ཞང་ཞུང་གི་རིག་གནས་དང་འབྲེལ་བའི་གཉེན་སྒྲིག་ཆོ་ག

[ཟླ་ཚེས། 2021-11-27 22:41:49][རྩོམ་པ་པོ། དབྱུག་སྲས།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

ཞང་བོན་ས་ཡི་ཐེག་ལེ་རིང་མོར་ངོ་མཚར་མེས་པོའི་ཞབས་རྗེས་གནས། །

གུ་སྤུ་མང་ཡུལ་སྟོད་ཕྱོགས་མངའ་རིས་བསྐོར་གསུམ་སྙན་པ་རླུང་ལྟར་གྲགས། །

མི་འགྱུར་གཡུང་དྲུང་བོན་སྟོན་རྗེ་བོས་ཆོས་འཁོར་ཐོག་མ་འདི་ནས་སྤེལ། །

ཞང་ཞུང་མཁས་དབང་རིམ་བྱོན་རྣམས་ལ་སྒོ་གསུམ་གུས་པས་ལན་བརྒྱར་འདུད། །

  རབ་མཛེས་གསེར་རིའི་ཕྲེང་བ་ལྟར་སྔ་ཕྱི་བར་གསུམ་དུ་བྱོན་པས་ཞང་ཞུང་གི་མཁས་དབང་རིམ་བྱོན་དག་ལ་མཆོད་བརྗོད་དང་། རྩོམ་པ་དམ་བཅའ་གཉིས་ཚིག་གི་ཕྲེང་བས་སྔུན་བསུས་ཏེ། དེ་ཡང་གང་གླེང་བར་བྱ་བའི་དོན་ནི། ཞང་ཞུང་གི་སྲོལ་རྒྱུན་རིག་གནས་གཉེན་སྒྲིག་སྐོར་ཡིན་ལ། སྤྱིར་ན་གཉེན་སྒྲིག་ཟེར་བ་དེ་མི་རིགས་ཁག་སོ་སོ་དང་། ཡུལ་ལུང་བྱེ་བྲག་པ་རེ་རེར་ཡང་མི་འདྲ་བ་དང་མི་མཐུན་པ་མང་དུ་མཆིས་ཤིང་། བོད་དུའང་གཉེན་སྒྲིག་བྱེད་སྲོལ་ནི་ལུང་པ་སྟོད་སྨད་བར་ལ་ཡང་མི་འདྲ་བ་དང་མི་མཐུན་པ་མང་དུ་ཡོད་པ་མ་ཟད་གཉེན་སྒྲིག་བྱེད་སྐབས་གཉེན་སྒྲིག་སྐོར་གྱི་དེབ་དང་ཟིན་ཐོ་ལ་སོགས་པར་བལྟ་མི་དགོས་པར་ཡུལ་སོ་སོའི་གོམས་སྲོལ་ལྟར་བྱེད་ཀྱིན་ཡོད། དེར་མ་ཟད་གཉེན་སྒྲིག་དེ་ནི་སྐྱ་བོ་ཁོ་ནའི་བྱ་བ་ཞིག་ལས་དམ་པའི་ཆོས་དང་འབྲེལ་མེད་ཡིན་སྟབས་འཇིག་རྟེན་ཕོ་མོའི་གཉེན་སྒྲིག་སྐོར་གྱི་དཔྱད་རྩོམ་རེ་བསམ་པ་ཞིག་ཀྱང་མེད་ལ། གཉེན་སྒྲིག་གི་སྲོལ་ཁུངས་ཡོད་ཅིག་ནི་ལྐོག་གྱུར་གྱི་གནས་ལྟ་བུར་གྱུར་འདུག་པས། ཁོ་བོས་ཀྱང་ད་ཕན་དེབ་མངས་དག་ཅིག་འབིག་ཀྱང་གཉེན་སྒྲིག་སྐོར་ལ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས(༡༩༡༣-༡༨༩༩)དེབ་ཅིག་བརྩམས་འདུག དེ་ནི་སྡེ་དགེ་རྒྱལ་སྲས་དང་བོད་དབུས་ཀྱི་སྐུ་དྲག་མདོ་མཁར་བའི་བུ་མོ་གཉིས་གཉེན་སྒྲིག་བྱེད་སྐབས་མཛད་པའི་དེབ་ཞིག་ཡིན་པ་དང་། མཁར་རྨེའུ་བསམ་གཏན་གྱིས《མདའ་དང་འཕང》ནང་གཉེན་སྒྲིག་ཆོ་གའི་སྐོར་ཟེར་བའི་ལྗགས་རྩོམ་དམ་དུམ་ཞིག་ལས་ལུས་ཀྱི་ཚུལ་གྱི་མདོར་བསྟན་དང་ཡན་ལག་ཚུལ་གྱི་རྒྱས་བཤད་གང་ཡང་མི་འདུག དེ་མ་གཏོགས་དེང་དང་ཁ་ཐབས་ཉེ་བའི་བོད་ཀྱི་རིག་གནས་ཀྱི་ཁྲོད་དུ་གཉེན་སྒྲིག་སྐོར་ལ་དེབ་སྤུས་དག་ཅིག་ལག་ཏུ་སོན་མ་སོང་། གཅིག་བྱས་ན་གུས་པ་ལྟ་རྒྱ་ཆུང་བས་ཀྱང་ཡིན་སྲིད། སྤྱིར་ན་བོན་ལ་གཉེན་སྒྲིག་ཆོ་གའི་དཔེ་ཆ་མངས་དག་ཅིག་མཆིས་ཀྱང་ད་ལྟའི་དུས་འདིར་སྔར་གྱི་མ་དཔེ་རྙིང་པ་འགའ་ཤས་ནི་འབྱུང་བའི་ཁྲོད་དུ་གཟིམས་པ་དང་། འགའ་ཤས་ནི་དུས་རབས་འཕོ་འགྱུར་གྱི་གསེང་ནས་ཡིབ་པ། འགའ་ཤས་ནི་བདག་མེད་བྱང་ཐང་གི་རི་དྭགས་བཞིན་དུ་ཡ་གྱར་བ་སོགས་ཡིན་ངེས་ཤིང་། དེང་སང་མཛུབ་མོ་ལ་བགྲང་རྩིས་བྱེད་ན་ཆོག་པའི་བོན་གྱི་དཔེ་རྙིང་རེ་ཟུང་མཆིས་པ་དེ་དག་ལ་ཡང་མཛད་པ་པོའི་མཚན་བྱང་མེད་ཅིང་། འགོ་འཇུག་ཆ་མ་ཚང་བའི་སྐྱོན་མཆིས་ཀྱང་མིག་མེད་པ་ལས་གསལ་ལ་མ་གསལ་གྱི་མིག་ཅིག་ཡོད་ན་བཟང་ཟེར་བའི་དཔེ་ལྟར། མཛད་པ་པོའི་མཚན་བྱང་མེད་ཀྱང་བརྗོད་བྱའི་དོན་ཚང་བའི་བོན་གྱི་ཡིག་རྙིང་ཁྲོད་དུ་བཞུགས་པས་གཉེན་སྒྲིག་ཆོ་གའི་དཔེ་ཆ་《མིང་སྲིང་དཔལ་བགོས་དང་ལྷ་འདོགས》ཞེས་པ་དེ་གཞི་བཞག་ནས་ཁོ་བོའི་གླེང་རྒྱུ་ཡིན་ལ། དཔེ་ཆ་འདི་ལ་ཡང་ནང་གསེས་ཁག་གཉིས་སུ་དབྱེ་ཡོད་དེ། མིང་སྲིང་དཔལ་བགོས་དང་ལྷ་འདོགས་གཉིས་སོ། ། ནང་གསེས་དང་པོ་དེའི་དོན་ནི་ལྷ་མི་གཉིས་བར་གཉེན་སྒྲིག་བྱེད་ཚུལ་གྱི་གཏམ་རྒྱུད་སྐོར་ཡིན། འདི་ནས་སྐོར་ཅིག་དྲངས་ན། “ཡབ་ཅིག་ལྷ་རྗེ་ཟོམ་འབྲང་དང་། །ཡུམ་ཅིག་ལྷ་ཟ་གུང་བཙུན་མ། །དེ་གཉིས་བཤོས་ཤིང་སྤྲུལ་པའི་སྲས། །མིང་པོ་ལྷ་སྲས་ལྗོན་པ་དང་། །སྲིང་མོ་སྲིད་ལྕམ་འཕྲུལ་མོ་ཆེ། །མཛེས་ཤིང་ཡིད་དུ་འོང་པ་ལ། །ལྷ་མི་ཀུན་གྱི་ཡིད་ཀྱང་ཤོར། །”ཞེས་སྔར་ལྷ་ཡུལ་དུ་ལྷ་ཡི་རྒྱལ་བོ་ལྷ་རྗེ་ཟོམ་འབྲང་ཟེར་བ་ཞིག་དང་། དེའི་བཙུན་མོ་ལྷ་ཟ་གུང་བཙུན་མ་བྱ་བ་གཉིས་ལ་བུ་མོ་སྲིད་ལྕམ་འཕྲུལ་མོ་ཟེར་བ་ཞིག་བྱུང་།

  བུ་མོ་འདི་ཁ་འབྲས་ཤིན་ཏུ་མཚར་བས་ལྟ་བས་ཆོག་མི་ཤེས་པའི་ལྷ་མི་ཀུན་གྱི་ཡིད་འཕྲོག་ཅིང་། “ལྷ་མི་ཀུན་གྱི་ཡིད་ཀྱང་ཤོར། །ལྷ་མི་ཀུན་གྱི་དགོས་སོ་ཟེར། །”ཞེས་མི་ཡུལ་གྱི་རྒྱལ་པོ་ལིང་དཀར་ཟེར་བ་དེ་ཡང་འདོད་པས་མ་བཞག་པར་དགོས་འདོད་ཀྱིས་བསམ་པ་དྲག་ཏུ་འཕྱུར་ཏེ། ལྷ་མོ་འདི་ཁོ་བོ་ལ་དགོས་སོ་ཡིས་བཀའ་བཀོད་དེ། ལྷ་ཡི་རྒྱལ་པོ་ལྷ་རྗེ་ཟོམ་འབྲང་གིས་ཁོ་བོའི་བུ་མོ་ལྷ་ཡུལ་གྱི་སྲས་མོ་ཡིན་སྟབས་མི་ཡུལ་དུ་ཅི་ཕྱིར་བརྫངས་ཀྱིན་རེད། “ལྷ་རྗེ་ཟོམ་འབྲང་ཞལ་ན་རེ། །རྒྱལ་རྗེ་ལིང་དཀར་ཚུར་གསོན་དང་། །བུ་མོ་སྲིད་ལྕམ་འཕྲུལ་མོ་ནི། །ལྷ་གནས་ལྷ་རུ་འགྲོ་བ་ལ། །མགོ་ནག་མི་ལ་མི་འབྱུང་ངོ་། །”ཞེས་སྨྲས་པ་མ་ཟད། “ང་ནི་ནམ་མཁའི་ལྷ་རིགས་གཙང་མ་ཡིན། །ཁྱོད་ནི་སའི་སྲིན་བུ་མགོ་ནག་ཡིན། །”ཟེར་བ་སོགས་དཔེ་མང་པོ་ཞིག་དྲངས་ཏེ་བུ་མོ་མི་ཡུལ་དུ་མནའ་མར་མི་སྟེར་ཟེར་ནས་དྲེགས་པ་ཆེ་པོས་མགོ་མཐོ་པོར་འདེགས། རྒྱལ་པོ་ལིང་དཀར་གྱི་ལྷ་མོ་སྲིད་ལྕམ་འཕྲུལ་མོ་ཁོ་བོའི་མནའ་མར་སྟེར་དགོས་ཀྱིས། “ང་མནའ་མ་ཁུངས་ནས་ལེན་པ་ཡིན། །གཞི་ཡངས་སའི་མི་རྒྱུད་ཡིན། །མི་རབས་འཕེལ་བའི་མགོ་བོ་ཡིན། །མི་དང་ལྷ་རུ་ལྡེབ་ཙ་ན། །མི་ཡིས་ལྷ་ལ་གསོལ་མཆོད་བྱེད། །

  ལྷས་མི་ལ་མགོན་སྐྱབས་བྱེད། །དེ་ཡང་གཅིག་དྲིན་གཅིག་ལས་ཆེ། །”ཞེས་སོགས་ཀྱི་ཉི་འོད་དང་ས་གཞི་དཔེ་རུ་སྦྱར་ཏེ་ལྷ་ལ་གཏམས་པ་ཡིན་པས་འདིར་ཡིག་ཚོགས་ལ་གནོང་སྟེ་གོ་བདེ་བ་དེ་དག་ལུང་འདྲེན་ཞུས། དེ་ནས་ལྷའི་བུ་མོ་མི་ཡུལ་དུ་མནའ་མར་སྟེར་དགོས་བྱུང་སྟེ་བུ་མོ་སློང་བའི་སློང་ཆང་གི་དགོས་མཁོ་དེ་དག་ནི། གསེར། རིན་ཆེན། ལྷ་གཡུ་འོད་འབར། ལྷ་ལུག ལྷ་གཡག ལྷ་ར་ཞལ་དཀར། ལྷ་མདའ་དར་གྱིས་བརྒྱན་པ། ལྷ་རྟ་ངང་དཀར་བཅས་བུ་མོའི་ཡབ་ལ་སློང་ཆང་དུ་འབུལ་དགོས། “རིན་དུ་གསེར་གཡུ་རིན་ཆེན་དང་། །ལྷ་གཡུ་དེ་ནི་འོད་འབར་དང་། །བསེའི་དེ་ནི་གོས་བདུན་དང་། །ལྷ་རྟ་དེ་ནི་ངང་དཀར་དང་། །ལྷ་གཡག་དེ་ནི་གཞོལ་ཆེན་དང་། །ལྷ་ལུག་དེ་ནི་ཁྱུ་བདུན་དང་། །ལྷ་ར་དེ་ནི་ཞལ་དཀར་དང་། །ལྷ་མདའ་དར་གྱིས་རྒྱན་པ་དགོས། །རང་དབང་ཆེ་ལ་བུ་མོའི་ཡབ། །ཕ་ལ་ལྷ་རྟ་སྲབ་སྦྲེལ་དགོས། །བུ་མོའི་ཡུམ་ལ་སློང་ཆང་དུ་ལྷ་འབྲི་ཟལ་དཀར་འབུལ་དགོས། །མ་ལ་ལྷ་འབྲི་ཟལ་དཀར་དགོས། །”ད་དུང་མགོ་བའི་ལྷ་ལྔར་1མཆོད་པ་འབུལ་བྱེད་དུ་ཕྱེ་མ་དང་མར་ཕུད་དང་ཤ་ཕུད་སོགས་ཉུང་ཉུང་ཡང་མིན་པར་གླ་པོ་ཆེའི་ཁལ་དུ་ལོང་པ་ཞིག་དགོས། “མགོ་བོའི་ལྷ་ལྔ་མཆོད་པ་ལ། །ལྷ་ཕྱེ་དང་ནི་ལྷ་མར་དང་། །ལྷ་ཤ་ཕུད་དུ་མ་ཉམས་པ། །ཁྱུ་མཆོག་ཁལ་དུ་ལོང་བ་དགོས། །”བུ་མོ་མི་ཡུལ་དུ་མནའ་མར་རྫོངས་རྒྱུ་བུ་མོས་ཐོས་ཏེ་ཡབ་ཀྱི་དྲུང་དུ། “ཨ་བོ་ཡབ་ཅིག་ཚུར་གསོན་དང་། །བུ་མོ་མི་ཡུལ་སྤྱུག་པ་ན། །མ་དང་ཕ་ཚན་སྤུངས་ན་འགྲོ། །དཔལ་དང་གཡང་དུ་ཕྱེ་བ་ཡང་། །ཐམས་ཅད་འཚོགས་པའི་བསོད་ནམས་ཡིན། །དཔལ་དང་གཡང་གི་སྐལ་བ་དགོས། །” ཞེས་ཞུས་ཤིང་ཡབ་ཀྱིས་ཀྱང་ཤུགས་རིང་འདོན་ཞིང་དུ། “བུ་མོ་སྐྱེས་བ་མིའི་དཔལ། །ཁ་བ་བབ་པ་རིའི་གོས། །བུ་མོ་གྲུང་ཡང་མིའི་གཡོག ”ཅེས་སྨྲེ་ངག་འདོན་བཞིན་དུ་བུ་མོ་མི་ཡུལ་དུ་མནའ་མར་རྫོངས་རྒྱུ་གཏན་ཁེལ་ཏེ། རྒྱ་རྗེ་ལིང་དཀར་གྱིས་ཀྱང་གྲབས་གཤོམ་མམ་སྟ་གོན་ལེགས་པར་བྱེད་དེ་ཕེབས་སྒུག་བྱེད། ལྷའི་བུ་མོ་སྲིང་ལྕམ་འཕྲུལ་མོ་གཟབ་གོས་ཀྱིས་ལེགས་པར་བརྒྱན་ཏེ་དར་ཚོན་སྣ་ལྔ་མི་ཡུལ་དུ་གནར་ཏེ་དར་ལ་ཆིབས་ཏེ་བྱོན། སྨྱུག་མ་ཚིགས་གསུམ་ཅན་ལ་བཟོས་པའི་མདའ་མོ་ཞིག་དར་གྱི་བརྒྱན་པ་དང་། མདའ་སྟོང་གནམ་ལ་བསྟན་པ་ཞིག མདེའུ་ལྕགས་ལས་བྱས་པ་ཞིག་དང་གྲུམ་པའི་རིས་མོ་བཏབ་པའི་རས་ཤིག ཁབ་དང་སྐུད་པ་བཅས་རྫས་ཆ་མང་པོ་ཞིག་མནའ་མའི་རྐེད་ཚིགས་སུ་བཙུགས་ཏེ་མི་ཡུལ་དུ་མནའ་མར་བརྫངས། དེ་དག་གི་མཚོན་དོན་ནི། “མདའ་མོ་དར་གྱིས་བརྒྱན་པ་འདི། །མོ་སྲིད་ཕོ་རུ་འཕེལ་བ་ཡིན། །མདའ་སྟོང་གནམ་ལ་བསྟན་པ་འདི། །ཁ་རྗེ་དབང་ཐང་དགུང་དང་མཉམ་པ་ཡིན། །སྙུག་མ་ཚིགས་གསུམ་ཡོད་པ་འདི། །ལུས་ངག་ཡིད་དང་གསུམ་པོའི་དོན། །མདེའུ་ལྕགས་ལས་བྱས་པ་འདི། །འདྲེ་གདོན་སྙིང་ལ་རྒྱབ་པ་ཡིན། །གྲུམ་པའི་རིས་མོ་བཏབ་པ་འདིས། །མི་ཁ་བགོང་པོ་ཐུབ་པ་ཡིན། །ཁབ་དང་སྐུད་པས་རྒྱན་པ་འདི། །ཕར་བཏང་ཚུལ་མིན་ལྡོག་པའི་དོན་ཡིན། །”ཞེས་གཉེན་སྒྲིག་ཟེར་བའི་བུ་མོ་ཕར་བརྫངས་ཚུར་བསུའི་སྲོལ་ཐོག་མ་དེ་ཞང་ཞུང་ཡུལ་དུ་དར་བ་ཡིན། །སྨྲས་པ། འཆི་མེད་བུ་མོའི་ལང་ཚོ་གེ་སར་བཞིན། །མི་རྗེ་སྦྲང་བུར་ཐོགས་པའི་ལས་སྐལ་མཛེས། །མཚར་དུ་དངར་བའི་ལྡུམ་ར་དེ་གའི་ནང་། །ལྷ་མོ་མི་ཡུལ་བྱོན་པས་གཉེན་སྟོན་དར། །ཡབ་ཡུམ་ཁ་ཆད་བཏབ་པའི་གྲོས་མོལ་འཇུག །རྒྱུས་མེད་ཆ་གཅིག་བརྩེ་དུང་ཟོམ་ནང་སྤྱུག །བཀྲོལ་ན་གྲོལ་ས་མེད་པའི་སེམས་ཀྱི་མདུད། །ཚེ་གང་འགྲོགས་པའི་བཟའ་ཚོ་དེ་ནས་བྱུང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

  《མིང་སྲིང་དཔལ་བགོས་དང་ལྷ་འདོགས》ཞེས་པའི་ནང་གསེས་གཉིས་པ་ནི《ལྷ་འདོགས》ཞེས་པའི་ལྷ་འདོགས་ཆོ་ག་སྤེལ་སྐབས། མནའ་མའི་ཁྱོ་གའི་སྤྱི་གཙུག་ཏུ་བལ་གྱིས་བཟོས་པའི་“དམུ་ཐག”ཅེས་པའི་སྐུད་པ་ཞིག་འདོགས་པ་དང་། མནའ་མའི་སྤྱི་གཙུག་ཏུ“གཡང་ཐག”ཅེས་པའི་སྐུད་པ་སྔོ་མོ་ཞིག་འདོགས་ཀྱིན་ཡོད། དེའི་རྗེས་ཁྱོ་གའི་ལག་ཏུ་མདའ་མོ་ཞིག་བཟུང་སྟེ་མགོ་སྟེང་གི་ལྷ་ལྔར་ཆང་དང་གཏོར་མ་སོགས་ཀྱི་མཆོད་པ་འབུལ་བ་ཡིན། མནའ་མས་ལག་ཏུ་སྐྱོགས་ཤིག་བཟུང་སྟེ་འོ་མ་དང་ཕྱེ་མར་གྱི་མཆོད་པ་འབུལ་གྱིན་ཡོད། དེ་ནས་ལྷ་བོན་གྱིས་ཁྱོ་ག་དེ་ལ་གསེར་གྱི་མཛུབ་དཀྲིས་ཤིག་སྤྲོད་ཀྱིན་ཡོད་དེ་ལ་བླ་གསེར་ཟེར། མནའ་མ་ལ་གཡུ་ཞིག་སྤྲོད་ཀྱིན་ཡོད་དེ་ལ་བླ་གཡུ་ཟེར། བླ་གསེར་མཛུབ་མོ་ལ་འདོགས་ཚར་བ་ནས་བུ་དེ་ལ་ཆུང་མ་ཡོད་པས་དན་རྟགས་ཡིན། བླ་གཡུ་མགོ་ལ་འདོགས་ཚར་ན་བུ་མོ་དེ་ལ་མཛའ་བོ་ཡོད་པས་དན་རྟགས་ཡིན། གཉེན་སྒྲིག་བྱེད་མ་མྱོང་མཁན་གསར་པ་དག་ལ་བཟའ་ཚོ་གཉིས་གཡུང་དྲུང་གི་རི་མོ་ཅན་གྱི་གདན་ཐོག་ཏུ་སྡོད་དུ་བཅུག་རྗེས། ལྷ་བོན་དང་ལྷན་དུ་ཆོ་གའི་ཞལ་འདོན་སྐྱོར་བར་བྱེད་པ་དང་གཡུང་དྲུང་གི་སྟེང་དུ་སྡོད་དུ་བཅུག་པ་ནི་བཟའ་ཚོ་གཉིས་མི་འགྱུར་བརྟན་དུ་གནས་པའི་མཚོན་དོན་ནོ། །

  དེ་ནས་མནའ་མ་ལ་བུ་སྐྱེས་སོང་ན་བུའི་སྔས་སུ་མདའ་ཞིག་བཙུགས་པ་མ་ཟད་མདའ་སྟོང་གནམ་ལ་བསྟན་པ་སྒྲོ་དཀར་པོ་ཡུད་གསུམ་དང་ལྡན་པ་ཞིག་དགོས། བུ་མོ་སྐྱེས་སོང་ན་སྔས་སུ་འཕང་ཞིག་བཙུགས་ཀྱིན་ཡོད། བུའི་སྔས་སུ་མདའ་བཙུགས་དོན་ནི། “ཕོ་སྲོག་མདའ་ལ་བསྟན་པ་ཡིན། །བཀྲ་ཤིས་དཔལ་མདའ་སྒྲོ་དཀར་གྱི། །མདའ་སྟོང་གནམ་ལ་བསྟན་པ་འདི། །མངའ་ཐང་དགུང་དང་མཉམ་པ་ཡིན། །སྒྲོ་ཡི་ཡུད་གསུམ་བསྐྱོན་པ་འདི། །མི་ནོར་ཟས་གསུམ་འཕེལ་བའི་དོན། །”ཞེས་སོགས། བུ་མོའི་སྔས་སུ་འཕང་བཙུགས་དོན་ནི་མི་ནོར་གཡང་འཕེལ་སོགས་ཀྱི་དོན་ཡིན། གཉེན་སྒྲིག་སྐབས་སུ་ལྷ་དང་སྟོན་པ་གཤེན་རབ་མི་བོ་ཆེ་ལ་ཕྱག་མཆོད་དང་སྐྱབས་འཇུག་ཞུས་ཏེ་བཟའ་ཚོ་གཉིས་རྟག་ཏུ་མཐུན་ཞིང་མི་ཚེ་མཐའ་འཁྱོལ་ཡོང་བར་ཤོག་ཅིག “སྐུ་ཚེ་བསྲིང་བ་ལྷ་ཡིས་གནང་། །ལྷ་གྲལ་འདི་ལ་ཕྱག་གསུམ་འཚོལ། །ཚེའི་བར་ཆད་གཤེན་གྱིས་སེལ། །སྐུ་གཤེན་བོན་ལ་ཕྱག་གསུམ་འཚོལ། །” ཞེས་གཉེན་སྒྲིག་སྐབས་སུ་མདའ་དང་འཕང་ལ་བརྩི་མཐོང་བྱེད་དོན་ནི། མདའ་ནི་ཕོ་མཚོན་བྱེད་དང་འཕང་ནི་མོ་མཚོན་བྱེད་ཡིན་པ་བོད་ཀྱི་རིག་གནས་གང་དུ་ཡང་གསལ་མེད་ཀྱང་བོན་གྱི《མིང་སྲིང་དཔལ་བགོས་དང་ལྷ་འདོགས》ཞེས་པ་འདི་ནང་དུ། “དང་པོ་བུ་གཅིག་སྐྱེས་ཙམ་ན། །སྔས་སུ་མདའ་ཞི་ཐར་གྱིས་བཙུགས། །མ་ལ་བུ་མོ་སྐྱེས་ཙམ་ན། །སྔས་སུ་འཕང་ཞིག་ཐར་གྱི་བཙུགས། །”ཞེས་འཁོད་ཅིང་འདི་ནས་མདའ་ནི་སྐྱེས་པ་ཕོ་མཚོན་བྱེད་དང་འཕང་ནི་སྐྱེས་མ་མོ་མཚོན་བྱེད་ཡིན་པར་གསལ་པོར་མཁྱེན་ངེས་ཡིན། །སྨྲས་པ། དར་ཚོན་སྣ་ལྔའི་བག་མའི་འགྲོ་ལམ་ཕྱེ། །བྱ་སྒྲོ་བསྐྱོན་པས་མདའ་མོའི་གཉེན་ལམ་ཕྱེ། །འཇིག་རྟེན་མཐུན་འཇུག་སྲོལ་གྱི་གོམ་ཁ་ནི། །ལྷ་མི་ཟུང་སྦྲེལ་ཞང་ཞུང་ཡུལ་དུ་དར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

  བུ་མོ་མནའ་མར་ཚུར་བསུ་དང་ཕར་གཏོང་སྐབས་གཡང་འགུག་དང་གཡང་ནོར་སྤྲོད་ཚུལ། གཡང་ཞེས་པའི་ཚིག་ངོ་ཐོག་དེའི་དོན་ནི་ནོར་དང་ཕྱུག་པོའམ་སྙིང་པོའི་དོན་ཡིན་ལགས། ལྡོག་ཕྱོགས་ནི་ཉེན་ཁ་ཆེ་བའི་དོན་ལའང་འཇུག་པ་ཡོད་དེ་དཔེར་ན། གཡང་གཟར་བྲག་རི་ཟེར་བ་སོགས་ཡོད། བོན་པོའི་གཡང་འགུག་དང་གཡང་ནོར་ཞེས་པའི་གཡང་ནོར་ནི་ལུག་ཡིན། གཡང་འགུག་ཞེས་པ་ནི་ཁྱིམ་ཚང་ལ་ནོར་ལོངས་སྤྱོད་འཕེལ་ཐབས་ཀྱི་ཆོ་ག་ཞིག་ཡིན། ལུག་ནི་གཡང་ནོར་ཞིག་ཡིན་པ་ལུག་གི་འགྲོ་བ་མིའི་འཚོ་བའི་ནང་གལ་ཆེའི་གནས་བབས་ཤིག་བཟུང་ཡོད། བོན་གྱི་ཤོད་སྲོལ་ལྟར་ན། ལུག་ནི་འགྲོ་བ་མི་ཡི་ཁམས་ལ་ཕན་འདོགས་པར་དགོངས་པའི་ལྷ་ཆེན་ཡེ་སྨོན་རྒྱལ་པོ་ཞེས་བྱ་བའི་སྨོན་ལམ་གྱི་མཐུ་ལས་བྱུང་བ་དང་། དེ་ཡང་ལུག་དང་ཐོག་དེའི་མིང་ལ་ལུག་ལྷ་བ་བལ་ཆེན་ཞེས་ཟེར་ལ། དེ་ནི་ལུག་གི་ལྷ་ཡང་ཡིན་ནོ་གྲགས། ལུག་ནི་གཡང་ནོར་ཞིག་ཡིན་པ་དེང་གི་དུས་ཡང་ང་ཚོའི་ལོ་རྙིང་ཕར་བསྐྲད་ནས་ལོ་མགོ་ཚུར་བསུ་སྐབས་རང་གི་དད་པའི་ལྷ་ལ་ལུག་མགོ་འབུལ་སྲོལ་ཡོད། ལྷ་ལ་གཡང་དཀར་ལུག་གི་མགོ་འབུལ་བ་ནི་ལོ་གསར་པ་འདི་ནང་རང་ལ་བཀྲ་ཤིས་ཀྱི་གཡང་འཁོར་བའི་རྟེན་འབྲེལ་གྱི་ཚུལ་དུ་འབུལ་བའི་དན་རྟགས་ཤིག་ཡིན། འདི་ནས་ལོ་གཉིས་ཀྱི་གོང་ལ་གུས་པ་དང་ནམ་རྒྱུན་ཁ་ཐག་ཅུང་ཉེ་བའི་གྲོགས་ཤིག་གིས་ལོ་གསར་སྐབས་ལྷ་ལ་ལུག་མགོ་འབུལ་བ་ནི་བོན་པོའི་སྔར་དམར་མཆོད་འབུལ་གྱིན་ཡོད་རེད། དེང་སང་དམར་མཆོད་དེ་དམ་པའི་ཆོས་དང་མི་མཐུན་འཇིག་རྟེན་ཁྱིམ་པའི་སྣང་ངོར་ཡང་མི་མཛེས་སྟབས་དེའི་ཚབ་ཏུ་ལུག་མགོ་འབུལ་སྲོལ་དར་བ་རེད་ཟེར། གུས་པས་གྲོགས་པོ་ལ་དེ་འདྲ་ཏན་ནས་མ་རེད་དེ་འདྲ་ཡིན་སོང་ན་དེང་སང་ལུག་ནི་མང་པོ་འདུག མགོ་བོ་གཅིག་འབུལ་མི་དགོས་པར་ལུག་ཆ་ཚང་གཅིག་དབུལ་ན་སྐྱོན་གང་འདུག་གམ་ཞེས་འདྲི་ཡང་གྲོགས་པོ་ཨུ་ཚུགས་ཆེན་པོ་བྱེད་ཀྱི་འདུག་པས་གྲོགས་པོའི་ཨུ་ཚུགས་ཀྱི་ཁ་གཏད་དུ་མ་འགྲེང་པར་མེ་རང་འབར་དང་དུ་བ་རང་ཡལ་དུ་བཞག་པ་ཡིན། ལུག་ནི་གཡང་ནོར་ཞིག་ཡིན་པ་གོང་གི་དེ་དག་ལས་གསལ་པོར་རྟོགས་ངེས་ལགས།

  གཡང་འགུག་ཟེར་བ་ནི་དེང་གི་དུས་སུ་ཡང་གལ་ཆེ་ཞིག་ཏུ་བརྩི་སྲོལ་ཡོད། དེ་གལ་ཆེ་སྟངས་ནི་མག་པ་ཡིན་ནའང་འདྲ་བག་མ་ཡིན་འདྲ་ཁྱིམ་ཚང་དེ་ལས་ཕྱིར་ཐོན་འགྲོ་བས་ན། ཁྱིམ་ཚང་དེའི་གཡང་ཡང་དུས་གཅིག་ཏུ་ཕྱིར་འགྲོ་བར་ངོས་འཛིན་བྱེད། གཡང་ཕྱི་ལ་ཤོར་སོང་ན་ཁྱིམ་ཞིག་ལ་བལྟོས་ན་བཀྲ་མ་ཤིས་པའི་དོན་དུ་བརྩི་ཀིན་ཡོད། དུས་མཚུངས་གཡང་འགུག་ཅེས་པའི་ཆོ་ག་དེ་མནའ་མ་ལན་སའི་ཁྱིམ་དང་མནའ་མ་སྟེར་མཁན་གྱི་ཁྱིམ་གཉིས་ཀ་ནས་བྱེད་ཀྱིན་ཡོད། དཔེ་མཚོན་ཞིག་བརྗོད་ན་དེང་སང་ཡང་གཙང་ཁུལ་འདི་བར་བུ་མོ་མནའ་མར་སྟེར་སོང་ན་བུ་མོ་ཕྱིན་པའི་རྗེས་དེ་ནས་མདའ་མོ་དར་གྱིས་བརྒྱན་པ་ཞིག་འཁྱེར་ཏེ་ཕྱྭ་ཁུག་གཡང་ཁུག་ཟེར་སྲོལ་ཡོད་ཅིང་། མནའ་མ་ལེན་སའི་ཁྱིམ་ཚང་ནས་ཕ་རྒན་གྱི་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་ལུག་ཤ་ལག་པ་གཅིག་དང་མདའ་མོ་དར་གྱིས་བརྒྱན་པ་ཞིག་འཁྱེར་ཏེ་ཕྱྭ་ཁུག་གཡང་ཁུག་ཅེས་སྐད་ཤུགས་ཆེན་པོའི་ཕྱྭ་འགུག་སྲོལ་ཡོད། སྨྲས་པ། སྔོག་ན་སྔོག་རིན་ཡོད་པ་ཞང་ཞུང་གི་རིག་གནས། །དཔྱད་ན་དཔྱད་རིན་ཡོད་པ་ཡུན་རིང་གི་ལོ་རྒྱུས། །བསམ་ན་བསམ་རིན་ཡོད་པ་དོན་དངོས་དང་མཐུན་པ། །འབིག་ན་འབིག་རིན་ཡོད་པ་ཞང་ཞུང་གི་གླེག་བམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

  མཇུག་གཏམ།

  གཡུང་དྲུང་བོན་གྱི་དཔེ་རྙིང་ཁྲོད་དུ་བཞུགས་པས《མིང་སྲིང་དཔལ་བགོས་དང་ལྷ་འདོགས》ཞེས་པའི་འཇིག་རྟེན་ཕོ་མོའི་གཉེན་སྒྲིག་སྐོར་གྱི་དཔེ་ཆ་འདི་ནས་འཕྲོས་པས་《ཞང་ཞུང་གི་རིག་གནས་དང་འབྲེལ་བའི་གཉེན་སྒྲིག་ཆོ་ག》ཞེས་པའི་རྩོམ་འདི་ལ་ད་དེང་མཁས་གྲུབ་གཉིས་ལྡན་གྱི་ལོ་པཎ་དག་ལ་དོགས་གནད་རྣམས་ཡང་ཡང་འདྲི་རྩད་ནན་པོའི་ལུགས་སུ་བྱས་པ་དང་། གཞུང་ལུགས་ཆེན་མོའི་དགོངས་པ་འགྲེལ་བ་ལ་མཁས་ཤིང་གཙུག་ལག་ཤེས་བྱའི་གནས་ཕལ་མོ་ཆེ་ལ་འཆད་རྩོད་རྩོམ་པའི་བློ་གྲོས་ཀྱི་སྤོབས་པ་མཐོ་བས། བཤེས་གཉེན་རྣམས་ཀྱི་བསྐྱར་ཞིབ་དང་དག་བཅོས་ཀྱིས་འོག་ནས། ༸ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པའི་གདན་ས་གཙང་ལྗོངས་ལ་སྟོད་བྱང་གི་ཕྱོགས་མཁས་གྲུབ་བྱེ་བའི་འབྱུང་ནས་ངམ་རིང་རྫོང་གི་ཆར་གཏོགས་མུ་ཏིག་སྟར་ལ་རྒྱུད་འདྲའི་ཟངས་དཀར་པོའི་མདོག་དང་ལྡན་པའི་གྲོང་ཚོ་རུ་བཙས་པས་དངོས་མིང་དུ་བུ་ཆུང་དང་། སྨྱུག་མིང་དུ་དབྱུག་སྲས། བརྡ་སྤྲོད་ཀུན་བཤད་ཀྱི་མིང་དུ་མཚོ་བྱུང་དགྱེ་པའི་བློ་གྲོས་སུ་འབོད་པས་སྟོན་ཟླ་ཐ་ཆུང་བའི་ཚེས་འཁོར་ལོ་སྐར་མ་དང་། རང་ཉིད་བླ་གཟའ་སྤེན་པའི་ཉི་མ་ཕྱེ་ཡོལ་སྐབས་ཡོངས་རྫོགས་ལེགས་པར་གྲུབ་པའི་ཀུན་ལ་སྨན་པའི་བཀྲ་ཤིས་སོ། །

  ཟུར་མཆན།

  1.མགོ་བོའི་ལྷ་ལྔ་ཞེས་པ་འདི་ནི་༡ཡུལ་ལྷ། ༢ཐོ་ལྷ། ༣དགྲ་ལྷ། ༤མ་ལྷ། ༥སྲོག་ལྷ་སྟེ་འདི་ལྔའོ། ། ཡུལ་ལྷ་ཞེས་པའི་དོན་ནི་རང་ཉིད་དང་ཐོག་སྐྱེས་ཡུལ་གྱི་ལྷ་ལ་ཟེར། མཐོ་ལྷ་ནི་རང་ཉིད་ལ་དུས་དང་རྣམ་པ་ཀུ་ཏུ་མགོན་བྱེད་མཁན་གྱི་ལྷ་ལ་ཟེར། དགྲ་ལྷ་ནི་རང་ཉིད་ཉེན་ཁ་ཆེ་བའི་དུས་དེར་མྱུར་བ་མྱུར་དུ་སྐྱབས་མཁན་གྱི་ལྷ་ལ་ཟེར། དགྲ་ལྷ་ཟེར་བའི་ཡི་གེ་དེ་ལ་མི་མཐུན་པ་གསུམ་འདུག་ཏེ་ཀོང་སྤྲུལ་ཡོན་ཏན་ལགས་ཀྱི་《དགྲ་བླ》དང་། བོན་གྱི་ཡིག་ཆ་ཇི་སྙེད་ཅིག་གི་ནང་དུ་《སྒྲ་ལྷ་》 དུང་དཀར་རིན་པོ་ཆེའི་《དགྲ་ལྷ་》ཞེས་འདུག་པས་གུས་པ་རང་ཉིད་ལེགས་ཉེས་འབྱེད་བའི་རྣམ་དཔྱོད་ཀྱི་རྩལ་ཧ་ཅང་ཕྲ་བས་དོགས་གཞིས་གནས་སུ་ཡ་གྱལ་སོང་ལགས། མ་ལྷ་ནི་རང་ཉིད་ལ་རྟག་ཏུ་གྲོགས་བྱེད་མཁན་གྱི་ལྷ་ལ་ཟེར། སྲོག་ལྷ་ནི་རང་ཉིད་ལ་སྲུང་སྐྱོབ་བྱེད་མཁན་གྱི་ལྷ་ལྔ་སྟེ་དོན་ནོ། །

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།