འདུ་གནས་ཉང་ཡུལ་ཤིང་ནགས་སྐོར་ལ་ཐོག་མར་དཔྱད་པ།
[ཟླ་ཚེས། 2021-11-09 13:21:04][རྩོམ་པ་པོ། གཙང་ཚ་བསམ་གཏན་འགྱུར་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
འདུ་གནས་ཉང་ཡུལ་ཤིང་ནགས་1སྐོར་ལ་ཐོག་མར་དཔྱད་པ།
ནང་དོན་གནད་བསྡུས། ཏུན་ཧོང་གཏེར་ཡིག་དང་བོན་གྱི་ཡིག་རྙིང་དུ་མ་ལས་གསལ་བའི་ཉང་ཡུལ་ཤིང་ནག་སྐོར་ཅུང་ཙམ་དཔྱད་པ་ཞུ་བ་ལ། འདུ་གནས་འདི་ཉིད་བོན་གྱི་ཡིག་རྙིང་དུ་མར་འདུ་གནས་སོ་བདུན་གྱི་གྲས་སུ་ཡང་ན་ཡང་དུ་འཁོད་ཀྱང་ཕྱི་རབས་པས་ངོས་འཛིན་གནང་བཞག་པ་མེད་པའི་ཚོད་དུ་གྱུར། དེ་ཉིད་གུས་པས་དེང་སྐབས་ངོས་འཛིན་བྱེད་པ་ལ། ལུང་གང་དུ་གསལ་བར་བཤད་པ་དང་ཉང་ཡུལ་གང་དུ་ཡོད་པ། ཉང་ཡུལ་ཤིང་ནག་ད་ལྟའི་གནས་གང་དུ་ཡིན་པ་ངོས་འཛིན་པ། རྒྱུ་མཚན་དུ་མ་ལ་བརྟེན་ནས་སྒྲུབ་པ་བཅས་རྣམ་པ་བཞི་ཡི་སྒོ་ནས་བསྟན་ཡོད།
བརྡ་ཆད་གཙོ་བོ། འདུ་གནས། ཉང་ཡུལ་ཤིང་ནག བྲག་དཀར་ལྷ་ཆུ། ཉང་ལྷ་བསམ་འགྲུབ།
དང་པོ། ལུང་གང་དང་གང་དུ་གསལ་བར་བཤད་པ་ལ།
བོན་གྱི་དཔེ་རྙིང་གྲགས་ཅན《བསྒྲགས་པ་རིན་ཆེན་གླིང་གྲགས》ལས། “ཉང་ཡུལ་ཤང(ཤིང)ནག་བོན་གྱི་འདུ་འཚོགས་གནས། ”2ཞེས་དང《མཛོད་སྒྲ་འགྲེལ》ལས། “ཉང་ཡུལ་ཤིང་ནགས། ”3དང《དར་རྒྱས་གསལ་སྒྲོན》ལས། “ཉང་ཡུལ་ཤིང་ནག”4ཞེས་སུ་གྲགས་པའི་འདུ་གནས་དེ་ཉིད་མིང་ཙམ་ལས་འདིར་ཡོད་ཟེར་བའི་ཡུལ་དངོས་གསལ་ཁ་ཅན་ཞིག་དེ་སྔོན་མ་མཐོང་ལ། 《དཔལ་ཚུལ་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས་“ཉང་ལུང་ཤིང་ནག་”5དང་ཏུན་ཧོང་ཡིག་རྙིང་དང་ལྷ་རྒོད་དྲག་བདར་གྱི་ལུང་དུ(ཡུལ་ནི་མྱང་ཡུལ་ཤིང་ནག)ཞེས་གཅིག་མཚུངས་སུ་གསལ།
གཉིས་པ། ཉང་ཡུལ་ཞེས་པའི་ཡུལ་ལུང་ངོས་འཛིན་པ་ལ།
ཉང་ཡུལ་ལམ་མྱང་ཡུལ་ཞེས་གཙང་གཞིས་ཀ་རྩེ་དང་རྒྱལ་རྩེ་རྒྱུད་དུ་ཡོད་པའི་མྱང་ཡུལ་ལ་བོན་དཔེ་རྙིང་པ་དུ་མར་ཉང་ཡུལ་ཞེས་འབྲི་ཚུལ་ཡོད་པ་དང་ཡང་ཉང་དྭགས་ཀོང་གསུམ་དུ་ཕྱེ་བའི་ཉང་ཆུའི་སྟོད་ལ་ཉང་ཡུལ་ཞེས་འབྲི་བ་མང་ལ་མྱང་ཞེས་བྲིས་པ་ཡིག་རྙིང་ཁག་ཏུ་ཕན་ཚུན་འདྲེས་པ་ལྟ་བུ་གཉིས་ཀ་ལ་ཡོད། སྐབས་སུ་བབས་པའི་བརྗོད་བྱ་ཕྱི་མ་ཉང་པོ་ལ་གོ་དགོས་པ་ཡིན།
མི་འགའ་ཞིག་གིས་ཉང་ཆུ་གཙང་པོའི་རྒྱུག་ཁུལ་ཕུ་བྲག་དཀར་ལྷ་ཆུ་ནས་མདོ་ཡར་ཆབ་གཙང་པོའི་འདྲེས་མཚམས་བར་ཉང་ཆུའི་རྒྱུད་ལ་ཉང་པོ་ཡིན་པར་འདོད་ཀྱང་དོན་དུ་དེ་ལྟར་མིན་པ་མ་ཟད་སྟོད་ཉང་པོ་དང་སྨད་ཀོང་པོའི་བར་དུའང་ལོང་པོ་ཞེས་པའི་ཡུལ་ཞིག་ཀྱང་ཡོད་དེ། 《ཉིང་ཁྲིའི་རི་ཆུའི་གནས་བཤད》(སྟོད་ཆ)ལས། “སྔར་གྱི་ལོ་རྒྱུས་ཐོག ཉང་ཆུའི་སྟོད་སྨད་བར་གསུམ་སྟེ། ཉང་པོ་དང་། ལོང་པོ། ཀོང་པོ་གསུམ་ཞེས་བརྗོད་ཅིང་། ཉང་ཆུའི་སྟོད་རྒྱུད་དུ་ཉང་ཆུ་ཆེ་ཆུང་གཉིས་འབབ་ཅིང་། ཆུ་དེ་གཉིས་འདྲེས་མཚམས་ཀོང་པོ་རྒྱ་མདའ་ལ་མ་སླེབ་བར་ཉང་པོ་ཟེར་བ་དང་། དེ་ནས་ཞོ་ཁའི་བརྒྱུད་ནས་འབབ་པའི་ཆུ་ལ་ཐུག་མཚམས་བར་ལ་ལོང་པོ། ཉང་ཆུ་དང་ཞོ་ཁའི་ཆུ་ཆེན་འདྲེས་མཚམས་ནས་ཀོང་སྨད་རྒྱ་ལ་གྲོང་ཚོ་ཡན་ལ་ཀོང་པོ་ཞེས་བརྗོད།6 ཅེས་དེ་ལྟར་གསལ་བར་བཤད་འདུག་ལ། ཁ་ཅིག་གིས་རྒྱ་མདའ་ཀོང་པོ་ཡིན་དགོས་ཏེ་ཀོང་པོ་རྒྱ་མདའ་ཟེར་བའི་ཕྱིར་ཞེ་ན། དེ་ཉིད་ལས། “སྤྱི་ལོ་༡༩༡༠ལོའི་ཡས་མས་ཙམ་ནས་རྩེ་ལ་རྫོང་སྟེ་ཀོང་པོའི་སྤྱི་ཁྱབ་རྫོང་ཁོངས་ཀྱི་རྫོང་གི་གྲས་སུ་གཏོགས་པས། རྒྱ་མདའ་ཞེས་པའི་མདུན་དུ་ཀོང་པོ་སྦྱར་ཏེ་ཀོང་པོ་རྒྱ་མདའ་ཞེས་པའི་འབྲི་སྲོལ་བྱུང་།”7ཞེས་པས་རྒྱ་མདའ་ནི་ཉང་པོ་ཡིན་པ་དོན་གྱི་རྟོགས་ནུས་སོ། རྒྱ་མདའ་ཞེས་པའི་མིང་གི་ཐོགས་ཚུལ་ནི་ལུང་པ་བརྒྱ་ཡི་མདའ་རུ་གནས་པ་འམ་ཆགས་པས་བརྒྱ་མདའ་ཞེས་ཟེར་བར་གྲགས་ཀྱང་གནའ་བོའི་དཔེ་རྙིང་དུ་ཉང་པོ་འཁོད་པ་ལས་རྒྱ་མདའ་ཞེས་བྲིས་བཞག་པ་མེད་པར་སེམས། རྒྱ་མདའ་ཞེས་པའི་ས་གནས་འདི་ནི་རྒྱ་བོད་མི་རིགས་ཁག་དབར་གྱི་ཆབ་སྲིད་དང་། དམག་དོན། ཚོང་ལས། རིག་གནས་སོགས་འགྲོ་འོང་བྱེད་སའི་བོད་ཁུལ་གྱི་ལྷོ་ལམ་གྱི་བབས་ཚུགས་གལ་ཆེན་ཡིན་པའི་ལོ་རྒྱུས་ཡོད་ལ། ད་དུང《ཉིང་ཁྲིའི་ལོ་རྒྱུས་བྱུང་བ་བརྗོད་པ》ལས། “རྒྱ་མདའ་ཡི་རྒྱབ་ངོས་རི་ལ་བཅོལ། མིན་གོའི་སྐབས་སུ་ཐའེ་ཀྲའོ་ཧྥུའུ་ཞེས་པ་འདིར་བཙུགས། ཕྱིས་སུ་རྫོང་བསྒྱུར། བོད་ཀྱི་ཤར་ཕྱོགས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན། ཆིང་གི་ལུགས་ལྟར་སི་ཁྲོན་མཐའ་མཚམས་འབྱེད་སྲོལ་རྒྱུན་བསྲིངས་བྱས་པ་ལྟར་རྒྱ་མདའ་ནི་ཆེས་ནུབ་མཐར་འཛིན་ཞེས་བྱུང་། ཞེས་དང་དེས་ནས་འཆར་འགོད་འདི་གཞིར་བཟུང་ན་རྒྱ་མདའ་ནི་ཞི་ཁང་ཞིང་ཆེན་གྱི་ནུབ་མཐའི་རྫོང་གཅིག་ཡིན། རྒྱ་མདའ་ནི་ཁམས་བོད་ཀྱི་འགག་སྒོ་ཡིན། ཡུལ་མིའི་ནང་དུ་རྒྱ་རིགས་ནི་ཆེས་ཉུང་ཤོས་ཡིན། འདིར་སྡོད་རྒྱ་རིགས་ཕལ་མོ་ཆེ་ནི་ཚོང་ཁེ་ཆུང་ཆུང་བསྒྲུབས། ཞེས་དང་དེ་ན་ཐའེ་ཀྲའོ་བྱ་བའི་མིང་ནི་༡༩༡༢ལོར་རྒྱ་ཡིག་ཡིག་ཆར་ཐོག་མར་ཐོན་པ་དང་བོད་ཡིག་ཡིག་ཆའི་ནང་སྔར་བཞིན་རྒྱ་མདའ་ཞེས་འབོད། ཉང་ཆུའི་མཆེད་ཁུངས་ནི་རྒྱ་མདའི་བྱང་ངོས་ཀྱི་ཉང་པོ་ཁུལ་ཡིན་”8ཞེས་སོགས་ཀྱིས་ཁ་གསལ་ལ་གོ་བདེ་བའི་དོན་དག་མང་པོ་བསྟན་འདུག། འོན་ཀྱང་སྐལ་བཟང་མགྲིན་རྒྱན་གྱི་ཟུར་རྒྱན་དུ་“ཉང་ལུང་ཤིང་ནག་ནི་བྲག་གསུམ་ནང་།”9ཞེས་བྲག་གསུམ་ནང་དུ་ཡོད་པར་བཞེད་པ་ནི་མི་འཐད་པ་ཤུགས་ལས་རྟོགས།
གསུམ་པ། ཉང་ཡུལ་ཤིང་ནག་ད་ལྟའི་གནས་གང་ལ་ངོས་འཛིན་བྱེད་པ་ལ།
རྒྱ་མདའ་རྙིང་པའམ་ཐའེ་ཀྲའོ་ནས་ཡར་ཉང་ཕུ་ཤང་ལ་ཕྱིན་ན། བྲག་དཀར་ལྷ་ཆུ་ཞེས་པའི་གནས་རི་ཞིག་ཡོད་པ་དེ་ནི་གནས་ཆེན་ཙ་རི་དང་ཁྱད་པར་མེད་ཟེར་ལ་བྲག་དང་བྲག་ཕུག་ཆུ་མིག་བདུད་རྩི་སྣ་ལྔ་དང་། ཁ་འབབ་ཆུ་བཞི། ཆུ་མིག་བརྒྱད་ཅུ། དུས་དྲུག་ཚད་ཡོད་དུ་འབབ་པའི་ཚེ་ཆུ། དེ་བཞིན་རང་འབྱུང་བཀའ་རྟགས་སོགས་ཤིན་ཏུ་ངོ་མཚར་ལྡན་པ་དུ་མ་ཡོད་ལ་གནས་འདི་ལ་རོང་སྐོར་བར་སྐོར་རྩེ་སྐོར་གསུམ་རྒྱག་སྲོལ་ཡོད་ཅིང་། གནས་ཡིག་དང་ལོ་རྒྱུས་ནི་སློབ་དཔོན་རིན་པོ་ཆེ་ལ་ཡེ་ཤེས་མཚོ་རྒྱལ་གྱིས་ཞུས་པའི་གནས་ཀྱི་དཀར་ཆགས་རྙིང་པ་རལ་སྐྱོན་ཤོར་བ་ཞིག་དང་བྲག་དཀར་དགོན་གྱི་བླ་མ་ཆོས་དབྱིངས་འོད་ཟེར་གྱི་གནས་ཡིག་ལས་བཏུས་པའི་མཁའ་སྤྱོད་གནས་བགྲོད་སྨོན་ལམ་སོགས་ཡོད་པར་གྲགས་ལ་རྒྱ་ཤོད་མཆོག་ལྡན་རྡོ་རྗེའི་གཏེར་གནས་ཡིན་ཏེ《གཏེར་སྟོན་རྒྱ་རྩའི་རྣམ་ཐར》ལས། “ཨོ་རྒྱན་ཆེན་པོས་ལེན་མང་ལུང་བསྟན་པ་ལྟར་ཉང་པོ་བྲག་དཀར་ལྷ་ཆུ་ནས་རྫོགས་ཆེན་རྟ་མགྲིན་སྙིང་ཐིག་གི་ཆོས་སྐོར་རྣམས་སྤྱན་དྲངས།”10ཞེས་འཁོད་ཡོད་ལ། ད་ལྟ་ཉིང་ཁྲིའི་གནའ་ཤུལ་གནས་མཆོག་ཅེས་པའི་དེབ་དང་ཉིང་ཁྲིའི་རི་ཆུའི་གནས་བཤད་ཞེས་པའི་དེབ་སོགས་ཀྱི་ནང་དུ་གནས་བཤད་འགའ་ཞིག་འཁོད་ཡོད་པ་བཅས་སོ། །དོན་དངོས་ཐོག་གནས་ཆེན་འདི་ནི་གུ་རུ་རིན་པོ་ཆེ་བོན་ཡུལ་དུ་མ་བྱོན་གོང་གི་གཡུང་དྲུང་བོན་གྱི་འདུ་གནས་ཉང་ཡུལ་ཤིང་ནག་ཞེས་པ་དེ་ཡིན་པར་ངེས།
བཞི་པ། རྒྱུ་མཚན་དུ་མ་ལ་བརྟེན་ནས་སྒྲུབ་པ་གཤམ་གསལ།
༡ ཉང་ཡུལ་ཤིང་ནག་ཟེར་བ་ཉང་ཡུལ་ཞེས་པའི་ཡུལ་ནི་འདི་གར་ཡིན་པ་གོང་དུ་བཤད་ཟིན་ལ་ལོ་རྒྱུས་དུ་མར་བཤད་པའི་ཉང་དྭགས་ཀོང་གསུམ་དང་ཉང་ལོང་ཀོང་གསུམ་གྱི་ཡ་གྱལ་འདི་ག་རང་དུ་ངོས་འཛིན་དགོས།
༢ ཤིང་ནག་ཞེས་ཤིང་ནག་པོའམ་ཤིང་གི་ནགས་ཚལ་ཞིག་གཉིས་གང་རུང་ལ་ངོས་འཛིན་དགོས་པས་ཉང་པོའི་ཡུལ་དུ་ཤིང་ནགས་ཡོད་ཀྱང་འདི་ལས་ཁྱད་ཆོས་དང་གཞི་རྒྱ་ཆེ་བའི་ཤིང་ནགས་ཤིག་མེད་ལ་གནས་འདིར་ཤིང་སྣ་ཕུན་སུམ་ཚོགས་ལ་དཔངས་མཐུག་པོ་ཡོད་སྟེ《ཉིང་ཁྲིའི་རི་ཆུའི་གནས་བཤད》(སྟོད་ཆ)ལས། “རི་དེར་ཤིང་སྣ་མང་བ་སྟེ་ཤུག་པ་དང་སུ་ལུ། བ་ལུ། འཁྲེས་པ། གླང་མ། སྟག་མ། སྤེན་མ། སེ་བ། སྐྱེར་པ་ལ་སོགས་པ་ཤིང་སྣ་མང་པོ་ཚང་ཚིང་དུ་འཁྲིགས་ཤིང་དྲི་བསུང་ལྷང་ལྷང་དུ་འཐུལ་བའི་གསེབ་ནས”11ཞེས་དང་“དེའི་ཆུ་རྒྱུད་དུ་ཤིན་ཏུ་ཆེ་བའི་ཤུག་པ་བརྒྱད་ཅུ་ཙམ་ཡོད་པ། དེ་ནི་རྒྱ་གར་གྲུབ་ཆེན་བརྒྱད་ཅུའི་རང་བྱོན་མཚོན་ཚུལ་ཙམ་ཡིན། མང་ཆེ་བ་བཅད་ཤོར་ཁ་ཤས་ད་ལྟ་བཞུགས་ཡོད།”12ཅེས་པས་གནས་འདིར་ཤིང་སྣ་མང་ལ་ལྷག་ཏུ་བྲག་དཀར་དགོན་པའི་འོག་དེར་དམིགས་བསལ་དུ་གྲུབ་ཆེན་བརྒྱད་ཅུའི་བླ་ཤིང་ཡིན་ཟེར་བའི་ཤུག་སྡོང་མང་པོ་ཡོད་ལ་དེ་འོག་འབུམ་ཆུང་དཀར་མོ་ཡོད་སར་ཤུག་སྡོང་མང་པོ་ཡོད་པ་མ་ཟད་ཤུག་སྡོང་དུ་མ་ཞིག་རིག་གསར་སྐབས་སུ་བཅད་པའི་ཤུལ་ཡང་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་འདུ་གནས་ཀྱི་མིང་ལ་ཉང་ཡུལ་ཤིང་ནག་ཡིན་ཞིང་ས་ཆ་འདི་ཉིད་ཤིང་ནགས་ཁུལ་ཆེན་པོ་ཡོད་པ།
༣ བྲག་དཀར་གནས་ནི་ད་ལྟ་ཆོས་ལུགས་གྲུབ་མཐའ་འགྱུར་བ་ཙམ་ལས་སྔར་བོན་གྱི་འདུ་གནས་དང་དེ་རྗེས་ཨོ་རྒྱན་ཆེན་པོས་གནས་སྒོ་ཕྱེས་པའི་གནས་རི་རྩ་ཆེན་ཞིག་ཡིན་པ་གསལ་ལ་དེང་དུས་ཡང་ཉང་པོ་ཁུལ་གྱི་གནས་མཆོག་གཙོ་བོ་གནས་འདི་ཡིན་པ།
༤ གནས་འདིར་བྲག་ཕུག་མང་པོ་ཡོད་ལ་འཆི་མེད་ཨ་ཡུ་ཕུག་ཅེས་འབོད་པའི་སྒྲུབ་ཕུག་ཅིག་ཡོད་པས་འཆི་མེད་ནི་ཚེ་ལ་དབང་བའི་རིག་འཛིན་དང་ཨ་ཡུ་ནི་མ་བཅོས་པའི་ཞང་སྐད་ཏེ་ཚེ་དབང་ལ་གོ་ཞིང་དོན་དུ་ཚེ་དབང་རིག་འཛིན་གྱི་སྒྲུབ་ཕུག་ཡིན་པ་བོན་དཔེ་ལྟ་རྟོགས་མཁན་ལ་གོ་བ་གསལ་ལྷང་ངེར་སྟེར་ནུས་པ།
༥ ད་དུང《ཉིང་ཁྲིའི་རི་ཆུའི་གནས་བཤད》(སྟོད་ཆ)ལས། “གནས་འདིའི་བྲག་དཀར་དགོན་ནི་སྔར་བོན་པོའི་དགོན་པ་ཞིག་ཡིན་པ་དང་། རྗེས་སློབ་དཔོན་རིན་པོ་ཆེས་ལོག་རྟོག་བོན་བསྟན་བསྣུབས་ཏེ་རྒྱལ་བསྟན་བཙུགས་ནས་རྙིང་དགོན་དུ་གྱུར། དེ་རྗེས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་མཆོད་རྟེན་བྱང་ཁ་ཞེས་པ་ཕྱག་བཏབ་ནས་དེར་གྲྭ་ཚང་དང་བྲག་དཀར་རང་དུ་རི་ཁྲོད་བྱས་ན་བཞུགས་པ་ཡིན།”13ཞེས་པས་སྔར་བོན་དགོན་ཡོད་པ་གང་ཞིག་སློབ་དཔོན་པདྨས་བོན་བསྟན་བསྣུབས་པ་དང་དགོན་པ་རྙིང་དགོན་དུ་ཞྭ་བསྒྱུར་མཛད་པའི་ལོ་རྒྱུས་ཡོད་པ།
༦ གནས་འདི་དང་ཐག་མི་རིང་བའི་སྨན་རི་སྟག་ཟམ་ཁའི་ཉེ་འགྲམ་གྱི་རི་ཟུར་འདིར་མྱང་ལྷ་བསམ་འགྲུབ་ཆགས་ཡོད་ཟེར། ཉང་ལྷ་ནི་རི་ཆེན་ཞིག་ཡོད་དགོས་ངེས་པས་འདིར་ཧ་ལམ་གནས་ཡོད་པའམ་མཆོད་ས་ཡིན་པའི་རྒྱུ་མཚན་ཡང་ཡིན་སྲིད། རྗེ་ཡི་མགུར་ལྷ་བཅུ་གསུམ་གྱི་ནང་ཚན་ལྷ་ཉང་ལྷའི་བོ་མོའམ་ཉང་ལྷ་ཕུ་དར་ཡུལ་འདིར་ཡོད་དགོས་ལ་དེ་ནི། 《ཏུན་ཧོང་ཡིག་རྙིང》ལས། “ཡུལ་མྱང་ཡུལ་ཤིང་ནག་ནའ། ལྷ་མྱང་ལྷའི་བོ་མོ། རྗེ་མྱང་བཙུན་རྒྱ་པོ། རྟ་མྱང་རྟ་ནག་བྲའ་དང་བརྒྱ་སྟོང་རེ་ཐམ་འབའ།”14ཞེས་དང་། 《སྲིད་པའི་ལྷ་རྒོད་དྲག་བདར》ལས། “ཡུལ་ནི་མྱང་ཡུལ་ཤིང་ནགས་ན། མྱང་ལྷ་ཕུ་དར་གཉན་པོ་ནི། ཞེས་དང་ཡང་མྱ་བཙན་གཉན་གྱི་ལྷ་རུ་ཆེ། དེ་རིང་གཤེན་རབ་བདག་གི་བདར།”15ཞེས་པ་ལུང་འདི་གཉིས་ཀྱི་ཉང་ཡུལ་ཤིང་ནག་འདིར་ཡོད་པ་གསལ་བར་བསྟན་པ་དང་རྗེ་ཡི་མགུལ་ལྷ་གཉན་པོ་དེ་འདིའི་ཡར་མར་ལ་ཡོད་པའམ་ཉང་ལྷ་བསམ་འགྲུབ་དང་དོན་གཅིག་ཡིན་པ་གང་རུང་དུ་ངེས་ལ། ཉང་ལྷ་བསམ་འགྲུབ་ལ་ཉང་ལྷའི་གསོལ་མཆོད་རྒྱས་བསྡུས་དང་བསང་མཆོད་བཤད་པ་ཤོད་རྒྱུན་འགའ་ཡོད་འདུག་ལ་བོན་གྱི་འདུ་གནས་སོ་བདུན་པོའི་ཕལ་ཆེ་བའི་ཉེ་འཁོར་དུ་རྗེ་ཡི་མགུལ་ལྷ་དང་ཡུལ་གྱི་གཞི་བདག་མིང་ཆེན་དག་ཡོད་ལ་དམིགས་བསལ་ཡུལ་གང་ཡིན་པ་དེའི་ཡུལ་ལྷ་མཆོད་གསོལ་བྱེད་ས་གཙོ་གནད་དེ་ཡང་དེ་གར་ཡོད་པ།
༧ 《མཛོད་སྒྲ་འགྲེལ》ལས། “དེ་ལྟར་འདུ་གནས་སུམ་ཅུ་རྩ་བདུན་ན། ས་རྟགས་སུམ་ཅུ་རྩ་བདུན། མཆོད་རྟེན་སུམ་ཅུ་རྩ་བདུན། བང་སོ་དུར་འཆད་སུམ་ཅུ་རྩ་བདུན་དུ་ཡོད་དོ། །”16ཞེས་འདུ་གནས་རེ་མཉམ་དུ་མཆོད་རྟེན་རེ་ཡོད་པར་གསུངས་ཡོད་པས། བྲག་དཀར་ལྷ་ཆུ་དང་སྨན་རི་སྟག་ཟམ་ཁའི་བར་དུ་འབུམ་ཆུང་དཀར་མོ་གྲགས་པའི་མཆོད་རྟེན་ཞིག་ཡོད་པ་དེ་ཡིན་ངེས་ལ། ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་ལས》“འབུམ་ཆུང་དཀར་མོ་ཞེས་པའི་མིང་ནི། བཤད་སྲོལ་ལ་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སོགས་པའི་མཁའ་འགྲོ་མ་དུ་མ་ཞབས་འཁོར་དུ་ཁྲིད་ནས་ཡུལ་དེར་གནས་སྒོ་ཕྱེ་བར་ཕེབས་སྐབས་གནམ་གྲུ་གསུམ་དང་། ས་གྲུ་གསུམ། ཆུ་གྲུ་གསུམ་ཡོད་པའི་ཡུལ་དེ་ལྟ་བུ་ནི་མི་ཕྱུགས་ཀུན་ལ་ནད་དང་གེགས་བར་གྱི་འཇིགས་པ་ཡོང་སླ་བར་གཟིགས་ནས་དེ་ཉིད་ཟློག་པའི་རྡོ་ཕ་བོང་ཞིག་གི་སྟེང་དུ་ཞབས་རྗེས་ཞིག་བཞག་པ་དང་འབུམ་པ་དཀར་པོ་ཞིག་བཞེངས་པས། མིང་ཡང་དེ་ལྟར་ཐོགས་པར་གྲགས།”17ཞེས་འཁོད་པ་ཡུལ་མིས་འདི་ཉིན་མོ་མི་དང་མཚན་མ་ལྷ་འདྲེས་སྐོར་ཡོད་ཟེར་སྲོལ་ཡོད་པའི་མདོར་ན་བན་བོན་ཕྱོགས་གཉིས་ཀའི་ལུང་ནས་གསལ་བའི་མཆོད་རྟེན་རྩ་ཆེན་ཞིག་ཡོད་པའོ། །
༨ གསང་སྔགས་རྫོང་འཕྲང་ལས་“ཉང་ཕུ་ཤིང་ནག”18ཞེས་ཡུལ་ཉང་ཕུ་ལ་གནས་ཤིག་ཡོད་པ་གསལ་བར་བསྟན་པ་སོགས་རྒྱུ་མཚན་ཆེན་པོ་བརྒྱད་ཀྱི་གནས་འདི་ཉིད་འདུ་གནས་ཉང་ཡུལ་ཤིང་ནག་ཡིན་པར་གྲུབ་བོ། །
ཁ་ཅིག་གིས་གནས་འདི་ན་བྲག་དཀར་གནས་ཟེར་བ་ལ་ཉང་ཡུལ་ཤིང་ནག་ཟེར་མི་འདུག་སོགས་ཟེར་ན། སློབ་དཔོན་གྱིས་བོད་ལ་ཆོས་གསར་དུ་སྤེལ་སྐབས་བྱ་བ་གསར་པ་མང་པོ་མཛད་དགོས་ལ་མིང་གསར་པ་མང་པོ་བཏགས་ཡོད། དེ་རྗེས་བོད་ཀྱི་གྲུབ་མཐའ་གསར་པ་རྣམ་པ་ཚོས་ཀྱང་ཆོས་དང་ཆབ་སྲིད་འཛིན་མཁན་ཚོས་སྐབས་བབ་དང་དགོས་པ་ལ་བརྟེན་ནས་དེ་ལྟ་བུའི་ཞྭ་བསྒྱུར་མིང་བསྒྱུར་དུ་མ་གནང་བ་བརྗོད་ཀྱི་མི་ལང་ལ་དམིགས་བསལ་གནས་འདི་ལའང་ཤིང་ནག་ཟེར་ན་གོ་རྒྱུ་མི་འདུག་ཟེར་ནས་གནས་རི་བྲག་དཀར་ཞིག་ཡོད་པས་བྲག་དཀར་གནས་ཞེས་བཏགས་པའང་ཡིན་སྲིད་པའོ། དེ་ལྟར་ན་རྒྱ་མདའ་མདའ་རྙིང་པ་མེད་བ་ཐལ། ད་ལྟ་ཐའེ་ཀྲའོ་ཟེར་བའི་ཕྱིར། དེར་ཐལ《ཉིང་ཁྲིའི་རི་ཆུའི་གནས་བཤད》(སྟོད་ཆ)ལས། “མིང་གོའི་ལོ་དང་པོ་སྟེ་སྤྱི་ལོ་༡༩༡༢ལོར་སི་ཁྲོན་བདག་སྐྱོང་དཔོན་སྣ་དབྱི་ཁྲང་ཧེང་གིས་ཞི་ཁང་ཞིང་ཆེན་འཛུགས་རྒྱུའི་འཆར་འགོད་ཀྱི་བསམ་འཆར་བཏོན་པ་དང་འཆར་འགོད་དེའི་ནང་རྒྱ་མདའ་ནི་ཐའེ་ཀྲའོ་ཞེས་པར་བསྒྱུར།”19ཞེས་བཀོད་པའི་ཕྱིར། ཁྱབ་པ་མཚུངས་སོ། །རྒྱ་མདའ་རྙིང་པར་གནའ་བོའི་ཤིང་སྡོང་དཀར་ནག་གཉིས་ཡོད་ལ་དེ་ཉིད་སྒྲོལ་མ་དང་སྤྱན་རས་གཟིགས་ཀྱི་བརྟེན་དང་བླ་ཤིང་ཡིན་ཟེར་བ་གེ་སར་ལྷ་ཁང་ཞེས་པའི་རྒྱ་ཡི་ཀོན་ཡུས་ལྷ་ཁང་སོགས་མཇལ་རྒྱུ་ཡོད།
མཇུག་བསྡུའི་གཏམ།
བྲག་དཀར་གནས་སམ་ཉང་ཡུལ་ཤིང་ནག་གི་གནས་རི་དང་སྒྲུབ་ཕུག་རང་འབྱུང་གཏེར་ཆུ་འབུམ་པ་ཤོད་སྲོལ་སོགས་དང་འབྲེལ་བའི་ལོ་རྒྱུས་འདི་ལྟར་འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་ནི། གནས་རྩ་ཆེན་དེ་དག་དད་མོས་ཅན་གྱི་གནས་མཇལ་དང་རི་ཆུ་ལ་ལྷ་ཀླུ་གནས་པའི་ལྟ་བ་ཙམ་མ་ཡིན་པར་སྲིད་གཞུང་རིམ་པའི་རིག་དངོས་མིང་གཞུང་དུ་ཚུད་པ་དང་རིག་གནས་རྒྱུད་འཛིན་ཐུབ་པ་ཡོང་རེ་ཆེ་བའི་དགོས་མཁོར་གཞིགས་ནས་ངོ་སྤྲོད་མདོར་བསྡུས་འདི་བྲིས་པས་མཁྱེན་ལྡན་རྣམས་ཀྱིས་དོ་སྣང་དགོངས་འཆར་དང་དབང་ཡོད་རྣམ་པས་རེ་དོན་རྒྱབ་སྐྱོར་ཡོང་བའི་རེ་བ་ཞུ་བ་ཡིན་པ་དེ་དོན་ཡོངས་སུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག།
དཔྱད་གཞིའི་མཆན།
1. ད་ལྟའི་གནས་ཡུལ། ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་ཞབས་ས་གྲོང་། རྫོང་ནས་སྤྱི་ལེ་༧༢དང་ཤང་ནས་སྤྱི་ལེ་༡༢ཙམ་ཡོད།
2. 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་ཆེན་གླིང་གྲགས》དྲན་པ་ནམ་མཁས་མཛད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། ༢༠༡༠ མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས༡༠༧ལས་གསལ།
3. 《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ》 དྲན་པ་ནམ་མཁས་མཛད། ༡༩༩༣ཝཱ་ཎ་གཡུང་དྲུང་བོན་གྱི་དགེ་སློབ་ཁང་། དེབ་གཟུགས་ཤོག་ངོས༢༡པར་གསལ།
4. 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ》 སྤ་སྟོན་བསྟན་རྒྱལ་བཟང་པོས་མཛད། ༢༠༡༠གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས༢༨༦པར་གསལ།
5. 《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན》 གཙང་ཚ་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད། ༡༩༨༨བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས༢༢༢ པར་གསལ།
6. 7. 《ཉིང་ཁྲིའི་རི་ཆུའི་གནས་བཤད》 སྟོད་ཆཉིང་ཁྲིའི་ས་ཁོངས་རིག་གནས་དཔེ་ཚོགས། ཕུར་བུ་རྡོ་རྗེ་སོགས་ཀྱིས་བསྒྲིགས། ༢༠༡༧བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས། ཤོག་ངོས༢༡༦པར་གསལ།
8. 《ཉིང་ཁྲིའི་ལོ་རྒྱུས་བྱུང་བ་བརྗོད་པ》 ཉིང་ཁྲིའི་དཔེ་ཚོགས་གོང་མཚུངས་ཤོག་ངོས༢༩༦ལ་གསལ།
9. སྐལ་བཟང་མགྲིན་རྒྱན་གོང་མཚུངས། ཤོག་ངོས༤༩༢ན་གསལ།
10. 《ཟབ་མོའི་གཏེར་དང་གཏེར་སྟོན་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལོ་རྒྱུས་བེཻཌཱུརྱའི་ཕྲེང་བ》 སློབ་དཔོན་པདྨ་འབྱུང་གནས་རྣམ་ཐར་དཔེ་ཚོགས། ཀོང་སྤྲུལ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་མཛད། ༢༠༠༧ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་གཟུགས་ཤོག་ངོས༡༥༣པར་གསལ།
11. 12. 13. 《ཉིང་ཁྲིའི་རི་ཆུའི་གནས་བཤད》 གོང་མཚུངས་ཤོག་ངོས༢༢༣དང་༢༢༥དང་༢༣༦ལས་གསལ།
14. 《ཏུན་ཧོང་ཡིག་རྙིང》འཕྲུལ་དེབ། p1060, 0087པར་གསལ།
15. 《སྲིད་པའི་ལྷ་རྒོད་དྲག་བདར》 དཔེ་རྙིང་བྲིས་མ་སྣ་ཐུང་། ཤོག་ངོས༡༢པར་གསལ།
16. 《བདེན་པ་བོན་གྱི་མཛོད་སྒྲ་འགྲེལ》 གོང་མཚུངས་དེབ་གཟུགས་ཤོག་ངོས༢༡པར་གསལ།
17. 《ཉིང་ཁྲིའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》 ཉིང་ཁྲིའི་རིག་གནས་དཔེ་ཚོགས་གོང་མཚུངས་ཤོག་ངོས༡༤༥པར་གསལ།
18. 《མན་ངག་གནད་ཀྱི་རྫོང་འཕྲང་ཀུན་གསལ་ཉི་འོད་རྒྱན》 འཕྲུལ་དེབ༤༤པ་ན་གསལ།
19. 《ཉིང་ཁྲིའི་ལོ་རྒྱུས་བྱུང་བ་བརྗོད་པ》 གོང་མཚུངས་དེབ་གཟུགས་ཤོག་ངོས༢༩༦པར་གསལ།
གཡུང་དྲུང་བོན་དང་འབྲེལ་བའི་ལོ་དེབ《མུ་ཁྲི་བཙན་པོ》སྤྱིའི་དེབ་གྲངས14པའི་སྟེང་བཀོད།