སྐོར།
   མཁས་དབང་ཀུན་གྲོལ་གྲགས་པས་བརྩམས་པའི《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ལས“དེ་ནས་ཚེ་ལོ་སུམ་ཅུ་ཁ་རལ་དུ།།  གཡུ་ཁྲ་ལྷ་སྟེང་དབེན་པའི་གནས་ཉིད་དུ།།   ཤེལ་ཞིག་གདུང་ལས་གཡུང་དྲུང་རྒྱལ་པོའམ།།   སྤྲུལ་སྐུ་མི་ཤིག་རྡོ་རྗེ་གླིང་པ་ཡིས།།   བཀའ་གཏེར་ཟུང་འཇུག་སྔོན་གྱི་འཕྲོ་མཐུད་ཚུལ།།   བཀའ་གཏེར་བོན་གྱི་བསྟན་པ་བླ་མེད་སྤེལ།།   ལས་ཅན་དག་པའི་སློབ་མ་མང་དུ་བྱུང་།།   ཕུལ་བྱུང་བཀའ་འཛིན་གཡུང་དྲུང་བསྟན་འཛིན་གྱིས།།   བསྟན་པའི་རྩ་བ་ཤར་ཕྱོགས་འགྲོ་དོན་བཙུགས།།”(37)ཞེས་དང་།   སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ལས“ལྷ་ཡི་རིག་འཛིན་མངོན་གྱུར་པའི།།  གཡུང་དྲུང་བསྟན་འཛིན་སྨོན་ལམ་སྦྱར།།   ལྔ་བརྒྱ་གསལ་བའི་སྒྲོན་མེ་བཀོད།།”(38)ཞེས་དང་།  ཡང《རྡོ་རྗེ་རིན་ཕྲེང》ལས“རྗེ་རིགས་རྒྱལ་པོའི་གདུང་ལས་འཁྲུངས་པ་ཡི།།   མཆོག་ཏུ་གྱུར་པའི་བསྟན་འཛིན་སྐྱེས་མཆོག་ཅན།།   བདག་གི་སྐྱེ་བ་འདི་ཡི་གོང་མ་ལ།།   མི་ཤིག་རྡོ་རྗེ་རྩལ་ཞེས་གྲགས་པའི་ཚེ།།  བཀའ་ཡི་བདག་པོ་ལས་ཅན་སྐྱེས་བུ་ལས།།   བདེ་ཆེན་སྙིང་པོ་དེ་ལ་གཉེར་གཏད་ནས།།   གདུལ་དཀའ་མཐའ་འཁོབ་ཡུལ་དུ་འགྲོ་དོན་གྱི།།   ལུང་བསྟན་མཛད་ནས་རྒྱལ་མོ་རོང་དུ་གཤེགས།།  འགྲོ་དོན་མཐར་ཕྱིན་སྐུ་ཚེ་དཔལ་མཐའ་སྐྱོལ།།”(39)ཞེས་པར་བརྟག་ན།  ཁོང་གིས་སློབ་ཚོགས་མང་པོ་བསྐྱངས་པ་གསལ་ཡོད།   ཡིན་ནའང་།  ཁྱུང་ཡུལ་གྱི་རྒན་རབས་རྣམས་ཀྱི་ངག་རྒྱུན་དུ་སྐབས་དེར་ཁོང་གི་བདག་མོ་གཙོས་ཉེ་སྐོར་མི་རྣམས་ཀྱིས་ཁོང་ལ་དད་གུས་དེ་ཙམ་བྱེད་སྲོལ་མེད་པ་བཤད་ཀྱིན་འདུག   སྐབས་དེར་ཁོང་ལ་ཉེ་སྐོར་གྱི་ཡུལ་སྡེ་རྣམས་ཀྱིས་མཐོང་ཆེན་དང་དད་པ་དག་སྣང་གནང་གི་མེད་ཀྱང་ཡུལ་ཕྱོགས་གཞན་གྱི་དད་ལྡན་མང་པོ་ཞིག་ཁོང་སར་གདམ་ངག་ཞུ་རུ་འབྱོར་ཡོད་འདུག   དཔེར་ན།   ཤར་རྒྱལ་མོ་རོང་དང་།  བྱང་ཕྱོགས་ནང་ཆེན་སོགས་ནས་སློབ་མ་མང་པོ་འདུས་ཡོད་འདུག   ད་ལྟ་གཡུ་ཁྲ་ལྷ་སྟེང་གི་གཡས་ཕྱོགས་སུ་སྒྲུབ་ཕུག་འགའ་ཞིག་མཐོང་རྒྱུ་ཡོད་པ་དེ་ཚོར་དེང་གི་ཆར་ཡང་རྒྱལ་རོང་ཕུག་དང་ནང་ཆེན་ཕུག་སོགས་འབོད་སྲོལ་འདུག་ཅིང་།  ཁོང་གི་སློབ་མ་རྣམས་ཀྱིས་མཚམས་སྒྲུབ་གནང་ས་ཡིན་པས་དེ་ལྟར་ཐ་སྙད་འཐོགས་པ་རེད་ཟེར།  གཞན་ཡང་བཤད་སྲོལ་ལ་སྐབས་དེར་ད་ལྟའི་གཡུ་ཁྲ་ལྷ་སྟེང་དགོན་པ་ཡོད་ས་ནས་རི་མཚམས་ཀྱི་ཞིང་ཁ་ཡོད་སའི་བར་འདུས་སྡེ་ཆགས་པ་མ་ཚད།  ལྷ་ཁང་གོར་མོ་ཞེས་རི་མཚམས་ཀྱི་ཞིང་ཁ་ཡོད་སར་ལྷ་ཁང་གཙོ་བོ་དེ་བཞེངས་ཡོད་པ་བཤད་སྲོལ་འདུག   ཁོང་གི་སློབ་མ་རྣམས་ལས་མཆོག་ཏུ་གྱུར་པ་ནི་རྒྱལ་རོང་དགེ་བཤེས་གཡུང་དྲུང་བསྟན་འཛིན་ལགས་རེད།  དེ་ཡང《ཨ་ཁྲིད་བླ་རྒྱུད་རྣམ་ཐར》ལས“གཞན་ཡང་མི་ཤིགས་རྡོ་རྗེ་ཡི།།  སྙན་རྒྱུད་བོན་གྱི་བདག་པོ་མཛད།།”ཅེས་དང་། བདེ་གླིང་གི་རྣམ་ཐར《ཀླུ་དབང་གཙུག་ནོར》ལས“དེ་ཡང་དབེན་གནས་ཕུག་ལེབ་སྟག་རྩེར་ཡོད་དུས་རྗེ་རིན་པོ་ཆེ་རྒྱལ་ཁྱུང་དགེ་བཤེས་ནང་སོ་གཡུང་དྲུང་བསྟན་འཛིན་གཙུག་ཕུད་དང་མཇལ་ནས་བཀའ་ཡི་གླེགས་བམ་ཕྱག་ཏུ་གཏད་པའི་ཚུལ་རྣམས་དང”(40)ཞེས་དང་།  སྤྱི་ལོ(༡༧༠༧)ལོར་འཁྲུངས་པའི་དགེ་བཤེས་བློ་ལྡན་སྙིང་པོས་བརྩམས་པའི་གཡུང་དྲུང་བསྟན་འཛིན་མཆོག་གི་རྣམ་ཐར《ལོངས་སྤྱོད་རྒྱན》ལས“སུམ་ཅུ་ཁྱུང་ཡུལ་མི་ཤིགས་རྡོ་རྗེའི་མདུན།།  སྙན་བརྒྱུད་ཟབ་མོའི་བོན་སྡེ་མ་ལུས་ཞུས།།  གསང་མཚན་བདེ་ཆེན་མི་འགྱུར་སྙིང་པོ་བཏགས།།   བསྟན་པ་འཛིན་སྐྱོང་སྤེལ་གསུམ་གཉེར་དུ་གཏད།།”(41)ཅེས་གསལ་བ་སོགས་ལ་བརྟག་ན།   རབ་བྱུང་བཅུ་གཉིས་པའི་མེ་ཡོས(༡༦༨༧)ལོར་གཡུང་དྲུང་བསྟན་འཛིན་མཆོག་ཁྱུང་ཡུལ་དུ་ཕེབས་ཤིང་མི་ཤིག་མཆོག་དང་བླ་སློབ་ཀྱི་འབྲེལ་བ་ཆགས་པ་དང་།  གཡུང་དྲུང་བསྟན་འཛིན་མཆོག་གིས་དུས་ཡུན་ལོ་གཉིས་ནང་གཡུ་ཁྲ་ལྷ་སྟེང་དང་ཕུག་ལེབ་གཉིས་སུ་མི་ཤིག་བླ་མར་བསྟེན་ཏེ་ཁོང་གི་བཀའ་གཏེར་གྱི་དབང་ལུང་ཡོངས་རྫོགས་ཐུགས་སུ་ཆུད་པ་གནང་ཡོད།  སྐབས་དེར་མི་ཤིག་དང་བྱ་སྒར་བླ་བྲང་བར་གྱི་འགལ་བ་ཛ་དྲག་ཏུ་གྱུར་པར་བརྟེན་མི་ཤིག་མཆོག་གིས་ཁོང་གི་བཀའ་གཏེར་ཁྱུང་ཡུལ་དུ་སྤེལ་མི་ཐུབ་པ་དགོངས་ཏེ་རང་གི་སློབ་མ་གཡུང་དྲུང་བསྟན་འཛིན་ལ་དཔེ་ཆ་གཏད་དེ་ཤར་ཕྱོགས་ཡུལ་དུ་སྤེལ་དགོས་པའི་སྐུལ་མ་གནང་བ་རེད།  དེར་བརྟེན།   ཁོང་གི་སློབ་མ་གཡུང་དྲུང་བསྟན་འཛིན་མཆོག་གིས་རབ་བྱུང་བཅུ་གཉིས་པའི་ས་སྦྲུལ(༡༦༨༩)ལོར་ཁམས་བྲག་འགོའི་ཡུལ་དུ་གཡུ་དགོན་བཀྲ་ཤིས་སྨིན་གྲོལ་གླིང་ཕྱག་བཏབ་སྟེ།  གཡུང་དྲུང་བོན་གྱི་སྒྲུབ་སྡེ་བཙུགས་པ་དང“ཁྱད་པར་སྤྲུལ་སྐུ་བློ་ལྡན་མི་ཤིག་གཉིས།།  བཀའ་གསང་སྙན་རྒྱུད་བོན་གྱི་བསྟན་པ་བསྐྱངས”(42)གནང་ཡོད༑
    གཞན་ཡང་རྒྱལ་རོང་ཚ་ཁོ་རྒྱལ་པོའི་མངའ་ཁོངས་སུ་ཁོང་གི་བཀའ་བབ་ས་ཀོ་བློ་བླ་མ་ཞེས་པའི་སློབ་མ་ཞིག་ཡོད་པ་གསལ་ཏེ།《རྡོ་རྗེ་རིན་ཕྲེང》ལས“ཉེ་བར་སྐྱེ་བ་གོང་མ་མི་ཤིག་དུས།།   ཆོས་བདག་ཀོ་བློ་བླ་མས་གདན་དྲངས་ཞུས།།   མི་ཤིག་རྡོ་རྗེས་གནང་བའི་ཆོས་གོས་དང་།།   ཤོག་སེར་བྱིན་རླབས་གནང་བ་ངོས་འཛིན་མཛད།།   ཀུན་གྱིས་ངེས་ཤེས་བསྐྱེད་ནས་དབང་བྱིན་ཞུས།།”(43)ཞེས་གསལ་ཡོད།  གཞན་ཡང་བྲེ་ཧོར་ཡུལ་མཚམས་སུ་སྐུ་འཁྲུངས་པའི་རྟོགས་ལྡན་གཡུང་དྲུང་རྒྱལ་མཚན(1630-1705)མི་ཤིག་མཆོག་གི་སློབ་མ་ཡིན་པ་དང་མི་ཤིག་མཆོག་གིས་རྟོགས་ལྡན་གཡུང་དྲུང་རྒྱལ་མཚན་ཁོང་རྟོགས་ལྡན་སྒོམ་ཆེན་འབར་བའི་ཡང་སྤྲུལ་དུ་ངོས་འཛིན་གནང་བ་མཁན་པོ་ཚེ་རིང་ནོར་བུས་བརྩམས་པའི《རྟོགས་ལྡན་གཡུང་དྲུང་རྒྱལ་མཚན་གྱི་ལོ་རྒྱུས》ནང་དུ་གསལ་འདུག   དེ་བཞིན་རྐང་དུང་གི་ཟིལ་གནོན་དང་ཆར་འབེབ་གཡུ་མཚོ་འཁྱིལ་པ་གཉིས་རྒྱུད་སྤེལ་གནང་ས་ཤེལ་སྟོན་བསོད་ནམས་རྒྱལ་མཚན་ཞུ་བ་ཞིག་དང་།《བྱང་ཆུབ་ཆེན་པོ་དགེ་བསྙེན་གསོལ་ཁ་མེ་ལོང་དྭངས་མ》རྒྱུད་སྤེལ་གནང་ས་ཤེལ་ཞིག་ནམ་མཁའ་ཚུལ་ཁྲིམས་ཞུ་བ་ཞིག་ཀྱང་ཡོད་འདུག   མཁན་པོ་ཚེ་རིང་ནོར་བུས་བརྩམས་པའི《གཡུང་དྲུང་ཡེ་ཤེས་ཀྱི་ལོ་རྒྱུས་ཉུང་བསྡུས》ལས་མཁས་གྲུབ་ཆེན་པོ་རྒྱལ་རོང་གཡུང་དྲུང་ཡེ་ཤེས(1620-1665)མཆོག་གིས་དམ་པ་ཁོང་གི་མདུན་ནས་གསང་སྔགས་རྒྱུད་སྡེ་བཞི་ཡི་དབང་ལུང་སོགས་གསན་པ་གསུངས་མོད།  རྒྱལ་རོང་གཡུང་དྲུང་ཡེ་ཤེས་ཁོང་རབ་བྱུང་བཅུ་གཅིག་པའི་ཤིང་སྦྲུལ(༡༦༦༥)ལོར་སྐུ་གཤེགས་པ་གསུངས་པས་སྐབས་དེར་མི་ཤིག་དགུང་ལོ་བཅུ་ལས་མ་སོན་པས་འཐད་དཀའ་བར་སྣང་།  འོན་ཀྱང་༑ དཔྱད་པར་འཚལ།  སློབ་མ་འདི་དག་ནི་ཁོང་གཡུ་ཁྲ་ལྷ་སྟེང་དུ་བཞུགས་སྐབས་སྐུ་མདུན་དུ་ཡོད་པ་ཡིན་ཤས་ཆེ།  ཁོང་གི་སྙན་རྒྱུད་བོན་སྡེ་འགའ་ཡི་མཇུག་བྱང་ལ་དཔྱད་ཞིབ་བྱས་ན།  ཁོང་དགུང་ལོ་བཅུ་གཉིས་གོང་དུ་སྙན་རྒྱུད་བྱུང་བ་གསལ་འདུག   དེས་ན་མི་ཤིག་དགུང་ལོ་ཉི་ཤུ་ཡན་མན་ཐོག་ནས་གཏེར་སྙན་ཡོད་པའི་སྙན་པ་རྒྱང་དུ་མཆེད་ནས་ཕྱོགས་མཐའ་ནས་འཁོར་སློབ་འདུས་ཤིང་།   རིམ་བཞིན་གཡུ་ཁྲ་ལྷ་སྟེང་སོགས་སུ་གཞིས་འཁོར་ཆེན་པོ་ཆགས་པ་མ་ཟད།   དེ་དག་ལ་བཀའ་གསར་མའི་བོན་སྡེ་ཤུགས་ཆེར་དར་སྤེལ་གནང་བའི་རྐྱེན་བྱས་ཁྱུང་ཡུལ་གྱི་བླ་དཔོན་འགའ་ཞིག་གི་ཐུགས་ཟུར་སྤྱན་ཟུར་ལ་ཕོག་སྟེ།  རབ་བྱུང་བཅུ་གཉིས་པའི་ས་འབྲུག(༡༦༨༨)ལོ་སྟེ་ཁོང་དགུང་ལོ་སུམ་ཅུ་སོ་བཞི་ཐོག་ཏུ་རྒྱང་འཕུད་བཏང་བ་དང་གཡུ་ཁྲ་ལྷ་སྟེང་གི་འདུས་སྡེ་འཐོར་ཞིག་སོང་འདུག  དེར་ཁོང་ནི་ངེས་མེད་དུ་བཞུགས་ཤིང་སློབ་མ་དག་སོ་སོའི་ཕ་ཡུལ་དུ་ཕྱིར་ཕེབས་ནས་མུ་མཐུད་དེ་ཁོང་གི་བཀའ་རྒྱུད་དར་སྤེལ་གནང་ཡོད།   དགེ་བཤེས་གཡུང་དྲུང་བསྟན་འཛིན་མཆོག་ཕྱིར་ཁམས་བྲག་འགོའི་ཡུལ་དུ་ཕེབས་ཏེ་གདན་ས་བཀྲ་ཤིས་སྨིན་གྲོལ་གླིང་ཕྱག་བཏབ་གནང་ཡོད་པ་ཤེས་ཐུབ་བོ།།   
   
 གསུམ།   ཁོང་རྩེ་དྲུག་དགོན་དུ་བཞུགས་པའི་སྐོར།  
   ང་ཚོས་ཁོང་གི་རྣམ་ཐར་མཇལ་སྐབས་སྐུ་ཚེའི་སྟོད་ཀྱི་མཛད་པ་དང་སྐུ་ཚེའི་སྨད་ཀྱི་མཛད་པ་གཉིས་སུ་ཕྱེས་ཏེ་བལྟས་ན་གོ་སླ་མོ་ཞིག་ཡོད།  ཁོང་དགུང་ལོ་སུམ་ཅུ་སོ་བཞི་ཐོག་ཏུ་གཡུ་ཁྲ་ལྷ་སྟེང་དུ་བཞུགས་མ་བཅུག་པས་ཁྱུང་པོའི་སྨད་ཕྱོགས་གནས་མཆོག་རི་བོ་རྩེ་དྲུག་ལ་ཕེབས་ཏེ་བཞུགས་གནང་འདུག  བཤད་སྲོལ་ལ་ཁོང་གསེར་ཚ་ནས་ཞབས་ཕྱི་གཅིག་ཁྲིད་དེ་མར་རྩེ་དྲུག་ཏུ་བྱོན་པར་བཤད།   ལམ་བར་དུ་ཁོང་ཞལ་སྐྱེམས་པས་ཞབས་ཕྱི་དེ་ཆུ་བཙལ་དུ་བཏང་བ་རེད།   ཞབས་ཕྱི་དེས་རྟ་ཡི་རྨིག་རྗེས་ནང་འཁྱིལ་བའི་ཆུ་ཞིག་ཁོང་ལ་དྲངས་པའི་རྣམ་སྨིན་གྱིས་ཞབས་ཕྱི་དེ་སྐྱེ་བ་རྗེས་མ་རྟ་ཡི་ལུས་སུ་བླངས་པ་བཤད་སྲོལ་ཡོད།  རྟ་དེ་ནི་སངས་རྒྱས་གླིང་པའི་ཆིབས་པ་བཀྲ་ཤིས་གྲོ་བཀྲ་ཞེས་པ་དེ་ཡིན་པ་དང་།   སྐྱེ་བ་སྔོན་མའི་ལན་ཆགས་ཀྱིས་ཡང་སྲིད་ཀྱི་ཆིབས་རྟའི་ལུས་སུ་བླངས་པ་དང་།  རྟ་དེའི་སྔར་གྱི་རྣམ་སྨིན་བྱང་ནས་ཚེ་འཕོས་རྗེས་རྩེ་དྲུག་ཁྱུང་དཀར་བླ་མ་གཡུང་དྲུང་ཞེས་པར་འཁྲུངས་པ་རེད་ཟེར་སྲོལ་འདུག  འོན་ཀྱང་།《རྡོ་རྗེ་རིན་ཕྲེང》ནང་དུ་ཆིབས་པ་བཀྲ་ཤིས་གྲོ་བཀྲའི་ལོ་རྒྱུས་ཤིག་འདུག་པ་དེར་རྟ་དེ་སྐྱེ་བ་སྔོན་མ་སྤྲུལ་སྐུ་བློ་ལྡན་ཉེ་འཁོར་མི་སྣ་ཞིག་ཡིན་པ་དང་།  བློ་ལྡན་གྱི་སྨོན་ལམ་དབང་གིས་སངས་གླིང་གི་ཆིབས་རྟའི་ལུས་སུ་བླངས་པ་བཤད་ཡོད།  ལོ་རྒྱུས་དེར་རྟ་འདི་སངས་གླིང་ཁོང་མེ་ལུག(༡༧༢༧)ལོར་ཁྱུང་ཡུལ་ག་རེའི་ཕྱོགས་སུ་ཕེབས་སྐབས་ག་ཤེལ་བླ་མ་རྣམ་རྒྱལ་གྲགས་པས་ཕུལ་བ་ཞིག་ཡིན་པ་འཁོད་ཡོད།   མི་ཤིག་རྩེ་དྲུག་གནས་སུ་བཞུགས་མྱོང་བའི་སྐོར་རྩེ་དྲུག་དགོན་གྱི་སྒོམ་གྲྭ་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག་མཆོག་གིས་གསུངས་བྱུང་ལ།  ད་ལྟ་རྩེ་དྲུག་དགོན་དུ«མི་ཤིག་སྒྲུབ་ཕུག»ཅེས་པའི་ཁོང་གི་སྒྲུབ་ཕུག་ཀྱང་མཇལ་རྒྱུ་ཡོད།  སྒྲུབ་ཕུག་འདི་དུས་རབས་བཅུ་དགུ་པའི་མཇུག་ཏུ་གྲུབ་དབང་སྨོན་ལམ་རྒྱལ་མཚན(1842-1917)མཆོག་གིས་རྒྱུ་དངོས་བཏང་སྟེ་ཉམས་གསོ་གནང་བ་ཁོང་གི་རྣམ་ཐར་ནང་གསལ་འདུག  འོན་ཀྱང་།  ཕྱིས་སུ་ཉམ་རྒུད་སོང་སྟེ་ད་ལྟ་བྲག་ཕུག་ཙམ་ལས་གཞན་མདུན་ངོས་ཀྱི་གྱང་སོགས་ཉམས་གསོ་ཐུབ་མེད།   
     མི་ཤིག་ཁོང་གི་སྙན་རྒྱུད་མང་པོ་ཞིག་གི་མཇུག་བྱང་དུ་ཁོང་ཉིད་རྩེ་དྲུག་ཏུ་བཞུགས་པའི་སྐོར་འཁོད་འདུག་ལ།  ཁོང་གིས་བརྩམས་པའི་རྩེ་དྲུག་གནས་ཀྱི་བསང་ཡིག་ཅིག་ད་ལྟ་བཞུགས་ཡོད།   ཁོང་རྩེ་དྲུག་ཏུ་བཞུགས་སྐབས་ཀྱི་གནས་ཚུལ་ཞིག《རྡོ་རྗེ་རིན་ཕྲེང》ནང་དུ་བཀོད་ཡོད་པ་འདི་ལྟར། “བདག་ནི་སྐྱེ་བ་མི་ཤིག་རྡོ་རྗེ་རྩལ།   སྐྱེས་ནས་འགྲོ་དོན་མཛད་པའི་དུས་ཙམ་ན།   ཁྱུང་པོ་དཀར་རུ་ཁ་ལུང་ཟེར་བ་ལས།   སྡེ་པ་ཅིག་གི་ཧོར་འདྲ་རིམ་སྲུང་མིང་།  དེ་ཡི་སྐབས་སུ་བདག་ནི་ཤེལ་བྲག་རྫོངས།  ཆོས་འཛུགས་དགེ་བའི་འཁོར་ལོ་བསྐོར་བའི་ཚེ།  ཟོག་པོ་ཆེ་བ་མི་ཤིག་རྡོ་རྗེ་མིང་།  ཁྱི་ལ་སེང་གེའི་མིང་བཏགས་རང་མཐོང་ཅན།  ཁོ་ལ་ཆོས་ཞུ་འགྲོ་བ་བྱས་པ་བས།  དེ་བས་ཁྱི་ལ་ཕྱག་འཚལ་དེ་པས་ལྷག   ཟེར་ནས་ཕལ་ཆེར་ཆོས་སྒོ་བཀག་པར་བྱེད།   དེའི་རྣམ་སྨིན་ཁྱི་ལུས་བླངས་འདུག་པས།   ཆོས་ལ་ཡ་ཁ་བཟླས་ཤིང་ཆོས་སྒོ་བཀག   དེ་ཡི་རྣམ་སྨིན་སྡུག་བསྔལ་བསམ་མི་ཁྱབ།”(44)ཅེས་གསལ་ཡོད།   གནས་ཚུལ་འདི་ལས་མཐོང་ཐུབ་པ་ནི་ཁོང་རྩེ་དྲུག་བཞུགས་སྐབས་བོན་ཉན་མཁན་འགའ་ཞིག་བྱུང་ཡོད་པ་དང་།  ཁོང་གིས་རྩེ་དྲུག་ཏུ་འཆད་ཉན་གྱི་བསྟན་པ་སྤེལ་རྒྱུའི་འཆར་གཞི་བཞག་ཡོད་པ་ཤེས་ཐུབ།   འོན་ཀྱང་༑   རྩེ་དྲུག་གནས་ཀྱི་ཉེ་སྐོར་ན་གྲུབ་མཐའ་མི་གཅིག་པའི་ཡུལ་སྡེ་མང་ཞིང་དེ་དག་དང་རྩེ་དྲུག་དགོན་དུ་བཞུགས་པའི་བོན་གྱི་བླ་གྲྭ་ཁག་གི་བར་དུ་ཐོག་མཐའ་བར་གསུམ་དུ་གྱོད་དང་ཁ་མཆུའི་རྩོད་པ་འབྱུང་གིན་ཡོད་པས།   ཁོང་གི་སྐུ་དུས་སུ་ཡང་འདིའི་ཉེ་སྐོར་གྱི་སྡེ་དཔོན་འགས་གྲུབ་མཐའི་ཆགས་སྡང་དབང་གིས་ཆབ་སྲིད་དབང་ཆ་བེད་སྤྱོད་བཏང་སྟེ་རྩེ་དྲུག་གནས་ཀྱི་ཆོས་སྒོ་བརྒྱབ་ཡོད་པ་ཤེས་ཐུབ།   སྐབས་དེར་དགེ་ལུགས་པས་སྲིད་དབང་སྤྱད་དེ་བོད་ཡུལ་སྟོད་སྨད་གང་སར་དགོན་སྡེ་ཞྭ་སྒྱུར་བྱེད་བཞིན་ཡོད།  གསེར་ཚ་འབྲོང་རྫོང་དགོན་ཡང་སྐབས་དེར་དགེ་ལུགས་སུ་བསྒྱུར་བ་རེད།  ཁོང་མུ་མཐུད་རྩེ་དྲུག་ཏུ་མ་བཞུགས་པར་ནུབ་ཀོང་པོ་རོང་དུ་ཕེབས་པ་ཡང་རྒྱུ་རྐྱེན་འདི་དག་གིས་ཡིན་ཤས་ཆེ།《རྩེ་དྲུག་ལོ་རྒྱུས་ཀུན་གསལ་འོད་ཀྱི་ཉག་ཐག》དང《ཞང་བོད་ཚིག་མཛོད་ཆེན་མོ》སོགས་ལས་ཁོང་གིས་རྩེ་དྲུག་གནས་སུ་ཚོགས་ཁང་ཆེན་མོ་ཞིག་བཞེངས་པ་གསུངས་མོད།  སྐབས་དེའི་ཁོང་གི་དཔལ་འབྱོར་ཡོང་འབབ་དང་ཁོར་ཡུག་གི་གནས་སྟངས།  ཆབ་སྲིད་གནས་བབ་སོགས་ལ་བརྟག་ན་ཁོང་གིས་མཚམས་སྒྲུབ་ཉམས་ལེན་གནང་བ་ལས་ཚོགས་ཁང་བཞེངས་ཐུབ་ཡོད་མེད་རྟོགས་དཀའ། 
   བཞི།   ཁོང་གིས་ཀོང་པོ་བོན་རིར་མཚམས་སྒྲུབ་གནང་བའི་སྐོར།  
    ཁོང་རྩེ་དྲུག་ཏུ་ལོ་ཤས་བཞུགས་རྗེས་ཀོང་པོར་བྱོན་པ་རེད།   འདི་དག་སྐོར་གོང་གི་ས་བཅད་གཉིས་པར་ཅུང་ཟད་གླེང་ཟིན།   ཁོང་གིས་ཀོང་པོར་དབུས་ཕུག་གསང་བ་ཡང་རྫོང་གི་གནས་སྒོ་ཕྱེས་པ་ཡིན་ཏེ།  ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས་ཀྱིས་བརྩམས་པའི《བོན་རིའི་གནས་ཡིག》ལས“དབུས་ཕུག་ཤེལ་ཞིག་མི་ཤིག་གསང་སྒོ་ཕྱེས།།  སངས་གླིང་མཐིང་སྐུ་ཟབ་གཏེར་དཀར་ཆག་བསྐྲུན།།”(45)ཞེས་གསལ་ཡོད་པས་ཤེས་ཐུབ།   ཁོང་གིས་དབུས་ཕུག་གསང་བ་ཡང་རྫོང་གནས་སྒོ་ཕྱེས་རྗེས་གནས་དེར་མཚམས་སྒྲུབ་གནང་བ་ཡང་གསལ་ཡོད་དེ།  གཏེར་སྟོན་བདེ་ཆེན་གླིང་པའི་རང་རྣམ《ཀླུ་དབང་གཙུག་ནོར》ལས“རྗེས་སུ་ཀོང་པོ་བོན་རིའི་དབུས་ཕུག་བཞུགས་དུས་འབམ་ནད་ཀྱིས་ཟིན་པས་བདེ་ཆེན་དགོན་པའི་སྟེང་དུ་ཡོང་དགོས་བྱུང་དུས་ལམ་བར་བསྐྱོད་ཚུལ་དང་།  ཁྱིམ་བདག་རྣམས་ཀྱིས་ཆང་ཞུས་སོགས་ཡོང་བ་ཐམས་ཅད་ས་ལེར་དྲན་པ་ཡོད།  མཁོ་བའི་འདོད་ཡོན་སོགས་རྒྱ་ཆེར་མ་མཆིས་པ་གྲོགས་པོ་སོགས་དཀོན་པ་བྱུང་ཚེ།   ན་ཚ་སྡུག་བསྔལ་ཐམས་ཅད་གྲོགས་སུ་ཤར་བ་མ་གཏོགས་སེམས་འཁྲུགས་པ་མ་བྱུང་།”(46)ཞེས་ཁོང་ཀོང་པོར་བཞུགས་སྐབས་ཀྱི་འཚོ་བའི་གནས་སྟངས་དང་སེམས་ཁམས་གསལ་པོར་བསྟན་ཡོད།   འདི་ལས་ང་ཚོས་ལྷ་ཡི་རང་བཞིན་དང་སྣང་བརྙན་དུ་མ་བཟོས་པའི་ཁོང་གི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་མཐོང་ཐུབ།   འདི་གལ་ཆེན་པོ་རེད།  ཁོང་ཀོང་པོར་བཞུགས་སྐབས་བོན་རིའི་བསང་ཡིག་ཅིག་བརྩམས་གནང་འདུག་ལ།   མཁན་པོ་ཚེ་རིང་ནོར་བུ་མཆོག་གིས་བརྩམས་པའི《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》ཞེས་པའི་དེབ་ནང་གཡུ་དགོན་བཀྲ་ཤིས་སྨིན་གྲོལ་གླིང་གི་ལོ་རྒྱུས་ཤིག་འདུག་ཅིང་།  དེའི་ནང་མི་ཤིག་མཆོག་གིས་ཀོང་པོ་བོན་རིའི་ཐུགས་ཀ་ནས་དུང་འཕར་ཆུང་ཞིག་གཏེར་བཏོན་པ་དང་འཕར་ཆུང་དེ་སློབ་མ་གཡུང་དྲུང་བསྟན་འཛིན་ལ་རྟེན་སྐལ་དུ་བྱིན་པས་ད་ལྟ་ཡང་གདན་ས་བཀྲ་ཤིས་སྨིན་གྲོལ་གླིང་དུ་བཞུགས་ཡོད་པ་གསུངས་གནང་ཡོད།   དེ་ལྟར་ཁོང་གི་སྐུ་ཚེའི་མཐའ་མཇུག་གི་ལོ་ཟླ་དེ་ཀོང་པོ་བོན་རིའི་མདུན་དུ་བསྐྱལ་བ་རེད།   ཁོང་སྐུ་གཤེགས་རྗེས་དད་ལྡན་སློབ་མ་འགས་སྐུ་གདུང་མེ་རུ་བསྲེགས་གནང་འདུག   སློབ་མ་འདི་ཚོའི་མཚན་དཔྱད་གཞི་རུ་གསལ་པོར་བཀོད་མེད།  འོན་ཀྱང་༑  མི་ཤིག་རང་གི་ཁ་བྱང《དུས་བཀྲ་གསལ་བའི་སྟོད་བྱང་ནམ་ངག་མེ་ལོང》ལས“ཞང་ཞུང་སད་ནེ་ག་བུའི་སྤྲུལ་པ(ཨ་མདོ་ཚེ་དབང་ལྷུན་གྲུབ་ཟེར་བ་ཞེས་བྱའོ)ཀོང་ཡུལ་དབུས་སུ་བཞུགས།”(47)ཞེས་གསལ་བ་དང་།  སངས་གླིང་གི་རང་རྣམ《རྡོ་རྗེ་རིན་ཕྲེང》ཞིབ་མཇལ་ཞུས་ན།  སྟག་རྩེ་རི་ཁྲོད་ཀྱི་གདན་རབས་གཉིས་པ་ཨ་མདོ་ཤར་ཁོག་ཏུ་འཁྲུངས་པའི་བླ་མ་ཚེ་དབང་ལྷུན་གྲུབ་ཞུ་བ་དེ་མི་ཤིག་གི་སློབ་མ་ཡིན་པ་གསལ་འདུག་པས་དེའི་ཁྲོད་ཁོང་ཡོད་ན་སྙམ། འདི་དག་ནི་ཁོང་གི་མི་ཚེའི་ནང་སྒྲུབ་པ་ཉམས་ལེན་གནང་བ་དང་སློབ་ཚོགས་བསྐྱངས་པའི་སྐོར་ཞིག་རེད།   མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་བརྩམས་པའི《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》ལས“སྤྲུལ་སྐུ་བློ་ལྡན་སྙིང་པོ།  ཚ་རོང་གཡུང་དྲུང་འོད་ཟེར།  ཤེལ་ཞིག་གཡུང་དྲུང་རྒྱལ་པོ་སོགས་ཕེབས་ནས་སྒྲུབ་པའི་ཉམས་ལེན་སྐྱོང་ཚུལ་བཤད་མོད་ཀྱང་ཁོང་རྣམ་པས་རྫ་ཁྲོད་དང་གངས་ཁྲོད་སོགས་སུ་བཞུགས་པ་ལས་དགེ་འདུན་གྱི་འདུ་གནས་སྐྱོང་བའི་མཛད་རྗེས་གནང་མེད།”(48)ཅེས་མི་ཤིག་མཆོག་ཧོར་བྲག་འགོའི་ཡུལ་དུ་ཕེབས་མྱོང་བའི་བཤད་སྒྲོས་ཡོད་པ་ལས་སློབ་ཚོགས་བསྐྱངས་མེད་པ་གསུངས་ཡོད།   གུས་པས་མཇལ་བའི་དཔྱད་གཞི་ཁག་ཏུ་ཁོང་མདོ་སྨད་ཕྱོགས་སུ་བྱོན་པའི་སྐོར་འཁོད་པ་མ་མཐོང་།  གཅིག་ནས་ཁོང་དགུང་གྲངས་ལྔ་བཅུ་ཡན་དུ་མ་བཞུགས་ཤིང་དགུང་ལོ་སུམ་ཅུ་སོ་བཞི་མ་ཟིན་བར་དུ་གཡུ་ཁྲ་ལྷ་སྟེང་སོགས་སུ་བཞུགས་པ་རེད།  དེ་རྗེས་རྩེ་དྲུག་ཏུ་ལོ་ཤས་བཞུགས་པ་དང་ཀོང་པོར་ལོ་འགའ་བཞུགས་པ་རེད།  དེས་ན་ཁོང་མདོ་སྨད་དུ་འབྱོན་པའི་དུས་སྐབས་ཀྱང་དཀོན་པོ་རེད།  གཉིས་ནས་གལ་སྲིད་ཁོང་མདོ་སྨད་དུ་བྱོན་ཡོད་ན་ཏན་ཏན་འཁོར་སློབ་སྐྱོང་སྲིད་པ་རེད།  འོན་ཀྱང་༑  མདོ་སྨད་ཕྱོགས་སུ་ཁོང་གིས་འཁོར་སློབ་བསྐྱངས་མེད་པ་མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་གོང་དུ་གསུངས་པ་དེ་རེད༑
 
ས་བཅད་བཞི་པ།  ཁོང་ཁྱུང་ཡུལ་གསེར་ཚ་ནས་རྒྱང་འཕུད་བཏང་བའི་སྐོར།   
 
དང་པོ།  ལོ་རྒྱུས་རྒྱབ་ལྗོངས།
    མི་ཤིག་མཆོག་ནི་བོད་རབ་བྱུང་བཅུ་གཅིག་པའི་ནང་དུ་འཁྲུངས་པ་ཡིན་ལ།  དུས་སྐབས་དེ་ནི་དགེ་སོག་ཟུང་འབྲེལ་གྱིས་གཙང་པ་རྒྱལ་རབས་བཏུལ་ཏེ་དགའ་ལྡན་སྲིད་དབང་བཙུགས་ཚར་ཙམ་གྱི་དུས་དང་ཁེལ་ཡོད།   དུས་སྐབས་དེ་ནི་རྒྱལ་བ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོའི(1617-1682)སྐུ་དུས་ཡིན་ལ་སྡེ་པ་གཞུང་གིས་ཞི་དྲག་ཟུང་གི་ཐབས་ལམ་ལ་བརྟེན་ནས་དགེ་ལྡན་པའི་བསྟན་པ་དར་སྤེལ་གཏོང་བཞིན་ཡོད།   སྐབས་འདིར་དགེ་ལུགས་པ་ཤུགས་ཆེར་དར་བ་དང་ཁོ་ཚོས་ཆབ་སྲིད་ཀྱི་དབང་ཆ་བེད་སྤྱོད་གཏོང་སྟེ་གྲུབ་མཐའ་གཞན་པའི་སྡེ་དགོན་མང་པོ་ཞིག་དངོས་དང་བརྒྱུད་པའི་སྒོ་ནས་ཞྭ་སྒྱུར་བྱེད་བཞིན་ཡོད།  དཔེར་ན། བོད་ཡུལ་སྟོད་སྨད་གང་སར་ནས་བཎ་དེ་བུ་ཁྲལ་བསྡུ་བཞིན་ཡོད་པ་མ་ཚད།   ས་གནས་ཁག་གི་དཔོན་རིགས་སྟོབས་ཤུགས་ཆེ་བ་ཁག་གི་བུ་རྒྱུད་དགེ་ལུགས་པའི་བླ་སྤྲུལ་གྱི་ཡང་སྲིད་དུ་ངོས་འཛིན་བྱེད་དེ།  དེ་དག་གི་སྟོབས་ཤུགས་བཀོལ་ཏེ་ཡུལ་སྡེ་མང་པོ་ཞིག་དགེ་ལུགས་སུ་སྒྱུར་བཞིན་ཡོད།   རབ་བྱུང་བཅུ་གཅིག་པའི་ལྕགས་སྟག(༡༦༤༨)ལོར་རྒྱལ་བ་ལྔ་བས་ཇོ་ནང་རྟག་བརྟན་ཕུན་ཚོགས་གླིང་བཙན་དབང་གིས་དགེ་ལུགས་སུ་བསྒྱུར་བ་དང་།  ཁོང་ཆུ་སྦྲུལ(༡༦༥༣)ལོར་པེ་ཅིང་ནས་ཕྱིར་ལྷ་སར་འབྱོར་རྗེས་དབུས་གཙང་ས་གནས་ཁག་ཏུ་དགེ་ལུགས་དགོན་སྡེ་བཅུ་གསུམ་གསར་དུ་བཏབ་པ་རེད།  མེ་ལུག(༡༦༦༧)ལོར་བོན་ཕྱོགས་ཀྱིས་རྩ་ཆེན་བརྩི་བའི་བྲུ་ཚང་གི་གདུང་རབས་ལས་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས(1663-1737)ངོས་འཛིན་གནང་བ་སོགས་ཀྱིས་མཚོན་ཐུབ།   མདོར་ན༑   མི་ཤིག་ཞལ་བཞུགས་པའི་དུས་སྐབས་དེ་ནི་སྡེ་པ་གཞུང་གིས་དགེ་ལུགས་ཤུགས་ཆེར་དར་སྤེལ་གཏོང་བའི་དུས་སྐབས་ཤིག་ཡིན།  
    དགེ་ལུགས་ཀྱིས་བོད་ཡུལ་སྟོད་སྨད་ཁག་ཏུ་ཡོད་པའི་བོན་དགོན་གཞི་རྒྱ་ཆེ་བ་དང་བོན་སྡེ་གཏིང་མཐུག་སའི་ས་ཁུལ་དུ་ཆེད་དམིགས་ཀྱིས་ཞྭ་སྒྱུར་གྱི་བྱ་བ་སྒྲུབ་བཞིན་ཡོད།      ཁྱུང་ཡུལ་ནི་གནའ་སྔ་མོའི་དུས་ནས་བོན་གྱི་གྲུབ་མཐའ་ཤུགས་ཆེར་དར་བའི་ས་ཆ་ཞིག་ཡིན་ལ།   སྐབས་དེར་ཡང་བོན་གྱི་གྲུབ་མཐའ་སྔར་བཞིན་མ་ཉམས་པར་ཡོད་པ་མ་ཟད།   ཁྱུང་ཡུལ་སྟོད་ཀྱི་བྱ་ཟེ་དཔོན་དང་སྒར་ཁང་དཔོན་སོགས་དཔོན་རིགས་ཁག་དང་།   ཁྱུང་ཡུལ་སྨད་ཀྱི་དཀར་སྟོད་དཔོན་དང་ནག་རུ་དཔོན།  དཀར་སྨད་དཔོན་སོགས་སྡེ་དཔོན་ཕལ་ཆེར་བོན་གྱི་བླ་མ་གདུང་རྒྱུད་བདག་པོ་ཡིན་ལ་བླ་དཔོན་གཅིག་ལྕོགས་ཀྱི་གོ་གནས་ཡོད་མཁན་ཤ་སྟག་ཡིན།   སྐབས་དེར་ཁྱུང་ཡུལ་གྱི་འདུས་སྡེ་ཆེ་ཤོས་ནི་ཁྱུང་པོ་འབྲོང་རྫོང་དགོན་ཡིན་པ་རེད།  དེའི་སྔོན་དུ་ག་ཐའི་གཡུ་མཚོ་འགྲམ་དུ་ག་ཡི་དར་ཡོལ་དགོན་ཞེས་བཙུན་མའི་དགོན་པ་ཞིག་ཡོད་པ་སོག་པོས་བཏུལ་བ་དང་།  བླ་ཤག་མདོ་རུ་བླ་ཤག་གཡུང་དྲུང་སྨིན་གྲོལ་གླིང་ཞེས་གྲྭ་པ་ལྔ་བརྒྱ་ཙམ་ཡོད་པའི་འདུས་སྡེ་ཆེན་པོ་ཞིག་ཡོད་པ་སོག་དམག་གིས་བརླགས་པ་དང་།   ག་ངས་ཁ་རུ་ག་ངས་དགོན་ཞེས་གྲྭ་མང་སྟོང་ཕྲག་བརྒལ་བ་ཡོད་པའི་འདུས་སྡེ་ཡོད་པ་དེ་ཡང་སོག་དམག་གིས་བརླགས་པ་བཤད་སྲོལ་འདུག སྡེ་སྲིད་སངས་རྒྱས་རྒྱ་མཚོས(1653-1705)བརྩམས་པའི《དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ》ལས་འབྲོང་རྫོང་དུ་དགའ་ལྡན་བཀྲ་ཤིས་གླིང་།   ག་ངལ་དུ་དགའ་ལྡན་ཐར་འདོད་གླིང་།   རི་དམར་དུ་དགའ་ལྡན་སྐབས་གསུམ་གླིང་།  ཕུ་དམར་དུ་དགའ་ལྡན་དཔལ་འབྱོར་གླིང་རྣམས་མེ་སྟག་ལོར་ཚུགས་ཞེས་བཀོད་ཡོད།   དེར་བལྟས་ན།  དུས་སྐབས་དེར་ཁྱུང་ཡུལ་སྟོད་ཕྱོགས་དེང་གི་གསེར་ཚ་ཤང་ཁོངས་གཏོགས་ཀྱི་དགོན་པ་གཅིག་དང་ཁྲི་རྡོ་ཤང་ཁོངས་གཏོགས་ཀྱི་དགོན་པ་གཉིས།  ག་ངས་ཤང་ཁོངས་གཏོགས་ཀྱི་དགོན་པ་གཅིག་བཅས་ཁྱོན་བོན་དགོན་བཞི་ཞྭ་སྒྱུར་བྱས་ཡོད་པ་ཤེས་ཐུབ།  དེ་དག་ལས་ག་ངས་དགོན་ཡོད་སར་ད་ལྟ་དགོན་ཤུལ་ཞིག་ལས་མེད་ལ།   སོག་དམག་གིས་བརླགས་པ་ཙམ་ལས་རྟ་ཚག་རྗེ་དྲུང་གིས་ཞྭ་སྒྱུར་བྱས་པའི་སྐོར་བཤད་སྲོལ་མི་འདུག  ཕལ་ཆེར་དུས་སྐབས་དེའི་སྔོན་ཙམ་ནས་སོག་པོ་ཧལ་ཧ་དང་ཆོག་ཐུ་དཔོན།  གུ་ཤྲི་ཧན་སོགས་ཀྱིས་བཅོམ་ཚར་བ་ཡིན་ནམ་སྙམ་མོ།།   རི་དམར་དགོན་དང་ཕུང་དམར་དགོན་གཉིས་ནི་བོན་དགོན་ཆུང་ཆུང་གཉིས་རང་འཇགས་སུ་གནས་ཡོད།   འབྲོང་རྫོང་དགོན་ནི་བཀྲ་ཤིས་གླིང་ཞེས་གསོལ་ནས་ཞྭ་བསྒྱུར་བས་ད་ལྟ་དགེ་ལུགས་པའི་དགོན་པ་ཞིག་ཡིན་ལ།  རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག(༡༦༥༢)ལོར་རྒྱལ་དབང་སྐུ་ཕྲེང་ལྔ་པ་རྒྱ་ནག་ཏུ་ཕེབས་པའི་ལམ་བར་དུ་ཁྱུང་ཡུལ་རྒྱུད་ནས་མར་བྱོན་སྐབས་ཁྱུང་ཡུལ་དུ་བོན་བསྟན་ཤུགས་ཆེར་དར་ཡོད་པའི་དོ་སྣང་བྱུང་ཞིང་།   ཁོང་ཁྱུང་པོ་གསེར་ཚ་རྒྱུད་ནས་བྱོན་སྐབས་འབྲོང་རྫོང་དགོན་གྱི་གྲྭ་བཙུན་ཚོས་རྣམ་འགྱུར་ཡག་པོ་བསྟན་མེད་པའི་བཤད་སྲོལ་ཞིག་ཡོད།   དེར་བརྟེན།   ཁོང་གིས་རྒྱ་ནག་གོང་མར་ཁྱུང་ཡུལ་གྱི་བོན་དགོན་ཁག་དགེ་ལུགས་སུ་སྒྱུར་ཆོག་པའི་ཆོག་མཆན་ཞུས་པར་བཤད།  དེའི་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཆབ་སྲིད་སྐྱོང་སྐབས་ཁྱུང་ཡུལ་གྱི་བོན་གཤེན་ཚོས་ཉིན་མོར་དད་ཟས་ཟ་ཞིང་མཚན་མོར་བུད་མེད་བསྟེན་པ་ནི་སྤྱོད་པ་མ་དག་པ་ཡིན་པ་ཁ་གཡར་ཏེ།  རྟ་ཚག་རྗེ་དྲུང་སྐུ་ཕྲེང་དྲུག་པ་ངག་དབང་དཀོན་མཆོག་བསྟན་པའི་ཉི་མར་མངག་བཅོལ་བྱས་ནས་རབ་བྱུང་བཅུ་གཅིག་པའི་མེ་སྟག(༡༦༨༦)ལོར་འབྲོང་རྫོང་དགོན་སོགས་དགེ་ལུགས་སུ་བསྒྱུར་བ་རེད།  བཤད་སྲོལ་ལ་སྐབས་དེར་རྒྱ་ནག་གོང་མའི་དམག་དཔུང་དང་ལྷན་དུ་རྟ་ཚག་རྗེ་དྲུང་ལོ་གསུམ་ཏག་ཏག་ཁྱུང་ཡུལ་གསེར་ཚ་རུ་བསྡད་པ་རེད་ཟེར།  འདིར་བསམ་གཞིག་བྱ་དགོས་ཏེ་རྟ་ཚག་སྐུ་ཕྲེང་རིམ་བྱོན་དང་རྒྱ་ནག་གོང་མའི་བར་མཆོད་ཡོན་གྱི་འབྲེལ་བ་འདུག་ལ། རྒྱ་ནག་གོང་མས་རྟ་ཚག་སྐུ་ཕྲེང་རིམ་བྱོན་ལ་དམིགས་བསལ་གྱིས་གཟིགས་རྟོགས་མཛད་བཞིན་ཡོད་འདུག  མི་ཤིག་གི《དུས་བཀྲ》ལས“རྗེ་རོག་ཐང་ལ་ཐན་པའི་སྐལ་པ་ཡོང་། གསེར་རི་མདོ་ནས་བརྒྱལ་ནད་སྨྱོ་འབོག་སྡང་། བཀྲ་ཤིས་གླིང་ན་རྒྱ་དམག་སྤྲིན་དུ་འཁྲིག༑ སེ་གོར་ཐང་ནས་སེ་རའི་དམག་དཔུང་བསྡུས། གསེར་རི་ཁྲོད་ན་དྲན་པའི་སྐུ་སྤྲུལ་བཞུགས། མཐའ་དམག་ཁ་གནོན་མི་རྒན་ཆམ་ལ་ཕབ།”(49) ཞེས་རྟ་ཚག་སྤྲུལ་སྐུ་ངག་དབང་དཀོན་མཆོག་བསྟན་པའི་ཉི་མས་ཁྱུང་པོ་འབྲོང་རྫོང་དགོན་ཞྭ་བསྒྱུར་སྐབས་རྒྱ་ནག་གོང་མས་དམག་དཔུང་བཏང་སྟེ་རྒྱབ་སྐྱོར་བྱས་ཡོད་པ་གསལ་པོར་ཤེས་ཐུབ།  རྟ་ཚག་སྐུ་ཕྲེང་དྲུག་པའི་ལོ་རྒྱུས་གུས་པའི་ལག་ཏུ་མ་སོན་པས་ཁོང་གི་སྐུ་གཤེགས་ལོ་དང་གཤེགས་ཡུལ་མ་རྟོགས་མོད།  ཁྱུང་ཡུལ་གྱི་རྒན་རབས་ཀྱི་ངག་རྒྱུན་ལ་བོན་གཤེན་འགས་ལྷ་སྲུང་རྦད་པའི་རྐྱེན་བྱས་ཁོང་ཡར་ཕེབས་སྐབས་ཁྱུང་ཡུལ་རྨ་ལ་བཞི་བརྒལ་སའི་ཆོས་ཁྲི་ཐང་དུ་སྐུ་གཤེགས་པ་བཤད་སྲོལ་འདུག  སི་ཏུ་ཆོས་ཀྱི་རྒྱ་མཚོས་བརྩམས་པའི《དབུས་གཙང་ལམ་ཡིག》ནང་ཁྱུང་ཡུལ་དུ་བོན་པོ་བསམ་པ་ངན་པའང་མང་ཚོད།  ཅེས་གསུངས་དོན་ཡང་བཤད་སྲོལ་འདི་དག་གོ་ཐོས་བྱུང་བས་ཡིན་ནམ་སྙམ༑  འབྲོང་རྫོང་དགོན་ཐོག་མར་ཞྭ་སྒྱུར་བྱས་སྐབས་གྲྭ་པ་བརྒྱ་དང་བརྒྱད་ཅུ་ཙམ་ཡོད་པ་དང་དེ་དག་ལ་སྡེ་པ་གཞུང་གིས་གྲྭ་གཞིས་ཞེས་ས་ཞིང་ཆེན་པོ་གནང་ཡོད་འདུག  དེ་ལྟར་ཞི་དྲག་ཟུང་གི་ཐབས་ལམ་སྤྱད་དེ་འབྲོང་རྫོང་དགོན་དགེ་ལུགས་སུ་བསྒྱུར།  འོན་ཀྱང་༑ དགོན་དེའི་གྲྭ་པ་ཚོས་དུས་ཡུན་གང་འཚམ་ཞིག་གི་རིང་བན་བོན་གཉིས་ཀར་དད་པ་བཞག་ཡོད་པར་སྙམ་སྟེ།  སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ལས“དེ་ནས་ཆོས་ཐུན་སྐབས་བཀྲོལ་ནས།  གསེར་ཚ་འབྲོང་རྫོངས་དགོན་དུ་སོང་།  དགེ་འདུན་གཉིས་བརྒྱ་ལྷག་པ་ལ།   ཐུགས་རྗེ་ཆེན་པོ་འཁོར་བ་དབྱིངས་གྲོལ་ནི།  དབང་ལུང་དཀྱིལ་འཁོར་ལག་ཡན་བཅས་ཏེ་ཕུལ།   ཅི་སྲིད་བར་དུ་ལོ་དུས་བསྒྲུབས་པ་ནི།  བདུན་ཕྲག་རེ་བསྒྲུབས་ཁས་བླངས་སྟེང་དུ་བཞག”(50)ཞེས་སངས་རྒྱས་གླིང་པ་མཆོག་དགུང་ལོ་ཉེར་གསུམ(༡༧༢༧)ཐོག་ཁྱུང་ཡུལ་ཕེབས་སྐབས་གསེར་ཚ་འབྲོང་རྫོང་དགོན་དུ་བྱོན་པའི་སྐོར་ཞིག་བཀོད་ཡོད།   ཡང་ཁོང་དགུང་ལོ་སུམ་ཅུ་ཐོག(༡༧༣༤)ཁྱུང་ཡུལ་ཕེབས་སྐབས“གསེར་ཙ་དཔོན་གྱིས་སྤྱན་དྲངས་བཀུར་བསྟི་མཛད།  བཀྲ་ཤིས་གླིང་པ་འདུས་སྡེ་གྲྭ་སྤྱི་ཡིས།  བསུ་བ་སྤྱན་དྲངས་སེར་ཕྲེང་རོལ་མོ་སོགས།  བླ་ན་མེད་པའི་མཆོད་པ་དུ་མ་ཡི།   བསྒྲིགས་པའི་མདུན་བསུ་ཁྲི་ཐོག་དབུ་བཞུགས་གསོལ།  མཎྡལ་འབུལ་ཞིང་མཇལ་དར་འབུལ་བ་དང་།   ཀུན་གྱིས་ཕྱག་དབང་གུས་འབུལ་བཀུར་བསྟི་ཆེ།  དེ་ལ་དབང་ལུང་མན་ངག་གནང་བ་དང་།  དགེ་ཤེས་དབང་པོ་དཔོན་གཡོག་བཅས་པ་རྣམས།   དབུས་གཙང་གནས་སྐོར་ཕེབས་བྲབ་མཛད་པ་དང་།  དེའི་སྐུ་རིམ་སྟག་ལའི་དབང་ལུང་དང་།  ལམ་ལྷ་གང་དགོས་ལུང་བཞིན་འགྲུབ་པར་མཛད།”(51)ཞེས་གསལ་འདུག་པས་ཡིན།  
གཉིས་པ།   ཁོང་རྒྱང་འཕུད་གཏོང་དགོས་པའི་རྒྱུ་རྐྱེན། 
གཅིག  བཀའ་གསར་མའི་ལུགས་སྲོལ་དར་སྤེལ་གནང་བ།
(༡) ཁོང་གི་ཀུན་སློང་དང་དམིགས་ཡུལ། 
   ཁོང་ནི་བོད་ཡུལ་ཁམས་ཁུལ་ནས་བྱོན་པའི་རིག་འཛིན་རྣམ་བཞིའི་གྲས་ཡིན་ལ།   དུས་ཕྱིས་སུ་བོན་གསར་མའམ་བཀའ་གསར་མའི་ལུགས་སྲོལ་གཙོ་བོར་བྱེད་མཁན་དང་བཀའ་གསར་མའི་ལུགས་སྲོལ་དར་སྤེལ་ཤུགས་ཆེར་གནང་མཁན་ཐོག་མ་དེ་ཆགས་ཡོད༑  ཁོང་གིས་བོན་རྙིང་མ་གཏིང་མཐུག་པའི་ཁོར་ཡུག་ཅིག་གི་ནང་དུ་ཨུ་ཚུགས་ཆེན་པོས་བོན་གསར་མའི་ལུགས་སྲོལ་དར་སྤེལ་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ།  བྱ་བ་དེའི་ཀུན་སློང་གང་ཡིན་ནམ།   སུ་ཞིག་གིས་ཤུགས་རྐྱེན་ཐེབས་པ་ཡིན་ནམ།  འདི་དག་ནི་ང་ཚོས་བསམ་གཞིག་དགོས་ངེས་ཀྱི་དོན་དག་ཅིག་ཆགས་ཡོད།   ཁྱུང་ཡུལ་གྱི་རྒན་རབས་ཁག་ལ་ཁོང་གི་སྐོར་ནས་བཅར་འདྲི་ཞུས་སྐབས་ཚང་མས་ཞལ་གཅིག་མཐུན་གྱིས་ཁོང་གིས་བཀའ་གསར་མ་སྤྱོད་དོན་ནི་ཁྱུང་པོ་གསེར་ཚའི་བོན་དགོན་ཁག་ཞྭ་སྒྱུར་མི་འགྲོ་བར་ཕན་པའི་ཆེད་དུ་རེད་ཟེར།   རྒན་རབས་ཚོས་གལ་སྲིད་སྐབས་དེར་ཁྱུང་པོ་འབྲོང་རྫོང་དགོན་སོགས་ཀྱིས་ཁོང་གི་བཀའ་སྤྱད་ཡོད་ན་ཕལ་ཆེར་འབྲོང་རྫོང་དགོན་ཞྭ་སྒྱུར་བྱས་མེད་པའི་ངོས་འཛིན་བྱེད་ཀྱིན་འདུག  བདེ་གླིང་གི་རྣམ་ཐར《ཀླུ་དབང་གཙུག་ནོར》ལས“གཡུང་དྲུང་རྒྱལ་པོའི་རང་ལུང་ལས།།  ད་ལྟ་དུས་ངན་སྙིགས་མ་འདིར།།  ཨོ་རྒྱན་མི་ཤིག་རྡོ་རྗེ་རྩལ།།   གངས་ཅན་བོད་དུ་སྐྱེ་བ་བླངས།།   མཁའ་སྤྱོད་ཨོ་རྒྱན་རྩ་གསུམ་གནས།།  རིག་འཛིན་མཁའ་འགྲོ་མང་དུ་མཇལ།།   ཕྱི་ནང་གསང་བ་ཡང་གསང་གི།།  བོན་སྒོ་སུམ་ཅུ་སོ་དགུ་དབང་།།  ཁྱད་པར་བླ་ཆེན་བདུད་འདུལ་གྱི།།   བསྟན་དགྲ་ཉམས་པ་བྱུང་འགྱུར་ན།།   ཚིག་ཆུང་དོན་ཆེ་ལས་མྱུར་བ།།   གཤེན་རྗེ་ནག་པོ་སྲོག་འཁོར་དང་།།  བཙན་རྗེ་ནག་པོ་སྒོ་བརྡུང་དང་།།  གཟའ་བདུད་ཡ་ཚ་ཐོག་འབེབས་དང་།།   ཀླུ་བདུད་མྱུར་བ་སྲོག་ལེན་རྣམས།།  ཁྱོད་ལ་བསྟན་པའི་སྲུང་མར་གནང་།།  ཞེས་དང་།”(52)ཞེས་བདེ་གླིང་མཆོག་གིས་རང་རྣམ་ནང་དུ་མི་ཤིག་རང་གི་ལུང་བསྟན་ཚིག་དུམ་ཞིག་དྲངས་ཡོད།  གཞན་ཡང་མི་ཤིག་གི་བཀའ《དུས་བཀྲ》ལས“བཀྲ་ཤིས་གླིང་ན་རྒྱ་དམག་སྤྲིན་དུ་འཁྲིག༑ སེ་གོར་ཐང་ནས་སེ་རའི་དམག་དཔུང་བསྡུས། གསེར་རི་ཁྲོད་ན་དྲན་པའི་སྐུ་སྤྲུལ་བཞུགས། མཐའ་དམག་ཁ་གནོན་མི་རྒན་ཆམ་ལ་ཕབ།”ཞེས་པའི་ཚིག་འདི་དག་ལ་བལྟས་ན།   ཁོང་གིས་བོན་གསར་མ་དར་སྤེལ་གནང་དགོས་པའི་དམིགས་ཡུལ་ཅུང་ཙམ་ཤེས་ཐུབ།   གོང་གི་ངག་རྒྱུན་དང་ལུང་ཚིག་འདི་དག་ལ་དཔྱད་ན་ཁོང་གིས་བཀའ་གསར་མའི་བོན་སྐོར་གཤིན་རྗེ་སོགས་སྤྱད་ན་ཁྱུང་ཡུལ་གསེར་ཚའི་བོན་དགོན་རྣམས་དགེ་ལུགས་སུ་མི་སྒྱུར་བར་ཕན་པའི་རེ་བ་བཅངས་ཡོད་པ་ཤེས་ཐུབ།   གཤིན་རྗེའི་ལྷ་ཚོགས་ཀྱི་སྒྲུབ་གཞུང་དང་ལག་ལེན་སོགས་ཐུབ་བསྟན་ཆོས་རྒྱུད་འཛིན་པའི་གྲུབ་མཐའ་ཁག་ནང་མང་པོ་ཡོད་པ་འདྲ།  མི་ཤིག་ཁོང་གིས་སྐབས་དེའི་སྤྱི་ཚོགས་གནས་སྟངས་དང་ཆབ་སྲིད་གནས་བབ་སོགས་ལ་བསམ་གཞིག་བཏང་སྟེ་བོན་པོ་ཚོས་སྐབས་དེའི་སྤྱི་ཚོགས་དང་ཆབ་སྲིད་ལ་བསྟུན་ནས་བོན་བསྟན་སྤེལ་ན་དགེ་མཚན་ཆེ་བར་མཐོང་ཞིང་།   ཁོང་གིས་དེའི་ཐད་ནས་ལག་ལེན་དང་བྱ་བ་བསྒྲུབ་རྒྱུའི་དགོངས་བཞེད་ཡོད་པ་རེད།  ཕྱོགས་འདི་ནས་བལྟས་ན་ང་ཚོས་ཁོང་ནི་མཐོང་རྒྱ་ཆེ་ཞིང་གཟིགས་པ་ཡངས་པའི་མི་སྣ་ཞིག་ཡིན་པའི་གདེང་འཇོག་བྱེད་ཆོག  
    ཁོང་གིས་བཀའ་གསར་མ་དར་སྤེལ་གནང་རྒྱུའི་ལྟ་གྲུབ་ལ་མི་སྣ་སུ་ཞིག་གིས་ཤུགས་རྐྱེན་ཐེབས་པའི་སྐོར་དཔྱད་གཞི་དཀོན་རྐྱེན་ཞིབ་ཏུ་གླེང་ཐབས་བྲལ།  འོན་ཀྱང་༑ མཁས་དབང་ཀུན་གྲོལ་གྲགས་པས་བརྩམས་པའི《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ལས“གཏེར་སྟོན་ཆེན་མོ(མི་ཤིག)དེ་དང་དུས་མཉམ་དུ།།   སྟག་ཤམ་རྡོ་རྗེ་མི་འགྱུར་རྡོ་རྗེ་དང་།།   ཀློང་གསལ་སྙིང་པོ་བདུད་འདུལ་རྡོ་རྗེ་སོགས།།  གཏེར་སྟོན་མང་བྱོན་བོན་ཆོས་བཀའ་རྒྱུད་སྤེལ།།”(53)ཞེས་ཁོང་དང་དུས་མཉམ་དུ་བྱོན་པའི་གཏེར་སྟོན་སྐོར་ཞིག་གསལ་ཡོད།   མཚམས་འདི་ནས་ང་ཚོས་གཏེར་སྟོན་འདི་དག་ལ་རྒྱུས་ལོན་ཕྲན་ཙམ་བྱས་ན།   གཏེར་སྟོན་སྟག་ཤམ་རྡོ་རྗེ་ནི་ལྷོ་སྤར་ཤོད་ཀྱི་འབྲོག་གསེབ་ཞིག་ཏུ་རབ་བྱུང་བཅུ་གཅིག་པའི་ཤིང་ལུག(༡༦༥༥)ལོར་འཁྲུངས།  མི་ཤིག་དང་དགུང་མཉམ་ཡིན།   ལོ་བཅོ་བརྒྱད་ཐོག་ཁྲ་མོ་བྲག་གི་གནས་སྒོ་ཕྱེས་པ་དང་རྡོར་སེམས་སྙིང་ཐིག་སོགས་གཏེར་དུ་བཞེས་གཙོ་བོ་སྤུ་བོ་དགའ་བ་ལུང་དུ་བཞུགས།   སྐུ་གཤེགས་པའི་དུས་ཚིགས་མ་ཤེས།  གཏེར་སྟོན་འདི་ཁམས་ཁྱུང་ཡུལ་དུ་བྱོན་པ་གསལ་ཏེ།  སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ལས“དེ་ནི་རྣམ་འབྱོར་ཨ་ཡུ་ཀེ་རུ་ལ།།  ལྗང་ལོ་ཚལ་ཞེས་འདྲ་བར་ཡོད་དམ་ཞུས།།  དེ་ཡི་ཞལ་ནས་ལྗང་ལོ་ཚར་ཞེས་ཡོད།།   སྟག་ཤམ་རྡོ་རྗེས་གནས་སྒོ་ཕྱེས་པ་ཡིན།”ཞེས་སངས་གླིང་མཆོག་མེ་རྟ(༡༧༢༦)ལོར་ཐོག་དང་པོར་རྩེ་དྲུག་ཏུ་ཕེབས་སྐབས་གནས་དེར་བཞུགས་ཡོད་པའི་མཚམས་པ་ཨ་ཡུ་ཀེ་རུ་ལ་གནས་འདིའི་ཤར་ཕྱོགས་སུ་ལྗང་ལོ་ཅན་ཞེས་པའི་ས་ཆ་ཡོད་མེད་སྐད་ཆ་དྲིས་སྐབས་མཚམས་པ་དེས་གསུངས་ལན་གནང་བ་ཞིག་རེད།  དེས་ན་སྟག་ཤམ་རྡོ་རྗེས་རྩེ་དྲུག་གནས་ཀྱི་ཤར་ཕྱོགས་སུ་ཡོད་པའི་གནས་རི་ཞིག་གནས་སྒོ་ཕྱེས་ཡོད་པ་རྟོགས་ཐུབ།   གནས་རི་འདི་རྩེ་དྲུག་གནས་ཀྱི་ཤར་ལྷོའི་ལྗང་ཤོད་ཕྱོགས་སུ་ཡོད་དམ་ཡང་ན་བྱང་ཤར་གྱི་སྟག་ཤོད་ཕྱོགས་སུ་ཡོད་མེད་དཔྱད་དགོས།  སྟག་ཤོད་རི་འདབས་སུ་ཆགས་པའི་སེང་གེ་དགོན་ནི་གཏེར་སྟོན་སྟག་ཤམ་ལུགས་སྲོལ་བྱེད་མཁན་ཡིན་པ་གོ་ཐོས་བྱུང་བས་དེ་ཕྱོགས་སུ་མིན་ནམ་སྙམ་པ་བྱུང་།  
    གཏེར་སྟོན་མི་འགྱུར་རྡོ་རྗེ(1645-1667)ནི་ལྷོ་རྒྱུད་ཀྱི་འབྲོག་ཁུལ་ཞིག་ཏུ་འཁྲུངས།    སྨྱོ་སྤྱོད་ལྟ་བུ་མཛད་པས་ཀུན་གྱིས་གཏེར་སྨྱོན་དུ་འབོད།  མངོན་ཤེས་དང་རྫུ་འཕྲུལ་ཐོགས་མེད་དུ་ཡོད་པར་བཤད།   གཏེར་སྟོན་འདི་ཡང་ཁྱུང་ཡུལ་དུ་ཕེབས་པ་ཡིན་ཏེ་གཏེར་སྟོན་བདུད་འདུལ་རྡོ་རྗེ་དགུང་ལོ་ཞེ་བདུན་ཐོག་ཚ་བ་སྒང་ནས་ཁྱུང་པོ་གླ་བ་སྐེ་སོགས་སུ་ཕེབས་སྐབས་སྤོ་ནེ་བྲག་ཏུ་གཏེར་སྟོན་མི་འགྱུར་རྡོ་རྗེ་དང་མཇལ་འཕྲད་མཛད་ཅིང་དབང་ཆོས་གསན་རེས་མཛད་པའི་སྐོར《གུ་བཀྲའི་ཆོས་འབྱུང》དུ་འཁོད་ཡོད།   འདིར་འཁོད་པའི་ཁྱུང་པོ་གླ་བ་སྐེ་དང་སྤོ་ནེ་བྲག་སོགས་ད་ལྟ་གང་དུ་ཡོད་མེད་མ་ཤེས།    གཏེར་སྟོན་བདུད་འདུལ་རྡོ་རྗེ(1615-1672)ནི་ཁམས་སྡེ་དགེ་རུ་འཁྲུངས།  བོད་ཡུལ་སྟོད་སྨད་གང་སར་བྱོན་ཞིང་དགུང་ལོ་ཞེ་གཉིས་ཐོག་སྡེ་དགེ་རུ་ཕེབས་ནས་དངུལ་མདའ་ལྷུན་གྲུབ་སྟེང་དུ་བདུད་འདུལ་ལྷ་ཁང་བཞེངས།  འོན་ཀྱང་༑  སྡེ་དགེ་དཔོན་དང་རྟེན་འབྲེལ་ལེགས་ལམ་དུ་མ་གྱུར་པས་གླིང་ཚང་ཕྱོགས་སུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བ་རེད།  ཁོང་ཁྱུང་ཡུལ་ཕེབས་མྱོང་བའི་སྐོར་གོང་དུ《གུ་བཀྲའི་ཆོས་འབྱུང》ནང་འཁོད་པ་དེ་གླེང་ཟིན་ལ།  གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས(1813-1899)བརྩམས་པའི《ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་བཀོད་པ་རིན་ཆེན་བཱཻཌུརྱའི་ཕྲེང་བ》ལས་གཏེར་སྟོན་བདུད་འདུལ་རྡོ་རྗེས“རྟ་ཤོད་དཀྱིལ་འཁོར་ཐང་སོགས་སྔ་ཕྱིར་ཟབ་གཏེར་མང་དུ་སྤྱན་དྲངས་པ་གཏེར་འབྱུང་ལས་གསལ།”ཞེས་བྱུང་བས་གཏེར་སྟོན་འདི་ཉིད་ཁྱུང་ཡུལ་དུ་ཐེངས་འགའ་ཞིག་བྱོན་པ་ཤེས་ཐུབ།   
     གཏེར་སྟོན་ཀློང་གསལ་སྙིང་པོ(1625-1692)མདོ་ཁམས་ཀམ་པོ་གནས་ཀྱི་ཉེ་འདབས་སུ་སྐྱེས་ཤིང་།  དགུང་ལོ་སོ་གཉིས་ཐོག་ནས་གཏེར་མང་དུ་བཏོན་ཅིང་ཨོ་རྒྱན་རིན་པོ་ཆེའི་སྐུ་བརྙན་སོགས་བཞེངས་འདུག  ཁོང་ཁྱུང་ཡུལ་དུ་བྱོན་པའི་སྐོར་དམིགས་བསལ་མ་མཐོང་། འདི་ལྟར་བལྟས་ཏེ་ཡོང་ན་དུས་སྐབས་དེར་ཁམས་ཕྱོགས་སུ་གཏེར་སྟོན་ཧ་ཅང་མང་པོ་བྱུང་བ་དང་།  དེ་དག་ཕལ་ཆེར་ཨོ་རྒྱན་མཆོག་དང་འབྲེལ་བ་ཡོད་པའི་རྣམ་པ་ཞིག་འདུག   སྐབས་དེའི་གཏེར་སྟོན་ཚོའི་རྣམ་ཐར་མཇལ་དུས་ཁོང་རྣམས་ཀྱི་མཛད་ཕྲིན་ལེགས་ལམ་སོང་ན་མཐའ་དམག་བཟློག་ཐུབ་པའི་དགེ་མཚན་ཡོད་པ་བཤད་ཡོད༑   གོང་གི་གཏེར་སྟོན་ཀློང་གསལ་སྙིང་པོ་ཕུད་གཞན་གསུམ་ཁྱུང་ཡུལ་དུ་བྱོན་ཡོད་པ་ཐག་བཅད་དེ་གླེང་ཐུབ་ཀྱང་།   ཁོང་རྣམས་དང་མི་ཤིག་རྡོ་རྗེའི་བར་དུ་འབྲེལ་འདྲིས་བྱུང་ཡོད་མེད་ནི་ད་དུང་མུ་མཐུད་དཔྱད་རྒྱུ་ལགས་ཤིང་།   གུས་པས་བསམ་ན་མི་ཤིག་མཆོག་གཏེར་སྟོན་འདི་དག་དང་དངོས་སུ་མཇལ་འཕྲད་བྱུང་ཡོད་མེད་གང་ལྟར་ཀྱང་གཏེར་སྟོན་འདི་དག་གིས་ཁོང་གི་ལྟ་སྤྱོད་ལ་ཤུགས་རྐྱེན་ཏན་ཏན་ཕོག་ཡོད་པ་འདོད་བཞིན་ཡོད།   ང་ཚོས་ཁས་མ་བླངས་ཐབས་མེད་ཀྱི་དོན་དག་ཅིག་ནི་དུས་རབས་བརྒྱད་པ་ནས་བཟུང་ད་བར་དུ་སྤྱི་ཚོགས་གནས་བབ་དང་ཆབ་སྲིད་དགོས་མཁོར་བསྟུན་ཏེ་བོན་གྱི་བླ་མ་དང་དགོན་སྡེ་ཁག་གིས་གྲུབ་མཐའ་གཞན་གྱི་ཁྱད་ཆོས་མང་པོ་ནང་འདྲེན་བྱས་འདུག   འདི་ནི་ཕྱོགས་གཅིག་ནས་བལྟས་ན་ད་ལྟ་གཡུང་དྲུང་བོན་ཞེས་མདོ་སྔགས་རྫོགས་གསུམ་དང་བཤད་སྒྲུབ་སྒོམ་གསུམ་སོགས་ཀྱི་སྒྲོམ་གཞི་དང་འཐུས་སྒོ་ཚང་བའི་གྲུབ་མཐའ་ཞིག་ཆགས་པའི་རྒྱུ་རྐྱེན་ཆགས་ཡོད།  
(༢) ཁོང་གིས་བཀའ་གསར་མའི་ལུགས་སྲོལ་དངོས་སུ་དར་སྤེལ་གནང་བ། 
    སྤྱིར་ན་བོན་གསར་མ་འདི་ཉིད་བོད་བཙན་པོའི་རྒྱལ་རབས་སྐབས་ཏེ་དུས་རབས་བརྒྱད་པའི་ནང་བྱུང་བ(54)ཞིག་ཡིན།   དེའི་རྗེས་སུ་དུས་རབས་བཅུ་གཅིག་གཡས་གཡོན་ནས་བཟུང་བོན་ཆོས་རིས་མེད་ཀྱི་ལྟ་བ་འཛིན་མཁན་གྱི་གཏེར་སྟོན་རབ་དང་རིམ་པ་ཞིག་བྱུང་བ་རེད།   དུས་རབས་བཅུ་བདུན་པའི་ནང་ཁམས་ཁུལ་དུ་བོན་གསར་མ་དངོས་སུ་དར་རྒྱས་བྱུང་ཡོད།  ང་ཚོས་བོན་གསར་མའི་འཕེལ་འགྱུར་ལ་དཔྱད་ན་དུས་རབས་བཅུ་བདུན་པའི་ནང་མི་ཤིག་མཆོག་གིས་བོན་གསར་མའི་འཕེལ་རྒྱས་ཐད་ལ་ནུས་ཤུགས་ཆེན་པོ་བཏོན་ཡོད་པ་ཤེས་ཐུབ།   བོན་གསར་མ་གླེང་དུས་ཁོང་མ་གླེང་ཐབས་མེད་ལྟ་བུར་གྱུར་ཡོད།   གང་ཡིན་ཞེ་ན༑  ཁོང་གིས་ཁྱུང་ཡུལ་དུ་བོན་གསར་མའི་ལུགས་སྲོལ་སྤེལ་ཞིང་སློབ་མ་གཡུང་དྲུང་བསྟན་འཛིན་སོགས་ལ་རྒྱལ་རོང་སོགས་སུ་བོན་གསར་མ་དར་སྤེལ་བྱེད་དགོས་པའི་སྐུལ་མ་གནང་བ་རེད།   དེར་བརྟེན།  སངས་རྒྱས་གླིང་པ་མཆོག་ས་སྤྲེལ(༡༧༢༨)ལོར་ཀོང་པོར་བྱོན་སྐབས་དགེ་བཤེས་རྒྱལ་པོ་བསྟན་འཛིན་ནོར་བུའི་སྐུ་མཆེད་གྲྭ་བཙུན་བློ་ལྡན་སྙིང་པོ་དང་མཇལ་ཞིང་།  གྲྭ་བཙུན་དེ་ནི་གཡུང་དྲུང་བསྟན་འཛིན་གྱི་དབོན་པོ་ཡིན།   སངས་གླིང་གིས་གྲྭ་བཙུན་དེར་གསང་མཆོག་ཞི་ཁྲོ་རྒྱུད་གསུམ་ཆ་ལག་བཅས་པ་དང་མདོ་སྡེ་མེ་ཏོག་ཕྲེང་བ་སོགས་བསྐུར་ཏེ་མྱུར་དུ་རྒྱལ་རོང་དུ་འགྲོ་དགོས་པ་དང་བཀའ་གཏེར་དེ་དག་ཁུ་བོ་གཡུང་དྲུང་བསྟན་འཛིན་མཆོག་ལ་འབུལ་དགོས་པར་གདམས་པ་རེད།   དེར་གཡུང་དྲུང་བསྟན་འཛིན་མཆོག་གིས་སངས་རྒྱས་གླིང་པ་རང་གི་རྩ་བའི་བླ་མ་མི་ཤིག་གི་སྐུ་སྐྱེ་ཡིན་པ་ཤེས་ནས།  དེ་མ་ཐག་ཏུ་རྒྱལ་རོང་ནས་ཀོང་ཡུལ་དུ་ཕོ་ཉ་མངགས་ཏེ་སངས་གླིང་མཆོག་རྒྱལ་རོང་དུ་འགྲོ་དོན་ཡོང་དགོས་པའི་ཞུ་ཡིག་བསྐུར་བ་རེད།   ས་བྱ(༡༧༢༩)ལོར་སངས་གླིང་ཕ་ཡུལ་དྲག་རྫོང་དུ་བཞུགས་སྐབས་རྒྱལ་རོང་ནས་ཁོང་གདན་འདྲེན་ཞུ་མི་འབྱོར་ཅིང་།  ལྕགས་ཁྱི(༡༧༣༠)ལོར་དངོས་སུ་རྒྱལ་རོང་དུ་ཕེབས་པ་རེད།    སངས་རྒྱས་གླིང་པ་མཆོག་གིས་ཤར་རྒྱལ་མོ་རོང་དུ་འགྲོ་དོན་ཆེན་པོ་བྱུང་བ་དང་བཀའ་གསར་མ་དར་སྤེལ་གནང་ཐུབ་པ་ནི་མི་ཤིག་གི་སློབ་མ་གཡུང་དྲུང་བསྟན་འཛིན་གྱི་རོགས་རམ་དང་ཁ་བྲལ་ཐབས་མེད་པ་ཞིག་རེད།  དེར་བརྟེན།  སངས་གླིང་མཆོག་གིས་ཤར་ཕྱོགས་སུ་བསྟན་པ་སྤེལ་ཐུབ་མིན་གྱི་རྩ་བ་གཡུང་དྲུང་བསྟན་འཛིན་མཆོག་ལ་ཐུག་ཡོད་ཅེས་ཁོང་གི་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་ཡང་ནས་ཡང་དུ་གསུངས་ཡོད།  བོན་གསར་མ་ཤུགས་ཆེར་སྤེལ་མཁན་གཞན་ཞིག་ནི་ཀུན་གྲོལ་གྲགས་པ་ཆགས་ཡོད།   ཁོང་གི་བླ་མ་གཙོ་བོ་ཞིག་ནི་གཡུང་དྲུང་བསྟན་འཛིན་ཡིན་པ་ཁོང་གི《གསང་བའི་རྣམ་ཐར》ནང་ཡང་ཡང་གསལ་འདུག   དེས་ན། ང་ཚོས་མི་ཤིག་མཆོག་གིས་བོན་བསྟན་དར་སྤེལ་དང་ལྷག་ཏུ་བོན་གསར་མའི་འཕེལ་རྒྱས་ཐད་ལ་བྱས་རྗེས་གང་འདྲ་བཞག་ཡོད་མེད་རྟོགས་ཐུབ།   ང་ཚོས་བོན་གསར་མའི་འཕེལ་རྒྱས་ཐད་ནས་བསམ་བློ་བཏང་ན།   མི་ཤིག་གི་སྐུ་དུས་སུ་ཁོར་ཡུག་གི་བོན་པོ་གཞན་གྱིས་བོན་གསར་མར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཡོད་པ་དང་།  དེ་རྗེས་སངས་གླིང་གི་སྐུ་དུས་སུ་ཁྱུང་ནག་དཔོན་སོགས་འགའ་ཞིག་གིས་ཁས་ལེན་དང་རྒྱབ་སྐྱོར་བྱས་མེད་པ་མ་གཏོགས་གཞན་ཕལ་ཆེར་གྱི་བོན་གསར་མ་དང་ལེན་གནང་ཡོད།   དེའི་རྗེས་སུ་ཀུན་གྲོལ་གྲགས་པ་མཆོག་དང་མེ་སྟོན་ཉི་མ་རྒྱལ་མཚན(1816-1897)༑  གཏེར་སྟོན་བདེ་ཆེན་གླིང་པ(1833-1892)༑ གསང་སྔགས་གླིང་པ(1864-?)༑  གྲུབ་ཆེན་བཟོད་པ་རྒྱལ་མཚན(1866-1945)སོགས་ཀྱི་སྐུ་དུས་སུ་བོན་གསར་མར་ངོ་རྒོལ་བྱེད་མཁན་དེ་ཙམ་མང་པོ་བྱུང་མེད་པ་ཤེས་ཐུབ།   དེས་ན་བོན་གསར་མའི་འཕེལ་རྒྱས་ལ་མི་ཤིག་རྡོ་རྗེས་ཤུགས་རྐྱེན་མ་ཐེབས་པ་མེད་པའི་བཟོ་འདྲ་རེད།   
  གཉིས།  ཁོར་ཡུག་གི་བླ་དཔོན་གྱིས་འཕྲག་དོག་བྱས་པ། 
    ཁྱུང་སེར་བྱ་སྒར་དཔོན་གྱིས“མི་ཤིག་གིས་ཁྱུང་པོ་གསེར་ཚའི་སྡེ་དགོན་རྣམས་བན་ལུགས་བསྒྱུར་དྲན་འདུག”ཅེས་ཁ་ཡོག་བརྒྱབ་ནས་ཁོང་རྒྱང་འཕུད་བཏང་ཡོད།   དོན་དངོས་ཐོག་བྱ་བ་དེའི་རྒྱབ་ལོག་ན་གསང་བ་ཞིག་ཡོད་པ་རེད།   དེ་ནི་མི་ཤིག་མཆོག་གི་སྙན་གྲགས་ཇེ་རྒྱས་སོང་བ་དང་བསྟུན་ཕྱོགས་མཐའ་ནས་སློབ་ཚོགས་མང་དུ་འདུས་ཤིང་།  ཁོང་གི་གདུལ་བྱ་དང་འཁོར་ཚོགས་ཇི་ཙམ་རྒྱས་ན་དེ་ཙམ་གྱིས་ཡུལ་དེའི་བླ་མ་གཞན་གྱི་འགྲོ་དོན་ཇེ་ཆུང་དུ་འགྱུར་བའི་གནས་ཚུལ་ལྷག་བཞིན་ཡོད༑   དེ་ནི་དངོས་པོའི་ཆོས་ཉིད་ཀྱིས་ཐག་བཅད་པ་ཞིག་རེད།   སྐབས་དེའི་བྱ་སྒར་བླ་བྲང་ཁག་ལ་མཚོན་ན་དཔོན་གྱི་གོ་གནས་ཡོད་པ་མ་ཚད།  ཡུལ་དེའི་བླ་མ་གདུང་རྒྱུད་བདག་པོ་དེའི་གོང་ན་མེད་པ་དེ་ཡིན་པ་རེད།   འོན་ཀྱང་༑  མི་ཤིག་ནི་སྤྱིར་བཏང་གི་མི་སྣ་ཙམ་ལས་དང་ཐོག་ཐོབ་དང་གོ་ས་ཆེན་པོ་ཡོད་པ་དེ་འདྲ་ཞིག་མ་རེད།   རེད་དེ།   ཁོང་གི་སྙན་གྲགས་ཇེ་རྒྱས་སོང་བ་དེས་བླ་དཔོན་གཞན་གྱི་སེམས་སུ་མི་ཤིག་མུ་མཐུད་དེ་ལྟར་བཞག་ན་རང་ཉིད་ཀྱི་གོང་དུ་ཤོར་འགྲོ་བའི་སེམས་ཁྲལ་བསྐྱེད་པ་རེད།  ཕྱོགས་གཞན་ཞིག་ནས་བོན་གསར་མའི་ལུགས་སྲོལ་ལ་ལྟ་སྟངས་ངན་པ་བཟུང་མཁན་གྱི་བློན་པོ་དང་མི་སྣ་མང་པོས་བྱ་སྒར་དཔོན་ལ་ལུགས་སྲོལ་འདི་རང་ཡུལ་དུ་དར་ཁྱབ་བྱུང་ན་ཧ་ཅང་མི་རུང་བའི་བསམ་ཚུལ་བཏོན་ཡོད་པ་ཐག་ཆོད་རེད།  དེ་ལྟ་བུའི་གནས་ཚུལ་འོག་བྱ་སྒར་དཔོན་གྱིས་དབང་ཆ་བེད་སྤྱད་དེ་མི་ཤིག་གཞིས་སུ་སྡོད་དབང་རྩ་བ་ནས་མེད་པ་བཟོས་ཏེ་རྒྱང་འཕུད་བཏང་ཡོད།   རྒྱང་འཕུད་གཏོང་སྟངས་ཐད་ནས་བསམ་བློ་བཏང་ན་ཅུང་ཐལ་ཆེ་བའི་རྣམ་པ་ཞིག་ཡོད་པ་རེད།  དཔེར་ན།  ཁོང་གི་སྙན་རྒྱུད་བོན་སྡེ་གླེགས་བམ་རྣམས་གསེར་གཡུ་སུམ་མདོའི་ཟམ་འོག་ཏུ་བཏབ་པ་དང་ལྷ་སྐུ་རྟེན་གསུམ་དང་གཞིས་ཁང་ས་ཞིང་ཡོངས་རྫོགས་འཕྲོག་པ།   ཁོང་གི་བདག་མོ་དང་སྐུ་སྲས་ཀྱང་གཞིས་སུ་འདུག་མ་བཅུག་པ་སོགས་མི་ཆོས་ལས་འདས་པའི་ཁྲིམས་གཅོད་སྣ་ཚོགས་བཏང་ཡོད།   འདི་དག་སྐོར་བདེ་གླིང་རྣམ་ཐར《ཀླུ་དབང་གཙུག་ནོར》ལས་ཁོང་གི་སྐྱེ་བ་གོང་མ་མི་ཤིག་སྐུ་དུས་ཀྱི་གནས་ཚུལ་བཀོད་སྐབས“གསེར་རི་གཡུ་ལུང་ཕྱོགས་སུ་བན་བོན་ཞྭ་བསྒྱུར་བྱེད་དུས་ལ།   མ་རིག་འཕྲག་དོག་གི་དེད་དཔོན་ཚོགས་ཀྱིས་བཀའ་གསུང་རབ་མང་པོ་ཞིག་གསེར་རུ་སུམ་མདོའི་ཟམ་པའི་འོག་ཏུ་བླུག་པར་བདག་གི་སེམས་ཕམ་དང་ཡིད་སྡུག་བཟོད་མི་ཐུབ་པའི་བག་ཆགས་དང་།”(55)ཞེས་ཁོང་བླ་དཔོན་གཞན་གྱི་འཕྲག་དོག་དབང་གིས་སྤྱུགས་པ་དང་།   ཁོང་གིས་བོན་གྱི་བསྟན་པ་ལ་ཐུགས་བསམ་བཞེས་ཀྱང་ཁོར་ཡུག་གི་མི་རྣམས་ཀྱིས་དེ་ལས་ལྡོག་སྟེ་ཁྲིམས་གཅོད་སྣ་ཚོགས་བཏང་བས་ཡིད་ཕམ་སྐྱེས་ཚུལ་གསལ་ཡོད༑  
 
ས་བཅད་ལྔ་པ།  ཁོང་གི་ལྟ་སྤྱོད་དང་མཛད་རྗེས།  
གཅིག  ཁོང་གི་ལྟ་སྤྱོད།
   ཁོང་གི་ལྟ་གྲུབ་གང་འདྲ་ཡིན་པ་གོང་གི་ལོ་རྒྱུས་ཁག་ནས་རྒྱུས་ལོན་གང་འཚམ་བྱས་ཟིན་པ་རེད།  འདིར་ད་དུང་དེའི་ཐད་ནས་ཚིག་ཁ་ཤས་གླེང་ན།   ཁོང་གིས་མི་ཚེའི་ཐོག་མཐའ་བར་གསུམ་དུ་ཉམས་ལེན་གནང་རྒྱུ་མཚམས་འཇོག་བྱས་མེད།   ཁོང་གིས་ནང་སེམས་ཀྱི་གནས་ལུགས་འཚོལ་སྙེག་གནང་བ་ལས་ཕྱི་ཡི་འབྱོར་བ་དང་སྙན་གྲགས་དོན་དུ་གཉེར་མེད།   ང་ཚོས་ཁོང་གི་མི་ཚེ་ལ་ཕྱིར་རྟོག་བྱས་ན།  ཁོང་གིས་མི་དཀྱུས་མ་ཞིག་གི་འཚོ་བ་རོལ་ཡོད་པ་ལས་རྒྱས་སྤྲོས་སྣ་ཚོགས་བྱས་མེད།  དཔེར་ན།  ཁོང་གི་ཆ་ལུགས་དང་ལྟ་གྲུབ་མཛད་སྤྱོད་ཐད་ལོ་རྒྱུས་ཡིག་ཆ་ནང་འདི་ལྟར་གསལ་ཡོད་དེ།  བདེ་གླིང་གི་རྣམ་ཐར《ཀླུ་དབང་གཙུག་ནོར》ལས“གསེར་རིའི་རིན་ཆེན་འབར་བའི་ཕུག༑  རང་གྲོལ་ཤེལ་ཞིག་མི་ཤིག་རྡོར།།   སྐུ་མདོག་སྨུག་པོ་གཙུག་ཏོར་ཅན།།   ཐ་མལ་ཚུལ་ཅན་བྱ་འུར་འབབས།།   བརྟུལ་ཤུགས་སྤྱོད་ཅིང་ཧ་སྒྲ་འབྱིན།།  གསང་བའི་མཁའ་འགྲོས་མཆོད་པ་འབུལ།།   མི་མིན་དྲེགས་ཚོགས་དམ་ལ་བཏགས།།   ལན་རེ་སྟག་སླག་སྟག་ཞུ་མནབ།།   དཔལ་རིས་བདེ་ལྡན་མངོན་སངས་རྒྱས།།   རང་གྲོལ་ལུང་རིག་སྨྲ་བ་པོ།།   གདུལ་དཀའ་རྟ་བདུན་རྒྱུད་ནས་སྒྲོན།།  ལས་འཕྲོ་མི་འགྱུར་སྙིང་པོས་སྤེལ།།  གསང་སེམས་དབང་ཐོབ་བླ་མའོ།།”(56)ལུང་ཚིག་འདི་ལས་ཁོང་གི་ན་བཟའ་གྱོན་སྟངས་ཐད་མི་ཕལ་པའི་གྱོན་ཆས་རལ་རུལ་ཅན་ཞིག་གྱོན་པ་ལས་བླ་ཚུགས་འདྲ་མིན་བཏོད་དེ་སེར་གཙུག་གཙུག་འགྲོ་མཁན་ཞིག་མ་ཡིན་པ་བསྟན་ཡོད།  དེར་བརྟེན།   གཞིས་སུ་བཞུགས་སྐབས་ཉེ་སྐོར་གྱི་མི་དེ་ཚོས་མཐོང་ཆུང་ཚུལ་དུ་ནམ་རྒྱུན་ཁོང་ལ་རྡང་རུལ་མགོ་ཞེས་འབོད་པ་རེད།   མི་རྣམས་ཀྱིས་ནམ་རྒྱུན་ན་བཟའ་རྫིག་པོ་གྱོན་མཁན།  འབྱོར་བ་ཆེན་པོ་ཡོད་མཁན།  མིག་གནམ་སའི་མཚམས་སུ་ལྟ་མཁན་ཞིག་ལ་བླ་མ་ཞེས་ངོས་འཛིན་གནང་བ་ལས་ཕལ་པའི་རྟུལ་ཤུགས་འཆང་མཁན་དག་ལ་དོ་སྣང་ཆེར་མི་བྱེད་པ་རེད།  ཁོང་གི་མཛད་སྤྱོད་འདིར་རང་གི་ཉམས་སུ་བླང་བྱ་རྫོགས་ཆེན་ལྟ་བས་ཤུགས་རྐྱེན་ཐེབས་པ་ཡིན་ནམ།   གང་ལྟར་ཕལ་གྱི་ལྟ་ཚུལ་ལ་ཇི་མི་སྙམ་པའི་སྐྱེས་བུ་དམིགས་བསལ་བ་ཞིག་རེད།   བདེ་གླིང་མཆོག་གིས་གོང་དུ་ཁོང་ལ་རང་གྲོལ་ལུང་རིགས་སྨྲ་བ་པོ་ཞེས་ཁོང་ནི་རྫོགས་ཆེན་གཞུང་འཆད་པར་ཐོགས་པ་མེད་མཁན་ཞིག་ཡིན་པའི་གདེང་འཇོག་གནང་འདུག་པས།  མི་ཤིག་མཆོག་ནི་རང་གིས་རྫོགས་ཆེན་ལྟ་བ་ཉམས་སུ་ལེན་ཞིང་གཞན་ལའང་དེའི་སྐོར་འཆད་ཁྲིད་བྱེད་མཁན་ཞིག་ཡིན་པ་རྟོགས་ཐུབ། ཁོང་ལ་རྫོགས་ཆེན་གཞུང«གསེར་གྱི་ཡང་ཞུན»ཞེས་པའི་སྙན་རྒྱུད་བོན་སྡེ་ཞིག་ཡོད་པ་དེས་ཀྱང་ཁོང་གིས་རྫོགས་ཆེན་གཞུང་ལ་འཆད་ཉན་གང་འདྲ་གནང་ཡོད་པ་གསལ་བཤད་བྱས་ཡོད།   
   གཉིས།   ཁོང་གིས་བོད་ཀྱི་གསོ་རིག་ལ་བཞག་པའི་མཛད་རྗེས།
    《ཆབ་མདོའི་གསོ་བ་རིག་པ》ཞེས་པའི་དཔེ་དེབ་ནང་ཁོང་གི་ངོ་སྤྲོད་མདོར་བསྡུས་ཤིག་བཀོད་འདུག་ཅིང་།  དེར“ཁྱད་པར་ནད་སེལ་གྱི་སྔགས་དང་གཏོ་ཆོག་དང་།  གསོ་བ་སྨན་གྱི་ཕྱག་ལེན་བསྟར་བའི་མཛད་པས་ནད་བཅོས་སྨན་སྦྱིན་རྒྱ་ཆེར་གནང་།”(57)ཞེས་ཁོང་ནི་ནད་སེལ་གྱི་སྔགས་དང་གཏོ་ཆོག  སྨན་གྱི་ཕྱག་ལེན་སོགས་ལ་མཁས་པའི་ལྷ་རྗེ་ཞིག་ཡིན་པའི་ངོ་སྤྲོད་གནང་འདུག  གུས་པས་ཁོང་བཞུགས་ཡུལ་གྱི་རྒན་རབས་ལ་བཅར་འདྲི་ཞུས་སྐབས་ཁོང་སྨན་པ་ཡིན་པའི་སྐོར་གོ་ཐོས་མ་བྱུང་མོད།  ང་ཚོས་ཁོང་ལ་གསོ་བ་རིག་པའི་སྐོར་ནས་གདེང་འཇོག་ཅིག་མ་བྱས་རང་བྱས་ཆགས་ཡོད་པ་ནི་ཁོང་ལ་གསོ་བ་རིག་པའི་སྐོར་གྱི་བོན་སྡེ་གལ་ཆེན་ཞིག་སྙན་རྒྱུད་བྱུང་བས་རེད།  དཔེ་ཆ་དེའི་མིང་ལ«དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང»ཞེས་ཟེར།  དཔེ་ཆ་འདི་གསོ་རིག་སྐོར་གྱི་དཔེ་ཆ་རྩ་ཆེན་ཞིག་ཡིན་པ་དེབ་འདིའི་པར་སྐྲུན་སྔོན་གླེང་ནང་བཤད་འདུག  དཔེ་ཆ་འདི་གཡུང་དྲུང་བོན་གྱི་བཀའ་ཡི་ཁོངས་སུ་གཏོགས་ཤིང་།  ཐོག་མར་གསུངས་མཁན་སྟོན་པ་གཤེན་རབ་ཡིན་པ་ངོས་འཛིན་བྱེད་བཞིན་འདུག  ཡང་སྙིང་དཔེ་ཆ་འདི་ཁོང་ལ་ཇི་ལྟར་བྱུང་བ་དང་ཁོང་གིས་ཇི་ལྟར་བརྩམས་པ་སུས་ཀྱང་ཤེས་དཀའ།  དེབ་འདིའི་པར་སྐྲུན་སྔོན་གླེང་ནང་དཔེ་ཆ་འདི་བོན་གྱི་སྨན་གཞུང«གསོ་རིག་འབུམ་བཞིའི་མདོ»དང་དུས་མཉམ་དུ་བྱུང་བའི་སྨན་དཔེ་རྙིང་པ་ཞིག་ཡིན་པའི་ངོས་འཛིན་ཞུས་འདུག་པས་ཅུང་སྔ་མོ་ནས་ཡོད་པའི་སྨན་གཞུང་ཞིག་ཡིན་ཤས་ཆེ།  གང་ལྟར་ཀྱང་སྨན་གཞུང་འདི་དུས་རབས་བཅུ་བདུན་པའི་ནང་བྱུང་བ་ཞིག་ཡིན་པ་སུས་ཀྱང་ཁས་ལེན་ཐུབ་པ་རེད་ལ།   དུས་སྐབས་དེའི་ཁྱུང་ཡུལ་གྱི་གསོ་རིག་འཕེལ་རྒྱས་གང་འདྲ་ཡིན་པ་སོགས་ཀྱི་དཔྱད་གཞི་གལ་ཆེན་ཞིག་ཆགས་ཡོད།  ངའི་གྲོགས་པོ་སྨན་པ་ཚེ་རིང་གྲགས་པ་ལགས་ནས་མི་ཤིག་ཁོང་ཁྱུང་ཡུལ་གྱི་སྨན་པ་གལ་ཆེན་ཡིན་པའི་ངོས་འཛིན་གནང་གིན་འདུག་པ་དེར་རྒྱུ་མཚན་ཡོད་པ་རེད།   ཁྱུང་ཡུལ་གྱི་གསོ་རིག་མི་སྣ་གླེང་ན་ཁོང་མ་གླེང་ཐབས་མེད་ལྟ་བུ་ཞིག་ཆགས་འདུག་པ་མ་ཚད།   བོད་ཀྱི་གསོ་རིག་གཞུང་གི་འཕེལ་འགྱུར་གླེང་ན་ཡང་ཁོང་གླེང་དགོས་ངེས་ཤིག་རེད་འདུག་དྲན།  གཞན་ཁོང་གི་མཛད་པ་སྐོར་ནས་ད་སྔོན་གླེང་ཟིན་པའི་ལོ་རྒྱུས་ཁྲོད་ནས་ཤེས་རྟོགས་ཐུབ་པས་འདིར་བསྐྱར་དུ་གླེང་བའི་ངལ་བ་བྱས་མེད།   
ས་བཅད་དྲུག་པ།   ཁོང་གི་སྲས་རྒྱུད་དང་ཡང་སྲིད་སྐོར།
གཅིག  ཁོང་གི་སྲས་རྒྱུད་སྐོར།  
    གུས་པས་བཅར་འདྲི་ཞུ་སའི་རྒན་རབས་ཕལ་ཆེར་ལ་མི་ཤིག་ལ་གདུང་སྲས་ཡོད་པའི་སྐོར་གྱི་ངག་རྒྱུན་གླེང་རྒྱུ་མི་འདུག་ཀྱང་ཁྱུང་པོ་གསེར་ཚ་གནམ་ལྡོང་གྲོང་ཚོའི་གྲྭ་རྒན་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལོན་པ་བོན་ལི་ཚེ་དབང་གྲགས་པ་མཆོག་གིས་མི་ཤིག་ལ་སྐུ་སྲས་གཅིག་ཡོད་པའི་སྐོར་གསུངས་བྱུང་།  སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་དུ་མི་ཤིག་མཆོག་ལ་གདུང་སྲས་གཅིག་ཡོད་པའི་སྐོར་གྱི་གནས་ཚུལ་སྔ་ཕྱི་གཉིས་ཐོན་ཡོད།  དེ་ཡང་རབ་བྱུང་བཅུ་གཉིས་པའི་མེ་ལུག(༡༧༢༧)ལོར་སངས་གླིང་ཁྱུང་ཡུལ་དུ་བྱོན་སྐབས་མི་ཤིག་མཆོག་གི་སྐུ་སྲས་ནམ་མཁའ་གྲགས་པས་ཁོང་གཡུ་ཁྲ་ལྷ་སྟེང་དུ་གདན་ཞུས་བྱས་པ་གསལ་ཡོད།   ཡང་སངས་གླིང་མཆོག་རྒྱལ་རོང་ནས་ཡར་ཁྱུང་པོར་ཕེབས་སྐབས་ཤིང་སྟག(༡༧༣༤)ལོར་གསེར་ཚར་མི་ཤིག་སྲས་ནམ་མཁའ་གྲགས་པ་དང་མཇལ་འཕྲད་གནང་ཡོད་ཅིང་།   གསེར་ཚར་བཞུགས་རིང“རྒྱལ་སྲས་ནམ་མཁའ་གྲགས་པ་དང་།  ཡང་སྲས་ཚེ་དབང་རྒྱལ་པོ་ཡབ་སྲས་ལ།   ཞབས་རྟེན་ལེགས་འབུལ་ན་བཟའ་དང་བཅས་ཕུལ།  བཀྲ་ཤིས་སྨོན་ལམ་ཞལ་གདམས་ཞིབ་རྒྱས་མཛད”(58)ཡོད་པ་རེད། འདིར་བལྟས་ན། ཁོང་རྣམ་གཉིས་མཇལ་འཕྲད་ཕྱི་མ་གནང་སྐབས་མི་ཤིག་སྲས་ནམ་མཁའ་གྲགས་པས་ཁབ་བཞེས་ཟིན་པ་མ་ཚད་གདུང་སྲས་ཚེ་དབང་རྒྱལ་པོ་ཞེས་པ་ཞིག་འཁྲུངས་ཡོད་པ་གསལ།   དེའི་རྗེས་སུ་གནས་ཚུལ་གང་འདྲ་བྱུང་བ་ཡིན་ན་གཡུ་ཁྲ་ལྷ་སྟེང་དུ་ཁོང་གི་གདུང་རབས་བཞུགས་མཁན་མེད་པ་ཆགས་འདུག གཏེར་སྟོན་བདེ་ཆེན་གླིང་པ(1833-1892)མཆོག་ཁྱུང་ཡུལ་ཕེབས་སྐབས་གཡུ་ཁྲ་ལྷ་སྟེང་དུ་མི་ཤིག་གི་གདུང་རྒྱུད་དང་མཇལ་འཕྲད་གནང་བ་འཁོད་མི་འདུག་པས།   ཕལ་ཆེར་དེ་སྐབས་ནས་བཟུང་གཡུ་ཁྲ་ལྷ་སྟེང་དུ་མི་ཤིག་གི་གདུང་རབས་བཞུགས་མཁན་མེད་པ་ཆགས་ཚར་བ་ཡིན་ནམ།   གསེར་ཚ་གྲྭ་རྒན་བོན་ལི་ཚེ་དབང་གྲགས་པ་ལགས་ནས་གུས་པར་ཡང་ཡང་གསུངས་དོན།  གནས་མཆོག་གངས་དཀར་ཏི་སེ་མཇལ་དུ་འགྲོ་སའི་ལམ་བར་དུ་མི་ཤིག་གི་གདུང་རྒྱུད་ཡོད་པའི་བཤད་སྲོལ་སྔོན་མ་ནས་ཡོད་པ་དང་།   ཁོང་གིས་ཤེལ་ཞིག་བླ་མ་ཀུན་བཟང་བསྟན་འཛིན་ལ་ཡར་ཞུ་མར་གནང་བྱས་སྐབས་ཀུན་བཟང་བསྟན་འཛིན་ལགས་ནས་ཁོང་མི་ཤིག་གི་གདུང་རབས་ལས་ཆད་པ་ཡིན་ཞེས་གསུངས་མྱོང་ཟེར།  དེར་བརྟེན།  གྲྭ་རྒན་ཁོང་གིས་མི་ཤིག་གི་གདུང་སྲས་དེ་དྭངས་ར་རྒྱུད་དུ་བྱོན་པ་དང་དེར་གཞིས་ཆགས་པའི་ངོས་འཛིན་གནང་གི་འདུག  ང་ཚོས་སངས་རྒྱས་གླིང་པའི་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་གསལ་བའི་ཁོང་ལ་སྲས་དང་ཚ་བོ་ཡོད་པའི་གནས་ཚུལ་ཙམ་ལས།  དེ་ལས་གཞན་པའི་མི་ཤིག་མཆོག་གི་གདུང་རབས་འཕེལ་འགྱུར་གང་འདྲ་བྱུང་བ་དང་དེ་དག་གི་ཁྱིམ་ཚང་གནས་བབ་གང་འདྲ་ཡིན་པ་སོགས་ད་སྔོན་གསལ་པོ་ཞིག་ཤེས་རྟོགས་ཐུབ་མེད།  
གཉིས།   ཁོང་གི་ཡང་སྲིད་སྐོར།  
    གུས་པས་ཁྱུང་པོ་གསེར་ཚ་གཡུ་ཞིག་བླ་མ་གཡུང་དྲུང་རྒྱལ་མཚན་ལགས་ལ་མི་ཤིག་སྐོར་བཅར་འདྲི་ཞུས་སྐབས།  ཁོང་གིས་དུས་འགྱུར་སྔོན་ལ་མི་ཤིག་གི་བཀའ《དུས་བཀྲ》ཞེས་པའི་མ་འོངས་ལུང་བསྟན་སྐོར་གྱི་དཔེ་ཆ་ཞིག་ཡོད་པ་ཐོས་མྱོང་ཟེར།   ཁོང་གིས་དཔེ་ཆ་དེ་བཙལ་འཚོལ་བྱས་འདུག་ཀྱང་ད་སྔོན་ལག་སོན་བྱུང་མི་འདུག  སྐབས་དེར་གུས་པས་གལ་སྲིད་དཔེ་ཆ་དེ་མཇལ་ཐུབ་ཚེ་ཁོང་གི་ཡང་སྲིད་གང་འདྲ་འབྱུང་མིན་ཐད་ནས་ཅུང་ཟད་ཤེས་རྟོགས་ཐུབ་སྙམ་བྱུང་།  དེའི་རྗེས་སུ་གུས་པས་དཔེ་ཆ་དེ་བཙལ་འཚོལ་བྱས་པས།  ཁྱུང་པོ་སྟེང་ཆེན་དགོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་དཔར་བསྐྲུན་བྱས་པའི་གཡུང་དྲུང་བོན་གྱི་བཀའ་བརྟེན་ཆེན་མོ་ལས་གླེགས་བམ(༦༥)པ།《ཁ་བྱང་སྐོར》གྱི་པོད་ཏི་ནང་དུ«དུས་བཀྲ»ལེའུ་མི་འདྲ་བ་འགའ་ཙམ་བཞུགས་འདུག་ཀྱང་དེ་དག་ནང་ཁོང་གི་ཡང་སྲིད་གང་འདྲ་འབྱོན་མིན་སྐོར་ཁ་གསལ་པོ་ཞིག་བཀོད་མི་འདུག བདེ་གླིང་གི་རྣམ་ཐར《ཀླུ་དབང་གཙུག་ནོར》ལས“ཞལ་ཆེམ་དུ་ང་ད་ནི་ཁྱུང་པོ་གསེར་གཡུའི་ལུང་ལས་འོ་རྒྱལ་ཆེན་པོ་བྱུང་བས་དེར་ལུས་མི་ལེན་གསུངས་སོ།།”(59)ཞེས་ཁོང་འདའ་ཁར་སྐུ་སྐྱེ་ཁྱུང་ཡུལ་ཕྱོགས་སུ་མི་བཞེས་པར་གསུངས་པ་ཙམ་ལས།  དེ་མིན་ཁོང་རང་གིས་ཡང་སྲིད་སྐོར་ལ་ངོས་འཛིན་གང་འདྲ་གནང་གི་ཡོད་མེད་ཤེས་ཐབས་བྲལ།  སངས་རྒྱས་གླིང་པས་རང་རྣམ《རྡོ་རྗེ་རིན་ཕྲེང》ལས་ཁོང་ནི་མི་ཤིག་གི་སྐུ་སྐྱེ་ཡིན་པ་ངོས་འཛིན་གནང་ཡོད་དེ།   ཁོང་གི་སྐྱེས་རབས་ཉི་ཤུ་དྲན་པ་ལས་རྗེས་མ་དེ་ཡིན་པ་གསལ་ཡོད།  དེའི་རྗེས་སུ་མདོ་ཁམས་སྡེ་དགེ་རུ་འཕགས་བུ་རྨེའུ་ཚང་གི་གདུང་ལས་གྲོལ་བའི་གཏེར་སྟོན་གྲགས་ཅན་བདེ་ཆེན་གླིང་པས་ཁོང་གི་རྣམ་ཐར་བསྡུས་པ《སྐལ་ལྡན་དགྱེས་པའི་དགའ་སྟོན》ལས“ཕྱི་ལ་སྤང་ལམ་ངུར་སྨྲིག་འཛིན་པ་བདུན།   ནང་སྐད་གཉིས་སྨྲ་བ་པཎྚི་ཏ་བདུན།  གསང་བ་སྔགས་འཆང་ཆེན་པོ་གཏེར་སྟོན་བདུན།  ཡང་གསང་གྲོལ་ལམ་རིག་པ་འཛིན་དབང་བདུན།”(60)ཞེས་ཁོང་གི་སྐྱེས་རབས་ལ་ཕྱི་ནང་གསང་བ་ཡང་གསང་དང་སྦྱར་ཏེ་བསྟན་ཡོད།  ཁོང་གི་རྣམ་ཐར《ཀླུ་དབང་གཙུག་ནོར》ལས“སྐྱེས་རབས་དྲུག་པ་གྲོལ་ལམ་གསང་སྤྱོད་རིག་པ་འཛིན་དབང་མི་ཤིག་རྡོ་རྗེ་ཡིན་ཏེ།”(61)ཞེས་མི་ཤིག་ནི་ཁོང་གི་ཡང་གསང་གི་སྐྱེས་རབས་དྲུག་པ་དེ་ཡིན་པ་ངོས་འཛིན་གནང་འདུག་གོ༑
ས་བཅད་བདུན་པ།  ཁོང་གི་གཏེར་སྙན་དང་བརྩམས་ཆོས།
གཅིག  ཁོང་གི་སྙན་རྒྱུད་བོན་སྡེ།
   ཁོང་གི་སྙན་རྒྱུད་བོན་སྡེ་མང་པོ་ཞིག་སོག་སྡེ་བསྟན་པའི་ཉི་མས་པར་བསྐྲུན་མཛད་པའི་བཀའ་བརྟེན་ནང་བཞུགས་ཡོད།   དེ་དག་གི་མཇུག་བྱང་དུ་སྙན་རྒྱུད་བྱུང་སའི་ས་གནས་འཁོད་པ་འགའ་ཞིག་ལས་དུས་ཚོད་ནམ་ཞིག་ལ་སྙན་རྒྱུད་བྱུང་བ་གསལ་པོར་འཁོད་པ་ཧ་ཅང་དཀོན།   རེད་དེ།  གོང་དུ་ཁོང་གི་ལོ་རྒྱུས་མཇལ་ཟིན་རྗེས་སྙན་རྒྱུད་ཀྱི་བྱུང་སའི་ས་གནས་ལ་གཞིག་ནས་དགུང་གྲངས་དུ་ཙམ་གྱི་སྐབས་སུ་སྙན་རྒྱུད་བྱུང་བ་ཚོད་དཔག་བྱེད་ཐུབ་སྙམ༑   མཚམས་འདི་ནས་ཁོང་ལ་སྙན་རྒྱུད་བྱུང་བའི་བོན་སྡེ་འགའ་ཞིག་གླེང་ན།  ཤེལ་བྲག་ཚལ་དུ་རྒྱ་བོན་ཟིང་པ་མཐུ་ཆེན་གྱིས་སྙན་རྒྱུད་བྱས་པའི«ཤེལ་རབ་གསོལ་འདེབས་ཤེལ་དཀར་ཕྲེང་བ»  འདི་ལ་ཤོག་གྲངས་མང་པོ་མེད་ཀྱང་ཤེལ་ཞིག་གདུང་རབས་སྐོར་གྱི་དཔྱད་གཞི་གལ་ཆེན་ཞིག་ཆགས་ཡོད།   གཞི་བདག་གཉན་པོ་སྐུ་བླ་ཟངས་འཕྲུའི་ཞོལ་དུ་ལས་གྲུབ་ཡེ་ཤེས་མཁའ་འགྲོ་སོགས་ཀྱིས་སྙན་དུ་བརྒྱུད་པའི(༡)«ཚེ་དབང་ཡང་ཞུན» འདི་ནི་གླེགས་བམ་གཅིག་གི་བདག་ཉིད་ཅན་ཞིག་ཡིན།  ནང་དུ་ལེའུ་སུམ་ཅུ་སོ་དྲུག་ཡོད་པ་མ་ཚད།   ལེའུ་རེ་རེའི་སྙན་དུ་རྒྱུད་མཁན་དང་སྙན་དུ་བརྒྱུད་སའི་ས་གནས་སོགས་ཁ་ཁ་ཡིན།   འདི་རུ་དམིགས་བསལ་གྱིས་ལེའུ་ཁ་ཤས་གླེང་ན།   ལེའུ་དང་པོ་དམར་བྱང་འཕྲུལ་གྱི་མེ་ལོང་།   འདི་ནི་གཉན་པོ་སྐུ་བླ་ཟངས་འཕྲུའི་ཞོལ་དུ་ལས་གྲུབ་ཡེ་ཤེས་མཁའ་འགྲོས་སྙན་དུ་བརྒྱུད།   སྙན་རྒྱུད་བྱུང་སའི་ས་གནས་འདི་ཅུང་དཔྱད་དགོས་པར་སྣང་།
   ལེའུ་གཉིས་པ།   རིག་འཛིན་ཀུན་གྱི་ལོ་རྒྱུས།  སྙན་རྒྱུད་བྱུང་སའི་ས་གནས་བཀོད་མེད།  ལོ་རྒྱུས་དང་འབྲེལ་བའི་དཔེ་ཆ་ཞིག་ཡིན།  ལེའུ་དྲུག་པ།   ཚེ་དབང་ཡང་ཞུན་རྒྱུད་རིམ།   མཇུག་བྱང་དུ“གཡུང་དྲུང་རྒྱལ་པོ་ལ་བརྒྱུད།  དེས་རྒྱལ་རོང་པ་ཁྱུང་པོ་དགེ་བཤེས་གཡུང་དྲུང་བསྟན་འཛིན་ལ་བརྒྱུད།  དེས་ཁྱུང་པོ་བློ་ལྡན་སྙིང་པོ་ལ་བརྒྱུད།   དྲིན་ཆེན་བླ་མ་དེའི་དྲུང་ནས་བདག་ལ་གནང་བའོ།།”ཞེས་གསལ་ཡོད།   འདིར་ཁོང་གི་སློབ་མ་རྒྱལ་རོང་པ་གཡུང་དྲུང་བསྟན་འཛིན་གྱི་གདུང་རྒྱུད་ཁྱུང་པོ་ཡིན་པ་གསལ་ཡོད།   དགེ་བཤེས་རྒྱལ་པོའི་གདུང་རྒྱུད་ཁྱུང་པོ་ཡིན་པས་སངས་གླིང་རྣམ་ཐར་ཡང་རྗེ་རིགས་གདུང་རྒྱུད་ཅེས་སྨོས་ཡོད།   འདིའི་བློ་ལྡན་སྙིང་པོ་ནི་གཡུང་དྲུང་བསྟན་འཛིན་གྱི་དབོན་པོ་དང་སངས་གླིང་གི་སློབ་མ་བཅས་ཡིན།  འདི་ཁུ་དབོན་གཉིས་དགེ་བཤེས་རྒྱལ་པོའི་སྤུན་མཆེད་ཡིན་པས།   ཕྱིས་ཀྱི་ཡིག་ཆ་ཁག་ནང་ནང་སོ་དགེ་བཤེས་གཡུང་དྲུང་བསྟན་འཛིན་ཞེས་བཀོད་ཡོད།   ཁྱུང་པོ་གསེར་ཚའི་རྒན་རབས་འགས་མི་ཤིག་ནང་སོག(内蒙古)ཡུལ་དུ་བྱོན་ཞེས་གསུངས་པ་ནི་ཁོང་གི་སློབ་མ་ནང་སོ་དགེ་བཤེས་གཡུང་དྲུང་བསྟན་འཛིན་ཞེས་གོ་མྱོང་བས་ནང་སོ(རྒྱལ་པོ་ཁག་གི་སྤུན་མཆེད་སེར་མོ་བར་ནང་སོ་ཞེས་ཐ་སྙད་འདོགས་པ་རེད)དང་ནང་སོག་བར་འཁྲུག་པ་རེད།  ཁུ་དབོན་འདི་གཉིས་ཀྱིས་དགེ་བཤེས་རྒྱལ་པོའི་སྲིད་དབང་སོགས་ལ་བརྟེན་ནས་བོན་བསྟན་སྤྱི་དང་ལྷག་པར་དུ་བོན་གསར་མའི་བསྟན་པ་རྒྱལ་རོང་ཡུལ་དུ་དར་རྒྱས་ཡུན་གནས་ཡོང་བའི་བྱ་གཞག་ཐད་ལ་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད།   
   ལེའུ་བཅུ་གསུམ་པ།  རིག་འཛིན་སྒྲུབ་པའི་མན་ངག  མཇུག་བྱང་དུ་དབེན་གནས་དམ་པ་གཡུ་ཁྲ་ལྷ་སྟེང་དུ་འོད་ལྡན་འབར་མས་སྙན་དུ་བརྒྱུད་ཅེས་གསལ་ཡོད།  ཡང་མཇུག་བྱང་དུ།  སློབ་དཔོན་པདྨའི་གསུངས་ལྟར།  ཕྱི་རབས་བློ་དམན་དོན་དུ།  བདག་རྣལ་འབྱོར་རྡོ་རྗེ་གླིང་པས།  སྙན་རྒྱུད་བཅོས་བསླད་མེད་པར་བཀོད།  ཅེས་ཁོང་གི་མཚན་ལ་རྡོ་རྗེ་གླིང་པ་ཞུ་བ་ཡང་གསལ་ཡོད།   ལེའུ་བཅུ་བཞི་པ།  རིན་ཆེན་སྒྲོན་མའི་ཆོག་ཁྲིགས།   གནས་ཁྱད་འཕགས་གཡུང་དྲུང་འབར་བའི་ཞོལ་དུ་སྙན་དུ་བརྒྱུད་ཡོད།   གནས་རི་འདི་ས་ཆ་གང་དུ་ཡོད་མེད་དཔྱད་དགོས་པར་སྣང་།   ལེའུ་བཅུ་དྲུག་པ།  བསྐང་བཤགས་རིན་ཆེན་སྤུངས་པ།  མཇུག་བྱང་དུ།  དུས་མཐའི་རྣམ་འབྱོར་དྲུང་མུ་ཝེར་རོ་ལ། སྟོན་ཟླ་ཐ་ཆུང་ཚེས་པ་བཅོ་ལྔ་ལ།   དབེན་གནས་གཡུ་ཁྲ་ཕུག་ཏུ་སྙན་དུ་བརྒྱུད། ཅེས་ཁོང་གི་མཚན་ལ་ཞང་སྐད་དུ་དྲུང་མུ་ཝེར་རོ་ཞུ་བ་གསལ་ཡོད།    ལེའུ་བཅུ་བདུན་པ། བསྐུལ་པ་གནམ་ལྕགས་ཐོག་མདའ། མཇུག་བྱང་དུ།   དབེན་གནས་ཁྲབ་རིང་ངང་ཡག་ལ་སྙན་དུ་བརྒྱུད་ཅེས་གསལ།   ས་གནས་འདི་དཔྱད་རྒྱུ་ཧ་ཅང་གལ་ཆེ།  ཁྱུང་པོ་གསེར་མདོའི་ཡར་ཙམ་དུ་ཁྲབ་རིང་མ་ཞེས་པའི་ས་ཆ་ཞིག་ཡོད།  རི་བོའི་དེའི་སྟོད་ཕྱོགས་སུ་ཁྲབ་རིང་དགོན་ཞེས་གནའ་དུས་སུ་དགོན་སྡེ་ཞིག་ཡོད་པ་བཤད་སྲོལ་འདུག   ད་ལྟ་ས་ཆ་དེར་ཁང་པའི་ཤུལ་མཐོང་རྒྱུ་ཡོད་ཟེར།   ཁོང་དེར་བཞུགས་མྱོང་བ་ཡིན་ནམ་ཡང་ན་ཁྲབ་རིང་ངང་ཡག་ཅེས་དེ་ལས་གཞན་པའི་དབེན་གནས་ཤིག་ཡོད་མེད་སྐོར་ད་དུང་དཔྱད་རྒྱུར་ལུས་ཡོད།  ལེའུ་ཉེར་བརྒྱད་པ།   གནད་བབ་ཡིག་སྣ།   མཇུག་བྱང་དུ། མཁའ་འགྲོ་འོད་ལྡན་འབར་མས།།  ངེས་མེད་སྤྲུལ་སྐུ་དྲུང་མུ་ཝེར་རོ་ལ།   གྱིམ་ཤོད་ཤེལ་བྲག་ཏུ། དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔ་ལ་སྙན་དུ་བརྒྱུད།  ཅེས་གསལ་ཡོད། 
   (༢)«འགུ་རུ་ཞི་དྲག་གི་སྒྲུབ་སྐོར།» མཚན་གཞན་ལ་མི་ཤིག་གྷུ་དྲག་ཟེར།   གླེགས་བམ་སྟོད་སྨད་གཉིས་ཡོད།   གླེགས་བམ་དང་པོར་ལེའུ་སུམ་ཅུ་སོ་བཞི་ཡོད།  ལེའུ་དགུ་པ།  བདག་སྲུང་ཡེ་ཤེས་གུར་ཁང་།  མཇུག་བྱང་དུ།  བོན་སྐུ་ཀུན་ཏུ་བཟང་པོས་གཤེན་འཆི་མེད་གཙུག་ཕུད་ལ་བརྒྱུད།  དེས་སྤྲུལ་སྐུ་པད་མ་འབྱུང་གནས་ལ་བརྒྱུད།  དེས་ཡེ་ཤེས་མཚོ་རྒྱལ་བརྒྱུད།   དེས་དུས་མཐའི་རྣལ་འབྱོར་མི་ཤིག་རྡོ་རྗེ་རྩལ་ལ།  གཞི་བདག་གཉན་པོ་ཀླུ་བཙན་ཞོལ་དུ།  དབྱར་ཟླ་ར་བའི་ཚེས་བཅོ་ལྔ་ལ་བརྒྱུད་པ་དགེ་ལེགས་འཕེལ། ཞེས་གསལ་བ་ལས།  ལེའུ་གཞན་རྣམས་ཀྱི་མཇུག་བྱང་དུ་སྙན་རྒྱུད་བྱུང་སའི་ས་གནས་དང་དུས་ཚོད་སོགས་བཀོད་མེད།  ཁོང་གི་མཚན་ལ་མི་ཤིག་གླིང་པ་དང་མི་ཤིག་ཨོ་རྒྱན་གླིང་པ་ཞེས་འབོད་པ་གསལ་ཡོད།   པོད་ཏི་འདིའི་ནང་གི་ལེའུ་ཁ་ཤས་ཁོང་གི་བཀའ་མིན་ཏེ།  གྷུ་དྲག་ཕྱག་བཞེས་འཕྲུལ་གྱི་ལྡེ་མིག་ནི་ཀུན་གྲོལ་གྲགས་པས་རབ་བྱུང་བཅུ་གསུམ་པའི་ཤིང་ཕག(༡༧༥༥)ལོར་བརྩམས་པ་དང་།   ཞི་བའི་མངོན་རྟོགས་རང་རིག་གསལ་བྱེད་དང་རྒྱུད་ཕྱག་གཉིས་ནི་ཁོང་གི་སློབ་མ་བདེ་ཆེན་མི་འགྱུར་སྙིང་པོའམ་གཡུང་དྲུང་བསྟན་འཛིན་མཆོག་གིས་གདན་ས་བཀྲ་ཤིས་སྨིན་གྲོལ་གླིང་དུ་བརྩམས་གནང་འདུག  གྷུ་དྲག་སྨད་ཆར་ལེའུ་བཞི་བཅུ་ཡོད།   ལེའུ་ཕལ་ཆེར་སྟངས་ཆེན་དམུ་ཚ་གྱེར་མེད་ཀྱིས་སྙན་དུ་བརྒྱུད་པ་འཁོད་པ་ལས་སྙན་དུ་བརྒྱུད་སའི་ས་གནས་བཀོད་མེད།   གླེགས་བམ་འདིའི་ནང་གི་ལེའུ་ཁ་ཤས་ནི་སློབ་མ་གཡུང་དྲུང་བསྟན་འཛིན་གྱིས་བརྩམས་པ་ཡིན་ལ།   བྱད་ཐག་བཅད་པ་ལྷ་ལམ་དམུ་ཐག་ཅེས་པའི་ལེའུ་དེ་ནི་སངས་རྒྱས་གླིང་པའི་སློབ་མ་རྒྱལ་རོང་པ་གསང་སྔགས་གྲགས་པས་རབ་བྱུང་བཅུ་གསུམ་པའི་ཤིང་ལུག(༡༧༧༥)ལོར་བརྩམས་པ་ཞིག་ཡིན།   གཞན་ལས་སྦྱོར་དྲག་པོ་བརྣག་པ་སྲོག་གི་སྤུ་གྲི་རྣོ་གཅོད་མཚོན་ཆ་ཞེས་པའི་ལེའུ་དེ་ནི་གཡུང་དྲུང་བསྟན་འཛིན་གྱི་སློབ་མ་རོང་ཕུག་ཅེས་པས་ཆུ་འབྲུག་ལོར་བརྩམས་པ་གསལ།  རོང་ཕུག་གིས་བརྩམས་གྲུབ་རྗེས་སློབ་དཔོན་གཡུང་དྲུང་བསྟན་འཛིན་མཆོག་ལ་སྤྱན་འབུལ་ཞུས་འདུག   དེས་ན་འདི་བརྩམས་ལོ་ནི་རབ་བྱུང་བཅུ་གཉིས་པའི་ཆུ་འབྲུག(༡༧༡༢)ལོར་ཡིན་པ་ཤེས་ཐུབ། (༣)«གསས་མཁར་སྤྱི་སྤུངས་ཁྲོ་བོའི་སྒྲུབ་སྐོར།»  མཚན་གཞན་ལ་མི་ཤིག་ཁྲོ་བོ།  གླེགས་བམ་གཅིག་ལ་ལེའུ་བཅུ་དགུ་ཡོད།   སྟངས་ཆེན་དམུ་ཚ་གྱེར་མེད་དང་ཨོ་རྒྱན་པད་མ་འབྱུང་གནས།  མཁའ་འགྲོ་འོད་ལྡན་འབར་མ་སོགས་ཀྱིས་སྙན་དུ་བརྒྱུད།  ལེའུ་བརྒྱད་པ་ཞི་ཁྲོ་རབ་འབྱམས་བསྐང་བ་རིན་ཆེན་སྤུངས་པ་ནི་གནས་མཆོག་དམ་པ་ཤེལ་ལེ་རྫོང་དྲུག་ཏུ་སྙན་དུ་བརྒྱུད་པ་དང་།   ལེའུ་བཅོ་བརྒྱད་པ་མ་ཚོགས་ལས་ཀྱི་རྟགས་སྒྲུབ་ནི་དབེན་གནས་ལུང་བཟང་བྲག་དམར་དུ་སྨྱོན་པ་བདག་ལ་སྙན་དུ་བརྒྱུད་ཅེས་གསལ་འདུག
  (༤)«བདེར་གཤེགས་དབའ་བོ་བདུན་སྒྲུབ།» སྟོད་སྨད་གླེགས་བམ་གཉིས་ཡོད།  གླེགས་བམ་དང་པོ་དེར་ལེའུ་ལྔ་བཅུ་ལྔ་གཉིས་ཡོད།   ལེའུ་ཁ་ཤས་ནི་གཞུང་འདིའི་ཆ་ལག་ཏུ་གཏོགས་ཤིང་གཡུང་དྲུང་བསྟན་འཛིན་དང་གསང་སྔགས་གྲགས་པ་གཉིས་ཀྱིས་མཛད་པ་རེད་འདུག   ལེའུ་དང་པོ་དཔའ་བོ་བདུན་སྒྲུབ་ཀྱི་ལོ་རྒྱུས་དོན་གསལ་སྒྲོན་མ།   འདི་ནི་མི་ཤིག་ཁོང་གིས་བརྩམས་པ་ཞིག་ཡིན་འདུག  ལེའུ་དགུ་པ་རྐང་དུང་ཟིལ་གནོན།  འདིའི་མཇུག་བྱང་དུ་མི་ཤིག་རྡོ་རྗེ་རྩལ་ལ་བརྒྱུད་དེས་ཤེལ་སྟོན་བསོད་ནམས་རྒྱལ་མཚན་ལ་བརྒྱུད་པས་དགེ་ལེགས་འཕེལ།  ཞེས་གསལ་ཡོད།  ཚེ་སྒྲུབ་གཡུང་དྲུང་འཁྱིལ་པ་དང་སྦྱིན་བསྲེག་མེ་དཔུང་དགུ་སྒྲིལ་གཉིས་གནས་མཆོག་ཕུག་ལེབ་སྟག་རྩེ་རུ་སྙན་དུ་བརྒྱུད་པ་གསལ་ཡོད།    དབང་བྱང་རིན་ཆེན་གཏེར་ཁྱིམ་ལས་སྡེ་བརྒྱད་སྲོག་གི་དབང་ཁྲིད་ནི་གཞི་བདག་གཉན་པོ་སྐུ་བླ་ཟངས་ཕྲུམ་ཞོལ་དུ་སྙན་དུ་བརྒྱུད་པ་གསལ་ལོ།།  «བདེར་གཤེགས་དབའ་བོ་བདུན་སྒྲུབ།»  སྨད་ཆ།  གླེགས་བམ་གཅིག་ལ་ལེའུ་ཉེར་དགུ་ཡོད།   སྒྲུབ་གཞུང་འདིའི་ལེའུ་དང་པོ།  ཕྱག་བཞེས་གསེར་གྱི་མེ་ལོང་ནི་སངས་གླིང་སློབ་མ་གསང་སྔགས་གྲགས་པས་སངས་གླིང་མཆེད་ཆུང་པད་མ་བློ་ལྡན་ནམ་ཁྲི་པ་དང་སངས་གླིང་གི་ཕྱག་མཛོད་ཚ་རོང་བ་གཡུང་དྲུང་འོད་ཟེར་གཉིས་ཀྱིས་སྐུལ་བར་བརྟེན་ནས་མེ་འབྲུག་ལོར་གཡུང་དྲུང་བསྟན་འཛིན་གདན་ས་བཀྲ་ཤིས་སྨིན་གྲོལ་གླིང་དུ་བརྩམས་ཞེས་འཁོད་ཡོད།   དེས་ན་འདི་ནི་སངས་གླིང་ཆུ་ཕག(༡༧༣༡)ལོར་རྒྱལ་རོང་དུ་བྱོན་སྐབས་ཁོང་གི་གཅུང་པོ་པད་མ་བློ་ལྡན་དང་ཕྱག་མཛོད་གཡུང་དྲུང་འོད་ཟེར་གཉིས་ཀྱིས་འདི་ལྟར་དགོས་ཞེས་གསང་སྔགས་གྲགས་པར་སྐུལ་ཞིང་ཁོང་གིས་ལོ་ཤས་འདས་རྗེས་ཀྱི་མེ་འབྲུག(༡༧༣༦)ལོར་བརྩམས་གནང་བ་ཤེས་ཐུབ།   ལེའུ་གཉིས་པ།   སྔོན་འགྲོ་ཡིད་བཞིན་ནོར་བུ་ནི་མི་ཤིག་གི་དངོས་སློབ་གཡུང་དྲུང་བསྟན་འཛིན་གྱིས་ཤིང་སྦྲུལ་ལོར་བརྩམས་པ་གསལ།   འདིར་དཔྱད་ན་ཤིང་སྦྲུལ་འདི་ནི་རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ(༡༧༢༥)ལོར་ཡིན་པ་ཤེས་ཐུབ།  སྐབས་དེར་གཡུང་དྲུང་བསྟན་འཛིན་མཆོག་དགུང་ལོ་དྲུག་ཅུ་རེ་བདུན་སོན་ཡོད།   ལེའུ་ཕལ་ཆེར་གྱི་སྙན་རྒྱུད་བྱུང་ས་སོགས་ཀྱི་གནས་ཚུལ་བཀོད་མེད་ལ།  རྫས་ཀྱི་ཆར་འབེབ་ལེགས་པའི་མཇུག་བྱང་དུ“གནས་མཆོག་ཕུག་ལེབ་སྟག་རྩེ་རུ།  ཤེལ་ཞིག་དྲུང་མུ་ཝེར་རོ་ལ།   གླང་གི་ལོ་སྙན་དུ་བརྒྱུད།”ཅེས་གསལ་ཡོད།   ཁོང་ཕུག་ལེབ་བཞུགས་སྐབས་ཀྱི་ལོ་གྲངས་ནང་གླང་ལོ་ཐེངས་གསུམ་བྱུང་ཞིང་།   གཅིག་ནི་དགུང་ལོ་བདུན་ཟིན་པའི་ལྕགས་གླང(༡༦༦༡)ལོ་དང་།  གཅིག་ནི་དགུང་ལོ་བཅུ་དགུ་ཟིན་པའི་ཆུ་གླང(༡༦༧༣)ལོ།  གཅིག་ནི་དགུང་ལོ་སོ་གཅིག་ཟིན་པའི་ཤིང་གླང(༡༦༨༥)ལོར་ཡིན།  དེས་ན་ཁོང་ལ་རྫས་ཀྱི་ཆར་འབེབ་སྙན་རྒྱུད་བྱུང་བའི་དུས་ཚོད་དེ་རབ་བྱུང་བཅུ་གཅིག་པའི་ཆུ་གླང(༡༦༧༣)ལོ་དང་ཤིང་གླང(༡༦༨༥)ལོ་གང་རུང་ཡིན་པ་རྟོགས་ཐུབ། གཞན་ལེའུ་བཅུ་བདུན་པ།  འཕོ་བ་ཡེ་ཤེས་གསལ་སྒྲོན་ཡང་ཕུག་ལེབ་ཏུ་སྙན་རྒྱུད་བྱུང་བ་གསལ།   ལེའུ་ཉེར་བརྒྱད་པ་ཆར་འབེབ་རྒྱ་མཚོ་མེར་བ་ནི་གྱིམ་ཤོད་ཤེལ་བྲག་ཏུ་སྙན་རྒྱུད་བྱས་པ་གསལ།   
   (༥)ཁྲོ་རྒྱལ་གར་དབང་རྟ་མགྲིན་གྱི་སྒྲུབ་གཞུང་།   གླེགས་བམ་གཅིག་ལ་ལེའུ་སུམ་ཅུ་སོ་གཉིས་ཡོད།   སྙན་རྒྱུད་བོན་སྡེ་གཞན་དང་འདྲ་བར་ཕལ་ཆེར་གྱི་མཇུག་བྱང་དུ་སྙན་རྒྱུད་བྱུང་བའི་དུས་ཚོད་དང་ས་གནས་སོགས་བཀོད་མེད།  གཤེན་རྗེ་ནག་པོའི་སྒྲུབ་ཐབས་དང་གསང་བ་རིན་ཆེན་འབར་བ་གཉིས་རྩེ་དྲུག་ལྷུན་གྱི་སྒང་དུ་སྙན་རྒྱུད་བྱས་ཞེས་གསལ།   སྒྲུབ་གཞུང་གི་ཆ་ལག་སྤྱི་འདུལ་གར་དབང་སྦྱིན་བསྲེག་དབང་སྡུད་མེ་དཔུང་འབར་བ་ནི་བཀའ་བབ་དགེ་བཤེས་ནང་སོ་གཡུང་དྲུང་བསྟན་འཛིན་གྱིས་ཤིང་རྟ་ལོར་བརྩམས་ཞེས་གསལ།   དེས་ན་རབ་བྱུང་བཅུ་གཉིས་པའི་ཤིང་རྟ(༡༧༡༤)ལོ་སྟེ་ཁོང་དགུང་ལོ་ལྔ་བཅུ་ང་ལྔ་ཐོག་བརྩམས་པ་ཤེས་ཐུབ།   གཞན་ལེའུ་སོ་གཉིས་པ།  འཕོ་བ་ཡེ་ཤེས་ལམ་བསྒྲོད་ནི་པད་མ་གཡུང་དྲུང་ལ་སྙན་རྒྱུད་བྱུང་བ་གསལ།   པད་མ་གཡུང་དྲུང་འདི་ཉིད་མི་ཤིག་མ་ཡིན་པར་ཁོང་གི་ཡང་སྲིད་སངས་རྒྱས་གླིང་པ་ཡིན་པ་ཤེས་དགོས།   སངས་གླིང་གི་བཀའ་རྣམས་ཀྱི་མཇུག་བྱང་དུ་འཕགས་བཙུན་པད་མ་གཡུང་དྲུང་ཞེས་ཡང་ཡང་གསལ་ཡོད།  
    (༦)དགེ་སྤྱོད་ཡན་ལག་གསུམ་པ།  ཤོག་ངོས། བདུན་ཅུ་དོན་གཅིག་ཡོད།  ལེའུ་འདིའི་མཇུག་བྱང་དུ་ངེས་མེད་སྤྲང་པོ་བདག་ལ་སྙན་དུ་རྒྱུད་ཅེས་འཁོད་པ་ལས།  མི་ཤིག་ཡིན་པའི་སྐོར་གསལ་པོ་མེད།   འོན་ཀྱང་།  མི་ཤིག་གི་བཀའ་མང་པོ་ཞིག་གི་མཇུག་བྱང་དུ་ངེས་མེད་སྤྲང་པོ་བདག་ལ་སྙན་དུ་བརྒྱུད་ཅེས་འཁོད་ཡོད་པ་དང་མཇུག་བྱང་གི་ཚིག་འགྲོས་ལ་བརྟག་ན་མི་ཤིག་གི་བཀའ་ཡིན་པ་ཐག་བཅད་ཐུབ་པ་ཞིག་རེད།  སོག་སྡེ་བསྟན་པའི་ཉི་མའི་བཀའ་བརྟེན་དཀར་ཆག་ཅིག་གི་ནང་བདེ་གླིང་གི་རིག་འཛིན་གསང་སྒྲུབ་ནང་གི་ལེའུ«མི་རྒོད་འཆིངས་བའི་ལས་བྱེད་ཐབས»ཞེས་པ་མི་ཤིག་གི་བཀའ་ཡིན་པ་བཤད་མོད།   གུས་པས་བདེ་གླིང་གི་རིག་འཛིན་གསང་སྒྲུབ་མཇལ་སྐབས་དེའི་ནང་དུ«མི་རྒོད་འཆིངས་བའི་ལས་བྱེད་ཐབས་བཞུགས་སོ།»ཞེས་པ་ཤོག་ངོས་བཞི་ཙམ་ཡོད་པ་ཞིག་བཞུགས་འདུག་པ་དེའི་མཇུག་བྱང་དུ་བདེ་གླིང་མཆོག་གིས་སྟག་རྩེ་གཡུང་དྲུང་གླིང་གི་སྐུ་ཞབས་གཡུང་དྲུང་དབང་རྒྱལ་ཆེད་དུ་བརྩམས་པ་གསལ་འདུག་པ་ལས་མི་ཤིག་གི་བཀའ་ཡིན་པ་གསལ་མི་འདུག་པས་མི་ཤིག་བཀའ་ཕྱོགས་སྒྲིག་གནང་མཁན་དག་གིས་དོ་སྣང་དགོས་པ་ཞིག་རེད།  (༧) པད་མ་ཐུགས་ཀྱི་རྩ་རྒྱུད་ལས།  ཀླུ་འདུལ་ཁྱུང་གི་སྒྲུབ་པ།   གླེགས་བམ་གཅིག་ལ་ལེའུ་བཅུ་གཉིས་ཡོད་ལ།   དེའི་ནང་གི་ལེའུ་བཞི་ནི་ཁོང་གི་སྙན་རྒྱུད་ཡིན་ལ།  གཞན་ནི་གཡུང་དྲུང་བསྟན་འཛིན་དང་ཀུན་གྲོལ་གྲགས་པ་སོགས་ཀྱིས་མཛད་པའི་ཆ་ལག་སྐོར་ཞིག་ཡིན།  སྙན་རྒྱུད་བྱས་པའི་དུས་ཚོད་སོགས་འབྲེལ་ཡོད་གནས་ཚུལ་གཞན་བཀོད་མེད།  འདི་དག་མཇལ་གྲུབ་རྗེས་མི་ཤིག་མཆོག་གི་བཀའ་རྣམས་རྒྱལ་རོང་ཡུལ་དུ་རྒྱུད་འཛིན་གང་འདྲ་གནང་ཡོད་པ་མཐོང་ཐུབ་བོ།།  (༨) ཡབ་སྲས་དྲིལ་སྒྲུབ།  སྲིད་པ་རྒྱལ་མོ་དང་མུ་ཚ་གྱེར་མེད་སོགས་ཀྱིས་ཤེལ་བྲག་ཚལ་སོགས་སུ་སྙན་དུ་བརྒྱུད།  པོད་གཅིག ལེའུ་བཅོ་ལྔ་ཙམ་ཡོད། 
   (༩) དཔྱད་ཐབས་འཕྲུལ་སྡེའི་ཡང་བཅུད་མན་ངག་ཉམས་ཀྱི་ཡིག་ཆུང་།   ཕུག་ལེབ་དབུ་མ་སྟག་རྩེར་སྙན་རྒྱུད་བྱུང་བ་ཞིག་རེད།  ཀུན་གྲོལ་གྱི་བཀའ་འགྱུར་དཀར་ཆག་ལས་སྟོན་པའི་བཀའ་ལ་མདོ་འབུམ་རྒྱུད་མཛོད་བཞི་རུ་ཕྱེས་ཡོད་པ་ལས་གཞུང་འདི་མདོ་ཡི་ཁོངས་སུ་བཞག་ཡོད།   དཔེ་ཆ་འདི་ནི་གསོ་བ་རིག་པའི་སྐོར་གྱི་དཔེ་ཆ་རྩ་ཆེན་ཞིག་ཡིན།  ལོ་མང་པོར་གྲོང་གསེབ་མི་ཚང་ཞིག་གི་ནང་དུ་བཞུགས་པ་ལས་པར་སྐྲུན་བྱེད་མཁན་མ་བྱུང་བས་གཞན་གྱིས་དོ་སྣང་བྱུང་མེད། འོན་ཀྱང་༑  དབྲ་ཁྱུང་སྐལ་བཟང་ནོར་བུ་ལགས་ནས་མཐོང་ཆེན་གནང་སྟེ་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་དཔར་དུ་བཏབ་འདུག  དཔེ་ཆ་འདིའི་གལ་ཆེན་རང་བཞིན་དབྲ་ཁྱུང་སྐལ་བཟང་ནོར་བུས་དཔེ་སྐྲུན་གྱི་སྔོན་གླེང་ནང་གླེང་འདུག་པས་འདིར་བསྐྱར་ཟློས་ཀྱི་ངལ་བ་བྱས་མེད།   
  (༡༠) ལུང་བསྟན་ཁ་བྱང་དུས་བཀྲ།  ཁྱུང་པོ་སྟེང་ཆེན་དགོན་ནས་དཔར་བསྐྲུན་ཞུས་པའི་བོན་གྱི་བཀའ་བརྟེན་ཆེན་མོ་ཁྲོད་ཀྱི་པོད(༦༥)ནང་དུ་དུས་བཀྲ་ལེའུ་མི་འདྲ་བ་ལྔ་བཞུགས་ཡོད།  གཅིག «གུ་རུས་ཞལ་གདམས་དུས་བཀྲ་བཞུགས་སོ།།» འདི་ལ་ཤོག་ངོས་བཞི་ཡོད།   མཇུག་བྱང་དུ“སློབ་དཔོན་གུ་རུ་པདྨ་འབྱུང་གནས་ཀྱིས།  བདག་ངེས་མེད་རྣལ་འབྱོར་ལ།   ཐོ་རངས་སྐར་གྱི་ཆུན་མོར་གསུང་ཞིང་།  གནང་ནས་བདག་དྲུང་མུ་ཝེར་རོ་ལ་སྙན་དུ་བརྒྱུད་ཅིང་།  འདི་དོན་ཡི་གེར་མེ་ལུག་ལོ་ལ་བཀོད་པའོ།།”ཞེས་གསལ་ཡོད།   དྲུང་མུ་ཝེར་རོ་ནི་ཞང་སྐད་དེ་གཡུང་དྲུང་རྒྱལ་པོ་ཞེས་པའི་དོན་ཡིན་པས་ལེའུ་འདི་མི་ཤིག་གི་སྙན་རྒྱུད་བོན་སྡེ་ཡིན་པ་རྟོགས་ཐུབ།  མེ་ལུག་ལོར་ཡི་གེར་བཀོད་ཅེས་གསལ་བ་འདིར་དཔྱད་ན།   ཁོང་གི་མི་ཚེ་ནང་མེ་ལུག་ལོ་ཐེངས་གཅིག་རང་བྱུང་བ་ནི་ཁོང་དགུང་ལོ་བཅུ་གཉིས(༡༦༦༧)ཐོག་ཡིན།  མཇུག་བྱང་འདིར་ནོར་འཛོལ་བྱུང་མེད་ན་ཁོང་དགུང་ལོ་བཅུ་གཉིས་གོང་ནས་སྙན་རྒྱུད་བྱུང་ཟིན་པ་ཚོད་དཔག་བྱེད་ཐུབ།  མ་གཞི་ལོ་བཅུ་གཉིས་ཐོག་སྙན་རྒྱུད་བྱུང་བར་ཡ་མཚན་རྒྱུ་ཆེར་མེད་དེ།   གཏེར་སྟོན་སངས་རྒྱས་གླིང་པ་དགུང་ལོ་བཅུ་གཉིས་ཐོག་སྙན་རྒྱུད་བྱུང་བ་ཁོང་གི་རང་རྣམ《རྡོ་རྗེ་རིན་ཕྲེང》ནང་གསལ་འདུག་ལ།  བན་བོན་གཏེར་སྟོན་རྣམས་ཀྱི་ལོ་རྒྱུས་མཇལ་སྐབས་གཏེར་སྟོན་མང་པོ་ལོ་ན་ཆུང་དུས་ནས་གཏེར་སྙན་བྱུང་བའི་སྐོར་འཁོད་པ་མང་དུ་འདུག་གོ།   གཉིས།  «དུས་བཀྲ་གསལ་བའི་སྟོད་བྱང་མན་ངག་མེ་ལོང་།»  འདིར་སྟོད་ཕྱོགས་དབུས་གཙང་དང་ཀོང་པོའི་གནས་ཚུལ་བཀོད་ཡོད།  གསུམ། «དུས་བཀྲ་གསལ་བའི་བར་བྱང་འཕྲུལ་གྱི་གབ་རྩེ» བར་ཁྱུང་ཡུལ་གྱི་གནས་ཚུལ་བཀོད་ཡོད།  བཞི། «དུས་བཀྲ་སྨད་བྱང་གསལ་བའི་རྫོང་འཕྲང་།»སྨད་རྒྱལ་རོང་སོགས་ཀྱི་གནས་ཚུལ་བཀོད་ཡོད་པས་འདི་གསུམ་མི་གཅིག་གི་སྙན་རྒྱུད་ཡིན་པ་ཤེས་སླ།  འོན་ཀྱང་༑  ལེའུ་འདི་གསུམ་གྱི་མཇུག་བྱང་དུ་སྙན་རྒྱུད་བྱུང་ས་དང་ཡི་གེར་བཀོད་པའི་དུས་ཚོད་སོགས་གསལ་པོ་ཞིག་བཀོད་མེད།  རེད་དེ།  བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས(1832-1890)མཆོག་གིས་བརྩམས་པའི《བཀའ་བརྟེན་དཀར་ཆག་ཡིད་བཞིན་གཏེར་མཛོད》ལས“གུ་རུ་པད་མ་འབྱུང་གནས་ཀྱིས་དྲུང་མུ་ཝེར་རོ་ལ་སྙན་དུ་བརྒྱུད་པས།  གུ་རུའི་ཞལ་གདམ་དུས་བཀྲ་ཤིས།  དུས་བཀྲ་གསལ་བའི་སྟོད་བྱང་མན་ངག   དུས་བཀྲ་གསལ་བའི་བར་བྱང་འཕྲུལ་གྱི་གབ་རྩེ།  སྨད་བྱང་གསལ་བའི་རྫོངས།   ཡང་ཁ་བྱང་ལེའུ་གཅིག”ཅེས་ལེའུ་འདི་དག་མི་ཤིག་གི་སྙན་རྒྱུད་བོན་སྡེ་ཡིན་པ་གསལ་པོར་གསུངས་ཡོད།  ཁོང་གིས་གསུངས་པའི་ཡང་ཁ་བྱང་ལེའུ་གཅིག་ཅེས་པ་ནི་པོད(༦༥)འདིར་ད་དུང«དུས་བཀྲ་བཞུགས་སོ།»ཞེས་པའི་ཁ་བྱང་ཞིག་འདུག་པ་དེ་ཡིན་དགོས་འདུག  ལེའུ་འདི་གོང་གི་ལེའུ་གསུམ་དང་མི་འདྲ་བ་ནི་ལེའུ་འདི་ཉིད་ལས“མ་འོང་མངའ་བདག་བོན་གྱི་རྒྱལ་ཚབ་ཞེས།  དྲུང་མུ་ཞེས་པ་མི་འགྱུར་བདག་གི་བཀའ།  ཉམས་སྣང་གསལ་བར་ཡི་གེར་བཀོད་པ་ལ།  ས་འབྲུག་ཞེས་པ་འབྱུང་རྒྱལ་ལོ་འདི་ལ།  རེ་ཞིག་འཚུབ་ཆ་ཆེ་ཤས་བྱུང་བ་ལ།”ཞེས་ས་འབྲུག་ལོར་ཡི་གེར་བཀོད་པ་གསལ་བ་དེ་རེད།  ཁོང་གི་མི་ཚེའི་ཁྲོད་ཀྱི་ས་འབྲུག་ལོ་ནི་སྤྱི་ལོ(༡༦༨༨)སྟེ་དགུང་ལོ་སོ་གསུམ་ཐོག་ཡིན།  སྐབས་དེར་འབྲོང་རྫོང་དགོན་ཞྭ་སྒྱུར་བཞིན་པའི་སྒང་རེད།  
གཉིས།   ཁོང་གི་བརྩམས་ཆོས་དང་རྫས་གཏེར་སྐོར།
   ཁོང་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ནང་ཁོང་གི་སྐོར་ཕྲན་ཙམ་འཁོད་པ་དག་ནི་ཁོང་གི་གཏེར་སྙན་སྐོར་ཡིན་ལ།   དེ་དག་ཕལ་ཆེར་ནི་ཀུན་གྲོལ་གྱི《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ནང་གི་མི་ཤིག་བཀའ་ཡི་དཔེ་ཐོ་དག་ཐད་ཀར་དྲངས་པའམ་ཡང་ན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས་པའི《ལེགས་བཤད་མཛོད》ནང་གི་དཔེ་ཐོ་ལས་ཐད་ཀར་དྲངས་པ་ལས།  ཆེད་དུ་ཁོང་གི་བཀའ་འཚོལ་བསྡུ་བྱས་པ་དང་དེ་དག་སྐོར་ལ་དཔྱད་ཞིབ་བྱས་བཞག་པ་དཀོན་པོར་སྣང་།  གླེགས་བམ་གྱི་ཚད་ཙམ་ལོངས་པའི་ཁོང་གི་སྙན་རྒྱུད་བོན་སྡེ་ཕལ་ཆེར་གོང་དུ་གླེང་བའི་སོག་སྡེའི་བསྟན་འགྱུར་ནང་ཡོད་པ་རེད།   དེ་མིན་ཁོང་གིས་བརྩམས་པའི་ཡི་གེ་ཉུང་ངུ་ཙམ་གཞན་ནས་རྙེད་ཐུབ།  དཔེར་ན།  རྩེ་དྲུག་དགོན་གཞུང་གིས་པར་སྐྲུན་བྱས་པའི་བོན་གསར་མའི་བསྐང་འབུམ་ནང་དུ་མི་ཤིག་གིས་བརྩམས་པའི་«གནས་ཆེན་ཤེ་ལེ་རྫོངས་དྲུག་གི་བསང་མཆོད་བཞུགས»ཞེས་པའི་ལེའུ་ཤོག་ངོས་བཅུ་གསུམ་ཡོད་པ་ཞིག་བཞུགས་ཡོད་ལ།  «གསར་བོན་ཉེར་མཁོ»ནང་དུ་མི་ཤིག་གིས་བརྩམས་པའི་རྩེ་དྲུག་གནས་ཀྱི་བསང་ཡིག་བསྡུས་པ་གཅིག་དང་ཁོང་ལ་སྙན་རྒྱུད་བྱུང་བའི་ཀོང་པོ་བོན་རིའི་བསང་ཡིག་བསྡུས་པ་གཅིག་བཅས་བཞུགས་ཡོད།  ཁམས་བྲག་འགོ་གཡུ་དགོན་བཀྲ་ཤིས་སྨིན་གྲོལ་གླིང་དུ«མི་ཤིག་གི་གཏེར་ལུང»སོགས་དཔེ་ཆ་གལ་ཆེ་བ་འགའ་ཞིག་ད་ལྟ་བཞུགས་ཡོད་འདུག་ཀྱང་གུས་པའི་ལག་ཏུ་མ་སོན།   སྤ་ཉི་མ་འབུམ་གསལ་གྱི་རྣམ་ཐར《ནོར་བུའི་ཕྲེང་བ》ནང་དུ་རབ་བྱུང་བཅོ་ལྔ་པའི་ས་སྟག(༡༨༧༨)ལོར་ཁོང་གི་མེ་སྟོན་ཉི་མ་རྒྱལ་མཚན་མདུན་ནས་དབང་ལུང་ཞུས་སྐབས་མི་ཤིག་གི་བཀའ«བསུར་མཆོད་རིན་ཆེན་གཏེར་རྒྱུན»ཞེས་པ་ཞིག་དབང་ལུང་ཞུས་པ་འཁོད་ཡོད།   འོན་ཀྱང་༑  དཔེ་ཆ་འདི་ད་ལྟ་བཞུགས་ཡོད་མེད་མ་ཤེས།  ཁོང་ལ་རྫས་གཏེར་གང་འདྲ་ཡོད་མེད་སྐོར་འཁོད་པ་ལྟོས་བཅས་ཀྱིས་ཉུང་ཞིང་།   ཁྱུང་པོའི་རྒན་རབས་འགའ་ཡི་བཤད་སྲོལ་ལ་ཁོང་རྒྱང་འཕུད་བཏང་རྗེས་རྒྱུ་དངོས་ཡོངས་རྫོགས་གཞུང་བཞེས་བཏང་བ་དང་།   སྒར་གཞིས་དང་ཞིང་ཁ་རྣམས་བྱ་སྒར་དཔོན་གྱིས་བགོ་བཤའ་བརྒྱབ་པ་དང་།  ལྷ་སྐུ་རྟེན་གསུམ་རྣམས་གླིང་རྫོང་དགོན(62)ལ་སྤྲད་པ་རེད་ཟེར།  མཁན་པོ་ཚེ་རིང་ནོར་བུ་ལགས་ཀྱིས་བརྩམས་པའི《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》ལས་མི་ཤིག་མཆོག་གིས་ཐུགས་སྲས་གཡུང་དྲུང་བསྟན་འཛིན་མཆོག་ལ་རྟེན་སྣ་བྱིན་ཅན་སུམ་ཅུ་ལྷག་གནང་བ་མ་ཟད།  རྟེན་རྫས་མང་པོ་ཞིག་ད་ལྟ་ཡང་གཡུང་དྲུང་བསྟན་འཛིན་གྱི་གདན་ས་བཀྲ་ཤིས་སྨིན་གྲོལ་གླིང་དུ་བཞུགས་ཡོད་པ་གསུངས་འདུག  བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་བརྩམས་པའི《ཞུ་ཚང་དགོན་སྨིན་གྲོལ་གླིང་གི་ལོ་རྒྱུས་རགས་བསྡུས》ནང་དུ་ཞུ་ཚང་དགོན་གྱི་རྟེན་གསུམ་གྲལ་དུ་མི་ཤིག་མཆོག་གིས་ཟངས་བྲག་རིན་ཆེན་འབར་བ་ནས་གཏེར་བཞེས་པའི་འཛམ་ལྷ་བྱིའུ་དྲོད་མ་ཞིག་ཡོད་པ་གསུངས་འདུག  འདི་དག་ནི་ད་ཐེངས་གུས་པས་མཇལ་བའི་དཔེ་ཆ་སྐོར་ཞིག་འདིར་མདོར་ཙམ་གླེང་བ་ཡིན་ལ།  རྗེས་སུ་ཁོང་གི་བཀའ་རྒྱུད་བོན་སྡེ་མཇལ་ན་འདིར་དགོད་འཆར་ལགས་སོ།།   
ས་བཅད་བརྒྱད་པ།  དཔྱད་འབྲས་དང་མཇུག་བསྡུ་བ།
གཅིག  དཔྱད་འབྲས།
    མདོར་ན།  གུས་པས་ཁོང་གི་སྐོར་རྒན་རབས་རྣམས་ལ་བཅར་འདྲི་བྱས་པ་དང་འབྲེལ་ཡོད་ཡིག་ཆ་ཁག་ལ་དཔྱད་ཞིབ་བྱས་པ་བརྒྱུད།  ས་བཅད་དང་པོ་རུ་ཁོང་གི་མཚན་གྲངས་ལ་ཤེལ་ཞིག་གཡུང་དྲུང་རྒྱལ་པོ་དང་མི་ཤིག་རྡོ་རྗེ།  ཁྱུང་པོ་རིན་ཆེན་གླིང་པ།  ཨོ་རྒྱན་མི་ཤིག་གླིང་པ།  རྡོ་རྗེ་གླིང་པ།  ཞང་སྐད་དུ་དྲུང་མུ་ཝེར་རོ་བཅས་འབོད་པ་དང་།   ཁོང་གི་རུས་རིགས་རྒོད་རྗེ་རྒྱ་ཡི་རིགས་སུ་གཏོགས་པ།  འཁྲུངས་ཡུལ་མདོ་ཁམས་ཁྱུང་ཡུལ་སྟོད་ཕྱོགས་ག་ཐའི་གཡུ་ལུང་གི་ཕྱོགས་སུ་ཡིན་པ་གླེང་ཡོད།  ས་བཅད་གཉིས་པ་རུ་ཁོང་གི་འཁྲུངས་ལོ་ནི་རབ་བྱུང་བཅུ་གཅིག་པའི་ཤིང་ལུག་ལོ་སྟེ།  སྤྱི་ལོ(༡༦༥༥)ལོར་ཡིན་པ།   སྐུ་གཤེགས་པའི་དུས་ཚོད་ནི་སྤྱི་ལོ(༡༧༠༠-༡༧༠༤)བར་ཡིན་པ་དང་ཕལ་ཆེར་སྤྱི་ལོ(༡༧༠༤)ལོར་ཡིན་པའི་བསམ་ཚུལ་བཏོན་ཡོད།  སྐུ་གཤེགས་ཡུལ་ནི་ཀོང་པོ་བོན་རིའི་སྐུ་མདུན་ཡིན་པ།   ས་བཅད་གསུམ་པ་རུ་ཁོང་གིས་སྐུ་ཚེའི་སྟོད་དུ་གཡུ་ཁྲ་ལྷ་སྟེང་དང་ཕུག་ལེབ་དབུ་མ་སྟག་རྩེ་གཉིས་ལ་སྒྲུབ་པ་ཉམས་ལེན་གནང་བ་མ་ཟད།   རྒྱལ་རོང་དགེ་བཤེས་གཡུང་དྲུང་བསྟན་འཛིན་སོགས་སློབ་ཚོགས་བསྐྱངས་པ།  སྐུ་ཚེའི་སྨད་དུ་ཁྱུང་ཡུལ་སྨད་ཕྱོགས་གྱིམ་ཤོད་རྩེ་དྲུག་གནས་སུ་ཉམས་ལེན་གནང་བ།  མཐའ་མཇུག་ཏུ་ཀོང་པོ་བོན་རིར་བྱོན་ཏེ་བཞུགས་པ་དང་དེར་སྐུ་གཤེགས་པ། ས་བཅད་བཞི་པ་རུ་ས་གནས་དེའི་དཔོན་གྱིས་ཁོང་ཁྱིམ་གཞིས་སུ་བཞུགས་མ་བཅུག་པར་རྒྱང་འཕུད་བཏང་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ནི་སྡེ་པ་གཞུང་གིས་དགེ་ལུགས་ཤུགས་ཆེར་དར་སྤེལ་གནང་བའི་དུས་སྐབས་དང་ཁེལ་ཡོད་པ།   རྒྱང་འཕུད་གཏོང་དགོས་པའི་རྒྱུ་རྐྱེན་ནི་བཀའ་གསར་མ་དར་སྤེལ་གནང་བ་དང་ཁོར་ཡུག་གི་བླ་དཔོན་གྱི་ཕྲག་དོག་དབང་གིས་ཡིན་པ།  ས་བཅད་ལྔ་པ་རུ་ཁོང་ནི་གཙོ་བོ་རྫོགས་ཆེན་ལྟ་བ་ཉམས་སུ་ལེན་མཁན་ཞིག་དང་མི་དཀྱུས་མའི་འཚོ་བ་རོལ་མཁན་ཞིག་ཡིན་པ་བསྟན་ཅིང་།  ཁོང་གིས་བོད་ཀྱི་གསོ་རིག་སྐོར་ལ་དམིགས་བསལ་གྱིས་མཛད་རྗེས་བཞག་ཡོད་པ་གླེང་ཡོད།  ས་བཅད་དྲུག་པ་རུ་ཁོང་ལ་སྲས་ནམ་མཁའ་གྲགས་པ་ཞེས་པ་ཞིག་ཡོད་པ་དང་།  ཁོང་གི་ཡང་སྲིད་སངས་གླིང་སོགས་བྱོན་པའི་སྐོར།  ས་བཅད་བདུན་པ་རུ་ཁོང་གི་སྙན་རྒྱུད་བོན་སྡེ་ཁག་གི་སྙན་རྒྱུད་བྱུང་སའི་ས་གནས་དང་བོན་སྡེ་དེ་དག་གི་ཆ་ལག་མཁས་པ་གཞན་གྱིས་མཛད་པ་སོགས་ལ་དཔྱད་ཞིབ་བྱས་ཡོད།
གཉིས།  མཇུག་གཏམ། 
    མཇུག་ཏུ་ཞུ་འདོད་པ་ནི་ཐུགས་རྗེ་ལེགས་གསོལ་གྱི་ཚིག་ཁ་ཤས་ཏེ།   བཅར་འདྲི་ཞུ་ཡུལ་གྱི་མི་སྣ།   རྩེ་དྲུག་སྒོམ་གྲྭ་མཁན་པོ་ཚུལ་ཁྲིམས་རབ་རྒྱས་རྣམ་དག  སྒར་ཁང་བླ་མ་གཡུང་དྲུང་མགོན་པོ།  ཡ་མ་མཚམས་ཆུང་ཕུན་ཚོགས་རྣམ་རྒྱལ།   ཡ་མ་ཚེ་དབང་ཕུན་ཚོགས།  རིག་རྩལ་བང་མཛོད་དབུ་འཛིན་གཡུང་དྲུང་ཚེ་རིང་།   གཡུ་ཞིག་གཡུང་དྲུང་རྒྱལ་མཚན།  བླ་མ་ཡེ་ཤེས།   བོན་ལི་ཚེ་དབང་གྲགས་པ།  དཔྱད་གཞི་མཁོ་འདོན་མཁན།  རྩེ་དྲུག་དགོན་གཞུང་ཚོགས་གཙོ་བསྟན་འཛིན་མཁྱེན་རབ། དགེ་བཤེས་ཤེས་རབ་གོང་འཕེལ།   རི་དམར་བླ་ཆུང་ཚོགས་ལམ་བཟང་པོ།  རྩེ་དྲུག་དགོན་གྱི་དྲུང་ཡིག་ཚུལ་ཁྲིམས་དཔལ་ལྡན།  དགེ་བཤེས་གཡུང་དྲུང་སེམས་དཔའ(སྦྲུལ་ཞགས)། གྲྭ་བཙུན་གཡུང་དྲུང་འོད་ཟེར།  སྨན་པ་ཚེ་རིང་གྲགས་པ།  བྲིས་པ་གསེར་མདོ་རྒྱལ་མཚན།  ཡུལ་དངོས་བཅར་འདྲི་འགྲོ་སྐབས་རོགས་སྐྱོར་ཚད་མེད་གནང་མཁན་ཤེས་གྲོགས་ཞུ་ཚང་བ་དགེ་བཤེས་སྐལ་བཟང་རྒྱལ་མཚན་དང་བྱ་ཟེ་དགོན་གྱི་གྲྭ་བཙུན་ཁྲི་གཙུག་ཡོན་ཏན་རྣམ་གཉིས་བཅས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   
     ཞེས་རབ་བྱུང་བཅུ་བདུན་པའི་བོད་རབ་རྒྱན་ཆུ་ཕོ་སྟག(༢༠༢༢)ལོའི་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་གྱིམ་ཤོད་ཤེལ་བྲལ་དགའ་བའི་ཚལ་དུ་བགྱིས།།   
དཔྱད་གཞི་ཡིག་ཆ། 
(1) དམུ་རིགས་གཤེན་ལྷའི་གདུང་རྒྱུད།  ཤཱག་རིགས་གར་གསས་ཀྱི་གདུང་རྒྱུད།  ཧོས་རིགས་གནམ་གསས་ཀྱི་གདུང་རྒྱུད།  དཔོ་རིགས་གསས་རྗེའི་གདུང་རྒྱུད།  རྒྱ་ཧ་ཤང་རྒོད་གསས་ཀྱི་གདུང་རྒྱུད།  གཉེན་རིགས་མཁའ་འགྱིང་གི་གདུང་རྒྱུད་དང་དྲུག་གོ།  
(2) སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》«ཤེལ་རབ་གསོལ་འདེབས་ཤེལ་དཀར་ཕྲེང་བ་བྱིན་རླབས་ཆར་འབེབས» བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ།  ཤོག་ངོས། ༥༦༦ གསལ།   
(3)ཞུ་འོད་ཟེར་མཐའ་རྒྱས། 《རུས་མཛོད་དེབ་ཐེར་ནག་པོ》བོད་ལྗོངས་བོད་ཡིག་ཡིག་རྙིང་དཔེ་སྐྲུན་ཁང་།  ཤོག་ངོས།  ༦༥༡ གསལ།  
(4) 《དཔལ་ཤར་གྲོལ་སྨིན་གླིང་གི་ལོ་རྒྱུས་ཉུང་བསྡུས་ཤེལ་ཕྲེང་དཀར་པོ་ཞེས་བྱ་བ་བཞུགས།》ཁྱུང་པོ་སྟེང་དེབ་དང་པོ།  རྩོམ་མཁན་གསལ་པོ་བཀོད་མེད།  ཤོག་ངོས།  (༤༦༧)གསལ།  
(5) དཔལ་ལྡན་ཚུལ་ཁྲིམས།《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། ཤོག་ངོས།   (༢༦༣)གསལ།   
(6)རི་ཐ་རྐོང་ནང་།  ལུང་པ་འདི་ནི་ཁྱུང་པོ་སྟེང་ཆེན་རྫོང་གི་ནུབ་བྱང་འབོ་ཐ་གྲོང་རྡལ་གྱི་མངའ་ཁོངས་རི་ཐ་གྲོང་ཚོར་ཡོད།  སྔོན་མ་སྒར་ཁང་དཔོན་དང་།  རྒན་པོ་བོར་སྟག་ཚ་རྒན་ཆེན་ཚང་།  ལྡིང་དཔོན་ཕུ་སྒོ་གྱེར་དབྲ་ལྡིང་དཔོན་ཚང་གསུམ་གྱི་འབྲོག་ས་ཡིན་འདུག  དབྱར་དུས་སུ་སྦྲ་གུར་འཕུབ་ནས་འདུག་པ་ལས་དགུན་དུས་སུ་འདུག་སྲོལ་མེད་པ་ཡིན་འདུག  
(7) སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་བཞི་པ། དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས།ཤོག་ངོས། (༢༡༨)  གསལ། 
(8) སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་དང་པོ། དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས།ཤོག་ངོས། (༢༤)  གསལ། 
(9) བྱང་ཆུབ་འདྲེ་བཀོལ།《རླངས་ཀྱི་པོ་ཏི་བསེ་རུ་ཆེ་དགེ་ཡིག་ཚང་དང་།  མི་རྒྱུད་གྲོལ་ཐབས》ཤོག་ངོས(༣༢)
(10)འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ། «ལུང་བསྟན་ཁ་བྱང་སྐོར» ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༣༧༡)གསལ།  
(11)འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ།  «གསལ་བྱེད་ཉི་མའི་འཁོར་ལོ»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༤༡༠) གསལ།  
(12)འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ།  «གསལ་བྱེད་ཉི་མའི་འཁོར་ལོ»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༥༠༩) གསལ། 
(13)གསང་སྔགས་གླིང་པ།《གཞི་བདག་རི་སྔོན་གསེར་ཐུལ་བསང་ཡིག》ལག་བྲིས་ཡིག་རྙིང་།  ད་ལྟ་བྲིས་པ་རྒྱལ་མཚན་ལག་ཏུ་ཡོད།  ཤོག་ངོས།  ༡ གསལ། 
(14) སྤྲུལ་སྐུ་བློ་ལྡན་སྙིང་པོ།《བྱང་ཆུབ་ཆེན་པོ་དགེ་བསྙེན་གསོལ་ཁ་མེ་ལོང་དྭངས་མ》དཔར་མ་སྣ་རིང་།  ཤོག་ངོས(༥)གསལ།  
(15) འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ། «དུས་བཀྲ་གསལ་བའི་བར་བྱང་འཕྲུལ་གྱི་གབ་རྩེ»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༥༨༢) གསལ།
(16) སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་གཉིས་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས། (༣)  གསལ།
(17)ཤར་ཡུལ་ཕུན་ཚོགས་ཚེ་རིང་།《བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཉེ་བར་མཁོ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག་རྒྱས་པ་ཀེ་ཏ་ཀ་ཞེས་བྱ་བ་བཞུགས།》མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༡༢༦) གསལ།  
(18)《དཔལ་ཤར་གྲོལ་སྨིན་གླིང་གི་ལོ་རྒྱུས་ཉུང་བསྡུས་ཤེལ་ཕྲེང་དཀར་པོ་ཞེས་བྱ་བ་བཞུགས།》ཁྱུང་པོ་སྟེང་དེབ་དང་པོ།  རྩོམ་མཁན་གསལ་པོ་བཀོད་མེད།  ཤོག་ངོས།  (༤༦༧)གསལ།  
(19) སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》པོད(༡༨༨)པ། «གསང་དབང་རིན་ཆེན་འབར་བ» བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ།  ཤོག་ངོས། ༤༦༥གསལ།   
(20) སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》པོད(༢༠༦)པ། «དགེ་སྤྱོད་ཡན་ལག་གསུམ་པ» བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ།  ཤོག་ངོས། ༧༡ གསལ།   
(21) མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》[G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱིས་བསྒྲིགས།   ཤོག་ངོས།  ༨༣ གསལ། 
(22) བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོ།《བསྟན་རྩིས་ཡིད་ཀྱི་མུན་སེལ》ཤོག་ངོས།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  (༡༠༩) གསལ།  
(23) 《ཞང་བོད་ཚིག་མཛོད་ཆེན་མོ》ཤོག་ངོས། (༦༡༤)
(24)སྐལ་བཟང་ནོར་བུ།《མན་ངག་ཉམས་ཀྱི་ཡིག་ཆུང》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། ཤོག་ངོས།  (༧) གསལ།   
(25)སྨོན་རྒྱལ་མཁྱེན་རབ་ནམ་མཁའ།《ཁྱུང་པོ་སྟེང་ཆེན་དེབ་གསུམ་པ》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ(༢༠༢༡)ལོར་དཔར་སྐྲུན་བྱས།  ཤོག་ངོས།(༢༠༢)གསལ།  
(26)ཉི་མ་བསྟན་འཛིན། 《དཔལ་གཤེན་བསྟན་སྨན་རིའི་མཁན་པོ་སྒོ་སྟོན་ཉི་མ་བསྟན་འཛིན་དབང་གི་རྒྱལ་པོའི་རྣམ་ཐར་ལེགས་བཤད་ཉི་མ་འབུམ་གྱི་འོད་ཅན་འགྲོ་ཀུན་བློ་མུན་སེལ་བའི་སྒྲོན་མེ་བཞུགས་སོ།།》ཀྲུང་གོ་ཤེས་རིག་དཔེ་སྐྲུན་ཁང་།  2020ལོར་དཔར་དུ་བསྐྲུན།   ཤོག་ངོས།  (༤༣༧)གསལ།
(27) ཉི་མ་བསྟན་འཛིན།《སངས་རྒྱས་ཀྱི་བསྟན་རྩིས་ངོ་མཚར་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས》ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས།  སྟོད་ཆ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༡༠༥༧)གསལ། 
(28) སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》པོད(༢༨༠)པ། «ཡང་གསང་བླ་མེད་མེ་རི་འཁྱིལ་བའི་མགུལ་རྒྱན» བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ།  ཤོག་ངོས། ༡༥༦ གསལ།   
(29) མེ་སྟོན་ཉི་མ་རྒྱལ་མཚན།《སྲིད་པའི་དཀའ་ཐུབ་པ་གྲུབ་དབང་མེ་སྟོན་ཉི་མ་རྒྱལ་མཚན་མཆོག་གི་གསུང་འབུམ》[G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  མེ་སྟོན་གདན་ས་མཐོང་གྲོལ་རི་ཁྲོད་དགོན་གྱིས་བསྒྲིགས།   ཤོག་ངོས།  ༨༣ གསལ།
(30) སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་དང་པོ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས།ཤོག་ངོས། (༣༤)  གསལ།
(31) སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་གཉིས་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས། (༡༧༤)  གསལ།
(32)བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༡༠༣)  གསལ།   
(33)སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》པོད(༡༨༨)པ། «གསང་དབང་རིན་ཆེན་འབར་བ» བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ།  ཤོག་ངོས། ༤༦༥གསལ།   
(34)སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》པོད(༦༣)པ། «སྨད་ཆོག་གསང་བ་བསྡུས་དོན» བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ།  ཤོག་ངོས། ༨༡༦ གསལ།   
(35)སོག་སྡེ་བསྟན་པའི་ཉི་མ།《བོན་གྱི་བརྟེན་འགྱུར་ཆེན་མོ》པོད(༡༢༦)པ། «བདེར་གཤེགས་རིག་འཛིན་ཐུགས་རྒྱུད་ལས་བཏགས་གྲོལ་ཆེན་མོ» བོད་ལྗོངས་ཤིན་ཧྭ་པར་འདེབས་བཟོ་གྲྭ།  ཤོག་ངོས། ༢༣༢ གསལ།   
(36)འབྲུག་སྟག་བསོད་རྒྱལ།《སྐྱེས་བུ་ཆེན་པོ་ཉི་མ་འབུམ་གསལ་གྱི་རྣམ་ཐར》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  ཤོག་ངོས། ༣༠ གསལ།  
(37)ཀུན་གྲོལ་གྲགས་པ།《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས།   (༣༡༨) གསལ།  
(38)སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་གཉིས་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས། (༢༤)  གསལ།
(39)སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་གཉིས་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས། (༥༧༨)  གསལ།
(40) བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༡༠༡)  གསལ།   
(41)ལུང་ཚིག་འདི་མཁན་པོ་ཚེ་རིང་ནོར་བུས་བརྩམས་པའི《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》ལས་དྲངས་པ་ཡིན།   
(42)ཀུན་གྲོལ་གྲགས་པ།《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ཤོག་ངོས།   (༣༡༩) གསལ།  
(43)སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་གསུམ་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས། (༡༢༨)  གསལ
(44)སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་གསུམ་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས། ཤོག་ངོས། (༦༥༤)  གསལ
(45) ཁྱུང་བཙུན་གཡུང་དྲུང་ཕུན་ཚོགས།《བོན་རིའི་གནས་ཡིག》ཤོག་ངོས། (༧༢)གསལ།   
(46) བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༡༠༢)  གསལ།  
(47)འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ། «དུས་བཀྲ་གསལ་བའི་སྟོད་བྱང་ནམ་ངག་མེ་ལོང»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༥༦༩) གསལ།
(48)མཁན་པོ་ཚེ་རིང་ནོར་བུ།《ཡ་ཐོག་བོད་ཀྱི་ཤེས་རིག་ཞིབ་འཇུག་ལས་འཕྲོས་པའི་གཏམ》མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས(༥༩)གསལ།
(49)འོད་ཟེར་སྦྱིན་པ།《གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས》པོད(༦༥)པ།  «དུས་བཀྲ»ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  ཤོག་ངོས།  (༦༧༡) གསལ།  
(50) སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་དང་པོ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས།ཤོག་ངོས། (༦༨༦)  གསལ།
(51)སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་བཞི་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས།ཤོག་ངོས། (༢༥༨)  གསལ
(52) བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༡༠༠)  གསལ།  
(53)ཀུན་གྲོལ་གྲགས་པ།《གཡུང་དྲུང་བོན་གྱི་བཀའ་འགྱུར་དཀར་ཆག》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།  ཤོག་ངོས།   (༣༡༨) གསལ།  
(54) ཚེ་རིང་རྡོ་རྗེ། 《ཀྲུང་གོ་བོད་རིག་པ》«བོན་གསར་མ་ཞེས་པའི་མིང་གི་གོ་དོན་དང་དེའི་བྱུང་འཕེལ་སྐོར་ལ་དཔྱད་པ།» ལས“བོན་གསར་མ་ནི་དུས་རབས་བརྒྱད་པའི་སྐབས་སུ་བྱུང་བ་ནས་ད་ལྟའི་བར་དུ་བརྒྱུད་འོངས་པ་ཞིག་ཡིན་ལ།”ཞེས་རྩོམ་དེར་དེའི་སྐོར་རྒྱས་པར་བཀོད་ཡོད། 
(55) བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༡༠༢)  གསལ།  
(56) བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༡༠༤)  གསལ།
(57)ཚེ་རིང་བཀྲ་ཤིས།  སྨན་པ་བུ་དེས་ཚེ་རིང་།《ཆབ་མདོའི་གསོ་བ་རིག་པ》ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་།  ཤོག་ངོས། (༡༠༤)གསལ།  
(58) སངས་རྒྱས་གླིང་པ།《སངས་རྒྱས་གླིང་པའི་སྐྱེས་རབས་གཏེར་འབྱུང་ལོ་རྒྱུས་རྡོ་རྗེ་རིན་ཆེན་ཕྲེང་བ》པོད་བཞི་པ།  དབུ་མེད་བྲིས་མ་དཔེ་རྙིང་ཞིག་ཡིན། རྩེ་དྲུག་དགོན་དུ་བཞུགས།ཤོག་ངོས། (༢༦༠)  གསལ།  
(59) བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༡༠༣)  གསལ།
(60)བདེ་ཆེན་གླིང་པ།《སྐལ་ལྡན་དགྱེས་པའི་དགའ་སྟོན》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༨༧༥)  གསལ།
(61) བདེ་ཆེན་གླིང་པ།《ཡང་གསང་རྣམ་ཐར་ཀླུ་དབང་གཙུག་ནོར》དབུ་མེད་གླེགས་བམ་དཔར་མ།  རྩེ་དྲུག་དགོན་དུ་བཞུགས།  ཤོག་ངོས།  (༣༣)  གསལ།
(62) གཡུ་ཁྲ་ལྷ་སྟེང་དགོན་གྱི་མདུན་ངོས་ཀྱི་རི་རྩེར་ཆགས་ཡོད།  སྔོན་མ་བཀའ་རྒྱུད་དགོན་པ་ཞིག་ཡིན་ལ་ད་ལྟ་དགེ་ལུགས་དགོན་པ་ཞིག་ཡིན། 
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།