ཨ་དཀར་ལུགས་ཀྱི་ཉོན་སྒྲིབ་བསྒྱུར་བའི་ས་མཚམས་ལ་དཔྱད་པ།

[ཟླ་ཚེས། 2021-10-04 09:26:47][རྩོམ་པ་པོ། ཁྲོ་ཉི་མ་བསྟན་འཕེལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

     ནང་དོན་གནད་བསྡུས། བདུན་པ་སྔགས་ཨ་དཀར་བ་དང་དེའི་བསྒྱུར་བྱའི་སྒྲིབ་པ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ཡོད། སྒྱུར་བྱེད་ཀྱི་ལམ་ལ་ཡང་ཚོགས་སྦྱོར་མཐོང་བསྒོམ་ཅི་རིགས་ཀྱི་སྒྱུར་བར་བྱེད་པ་འདོད་པ་དང་། མཐོང་བསྒོམ་གཉིས་ཀྱིས་བསྒྱུར་བ་འདོད་པ་སོགས་འདོད་སྟངས་དང་བཞེད་གཞུང་མི་མཐུན་པ་དུ་མ་འདུག་པའི་བློ་གཅིག་གིས་ཐམས་ཅད་ཁས་ལེན་བྱ་མི་བཏུབ་པས་ལུང་རིག་རྣམ་དག་གི་རྗེས་སུ་འབྲངས་ནས་སྐབས་འདིར་བརྗོད་བྱ་ནི། རིགས་ངེས་ཀྱི་དབང་དུ་བྱས་ནས་བཤད་པ་གཞིར་བཞག་སྟེ་ཉོན་སྒྲིབ་བསྒྱུར་བའི་ས་མཚམས་ས་བདུན་པ་ཡིན་པ་དང་། སྒྱུར་བྱེད་ཀྱི་ལམ་བསྒོམ་ལམ་ཡིན་པའི་རྣམ་བཞག་བརྗོད་ཡོད།
     བརྡ་ཆད་གཙོ་བོ། བདུན་པ་སྔགས་ཨ་དཀར་བ་དང། སྒྱུར་བྱེད་ལམ་དང་། བསྒྱུར་བྱའི་ཉོན་སྒྲིབ།

  དཔྱད་དོན་དང་པོ། སྤྱིར་ན་ཇི་སྲིད་འདུ་ཤེས་ཡོད་ཀྱི་བར་དུ་ཐེག་པ་ཡོད་པས་ཐེག་པའི་གྲངས་ལ་ཐུག་མཐའ་ཡང་མེད།1ཕྱི་ནང་གཉིས་དང་རྒྱུ་འབྲས་གཉིས་སོགས་ལྷོ་བྱང་དབུས་གསུམ་གྱི་ཐེག་པའི་རྣམ་བཞག་དུ་མ་ཡོད་ཀྱང་། སྐབས་འདིར་ལྷོ་གཏེར་འབྲས་བུ་ཐེག་པ་བདུན་པ་ཨ་དཀར་བའི་ཐེག་པའི་གོ་དོན་བཤད་ན། སྤྱིར་ཨ་དཀར་བའི་ཐེག་པ་ལ་འདོད་སྟངས་མི་མཐུན་པ་དུ་མ་ཞིག་ཡོད། སྔགས་ཕྱི་ནང་གཉིས་ཀར་ཁྱབ་པ་འདོད་པའི་ཨ་དཀར་བའི་ཐེག་པ་ནི་སྔགས་སྤྱི་ཡི་ཐེག་པ་དང་དོན་གཅིག་པ་ལྟ་བུར་ཆགས་ཡོད་མོད།2 མཁས་པ་ལ་ལས་ཆབ་དཀར་བའི་ཐེག་པ་སྔགས་ཀྱི་ཐེག་པ་དང་གནད་གཅིག་ཏུ་འདོད་པ་བྱུང་འདུག 3དེ་ནང་བཞིན་ཨ་དཀར་བའི་ཐེག་པ་ཡང་སྔགས་ཀྱི་ཐེག་པ་དང་དོན་གཅིག་པ་ལྟ་བུ་འདོད་དགོས་ཟེར་མཁན་འདུག་ཀྱང་། དེ་ནི་དོན་གྱི་གནད་སྟོར་བའི་རྒྱུ་རུ་འགྱུར་བ་ལས་དོན་ངོ་མས་གོ་བ་ལོན་མི་ཐུབ། བཤད་སྟངས་གཞན་ཞིག་ལ་ཆུ་དཀར་ཟེར་བའི་ས་ཆ་དེར་གཏན་ལ་ཕབ་པའི་གཞུང་ལ་ཆབ་དཀར་བའི་གཞུང་དང་། གཞུང་དེའི་བསྟན་དོན་གྱི་ཐེག་པ་ལ་ཆབ་དཀར་བའི་ཐེག་པར་གོ་དགོས་ཟེར་ནས་ཀུ་ཅོ་སྒྲོག་མཁན་ཡོད། སྤྱིར་ན་ཆབ་ཟེར་བའི་ཡིག་འབྲུ་འདི་འཇུག་ས་ཤིན་ཏུ་མང་། ཆབ་ནི་ཆུ་ཡི་ཞེ་ས་འཇུག་པའི་སྐབས་ཡོད། ཆུ་ནི་འབག་བཙོག་གི་དྲི་མས་མ་གོས་པའི་དྭགས་གཙང་ཞིག་ཡིན་པ་འགྲོ་བ་མི་ཡི་མཐུན་སྣང་དུ་གྲུབ་ཡོད། དེ་བཞིན་དུ་དཀོར་བདུན་ལྷུན་གྲུབ་ཀྱི་ལྟ་བ་དེ་དྲི་མས་ཡེ་ནས་མ་གོས་པའི་རང་བཞིན་གྱི་ཆ་ནས་དྲི་བྲལ་གྱི་དོན་དམ་ཞིག་ཡིན་པའི་རྒྱུ་མཚན་གྱིས། སྐབས་འདིར་ཆབ་དཀར་ནི་ལྟ་བ་བློ་འདས་ཆེན་པོའམ་དཀོར་བདུན་ལྷུན་གྲུབ་ལ་གཙོ་བོར་བཞག་ན་ཆོག ཆབ་དང་ཨ་ནི་ཐབས་འཁོར་བ་སྒྲོལ་བྱེད་དང་དཀར་ནི་འཁོར་བའི་སྐྱོན་དང་བྲལ་བའི་ཤེས་རབ་ཀྱི་ཆ་ལ་འཇོག་ན་སྐྱོན་མེད།4 དེ་ནས་ཆབ་དཀར་བའི་ཐེག་པ་ནི་སྔགས་ནང་མ་བའི་ཐེག་པ་རང་ལ་གོ་དགོས། རྒྱུ་མཚན་ནི། ཆབ་དཀར་བའི་ཐེག་པ་ལ་ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་ལ་ཞུགས་པའི་ལམ་ཡོད།5 སྔགས་ཕྱི་བ་དག་ལ་བསྐྱེད་རྫོགས་ཀྱི་ལམ་མེད།6 ཆབ་དཀར་བའི་གཞུང་ནི་བསྐྱེད་རྫོགས་གཙོ་བོ་བསྟན་པའི་གཞུང་ལ་གོ7 དེ་ནང་བཞིན་དུ་ཨ་དཀར་བའི་ཐེག་པ་ནི་སྔགས་ནང་མའི་ཐེག་པ་ལ་གོ རྒྱུ་མཚན། ཨ་ནི་ཐབས་འཁོར་བ་སྒྲོལ་བྱེད་དང་དཀར་ནི་ཤེས་རབ་བག་ཆགས་ཀྱི་སྐྱོན་དང་བྲལ་བ་ཞིག་ལ་གོ་བ་8མ་ཟད་ཐེག་པ་འདིས་སྣང་བ་ལྷ་དང་གཞལ་ཡས་སུ་རྟོགས།9 ལམ་བསྐྱེད་རྫོགས་གཉིས་ཀྱི་ནང་ནས་བསྐྱེད་རིམ་གྱི་ཉམས་ལེན་གཙོ་བོ་བྱེད་པ་ཞིག་ཡིན།10 ཐབས་ཤེས་གཉིས་ལས་ཐབས་ཀྱི་ཉམས་ལེན་གཙོ་བོར་བྱེད་པ་ཞིག་ཀྱང་ཡིན་11པས། ཐབས་ཀྱི་ཉམས་ལེན་གཙོ་བོ་བྱེད་པའི་སྔགས་ཀྱི་ཐེག་པ་ནི་བདུན་པ་ཨ་དཀར་བའི་ཐེག་པ་ལས་གཞན་གོ་ས་དང་ནོར་ས་མེད་ཟེར་ན་ཆོག རྒྱུ་མཚན། ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་ལས།12 ཐབས་བསྐྱེད་པའི་རིམ་པ་ཉམས་ལེན་གཙོ་བོ་བྱེད་པའི་སྔགས་ཀྱི་ཐེག་པ་ནི་བདུན་པ་ཨ་དཀར་བའི་ཐེག་པའི་དོན་ཡིན་ཟེར་ན་མི་ཆོག་རྒྱུ་མེད།13 མདོར་ན་བདུན་པ་ཨ་དཀར་བའི་ཐེག་པ་ནི་དངོས་བསྐྱེད་པའི་ཐེག་པ་རང་ལ་གོ་དགོས་པ་ལུང་རིགས་རྣམ་དག་དུ་མས་གྲུབ། ཨ་དཀར་གྱི་ཐེག་པ་ནི་དངོས་བསྐྱེད་པའི་ཐེག་པ་ལས་གཞན་ཞིག་གོ་དགོས་སྙམ་པ་དང་། གོ་བ་གཞན་ཞིག་ལེན་ཅི་ཐུབ་བྱེད་པ་དེ་ནི་ངལ་བ་དོན་མེད་ཀྱི་རྒྱུ་རུ་འགྱུར་བ་ལས། གྲུབ་འབྲས་གཡུར་དུ་ཐོན་པ་ཞིག་མེད་པ་སྨོས་ག་ལ་དགོས། རྒྱུ་མཚན་ནི་བདུན་པ་ཨ་དཀར་བའི་ཐེག་པའི་གཞུང་གི་བབ་དང་ཐེག་པས་འདོད་ཚུལ་གཉིས་ཀ་གང་ལ་མཚོན་ན་དངོས་བསྐྱེད་པའི་ཐེག་པ་རང་ལ་གོ་དགོས་ཟེར་ནས་སྐད་གསེང་མཐོན་པོའི་ཐོག་ནས་བཤད་ཐུབ།

  དཔྱད་དོན་གཉིས་པ། སྤྱིར་ན་ཐར་ལམ་ནི་བདག་མེད་རྟོགས་པའི་མཁྱེན་པའི་ཡོན་ཏན་གྱི་ཆ་ནས་འཇོག་དགོས་པ་ཡིན། 14བདག་མེད་ནི་ཐེག་པ་རེ་རེའི་འདོད་སྟངས་མཐུན་དང་མི་མཐུན་པའི་རྣམ་བཞག་དུ་མ་ཡོད་ཀྱང་། འདིར་སྔགས་ཨ་དཀར་བའི་འདོད་པའི་ཐར་ལམ་ཅུང་ཟད་བཤད་ན། ཐེག་པ་འདིའི་ལུགས་ཀྱི་ཐར་ལམ་ནི་ཐབས་བསྐྱེད་པའི་རིམ་པ་དང་ཤེས་རབ་རྫོགས་པའི་རིམ་པ་གཉིས་ཟུང་འཇུག་གི་ཚུལ་དུ་ཕྱིན་བྱེད་ཀྱི་མཁྱེན་རྟོགས་སམ།15མ་དག་པའི་སྣང་ཞེན་དག་པར་སྒྱུར་བར་བྱེད་པའི་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་ཞིག་ལ་བཞག་ན་འགྲིག་སྙམ། དེ་ལ་སྤྲོས་ན་ཚོགས་ལམ་དང་སྦྱོར་ལམ་མཐོང་ལམ་བསྒོམ་ལམ་སོགས་ཡོད་ཀྱང་དེ་དག་རེ་རེ་ནས་བཤད་ན་ཚིག་གི་སྤྲོས་པ་མང་ནས་དོན་གྱི་ཨ་ཏི་སྟོར་བས་དོན་གནད་ཐོག་ཏུ་དབབ་མི་ཐུབ་པས་སྐབས་སུ་བརྗོད་བྱ་སྒྱུར་བྱེད་ལམ་གྱི་སྟེང་ནས་བཤད་ན། ཉོན་སྒྲིབ་སྒྱུར་བྱེད་ཀྱི་ལམ་མཐོང་ལམ་འདོད་པ་དང་བསྒོམ་ལམ་གྱིས་བསྒྱུར་བ་འདོད་པ་གཉིས་ཡོད། ཐེག་པ་འདིའི་ལུགས་ཀྱི་མཐོང་ལམ་གྱི་ཚད་ནི་རྒྱལ་བའི་དཀྱིལ་འཁོར་རང་མཚན་མངོན་སུམ་གསར་དུ་རྟོགས་པའི་ཁྱད་པར་དུ་ཕྱེས་པའི་ཐབས་ཤེས་ཟུང་འཇུག་གི་ཕྱིན་པར་བྱེད་པ་ཞིག་ལ་འཇོག་ན་ཆོག་སྙམ།16མཐོང་ལམ་རང་རྒྱུད་ལ་སྐྱེས་དུས་ཉོན་སྒྲིབ་ཡེ་ཤེས་ངོ་བོར་འགྱུར་བ་འདོད་པའི་ལུགས་ནི་མི་སྒེར་བ་རེ་གཉིས་ཀྱི་འདོད་སྟངས་ཙམ་མིན། ཡོངས་འཛིན་བསྟན་འཛིན་རྣམ་དག་དང་17ཏྲེ་སྟོན་རྒྱལ་མཚན་དཔལ་དང་18བླ་ཆེན་དྲན་པ་ནམ་མཁའ་དང་19བཀའ་ཁྲོ་བོ་རྒྱུད་དྲུག་20སོགས་བཀའ་དང་བཀའ་རྟེན་གཉིས་ལས་ཚིག་གི་ལམ་ནས་དེ་ལྟར་བསྟན་ཡོད་མོད། དོན་གྱི་གོ་བ་དེ་ཡིན་མིན་དཔྱད་བྱ་ཞིག་སྙམ། དེའི་རྗེས་འབྲང་མང་ཙམ་གྱིས་ཉོན་སྒྲིབ་བསྒྱུར་བའི་ས་མཚམས་ས་དང་པོ་ཡིན་པ་དང་སྒྱུར་བྱེད་ཀྱི་ལམ་མཐོང་ལམ་ཡིན་པའི་སྒྲུབ་བྱེད་དང་ཐ་ཚིག་མང་དག་བཀོད་ནས་འདོད་མཁན་བྱུང་འདུག འོན་ཀྱང་ཐོས་ཐོས་བོན་དུ་གྱེར་ན་ལྷམ་དཔེར་ཞྭ་ལ་འགེལ་པ་ལྟ་བུར་འགྱུར་ཉེན་ཆེ། དེའི་ཕྱིར། འདོད་སྟངས་དེ་དག་རྒྱབ་ཏུ་དོར་ནས་སྒྲུབ་བྱེད་བཙན་པའི་བཀའ་ལུང་དུ་མ་ཞིག་ལ་གཞི་བཅོལ་ཏེ་སྒྱུར་བྱེད་ཀྱི་ལམ་བསྒོམ་ལམ་ཡིན་པ་དང་བསྒྱུར་བའི་ས་མཚམས་ས་བདུན་པ་ཡིན་པའི་རྣམ་བཞག་བསྟན། ཐེག་པ་འདིའི་ལུགས་ཀྱི་བསྒོམ་ལམ་གྱི་ངོ་བོ་ནི་《ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲྭ་བ་》ལས་21གཞན་གཞུང་ཞིག་གི་ནང་དུ་གསུངས་པ་དེ་སྔར་ཁོ་བོས་མ་མཇལ། མ་མཐོང་ཕྱིར་ན་མེད་མི་སྲིད་པས་དེ་ལས་གཞན་མེད་ཟེར་ན་དཀའ། གང་ལྟར་རིག་གཞུང་དག་ལ་ཡང་ནས་ཡང་དུ་བརྟགས་ཤིང་དཔྱད་དུས་བསྒོམ་ལམ་གྱི་དོན་གང་འདྲ་ཞིག་ལ་འཇོག་དགོས་མིན་ཤེས་སྲིད། སོ་སོའི་བློ་ལ་གོ་བདེ་ཞིང་བཀའ་གཞུང་དང་མཐུན་པའི་ཚད་ཞིག་བཞག་ན་རྒྱལ་བའི་དཀྱིལ་འཁོར་རང་མཚན་ལ་འདྲིས་པའི་ཁྱད་པར་དུ་ཕྱེས་པའི་ཐབས་ཤེས་ཟུང་འཇུག་གི་ཕྱིན་པར་བྱེད་པ་ཞིག་ལ་འཇོག་ན་འགྲིག་སྙམ། རྒྱུ་མཚན་ནི་《ལམ་མངོན་སངས་རྒྱས་པའི་རྒྱུད་》ལས་22མཐོང་ལམ་བསྟན་སྐབས་ཀྱི་ལུང་ཚིག་དེའི་ཤུགས་ལས་གོ་ཐུབ། འོ་ན་ཉོན་སྒྲིབ་སྒྱུར་བྱེད་ཀྱི་ལམ་བསྒོམ་ལམ་ཡིན་པའི་རྒྱུ་མཚན་ཅི་ཡོད་ཟེར་ན། རྒྱུ་མཚན་ཤིན་ཏུ་མང་། འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་《རྩ་རྒྱུད་གསང་བ་བསེན་ཐུབ་ཀྱི་འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན་》23ལས་རིག་འཛིན་ཐར་བའི་ལམ་བརྒྱད་བཤད་པའི་སྐབས་སུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཐར་བའི་ལམ་ནི་མ་མཐའ་ས་ལྔ་དང་ཡ་མཐའ་ས་བདུན་པའི་རྟོགས་པ་སྐྱེས་པ་ནས་བཞག་དགོས་པ་མ་ཟད། རིག་འཛིན་དེའི་ཐུན་མིན་གྱི་བསྒྱུར་བྱ་དེ་ཡང་བདུད་ཀྱི་ཆུ་བཞིའི་སྡུག་བསྔལ་དེ་བཞག་དགོས་པ་གཞུང་དེ་ལས་གསལ།24《མན་ངག་གནད་ཀྱི་རྫོང་འཕྲང་》ལས་25ས་ལྔ་བ་དང་དྲུག་པ་བདུན་པའི་སྐབས་སུ་རིག་འཛིན་བརྒྱད་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོ་བདེ་ཆེན་རྫོགས་པའི་རིག་འཛིན་ཐོབ་པ་དང་། བསྒྱུར་བྱར་བདུད་ཀྱི་ཆུ་བཞིའི་སྡུག་བསྔལ་ཡིན་པ་གཞུང་དེ་ལས་ཀྱང་གསལ་བོ་བསྟན་ཡོད།26 ད་རུང་《མདོ་གཟེར་མིག་གི་ལེའུ་བཅུ་བཞི་པ་》ལས་27ས་འམ་གནམ་རིམ་པ་རེ་རེའི་སྐབས་སུ་སྤང་བྱ་རེ་རེ་ངོས་བཟུང་ནས་གསལ་བ་བསྟན་ཡོད་པར་མ་ཚད། གནམ་རིམ་པ་བདུན་པའི་སྐབས་སུ་བདུད་ཀྱི་ཆུ་བཞི་སྤོངས་པ་གསུངས་ཡོད། སྤྱིར་ན་གཞུང་ལུགས་འདི་ནི་ཐེག་པའམ་གྲུབ་མཐའ་གང་གི་གཞུང་ཡིན་མིན་རྩོད་གཞི་ཆེ་བའི་གཞུང་ཞིག་ཡིན། མཁས་གྲུབ་དག་གི་འདོད་སྟངས་མི་མཐུན་པ་འདོད་པ་དུ་མ་ཞིག་ཡོད། མཚན་ཉིད་ཐེག་པའི་གཞུང་ཡིན་པ་འདོད་པ་དང་།28སྔགས་སྤྱོད་རྒྱུད་པའི་གཞུང་དུ་29འདོད་པ།30མཐོ་ཐོག་སྤྱི་རྒྱུག་གི་གཞུང་དུ་འདོད་པ།31སྒོ་བཞི་མཛོད་ལྔ་ཀའི་བརྗོད་བྱ་ཚང་བར་འདོད་པ་32སོགས་ཤིན་ཏུ་འདོད་པ་མང་ཡང་། ཁོ་བོས་ཕྱི་མའི་འདོད་སྟངས་ཤིན་ཏུ་འཐད་པར་སེམས། རྒྱུ་མཚན་ནི་ལུང་ཚིག་རེ་འགའ་ནི་མདོ་དང་མཐུན་པ་དང་། ཡང་ལུང་ཚིག་རེ་འགའ་ནི་སྔགས་ཕྱི་བའི་འདོད་སྟངས་དང་མཐུན་པ། རེ་འགའ་ནི་སྔགས་ནང་མའི་འདོད་སྟངས་དང་མཐུན་པ་རེ་འགའ་རྫོགས་ཆེན་དང་མཐུན་པ་གསུངས་འདུག དེ་བས་གཞུང་དེའི་ནང་དུ་དབང་དང་སྒོ་དབྱེའི་འཕྲིན་ལས་སོགས་ཀྱི་སྐབས་སུ་ཆབ་དཀར་བའི་ལྟ་སྤྱོད་དང་མཐུན་པ་བསྟན་ཡོད། 33དབང་གི་སྐབས་སུ་གནམ་རིམ་པ་བདུན་པའི་དུས་སུ་བདུད་ཀྱི་ཆུ་བཞི་སྤངས་པ་གསུངས་པ་དེས། ས་བདུན་པ་ནི་ཉོན་སྒྲིབ་བསྒྱུར་བའི་ས་མཚམས་ཡིན་པར་སྒྲུབ་ཐུབ། སྔགས་འདིའི་ལུགས་ལ་ས་བཅུའི་རྣམ་བཞག་མེད་པ་སྨྲ་མཁན་དག་གིས་བསྒོམ་ལམ་གྱི་རྣམ་བཞག་གང་ཞིག་གི་སྟེང་ནས་འཇོག་དགོས་མིན་མི་ཤེས་པས་དཀའ་བའི་ལས་སུ་གྱུར་འདུག དེ་དག་ནི་ཉེ་འདོད་རིང་དུ་སོང་བས་དོན་གྱི་གོ་བ་གཏིང་ནས་འཆོར་བའི་རྒྱུ་རུ་གྱུར། ཐེག་པ་འདི་ལ་ལམ་ལྔ་དང་ས་བཅུའི་རྣམ་བཞག་ཚིག་དོན་གཉིས་ཀྱི་སྟེང་ནས་བསྟན་ཡོད། མཐར་ཐུག་གི་འབྲས་བུ་ནི་ཕར་ཕྱིན་བཅུ་ཡི་ཉམས་ལེན་གྱི་ལག་རྗེས་ལ་བརྟེན་ནས་གྲུབ་པ་གསུངས་ཡོད། 34བླ་མེད་རྫོགས་པ་ཆེན་པོས་རང་ལུགས་ཁྱད་པར་དུ་བཏོན་ནས་གཞན་ཐེག་པ་བརྒྱད་པོ་དགག་པའི་སྐབས་སུ་ཡང་།35ཡེ་གཤེན་མན་ཆད་ས་དང་ལམ་གྱི་རིམ་པ་ཡོད་པར་བསྟན་ཡོད། ད་དུང་བསྒོམ་ལམ་ནི་ས་གཉིས་པ་ནས་བཅུ་བའི་བར་དུ་སྦྱར་བ་གསུངས36་ཡོད་པས།37ས་བཅུའི་རྣམ་བཞག་མེད་པར་སྨྲ་བ་གླེན་པའི་ཨུ་ཚུགས་ལས་མ་འདས། ས་བཅུ་ནི་ཕར་ཕྱིན་བཅུ་ཡི་ཉམས་ལེན་དང་འབྲེལ་ནས་བཞག་དགོས་པ་བཀའ་དང་38བཀའ་བརྟེན་39གཉིས་ལས་གསལ་བོར་བསྟན་ཡོད། ཕར་ཕྱིན་བཅུ་ནི་ཐེག་པ་མདོ་ཡི་ལུགས་ཀྱི་ཕར་ཕྱིན་བཅུ་དང་མིང་དང་རྣམ་གྲངས་སོགས་འདྲ་ཡང་དོན་གྱི་གོ་བ་མཚུངས་མིན་དཔྱད་དགོས། རྒྱུ་མཚན་ནི་མདོ་ཡི་ལུགས་ཀྱི་ས་བཅུའི་རྣམ་བཞག་བསྟན་པའི་སྐབས་སུ་ཁུངས་བཅོལ་སའི་བཀའ་ནི་གཙོ་བོ་《མདོ་གཟེར་མིག་ལེའུ་བཅུ་བཞི་པ་》ལ་40བཅོལ་ཡོད་ཀྱང་། དེ་ནི་མདོ་གཞུང་ཁོ་ན་མིན་པར་གོང་ནས་བཤད་ཚར། ལྷག་ཏུ་བཤད་དགོས་པར་ཞིག་ལ་མདོ་ཡི་ལེའུ་བཅུ་བཞི་པ་ལས་གསུངས་པའི་ས་བཅུའི་རྣམ་བཞག་དབང་གི་སྐབས་སུ་བསྟན་ཡོད་པས། དབང་དང་སྒོ་དབྱེ་སོགས་ནི་ཆབ་དཀར་བའི་ལྟ་སྤྱོད་དང་མཐུན་པའི་འཕྲིན་ལས་ཡིན་པར་《ཀློང་རྒྱས་ཀྱི་འགྲེལ་བ་ལེགས་བཤད་ཉི་མའི་རྒྱན་》ལས་41གསུངས་ཡོད། མདོ་ལུགས་ཀྱི་ཕར་ཕྱིན་བཅུ་ནི་སྒྲིབ་པ་རེ་རེ་སྤོང་པའི་སྤངས་ཆ་ནས་བཞག་དགོས། 42 ཐེག་པ་འདིའི་ལུགས་ཀྱི་ལྟ་བ་ནི་བློ་འདས་ཆེན་པོ་ཡིན་པས། སྒྲིབ་པ་དག་ཆ་ནས་ཕར་ཕྱིན་བཅུ་བཤད་རྒྱུ་མེད་ཀྱང་། ལམ་ཞུགས་ཀྱི་གང་ཟག་རང་གིས་སྒྲིབ་པ་རེ་རེ་བསྒྱུར་བའི་རྒྱུ་མཚན་གྱིས། གང་ཟག་རང་ཉིད་རྟོགས་པ་མཐོ་རུ་སོང་ནས་གཞི་གནས་ཀྱི་རང་རིག་པའི་ཡེ་ཤེས་མཐོང་བར་ཉེ་རུ་འགྲོ་བའི་ཆ་ནས་འཇོག་དགོས་སྙམ།

  དཔྱད་དོན་གསུམ་པ། ཉོན་མོངས་པའི་སྒྲིབ་པའམ་ཉོན་སྒྲིབ་ནི་གང་ཟག་གི་བདག་འཛིན་དང་དེས་བཞག་པའི་བག་ཆགས་ཀྱི་སྒྲིབ་པའི་ཆ་ནས་གཙོ་བོར་འཇོག་དགོས།43ཉོན་མོངས་པའི་སྒྲིབ་པ་ནི་མཐོང་ལམ་གྱི་སྐབས་སུ་བསྒྱུར་དགོས་པར་འདོད་པ་ཡོད་པ་གོང་ནས་བཤད་ཚར་བས་བསྐྱར་ཟློས་མི་བྱ། 《ཁྲོ་བོ་རྒྱུད་དྲུག་》44ལས་མཐོང་ལམ་ཀྱི་སྐབས་སུ་ཉོན་མོངས་པའི་སྒྲིབ་པ་བསྒྱུར་དགོས་པ་གསུངས་པས། དེའི་ཉོན་མོངས་པའི་སྒྲིབ་པ་ནི་རང་དབང་མེད་པར་འཁོར་བ་སྐྱེ་བྱེད་ཀྱི་སྒྲིབ་པ་ལ་གོ་དགོས་པ་ལས།45 སྤྱིར་ཉོན་སྒྲིབ་ལ་གོ་དགོས་པའི་སྒྲུབ་བྱེད་ཆེན་པོ་མེད། མཐོང་ལམ་གྱི་སྐབས་སུ་རྣམ་སྨིན་རིག་འཛིན་དང་ཚེ་དབང་རིག་འཛིན་གཉིས་བཤད་ཡོད་མོད། དེ་གཉིས་རང་གི་སྤང་བྱ་ཉོན་མོངས་ཟག་པའི་དངོས་གཉེན་དང་གཞི་གཉེན་གཉིས་ཀྱི་སྟེང་ནས་བཞག་ཡོད།46 དེ་ལྟར་བཞག་དགོས་པའི་དོན་ནི་《གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད་》ལས།47 དབྱེ་བའི་ས་གཅིག་གསུངས་འདུག་པའི་རྒྱུ་མཚན་དུ་བྱས་ནས་བཞག་པ་ཞིག་རེད། དེའི་རྒྱུ་མཚན་དུ་བྱས་ནས་ཉོན་མོངས་པའི་སྒྲིབ་པ་མཐོང་ལམ་སྐབས་སུ་བསྒྱུར་བར་འདོད་པ་རེད། འོན་ཀྱང་ས་གཅིག་པའི་དོན་ནི་དེ་ཙམ་ཞིག་མ་རེད་བསམ།《གསང་སྔགས་རྒྱུད་དྲུག་གི་དོན་འགྲེལ་》48ལས་རིག་འཛིན་གཉིས་ཀ་ས་དང་པོའི་སྐབས་སུ་རིམ་གྱི་ཐོབ་དགོས་པའི་དོན་མིན་པར། བློ་སྟོབས་ཆེ་ཆུང་གི་དབང་དུ་བྱས་ནས་བློ་ནུས་ཆུང་བའི་རིགས་ལ་རྣམ་སྨིན་རིག་འཛིན་གྱི་ས་དང་པོར་ཐོབ་པ་དང་། བློ་སྟོབས་ཆེ་བའི་རིགས་ལ་ཚེ་དབང་རིག་འཛིན་ཐོབ་པར་བསྟན་ཡོད། དེ་ནང་བཞིན་དུ་《སྡེ་སྣོད་མཛོད་》ལས་49བསྟན་ཡོད་པས་དེ་བཞིན་དུ་གོ་བ་བླང་ན་སྟབས་བདེ་ལ་གཞུང་དང་མཐུན་པ་ཞིག་རེད་སྙམ། འོན་ཀྱང་བློ་གྲོས་ཀྱི་མིག་དང་ལྡན་པའི་སྐྱེས་བུ་དག་གིས་དཔྱད་དགོས། གོང་ནས་བཤད་པ་བཞིན་དུ་མཐོང་ལམ་གྱི་སྐབས་སུ་བསྒྱུར་བྱའི་ཉོན་མོངས་པའི་སྒྲིབ་པ་དང་ཉོན་སྒྲིབ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ཉོན་སྒྲིབ་ནི་ས་བདུན་པའི་སྐབས་སུ་བསྒྱུར་དགོས་པ་བཀའ་གཞུང་ལས་50གསལ་བོར་བསྟན་ཡོད། ད་དུང་ཐབས་དྲུག་ལམ་ཁྱེར་ནི་བསྒོམ་ལམ་ས་གཉིས་པ་ནས་བདུན་པའི་བར་དུ་སྦྱར་དགོས་པར་གསུངས་ཡོད།51དེའི་ནང་གསེས་གཉིད་པ་ལམ་ཁྱེར་ནི་ས་བདུན་པ་དང་སྦྱར་ཡོད། གཉིད་པ་ལམ་ཁྱེར་གྱི་སྐབས་སུ་ཉོན་སྒྲིབ་རྩ་བ་ནས་བསྒྱུར་དགོས་པ་《མ་རྒྱུད་ལམ་མངོན་སངས་རྒྱས་པའི་རྒྱུད་》ལས་གསལ་བོ་གསུངས་52ཡོད། གོང་དུ་བཤད་པའི་ས་བདུན་པ་མན་ཆད་ལ་བདུད་ཀྱི་ཆུ་བཞི་ཡོད་པའི་རྒྱུ་མཚན་གྱིས་ཉོན་སྒྲིབ་ཡོད་པར་གྲུབ་ཡོད། བདུད་ཀྱི་ཆུ་བཞི་ནི་གང་ལ་ངོས་འཛིན་ཟེར་ན་ལྷ་ཡི་བུ་ཡི་བདུད་དང་། འཆི་བདག་གི་བདུད་དང་། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་བཞི་ལ་ངོས་བཟུང་ན་འགྲིག53 བདུད་ཀྱི་ཆུ་བཞི་ནི་ཉོན་སྒྲིབ་ཡིན་པ་འགྲོ་མགོན་བློ་གྲོས་ཀྱི་《ས་ལམ་》54དང་《ཨ་དཀར་གསལ་བའི་ལུང་》55སོགས་ལས་གསལ་བོར་བསྟན་ཡོད། ལུང་རིགས་ཀྱི་སྟོབས་མ་རྒྱས་པའི་བློ་ཆུང་ཞིག་གིས་ཐེག་ཆེན་གྱི་འདོད་གཞུང་འདོད་སྟངས་སོགས་བཤད་ཀྱང་མི་ཐུབ་ལ་བཤད་ཀྱང་མི་འོས་མོད། ཐོས་བསམ་གང་འཚམ་བྱས་པའི་རྒྱུ་རྐྱེན་དང་ཐེག་ཆེན་གྱི་རིག་གཞུང་དག་ལ་མོས་འདུན་དྲག་ཏུ་འཁྱིལ་བའི་རྒྱུ་མཚན་དུ་བྱས་ནས། སོ་སོའི་བློ་ཡི་འདོད་སྟངས་ཙམ་མིན་པར་བཀའ་ལུང་མང་དག་ལ་བློ་སེམས་གཅིག་ཏུ་བསྒྲིལ་ནས་བསམ་བློ་ཞིབ་ཏུ་བཏང་སྟེ་ཚིག་གི་ངོ་གདོང་ཙམ་མིན་པར་དོན་གྱི་གནད་དང་གོ་ཕུགས་ལ་དཔྱད་པའི་ཉོན་མོངས་པའི་སྒྲིབ་པ་བསྒྱུར་བའི་ས་མཚམས། ས་བདུན་པ་ཡིན་པ་དང་། སྒྱུར་བྱེད་ཀྱི་ལམ་བསྒོམ་ལམ་ཡིན་པའི་རྣམ་བཞག་ཙམ་འདིར་བརྗོད་ཡོད། བློ་སྟོབས་རྒྱས་ཤིང་ལུང་རིག་གིས་ནར་སོན་པའི་གང་ཟག་དག་གིས་འཕྱ་སྨོད་བྱེད་སའི་གཞི་ལྟ་བུར་གྱུར་སྲིད་ཀྱང་། རང་ལས་བློ་དམན་པ་དང་བློ་མཉམ་པའི་སློབ་གཉེར་བ་དག་ལ་ཕན་པའི་རྒྱུ་རུ་མི་འགྱུར་བའི་ངེས་པར་མེད། ཅེས་གཡས་རུ་དབེན་ས་ཁ་གཉིས་པ་རུ་གྲགས་པའི་མདོ་སྨད་སྣང་ཞིག་དགོན་ཆེན་ནས་ཕྱི་ལོ༢༠༢༡ལོའི་ཟླ༧ ཚེས་༧ཉིན་ལ་ཁྲོ་ཉི་བསྟན་ནས་སྦྱར་རོ།།

  དཔྱད་གཞིའི་ཡིག་ཆ།
1《ཀུན་ཏུ་བཟང་པོ་མཉམ་པ་ཉིད་ཀྱི་རྒྱུད》ཁུ་ཚ་ཟླ་འོད་ཀྱི་གཏེར་མ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་གྲངས་བརྒྱ་དང་ཉེར་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།[ཤ117]གསལ།

2 ཀུན་མཁྱེན་ཉི་མ་བསྟན་འཛིན།《ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པ་མངོན་པ་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་ཉེར་གསུམ་པ། [ཤ177]གསལ།
3 ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག 《གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་གསུང་འབུམ་དེབ་གྲངས་བཅུ་བ། [ཤ6]གསལ།
4 བཀའ《མདོ་དྲི་མེད་གཟི་བརྗིད》བློ་ལྡན་སྙིང་པོའི་སྙན་རྒྱུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་དེབ་བཞི་པ།[ཤ14]
5 བཀའ《ཐུགས་ཀྱི་ཡང་གབ་ཉི་མའི་རྒྱུད》གུ་རུ་རྣོན་རྩེའི་གཏེར་མ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་གྲངས་བརྒྱ་དང་ཉེར་བདུན་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།[ཤ66]གསལ།
6 བཀའ《ཐེག་འགྲེལ་མེ་ལོང་དགུ་སྐོར》བན་དྷེ་མི་གསུམ་གྱི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་ཉི་ཤུ་པ། [ཤ81]གསལ།
7 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན《བསྟན་པ་བོན་གྱི་ཀླད་དོན་གྱི་རང་འགྲེལ》བོན་གྱི་གནའ་དཔེ་སྐོར།[ཤ53]གསལ།
8 འགྲོ་མགོན་བློ་གྲོས《འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་བཞི་པ། [ཤ288]གསལ།
9 བཀའ《རྩ་རྒྱུད་ཆེན་པོ་གསང་བ་བསེན་ཐུབ་ཀྱི་རྒྱུད》གྱེར་མི་ཉི་འོད་ཀྱི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་བཞི་པ།[ཤ48]གསལ།
10《མན་ངག་གནད་ཀྱི་རྫོང་འཕྲང》གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་བསྐྲུན་བྱས་པའི་དེབ་གྲངས་ང་གསུམ་པ། [ཤ74]གསལ།
11《སེམས་ལུང་གསལ་བའི་སྒྲོན་མེ》ཁྱུང་པོ་སྟེང་ཆེན་དགོན་གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་ནས་དཔར་སྐྲུན་བྱས། [ཤ48]གསལ།
12 འགྲོ་མགོན་བློ་གྲོས《འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་བཞི་པ། [ཤ283]གསལ།
13《མུ་མེད་བདལ་བའི་འགྲེལ་བ》གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་གྲངས་བརྒྱ་དང་སོ་དགུ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།[ཤ154]
14 འགྲོ་མགོན་བློ་གྲོས 《ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག》ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས། [ཤ96]གསལ།
15འགྲོ་མགོན་བློ་གྲོས《འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་བཞི་པ། [ཤ275]གསལ།
16 བཀའ《མ་རྒྱུད་ཐུགས་རྗེ་ཉི་མའི་ལམ་མངོན་སངས་རྒྱུས་པའི་རྒྱུད》གུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་དགུ་པ། [ཤ79]གསལ།
17 ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག《གཡུང་དྲུང་གསང་རྒྱུད་འབྱེད་པའི་ལྡེ་མིག》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ནས་ཁང་ནས་དཔེ་སྐྲུན་བྱས་པའི་གསུང་འབུམ་དེབ་གྲངས་བཅོ་ལྔ་བ། [ཤ411]
18 ཏྲེ་སྟོན་རྒྱལ་མཚན་དཔལ《བཀའ་ལུང་སྤྱི་ཡི་འགྲེལ་བ་བོན་སྒོ་གསལ་བྱེད》བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་དེབ་གྲངས་བདུན་པ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་།[ཤ50]གསལ།
19 བླ་ཆེན་དྲན་པ་ནམ་མཁའ《ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲྭ་བ》སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་གྲངས་ཞེ་ལྔ་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་སྐྲུན། [ཤ20]གསལ།
20 བཀའ《གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད》ཁུ་ཚ་ཟླ་འོད་ཀྱི་གཏེར་མ། མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐུན་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་དེབ་གྲངས་བཅུ་དྲུག་པ། [ཤ333]གསལ།
21 བླ་ཆེན་དྲན་པ་ནམ་མཁའ《ཀུན་འདུས་རིན་ཆེན་རྩ་རྒྱུད་ཀྱི་འགྲེལ་བ་ཉི་ཟེར་དྲྭ་བ》སྒོ་བཞི་མཛོད་ལྔའི་ཡང་བཅུད་དེབ་གྲངས་ཞེ་ལྔ་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན། [ཤ20]གསལ།
22 བཀའ《མ་རྒྱུད་ཐུགས་རྗེ་ཉི་མའི་ལམ་མངོན་སངས་རྒྱས་པའི་རྒྱུད》གུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་དགུ་པ། [ཤ79]གསལ།
23 འགྲོ་མགོན་བློ་གྲོས《འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་བཞི་པ། [ཤ354]གསལ།
24 འགྲོ་མགོན་བློ་གྲོས《འགྲེལ་བ་ཡིད་བཞིན་རྣམ་པར་བཀོད་པའི་རྒྱན》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་བཞི་པ།[ཤ354]གསལ།
25《མན་ངག་གནད་ཀྱི་རྫོང་འཕྲང》གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་བསྐྲུན་བྱས་པའི་དེབ་གྲངས་ང་གསུམ་པ།[ཤ151]གསལ།
26《མན་ངག་གནད་ཀྱི་རྫོང་འཕྲང》གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེས་དཔར་བསྐྲུན་བྱས་པའི་དེབ་གྲངས་ང་གསུམ་པ། [ཤ151]གསལ།
27 བཀའ《མདོ་གཟེར་མིག་གི་ལེའུ་བཅུ་བཞི་པ》དྲང་རྗེ་བཙུན་པ་གསེར་མིག་གི་གཏེར་མ། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་དེབ་གྲངས་གཉིས་པ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། [ཤ523]གསལ།
28 ཀུན་མཁྱེན་ཉི་མ་བསྟན་འཛིན།《ཤེས་རབ་ཀྱི་བླ་ན་མེད་པར་ཕྱིན་པར་མངོན་པ་རྟོགས་པའི་རྒྱན་ལས་སྐབས་དང་པོའི་རྣམ་བཤད་ཚིག་དོན་དཀའ་གནད་རབ་གསལ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་ཉེར་གསུམ་པ། [ཤ40]གསལ།
29 ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག《གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའ་འགྲེལ་གསལ་བྱེད》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་གསུང་འབུམ་དེབ་གྲངས་བཅུ་བ། [ཤ45]གསལ།
30 ཤར་རྫ་བཀྲ་ཤིས་རྒྱལ་མཚན《ལྷ་གཉེན་ཤེལ་སྒོང》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཤར་རྫའི་གསུང་འབུམ་ལས་དེབ་གྲངས་བཅུ་གསུམ་པ།[ཤ8]གསལ།
31 སྒ་སྟོན་ཚུལ་ཁྲིམས་རྒྱལ་མཚན《ཐེག་རིམ་གྱི་རྣམ་བཤད་གསལ་བའི་མེ་ལོང》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་ཉེར་གཅིག་པ།[ཤ213]གསལ།
32 བདུད་རྩི་རྒྱལ་མཚན《ཀློང་རྒྱས་ཀྱི་འགྲེལ་པ་ལེགས་བཤད་ཉི་མའི་རྒྱན》དེབ་གཟུགས་ཅན། [ཤ17]གསལ།
33 བདུད་རྩི་རྒྱལ་མཚན《ཀློང་རྒྱས་ཀྱི་འགྲེལ་པ་ལེགས་བཤད་ཉི་མའི་རྒྱན》དེབ་གཟུགས་ཅན།[ཤ18]གསལ།
34 བཀའ《ཀུན་བཟང་ཐུགས་རྒྱུད》གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་གྲངས་བརྒྱ་དང་ཞེ་གསུམ་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།[ཤ56]གསལ།
35《རྫོགས་ཆེན་ལུང་དྲུག་གི་འགྲེལ་བ》བཞོད་སྟོན་དངོས་གྲུབ་གྲགས་པའི་གཏེར་མ། སངས་རྒྱས་གཡུང་དྲུང་བོན་གྱི་དཔེ་ཚོགས་དེབ་གྲངས་བཅུ་གསུམ་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས།[ཤ218]གསལ།
36 རྒྱལ་གཤེན་མི་ལུས་བསམ་ལེགས《ཐབས་ལམ་འཁྱེར་གྱི་འགྲེལ་བ》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་དགུ་པ། [ཤ416]གསལ།
37 བཀའ《མ་རྒྱུད་ཐུགས་རྗེ་ཉི་མའི་གཞི་ཡེ་སངས་རྒྱུས་པའི་རྒྱུད》གུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་དགུ་པ། [ཤ41]གསལ།
38 བཀའ《མ་རྒྱུད་ཐུགས་རྗེ་ཉི་མའི་ལམ་མངོན་སངས་རྒྱས་པའི་རྒྱུད》གུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་དགུ་པ།[ཤ143]གསལ།
39 རྒྱལ་གཤེན་མི་ལུས་བསམ་ལེགས《མ་རྒྱུད་ཐུགས་རྗེ་ཉི་མའི་ལུང་གཞི་དབང་བཞི་ལྷུན་གྲུབ་ཀྱི་དབང་བྱང》གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་དགུ་པ། [ཤ309]གསལ།
40 འགྲོ་མགོན་བློ་གྲོས 《ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག》ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། [ཤ211]གསལ།
41 བདུད་རྩི་རྒྱལ་མཚན《ཀློང་རྒྱས་ཀྱི་འགྲེལ་པ་ལེགས་བཤད་ཉི་མའི་རྒྱན》དེབ་གཟུགས་ཅན།[ཤ18]གསལ།
42 འགྲོ་མགོན་བློ་གྲོས《ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག》ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། [ཤ215]གསལ།
43 ཤར་རྫ་བཀྲ་ཤིས་རྒྱལ་མཚན《དབྱིངས་རིག་མཛོད་སྨད་ཆ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཤར་རྫའི་གསུང་འབུམ་ལས་དེབ་གྲངས་བཅུ་གཅིག་པ། [ཤ29]གསལ།
44 བཀའ《ལྟ་བ་ཁྱུང་ཆེན་གཡུང་དྲུང་གསང་བའི་རྒྱུད》ཁུ་ཚ་ཟླ་འོད་ཀྱི་གཏེར་མ། མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་དེབ་གྲངས་བཅུ་དྲུག་པ།[ཤ26]གསལ།
45 ལྕང་ལུང་གཡུང་དྲུང་བསྟན་འཛིན《གསང་སྔགས་རྒྱུད་དྲུག་གི་དོན་འགྲེལ》དེབ་གཟུགས་ཅན། [ཤ112]གསལ།
46 ཡོངས་འཛིན་དཔོན་སློབ་བསྟན་འཛིན་རྣམ་དག 《གསང་བ་སྔགས་ཀྱི་རྣམ་པར་བཤད་པའི་མཆན་བཀའགྲེལ་གསལ་བྱེད》ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་ནས་དཔར་དུ་བསྐྲུན་པའི་གསུང་འབུམ་དེབ་གྲངས་བཅུ་བ། [ཤ209]གསལ།
47 བཀའ《གསང་བ་ཐབས་ཞགས་གཡུང་དྲུང་གསང་བའི་རྒྱུད》ཁུ་ཚ་ཟླ་འོད་ཀྱི་གཏེར་མ། མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐུན་པའི་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་དེབ་གྲངས་བཅུ་དྲུག་པ།[ཤ331]གསལ།
48 ལྕང་ལུང་གཡུང་དྲུང་བསྟན་འཛིན《གསང་སྔགས་རྒྱུད་དྲུག་གི་དོན་འགྲེལ》དེབ་གཟུགས་ཅན། [ཤ114]གསལ།
49 ཤར་རྫ་བཀྲ་ཤིས་རྒྱལ་མཚན《སྡེ་སྣོད་མཛོད་སྨད་ཆ》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔར་དུ་བསྐྲུན་པའི་ཤར་རྫའི་གསུང་འབུམ་ལས་དེབ་གྲངས་བརྒྱད་པ། [ཤ170]གསལ།
50 བཀའ《མདོ་གཟེར་མིག་གི་ལེའུ་བཅུ་དྲུག་པ》དྲང་རྗེ་བཙུན་པ་གསེར་མིག་གི་གཏེར་མ། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་དེབ་གྲངས་གཉིས་པ། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། [ཤ577]གསལ།
51 བཀའ《མ་རྒྱུད་ཐུགས་རྗེ་ཉི་མའི་གཞི་ཡེ་སངས་རྒྱུས་པའི་རྒྱུད》གུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་་དགུ་པ། [ཤ32]གསལ།
52 བཀའ《མ་རྒྱུད་ཐུགས་རྗེ་ཉི་མའི་གཞི་ཡེ་སངས་རྒྱས་པའི་རྒྱུད》གུ་རུ་རྣོན་རྩེའི་གཏེར་མ། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དཔེ་ཚོགས་དེབ་གྲངས་བཅུ་དགུ་པ། [ཤ119]གསལ།
53 བཀའ《ཨ་དཀར་གསལ་བའི་ལུང》ཁུ་ཚ་ཟླ་འོད་ཀྱི་གཏེར་མ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་གྲངས་བརྒྱ་དང་ཉེར་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།[ཤ292]གསལ།
54 འགྲོ་མགོན་བློ་གྲོས 《ཐེག་པ་ཆེན་པོ་ས་དང་ལམ་གྱི་རིམ་པ་རིན་པོ་ཆེ་འཕྲུལ་གྱི་ལྡེ་མིག》ཡུན་ནན་རིག་གནས་སྒྱུ་རྩལ་དཔེ་སྐྲུན་ཁང་ནས་དཔར་བསྐྲུན་བྱས། [ཤ174]གསལ།
55 བཀའ《ཨ་དཀར་གསལ་བའི་ལུང》ཁུ་ཚ་ཟླ་འོད་ཀྱི་གཏེར་མ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་དེབ་གྲངས་བརྒྱ་དང་ཉེར་དྲུག་པ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།[ཤ292]གསལ།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།