བོད་ཀྱི་ཡི་གེའི་བྱུང་རིམ་སྐོར་ལ་དཔྱད་པ།
[ཟླ་ཚེས། 2021-10-03 22:56:03][རྩོམ་པ་པོ། བློན་ཚང་བསྟན་ཁོ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
བོད་ཀྱི་ཡི་གེའི་བྱུང་རིམ་སྐོར་ལ་དཔྱད་པ།
ནང་དོན་གནད་བསྡུས། བོད་ཀྱི་ཡི་གེ་སྤྱི་དང་ཁྱད་པར་དུ་ཞང་ཞུང་གི་ཡི་གེ་དེ་དག་བསྐལ་བ་ཡ་ཐོག་ཏུ་དར་ཡོད་མེད་དང་། གལ་སྲིད་ཡོད་ན་སྐབས་དེའི་ཡི་གེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་པ་དང་། བསྟན་པ་སྔ་དར་སྐབས་སུ་རྒྱལ་གཤེན་གང་མང་གི་རིང་དུ་སྤྱད་ཡོད་པ་ལུང་ཚིག་དག་གིས་ཟིན་པའི་བདེན་དཔང་ངོས་བཟུང་བ།དོན་དམ་པར་བོད་ཀྱི་ཡི་གེ་འདི་ནི་ཞང་ཞུང་གི་ཡི་གེ་ལས་བྱུང་བ་ཡིན་པ་ར་སྤྲོད་པ་བཅས་སོ། །
བརྡ་ཆད་གཙོ་བོ། ཡིག་འབྲུ་ཁྲི་དང་འབུམ་གཉིས། ཞང་ཞུང་གི་ཡི་གེ། བོད་ཀྱི་ཡི་གེ། ཏུན་ཧོང་།
དེས་ན་དང་པོ་འདིར་ཞང་ཞུང་དང་བོད་ཀྱི་ཡི་གེའི་སྐོར་ནས་བཤད་པ་ལ་ས་བཅད་དམ་རིགས་ཚན་མི་འདྲ་བ་ཁག་གསུམ་དུ་བགོས་ཡོད། གཅིག བོད་ཀྱི་ཡི་གེ་སྤྱིའི་འཕེལ་རིམ་དང་། བོད་ཀྱི་དཔྱད་གཞིར་འོས་པའི་དེབ་ཐེར་དང་ཆོས་འབྱུང་ཁག་ཏུ་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པའི་ལུང་ཚིག་ལ་དཔྱད་པ་དང་། གཉིས། འཕྲུལ་ཡིག་བཞི་བཅུ་གང་ལས་བྱུང་བའི་དཔའ་བོ་འབྲུ་ལྔ་དང་ཡིག་འབྲུ་ཁྲི་དང་འབུམ་དེ་ཡང་སྙིང་གང་འདྲ་ཞིག་ལ་ངོས་འཛིན་པ། གསུམ། ཁྱད་པར་དུ་སྟོན་པ་གཤེན་རབ་ཀྱིས་མཛད་པའི་འཕྲུལ་ཡིག་བཞི་བཅུ་དཔའ་བོ་འབྲུ་ལྔ་ལས་སྟག་གཟིག་དང་ཞང་ཞུང་སོགས་ཀྱི་ཡི་གེའི་འཕེལ་རིམ་ལ་རགས་ཙམ་དཔྱད་པ།
ཞང་ཞུང་དང་བོད་ཀྱི་ཡི་གེས་བརྗོད་བྱ་གང་ཞིག་བསྟན་པའི་སྐབས་སུ་སྐབས་ཀྱི་བརྗོད་བྱ་དེའི་ཐོབ་ཐང་དང་མཐོ་དམན་ལ་དབྱེ་བ་མེད་པར་ཡིག་འབྲུ་གཅིག་གིས་དོན་མང་པོ་བསྟན་ཐུབ་པ་དེ་ཞང་ཞུང་དང་བོད་ཀྱི་ཡི་གེ་ལ་ཡོད་པའི་ཁྱད་བོན་གཅིག་དང་། དེ་སྤྱོད་མཁན་གྱི་གང་ཟག་གི་ངོས་ནས་བལྟས་ཚེ། དཔེར་ན་ཧོར་ཡིག་ལ་ཆ་མཚོན་ནས་བཤད་པ་ཡིན་ན་ཧོར་ཡིག་གི་གཞི་རྩའི་ཐོབ་ཐང་ནི་རྒྱལ་པོ་དང་བློན་པོ། བླ་མ་དང་སྤྱི་གཞུང་ལས་སྤྱོད་རྒྱུ་མ་གཏོགས་སྤྱིར་བཏང་གི་གང་ཟག་སྒེར་རམ་མི་སེར་དཀྱུས་མས་བེད་སྤྱོད་གཏོང་རྒྱུའི་ཐོབ་ཐང་དང་ཆོག་མཆན་མེད་པའི་བཤད་རྒྱུན་ཡོད་པ་དང་། དེ་དང་དེར་མཚུངས་སུ་རྒྱ་ནག་གི་ཡི་གེ་ལ་ཆ་མཚོན་ནས་བཤད་ན་རྒྱ་ནག་གི་ཐོག་མའི་གཟུགས་འགྱུར་ཡི་གེ་ནས་བཟུང་སྟེ་ད་བར་རྒྱ་ཡིག་གི་བར་ལ་ཡི་གེའི་གྲངས་ལ་ཚད་ངོས་བཟུང་མེད་པ་དེས། དཔེར་ན་བོད་ཡིག་དང་བསྡུར་ན་རྒྱ་ཡིག་གཅིག་གིས་ཅ་དངོས་ཉུང་ཙམ་ལས་མང་པོ་ལ་མིང་མཚོན་དུ་མེད་ལ་རིམ་བཞིན་དངོས་པོ་གསར་པ་ཐོན་པ་དང་ལྷན་དུ་རྒྱ་ཡིག་གི་གྲངས་ཀྱང་རིམ་གྱིས་འཕེལ་གྱིན་ཡོད་པ་དེས་རྒྱ་ཡིག་དེ་མ་གཞི་ནས་འཐུས་ཚང་མིན་པར་གསལ་བོ་མཚོན་ཐུབ། བཙན་པོའི་རྒྱལ་རབས་འཐོར་ནས་བོད་སིལ་བུའི་དུས་རབས་ཤིག་ཏུ་བཀའ་ཤག་སྲིད་གཞུང་ལ་བཀའ་ཤག་འཁྱུག་ཡིག་ཅེས་པའི་རྒྱལ་པོ་དང་ནང་བློན་དག་ལ་ཆེད་དུ་བཀའ་དང་ཁྲིམས་ལ་སོགས་གཏན་ལ་འབེབ་བྱེད་ཀྱི་ཡི་གེ་ཞིག་བྱུང་ཡོད་ཀྱང་། དེ་ནི་སྐབས་དེའི་ཡུལ་ལུང་ཆུང་ངུ་དང་དུས་ཡུན་ཐུང་ངུ་ཙམ་གྱི་རིང་ཡིན་པས་ན་སྐབས་ཀྱི་གནས་བབས་དེས་བོད་སྤྱིའི་ཤེས་རིག་དར་རྒུད་དང་ལུགས་སྲོལ་སོགས་མཚོན་མི་ཐུབ་སྙམ། དེ་བས་ང་ཚོ་ཞང་ཞུང་དང་བོད་ཀྱི་ཡི་གེ་དེ་དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ལུས་ཐོབ་མཁན་གང་དང་གང་ཡོད་པ་དེ་དག་གིས་བེད་སྤྱོད་གཏོང་ཆོག་མི་ཆོག་གི་སྐད་ཆ་མེད་པར་གང་ཟག་སྒེར་གྱི་ངོས་ནས་ཁེ་དབང་དང་ཐོབ་ཐང་འདྲ་མཉམ་ཡིན་ལ། ལྷག་པར་དུ་ཞང་ཞུང་དང་བོད་ཀྱི་ཡི་གེ་དེ་གྲངས་ཉུང་བས་བློར་འཛིན་སྟབས་བདེ་བ་དང་གཅིག གསལ་བྱེད་སུམ་ཅུའམ་ཡང་ན་འཕྲུལ་ཡིག་བཞི་བཅུ་འདི་ལས་ཞང་བོད་ཀྱི་ཤེས་བྱ་ཐམས་ཅད་སོ་སོར་ལོགས་སུ་བཀར་ནས་སྟབས་བདེ་བོའི་ངང་ནས་མཚོན་ཐུབ་པ་དེ་ཞང་ཞུང་དང་བོད་ཀྱི་ཡི་གེའི་ཁྱད་བོན་གཉིས་པ་དེ་རེད། བོད་བརྒྱུད་ནང་བསྟན་ཁྲོད་དུ་རྒྱ་གར་གྱི་ཡུལ་ལུང་གང་ལའང་དར་མ་མྱོང་བའི་ཆོ་ག་སྣ་ཚོགས་ཤིག་ཡོད་པ་དེ་གདོད་མའི་ཞང་ཞུང་གི་ཡུལ་དུ་དར་ཡོད་པ་དང་། ཞང་ཞུང་ནས་རིམ་བཞིན་ཞང་ཞུང་གི་ཡི་གེ་ལ་བརྟེན་ནས་རིམ་པར་བརྒྱུད་དེ་བོད་ཀྱི་སྟོད་སྨད་བར་གསུམ་དང་ཆོས་རྒྱུད་གྲུབ་མཐའ་ཁག་ཏུ་དར་རྒྱས་ཆེན་པོར་སོང་བ་དེ་ཞང་ཞུང་གི་ཡི་གེའི་བཀའ་དྲིན་དང་དེའི་ཁྱད་བོན་གསུམ་པ་དེ་རེད། རེབ་འདིར་བདག་གི་རྩོམ་ཡིག་དངོས་ལ་འཇུག་ནས་ཞུས་ན།《མ་རྒྱུད་ཐུགས་རྗེ་ཉི་མ་གཞི་ཡེ་སངས་རྒྱས་པའི་རྒྱུད》ལས”དབྱིངས་ཉིད་རྣམ་པར་དག་པའི་ཤོག་གུ་ལ། ཡེ་ཤེས་འོད་དུ་གསལ་བའི་སྙུ་གུས་ཀྱང་། མ་བྲིས་དོན་དམ་རང་བཞིན་དཔྱིས་ཕྱིན་བཀྲ། རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཏེ། ངེས་པའི་ཐོ་ཡིག་བཞི་བཅུ་དེ་ལྟར་བྱུང་།”སྟོན་པ་གཤེན་རབ་ཀྱིས་དཔའ་བོ་འབྲུ་ལྔ་ལ་བརྟེན་ནས་མཛད་པའི་1འཕྲུལ་ཡིག་བཞི་བཅུ་ཡིན་ལ། འཕྲུལ་ཡིག་བཞི་བཅུ་ལ་ད་ལྟའི་སྤྱི་ཚོགས་ཁྲོད་དུ་བཤད་སྟངས་མི་འདྲ་བའི་འདོད་ལུགས་དུ་མ་ཡོད་པ་ཡིན་ནོ། །
བོད་ཀྱི་ཡི་གེ་སྤྱི་བཤད་པ།
སྤྱིར་བོད་ཀྱི་ལོ་རྒྱུས་ཁྲོད་དུ་ཐག་པ་ལ་མདུད་པ་བརྒྱབ་ནས་ཕན་ཚུན་བར་ལ་བརྡ་སྟོན་པ་དང་། གནའ་བོའི་སྲུང་འཁོར་དང་ཕྱག་རྒྱ་དེ་མིན་ཡིག་རྙིང་ལ་སོགས་མང་པོ་ཞིག་གི་ཁྲོད་དུ་རྒྱ་ནག་གི་ཐོག་མའི་གཟུགས་འགྱུར་ཡི་གེ་དང་ཆ་འདྲ་བའི་རི་མོ་སྣ་ཚོགས་ཤིག་བྱུང་ཡོད་པ་དེས་ཀྱང་གནའ་བོའི་ཡབ་མེས་དག་གི་རིང་ལ་གསང་བའི་སྒོ་ནས་བརྡ་སྟོན་བྱེད་ཀྱི་ཡི་གེའི་ཚབ་མཚོན་ཞིག་མིན་ནམ་སྙམ། དེ་མིན་གཡུང་དྲུང་བོན་གྱི་བསྟན་པའི་དབུ་ཚུགས་པ་དང་ལྷན་དུ་སྟག་གཟིག་གི་ཡེ་གེ་2སྤུངས་སོ་ཆེ་ཆུང་གཉིས་དང་ཞང་ཞུང་གི་ཡི་གེ་སྨར་ཆེ་ཆུང་སོགས་ཀྱི་མཚོན་པའི་ཡིག་རིགས་མི་འདྲ་བ་ཁ་ཤས་དར་ཡོད་པ་རེད། དེ་མིན་སྤྱི་ལོ་དུས་རབས་བདུན་པའི་ནང་དུ་བོད་བཙན་པོའི་རྒྱལ་ཁབ་དབུ་བརྙེས་པ་དང་ལྷན་དུ་རྒྱལ་རབས་སུམ་ཅུ་སོ་གསུམ་པ་སྲོང་བཙན་གྱི་རིང་ལ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཞེས་པའི་ཆོས་བློན་ཞིག་བྱོན་ནས་དེས་རྒྱ་གར་གྱི་གུ་བྷ་ཏའི་ཡི་གེར་དཔེ་བླངས་ནས་བོད་ཀྱི་ཡི་གེ་གསར་དུ་བཟོས་པ་རེད་ཅེས། ཕྱིས་འབྱུང་གི་དེབ་ཐེར་ཁག་ཏུ་བཤད་ལུགས་མི་འདྲ་བའི་འདོད་སྟངས་ཁ་ཤས་བྱུང་དང་འབྱུང་བཞིན་པ་རེད། ཡིན་ནའང་ང་ཚོས་དོགས་གཞི་དང་བསམ་བློ་གཏོང་དགོས་པ་ཞིག་ལ་3ཕ་བོང་ཁའམ་སྐུ་མཁར་མ་རུ་ཞེས་པ་དེ་སྲོང་བཙན་གྱིས་ཆེད་དུ་ཆོས་བློན་ཐོན་མི་སམ་བྷོ་ཊ་ལ་བཞེངས་པའི་བོད་ཡིག་གསར་གཏོད་མཛད་གནས་དང་། རྗེ་བློན་ཀུན་གྱིས་ཡི་གེ་སློབ་འགོ་ཚུགས་སའི་ཕོ་བྲང་ཞིག་ཡིན་པར་གྲགས། གནས་དེ་ནས་ཐོན་མི་སམ་བྷོ་ཊ་རང་གིས་རྡོ་ལ་མ་ཎི་ཡིག་དྲུག་ཞིག་བརྐོས་ཏེ་རྟེན་འབྲེལ་གྱི་སླད་དུ་ཐོག་མར་རྒྱལ་པོ་ལ་གཟིགས་རྟེན་དུ་ཐོན་མིའི་ཡིག་ཕུད་ཅེས་པ་ཕུལ། ཡི་གེ་དེ་ད་བར་ཕ་བོང་ཁའི་རིག་གསུམ་ལྷ་ཁང་དུ་ཡོད་པར་གྲགས། བཤད་རྒྱུན་དེ་ཉིད་ཉེ་དུས་ཀྱི་དེབ་ཐེར་ཁག་ལས་བྱུང་བ་མ་གཏོགས་སྔོན་མའི་ཡིག་རྙིང་གི་ཁྲོད་དུ་མཇལ་རྒྱུ་མེད། དེ་ལའང་ཡང་དང་བསྐྱར་དུ་ང་ཚོས་གོམ་གང་མདུན་སྐྱོད་ཀྱི་ཚུལ་དུ་བསམ་བློ་གཏོང་དགོས་པའི་ཡུལ་རེད།
བསྟན་པ་སྔ་དར་སྐབས་སུ།
བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་དཔྱད་གཞིའི་ཡིག་ཆའི་ཚབ་མཚོན་རང་བཞིན་ཅན་གྱི་སྲིད་པ་སྤྱི་མདོས་དང་། རྒྱལ་རབས་གསལ་བའི་མེ་ལོང་། ཉང་རལ་ཆོས་འབྱུང་། མ་ཎི་བཀའ་འབུམ། ཐང་ཡིག་གསར་མ། ཏུན་ཧོང་ངམ་ལི་ཡུལ་ནས་ཐོན་པའི་ཡིག་ཆ། ཞང་ཞུང་གི་རྒྱལ་པོ་ལིག་མི་རྐྱའི་ཕྱག་ཐམ་སོགས་ལས་སྲོང་བཙན་ཡར་སྔོན་གྱི་དུས་རིམ་ཁག་དུ་མའི་རིང་དུ་བོད་ལ་ཡི་གེ་ཡོད་པར་དཔྱད་ནས་དུས་རབས་བདུན་པའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པར་ར་སྤྲོད་བྱེད་རྒྱུ།
དང་པོ་ཁམས་སྡེ་དགེ་ནས་རྙེད་པའི་སྲིད་པ་སྤྱི་མདོས་དང་། བལ་ཡུལ་དོལ་པོ་ནས་རྙེད་པའི་སྲིད་པ་སྤྱི་མདོས། མངའ་རིས་གུ་གེ་ནས་རྙེད་པའི་སྲིད་པ་སྤྱི་མདོས་དཔྱད་གཞིར་འོས་པའི་ཡིག་རྙིང་ཁག་གསུམ་ཡོད་པ་ད་བར་དེབ་གཟུགས་སུ་བསྐྲུན་པའི《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》ལས་4སྲིད་པ་སྤྱི་མདོས་ཀྱི་མཇུག་བྱང་དུ། “གཤེན་ཆེན་པོ་གཅེ་འོད་ནས་རིམ་པར་བརྒྱུད་པ། སངས་པོ་ཁྲི་ཁོན་བདག་གིས་ཡི་གེར་བཏབ་པ།”ཞེས་པའི་5གཅེ་འོད་ནི་གནམ་གྱི་ཁྲི་བདུན་ལས་བཞི་བ་སོ་ཁྲི་བཙན་པོའི་སྐུ་གཤེན་ཡིན་ལ། སངས་པོ་6ཁྲི་ཁོན་ནི་རྒྱལ་རབས་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་སྐུ་གཤེན་ར་སངས་ཁྲི་ན་ཁོད་ཅེས་པ་དེ་ཡིན་ནོ། །འདིས་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པའི་དཔང་རྟགས་བོན་གྱི་མདོས་རིགས་ཀྱི་ཆོ་ག《སྲིད་པ་སྤྱི་མདོས》ནས་གསལ་བ་ཡིན། ས་སྐྱ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི《རྒྱལ་རབས་གསལ་བའི་མེ་ལོང》ལས“རྒྱལ་བློན(སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས)འདི་གཉིས་ཀྱི་དུས་སུ་གཡུང་དྲུང་གི་བོན་བྱུང་སྟེ། སྟོན་པ་གཤེན་རབ་མི་བོ་ཆེ་བྱ་བ་སྟག་གཟིག་འོལ་མོ་ལུང་རིང་དུ་སྐུ་འཁྲུངས། ཁམས་ཆེན་པོ་བརྒྱད་ལ་སོགས་པ་བོན་པོའི་ཆོས་ཐམས་ཅད་ཞང་ཞུང་གི་ཡུལ་ནས་བསྒྱུར་ཏེ། དར་ཞིང་རྒྱས་པར་མཛད།”ཅེས་པའི་ཚིག་འདི་ལས་ཀྱང་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པར་བསྟན་ནུས་ཏེ། བོད་རྒྱལ་དགུ་པ་སྤུ་དེ་གུང་རྒྱལ་དང་རུ་ལས་སྐྱེས་ཞེས་པ་དེ་གཉིས་ལ་ཉེ་ཚན་གྱི་འབྲེལ་བ་ཡོད་པས་ལོ་ངམ་གྱིས་ཡབ་གྲི་གུམ་བཙན་པོ་བཀྲོངས་རྗེས་སྤུ་དེ་གུང་རྒྱལ་ཀོང་པོའི་ཡུལ་དུ་བྲོས་ནས་བློན་རུ་ལས་སྐྱེས་ཀྱི་རྒྱབ་སྐྱོར་ལ་རེ་དགོས་བྱུང་བའི་མི་སྣ་ཞིག་ཡིན་ནོ། །
ཉང་རལ་ཉི་མ་འོད་ཟེར་གྱི《ཆོས་འབྱུང་མེ་ཏོག་སྙིང་པོ》ལས“རྒྱལ་པོ་དེའི་སྲས་གནམ་རི་སྲོང་བཙན་ནོ། །དེ་ལ་བོན་པོ་ཤེས་རབ་ལྡེམས་པས། བོན་གསང་བ་སྡེ་བཞིའམ་ལྔ་སྩལ་ལོ། །”ཞེས་པའི་བོད་རྒྱལ་སོ་གཅིག་པ་སྟག་རི་གཉན་གཟིགས་ཀྱི་སྲས་གནམ་རི་སྲོང་བཙན་ལ་བོན་པོ་ཤེས་རབ་ལྡེམས་པ་ཟེར་བ་དེས་བོན་གསང་བ་སྡེ་བཞིའམ་ལྔ་སྩལ་བ་དེས་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པར་ཤེས་ཐུབ་བོ། །
《མ་ཎི་བཀའ་འབུམ》ནང་དུ“དེ་ནས་རྒྱལ་པོ་ཏོ་རེ་ལོང་བཙན། ཁྲི་བཙན་ནམ། ཁྲི་དགྲ་དཔུང་བཙན། ཁྲི་ཐོག་རྗེ་ཐོག་བཙན། ལྷ་ཐོ་ཐོ་རིའི་གཉན་བཙན་ཏེ་ལྔའོ། །རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེ་ན་བཞུགས་པའི་དུས་སུ། ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་གྱི་སྣ་ལ་རིན་པོ་ཆེའི་གའུ་ཁ་སྦྱར་གྱི་ནང་དུ། ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་ཅིག་དང་། བཀའ་རྟགས་ཀྱི་ཕྱག་རྒྱ་སླ་ང་ཙམ་ཅིག་དང་། གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བོད་ཡིག་ཏུ་བྲིས་པའི་མདོ་ཟ་མ་ཏོག་བཀོད་པ་དང་། སྤང་སྐོང་ཕྱག་བརྒྱ་པ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་མདོ་དང་། དགེ་བ་བཅུའི་མདོ་དང་བཅས་པ་བཅུག་ནས་ཉི་མའི་ཟེར་དང་འགྲོགས་ཏེ་ཕོ་བྲང་གི་སྟེང་དུ་བབས་པ་དང་།”ཞེས་བཞེད་ཡོད་པ་འདི་ལ་གཉན་པོ་གསང་བའང་ཟེར། མ་ཎི་བཀའ་འབུམ་ལ་མ་དཔེ་མི་འདྲ་བ་དུ་མ་ཡོད་པ་ལས་འདི་ནི་སྡེ་དགེའི་པར་ཁང་གི་ཤིང་དཔར་མ་ཡིག་ཅན་དེ་ཡིན་ནོ། །དེ་མིན《བཀའ་ཆེམས་ཀ་ཁོལ་མ》འི་ནང་དུ་འདིའི་སྐོར་ཡོད་ལ་རྒྱལ་པོའི་མཚན་ལ“ལྷ་ཐོ་ཐོ་རི་གཉན་ཤེལ”ཞེས་རྒྱལ་པོའི་མཚན་ཟུར་དུ་བཙན་དང་ཤེལ་གྱི་ཁྱད་པར་ལས་ནང་དོན་གཞན་དག་གོང་ལྟར་མཐུན་པས་ལུང་འདྲེན་མི་དགོས་སོ། །
ཐང་ཡིག་གསར་རྙིང་གཉིས་ཀའི་ནང་དུ་བོད་ཀྱིས་སྲིད་སྐྱོང་བ་ལ་ཡི་གེ་མེད་པར་བཞེད་ཡོད་ཀྱང་། འདིའི་སྲིད་སྐྱོང་བ་ལ་ཡི་གེ་མེད་ཅེས་པ་དེ་བསྟན་པ་ཕྱི་དར་གྱི་དབུ་ཚུགས་པ་དང་ལྷན་དུ་བྱུང་བའི་ཡི་གེ་ལ་གོ་བ་མ་གཏོགས། སྤྱིར་ཡི་གེ་མེད་པའི་དོན་མ་ཡིན་ཏེ། དཔེར་ན་7《ཐང་ཡིག་གསར་མ》འི་ནང་དུ“དཔོན་རྟགས་སུ། གཡུའི་ཡི་གེ་བླ་ན་མཐོ། གསེར་གྱི་ཡི་གེ་དེ་ལས་དམན། ཕྲ་མེན་དེ་ལས་དམན། དངུལ་དེ་ལས་ཀྱང་དམན། ཐ་མ་ཟངས་སུ་བྱེད་ཅིང་ཆེ་ཆུང་དབྱེ། དེ་རྣམས་དཔུང་བར་བཏགས་ཏེ་མཐོ་དམན་འབྱེད།”ཅེས་པ་འདིས། སྤུ་རྒྱལ་རིང་ནས་སྐུ་གཤེན་དང་ཕྱི་བློན་ནང་བློན་སོགས་ཀྱི་ཆེ་བ་དང་ཐོབ་ཐང་མཚོན་པའི་དཔང་རྟགས་ཤིག་ཡིན་པར་མཁས་དབང་8དུང་དཀར་ཚང་གིས་ཀྱང་གསུངས་ཡོད་ལ།《ཐང་ཡིག་གསར་མ》ལས“དེའི་རྗེས་སུ། བཙན་པོའི་མཚན་ལ་ཁྲི་ཐོག་རྗེ་བཙན་བྱ།”ཞེས་པའི་བཙན་པོ་ཁྲི་ཐོག་རྗེ་བཙན་དེའི་ཡར་སྔོན་གྱི་ཡུལ་སྲོལ་གོམས་གཤིས་བསྟན་པར་མཚོན། བཙན་པོ་ཁྲི་ཐོག་རྗེ་བཙན་ནི་བཙན་ལྔའི་ནང་ཚན་བོད་ཀྱི་རྒྱལ་རབས་ཉེར་བདུན་པ་དང་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ཡབ་ཡིན་ནོ། །འདིས་སྲོང་བཙན་ཡར་སྔོན་དུ་བོད་རྒྱལ་ཉེར་བདུན་པ་དང་ཉེར་བརྒྱད་པའི་རིང་དུ་བོད་ལ་ཡི་གེ་ཡོད་པར《མ་ཎི་བཀའ་འབུམ》དང《ཐང་ཡིག་གསར་མ》སོགས་ཀྱི་མཚོན་པའི་བན་དེའི་ལོ་རྒྱུས་ཁྲོད་ཀྱི་དཔྱད་གཞིའི་ཡིག་ཆ་ཁག་ཏུ་གསལ་བ་ཡིན་ནོ། །
ཏུན་ཧོང་ནས་ཐོན་པའི་ཡིག་ཆའི་ནང་དུ་སྲོང་བཙན་ཡར་སྔོན་དུ་བོད་ལ་ཡི་གེ་ཡོད་པའི་དཔང་རྟགས་ཤིག་ཡོད་པ་ནི། ཕོལ་ཕེ་ལེའུ་ཊེའི (PaulPelliot) ཡིག་ཆ་ཧྥ་རན་སིའི་རྒྱལ་གཉེར་དཔེ་མཛོད་ཁང་དུ་ཡོད་པའི་ཨང་རྟགས P1287, 0075 སུ་9 “ཁྲི་དོ་རེ་སྣང་ཚབ་ཀྱིས་བྱ་སྟེ། འཛངས་ཀྱི་ཚད་ནྀ། ཙང་བོད་ཀྱི་ཇོ་བོ་མར་མུན་བརླགས་ཏེ། དཀུའ་ཆེད་པོ་བློད་པའྀ་ཚེ། དེང་ཕོ་ཉ་ཞྀག་རིངས་པར་འོང་བ་སྙམ་གིས། ཕོ་ཉའི་ལན་མྱུར་དུ་བགྱི་འཚལ་ཞེས་མཆི་ནས། ཕོ་ཉའྀ་ལན་ཇི་ལ་མ་རག་པར་བྱས་པ་ལས། འུང་གི་རྗེས་ལའ། ཕོ་ཉ་མཆིས་ནས། གསོད་བྱ་མྱི་དགོས་པར། སྔར་སུག་ལས་བགྱིས་ལགས་སྟེ། འུང་ཙམ་མོ།”ཞེས་འདི་ལྟར་ཏུན་ཧོང་ཡིག་རྙིང་ལས་བྱུང་བ《བོད་བཙན་པོའི་རྒྱལ་རབས》སྟོད་ཆ། ཤོག་གྲངས་86-94 བར་དུ། ཀ༽མ་ཡིག་ངོ་འདྲ། ཁ༽མ་ཡིག་མཆན་ཅན། ག༽མ་ཡིག་གོ་བདེ་བཅས་རིམ་བཞིན་བཀོད་པ་དེར“སུག་ལས་བགྱིས”ཞེས་པའི“སུག་ལས”ནི་སྤྱིར་བཏང་དངོས་སུ་བྱེད་པའི་ལས་ཀའི་མིང་ལ་འཇུག་ལ། ཆབ་མདོ་བློ་བཟང་ཤེས་རབ་ཀྱི་འདོད་པ་ལྟར་ན། ཏུན་ཧོང་ཡིག་ཆའི་ནང་དུ་ཁྲི་དོ་རེ་སྣང་ཚབ་དང་10ཁྱུང་པོ་སྤུངས་སད་ཟུ་ཙེ་གཉིས་ཀྱི་འབྲེལ་བ་བསྟན་པའི་སྐབས་སུ“སུག་ལས་བགྱིས”ཞེས་པ་དེ་ནི་ཡི་གེ་བྲིས་པ་ཁོ་ན་རུ་གོ་བ་བླངས་ཡོད། ལྷག་པར་དུ་སུག་ལས་བགྱིས་ཞེས་པའི་སུག་ལས་ནི་ཡི་གེ་འབྲི་བ་ཙམ་དུ་མ་ཟད། གནའ་བོའི་དཔོན་རྒྱུད་ཀྱི་གཙོའི་པའི་ཕོ་བྲང་དང་བླ་བྲང་ཁག་གི་དྲུང་ཡིག་གིས་དངོས་སུ་རྒྱལ་པོ་དང་བླ་ཆེན་དག་གི་མདུན་ནས་བྲིས་པའི་ཡི་གེ་ལ་གོ་དགོས་པར་མཁས་པའི་ཞལ་རྒྱུན་དུ་ཡོད། འདིར་སུག་ལས་ཞེས་པ་དེ་ཡི་གེ་འབྲི་བའི་དོན་གསལ་བོ་ཞིག་ཏུ་གོ་བ་ལེན་ཆོག་པའི་རྒྱུ་མཚན་དེར་བརྟེན། འདིས་ཀྱང་སྲོང་བཙན་སྒམ་པོའི་ཡབ་གནམ་རི་སྲོང་བཙན་གྱི་སྐབས་སུ་ཡི་གེ་ཡོད་པར་རྟོགས་ཐུབ། དེ་མིན《ཏུན་ཧོང་ཡིག་རྙིང》དུ“མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོའི་མཚན་མར་ཡང་རྔུལ་གྱི་པུག་བུ་ཆུང་རྩལ་ཏོ། །”ཞེས་པ་འདི་ནི་འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་སྒྲིག་རྩོམ་མཛད་པའི་ཡིག་ཆའི་ནང་དུ་གསལ་ལ། ཆབ་མདོ་བློ་བཟང་ཤེས་རབ་ཀྱིས་དྲངས་པའི་ཏུན་ཧོང་ཡིག་ཆ་རུ“མྱང་ཞང་སྣང་བློན་པོར་བཅུག་ནས། བློན་པོ་འི་མཚན་མར་ཡང་རྔུལ་11(དངུལ)གྱི་སུག་བུ་ཆུང་སྩལ་ཏོ།”ཞེས་པའི“དངུལ་གྱི་སུག་བུ་ཆུང”ནི་དངུལ་གྱི་ཡི་གེ་ལ་གོ་དགོས་སྟེ། སྐབས་དེའི་མཆན་འགྲེལ་དུའང《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས“རྔུལ་གྱི་སུག་བུ་ཆུང་། དངུལ་གྱི་སུག་བུ་ཆུང་། དངུལ་ཡིག་ཆུང་ངུ་།”ཞེས་བྲིས་ཡོད་པར་བསྟན། འདིས་གནམ་རི་སྲོང་བཙན་གྱི་བློན་པོ་ཞང་སྣང་ལ་དངུལ་ཡིག་བསྩལ་བ་དེ་ནི་སྐབས་དེ་དུས་སུ་ཡི་གེ་ཡོད་པར་མཚོན་པའི་དཔང་རྟགས་གཉིས་པ་དེ་ཡིན་ནོ། །ཏུན་ཧོང་ཡིག་ཆ་དང་འབྲེལ་ནས་སྲོང་བཙན་སྐབས་སུ་བོད་ཡིག་ཐོན་མིས་བཟོས་པར་མིན་པའི་དོགས་སློང་ཞིག་ཡོད་པ་ནི། མི་ལོ་སྟོང་ཕྲག་གི་རིང་ལ་མིས་ལྷད་མ་ཞུགས་པའི་ཏུན་ཧོང་གི་ཡིག་རྙིང་ཁྲོད་དུ་བོད་བཙན་པོའི་དུས་རབས་ཀྱི་རྒྱལ་བློན་དང་སྐྱེས་ཆེན་ཕལ་ཆེ་བའི་མིང་དང་ལོ་རྒྱུས་གསལ་ལ། བཙན་པོའི་དུས་རབས་སུ་རྒྱལ་ཁབ་ཞིག་གི་ཤེས་རིག་དར་སྤེལ་གྱི་ཚབ་མཚོན་མི་སྣ་སྟེ་སློབ་དཔོན་ཐོན་མི་སམ་བྷོ་ཊའི་མིང་ཟུར་ཙམ་ཡང་མེད་པའི་རྒྱུ་མཚན་ཅི་ཞིག་ལ་ཐུག་སོང་བ་རེད། ཏུན་ཧོང་ཡིག་རྙིང་ཁྲོད་དུ་སློབ་དཔོན་ཐོན་མི་སམ་བྷོ་ཊའི་མཚན་ཙམ་ཡང་བྱུང་མེད་པར་བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཞལ་མཐུན་ལ། བདག་གིས་ཀྱང་འབྲི་གུང་སྐྱབས་མགོན་གྱིས་སྒྲིག་རྩོམ་གནང་བའི་ཏུན་ཧོང་ཡིག་རྙིང་ལས་བྱུང་བ། བོད་བཙན་པོའི་རྒྱལ་རབས། སྟོད་ཆ་དང་སྨད་ཆ་གཉིས་ཀ་བཀླགས་ཁུལ་བྱས་པ་ཡིན་མོད་དེ་དག་གི་ཁྲོད་དུ་སློབ་དཔོན་ཐོན་མི་སམ་བྷོ་ཊའི་མཚན་ཙམ་ཡང་མཐོང་མ་སོང་བས་དོན་དངོས་ཀྱི་གནས་བབས་འདི་དག་ལ་གཞིགས་ན་བོད་ཀྱི་ལོ་རྒྱུས་ཁྲོད་ན་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཞེས་པ་བྱུང་ཡོད་མེད་དེའང་ཐེ་ཚོམ་གྱི་གནས་སུ་གྱུར། དུས་རབས་དེའི་སྐབས་ཀྱི་གནས་བབས་གཞན་ཞིག་ཏུ་བསམ་བློ་གཏོང་སའི་གཞི་ཞིག་ཡོད་པ་དེ་ནི། དེང་སང་གི་མངའ་རིས་ས་ཁུལ་ནས་གངས་ཏི་སེའི་ལྷོ་ངོས་ནས་སེང་གེ་ཁ་བབས་ཀྱི་བཞུར་ཕྱོགས་སུ་སྒར་རྫོང་གི་ཁོངས་སུ་གཏོགས་པའི་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་པའི་མཁར་ཞིག་ཡོད་པ་དེ་རུ་དུས་རབས་བདུན་པའི་སྐབས་ཀྱི་ཞང་ཞུང་གི་རྒྱལ་པོ་མཐའ་མ་ལིག་མིན་རྐྱའི་རྒྱལ་ས་བཟུང་བར་གྲགས། རྒྱལ་པོ་དེའི་ཕྱག་ཐམ་ཞང་ཞུང་སྨར་ཆེན་གྱི་ཡིག་གཟུགས་ལས་གྲུབ་པའི་ཞང་སྐད་དུ“ཁ་ཚན་པ་ཤང་ལིག་ཞི་ར་ཙ།”བོད་སྐད་དུ“ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ།”ཞེས་པའི་12ཐམ་ཀ་དེ་དུས་རབས་མདུན་པའི་ནང་གི་དངོས་རྫས་ཤིག་ཡིན་པ་དེ་ཐམ་ཀའི་རྒྱུ་ཆ་དང་། ཐམ་ཀའི་ནང་གི་ཡི་གེའི་གཟུགས་རིས་ནང་དོན་སྐད་ལུགས་སོགས་སུ་བརྟག་ན་ཐམ་ཀ་དེ་ཆེས་མ་མཐའ་དུས་རབས་བདུན་པའི་སྔོན་གྱི་ཐམ་ཀ་ཡིན་པ་གསལ་བོ་ཤེས་ཐུབ་པས། བོད་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དཔྱད་གཞིའི་ཅ་དངོས་རྩ་ཆེན་ཞིག་ཏུ་བརྩིས་ནས་ཡོད།
ཡིག་འབྲུ་ཁྲི་དང་འབུམ་གཉིས་ཀྱི་སྐོར།
ཁྱད་པར་དུ་ཞང་ཞུང་གི་ཡི་གེ་འདི་དག་གི་མ་གཞི་འམ་ཐོག་མ་གང་ལས་འཕྲོས་ཞེ་ན《མདོ་གཟེར་མིག》ལས“སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི། སྣང་སྲིད་སིལ་བུར་མཆེད་པའི་རྒྱུ།”ཞེས་དང《མདོ་དྲི་མེད་གཟི་བརྗིད》ལས“ཐབས་ཀྱི་རྒྱལ་པོ་སངས་པོ་ཡི། ཡིག་འབྲུ་ཁྲི་དང་འབུམ་ཡོད་ན། དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱི། ཡིག་རྩིས་མ་བསླབས་རང་རྡོལ་ཤེས། གཤེན་རབ་སྟོན་པའི་བསྟན་པ་བཞིན། བསྟན་པ་བཞིན་དུ་ངེས་པར་གོ།”ཞེས་པའི་ལུང་ཚིག་འདི་གཉིས་ལས་རིམ་བཞིན་འཕྲུལ་ཡིག་བཞི་བཅུའི་བྱུང་ཁུངས་ནི་ཡིག་འབྲུ་ཁྲི་དང་འབུམ་ཡོད་པ་དེས་རྒྱུ་རྐྱེན་བྱས་ཏེ་བྱུང་བ་ཡིན་པར་ངེས་ལ། སྐབས་དེའི་ཡིག་འབྲུ་ཁྲི་དང་འབུམ་ཡོད་པ་དེ་གང་ཟག་གིས་རྩོལ་བ་ལ་བརྟེན་མི་དགོས་པར་རང་བཞིན་གྱིས་ཤེས་འགྲོ་བར་བསྟན། སྐབས་དེའི་ཡིག་འབྲུ་ཁྲི་དང་འབུམ་ནི་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་སངས་པོ་འབུམ་ཁྲིའི་ཐབས་ལས་བྱུང་བར་བཞེད་ལ། སྲིད་པ་ཡེ་སངས་ཀྱི་ཡུལ་ནི་གནས་གང་ཞིག་ཏུ་ངོས་འཛིན་ཞེ་ན། མཁས་དབང་མཁར་རྨེའུ་བསམ་གཏན་གྱི《མདའ་འཕང》ལས“དེའི་ཚེ་ན་འོལ་མོ་ལུང་རིང་ནི་མཁའ་དབྱིངས་སུ་འཕགས་ནས་བོན་གྱི་ལྷ་ཡི་ཞིང་ཁམས་གཞན་ཞིག་ཏུ་ཐིམས་འགྲོ་ཞེས་གསུངས། ལྷ་ཡི་ཞིང་ཁམས་དེའི་མིང་དུ་སྲིད་པ་ཡེ་སངས་ཀྱི་ཡུལ་ཞེས་ཟེར་བ་ཡིན།”ཞེས་པའི་སྲིད་པ་ཡེ་སངས་ཀྱི་ཡུལ་དེ་འོལ་མོ་ལུང་རིང་ལས་སྟོན་པ་གཤེན་རབ་སྐུ་སྐྱེ་བ་བཞེས་པའི་གནས་རྟག་གཟིགས་འོལ་མོ་ལུང་རིང་ལ་གོ་དགོས་ཏེ་སྟོན་པ་མཆོག་སྐུ་སྐྱེ་བ་བཞེས་པར་གཟིགས་ཚད་ལྔ་དང་དགོངས་ཚད་ལྔ་བསྟན་པའི་སྐབས་སུ《མདོ་དྲི་མེད་གཟི་བརྗིད》ལས“གནས་མཆོག་དམ་པ་འོལ་མོ་གླིང་ཆེན་ནི། དབལ་སོ་གངས་ཀྱི་ར་བ་དང་བཅས་ནས། བསྐལ་པ་ཆགས་གནས་འཇིག་སྟོངས་བྱུང་ཡང་། ནམ་མཁའི་དབྱིངས་སུ་འཕགས་ནས། འཇིག་བྲལ་མེད་པར་གནས་པས་ན། བསྟན་པ་ཆགས་པའི་ཡུལ་ལ་དགོངས་པའོ། །”གནས་འདི་ནི་སེམས་ཅན་སྤྱི་མཐུན་ལ་སྣང་བའི་གནས་ཤིག་མིན་ཏེ་བླ་ཆེན་དྲན་པ་ནམ་མཁས་མཛད་པའི《བསྒྲགས་པ་རིན་ཆེན་གླིང་གྲགས》ལས“འཛམ་བུ་གླིང་གི་དབུས་དཀྱིལ། ཐད་ཀྱི་ནམ་མཁའ་ལ་གངས་ཏི་ཙེ་ཡོད། དེའི་ཤར་ན་མཚོ་མ་པང་ཡོད། དེ་གཉིས་ནམ་མཁའ་ལ་ཡོད། དེ་ཡང་གངས་ཏི་ཙེའི་རྩ་བ། ཨར་མོ་ལི་ཀའི་རྡོ་དང་མཉམ། རྩེ་མོ་བསམ་གཏན་བཞི་བའི་ཐད་ན་འདུག དེ་ལྟར་གྱི་གངས་ཏི་ཙེ་དང་མཚོ་དེ། བསྐལ་བ་འཇིག་དུས་ཀྱང་། ཟོ་བ་གཡང་ལ་བཏག་པ་ལྟར་གནས་སྟེ། མེ་ཆུ་རླུང་གསུམ་གྱིས་མི་ཤིག་བརྟན་པའི་གཡུང་དྲུང་ངོ་། །དེའི་འོག་གི་ཐད་དྲང་སོ་ན། གངས་ཡ་ཕག་ཤ་ར་བྱ་བ་ཡིན་ཏེ། མི་རྣམས་ཀྱིས་ཏི་ཙེ་གངས་ཡིན་ཟེར་བ་དང་། མཚོ་མལ་དྲོས་བྱ་བ་ཡིན་ཏེ། མ་པང་ཟེར་བ་དེ་གཉིས་ཡོད་དེ།”ཞེས་པའི་རྟག་གཟིགས་འོལ་མོ་ལུང་རིང་ནི་གངས་ཡ་ཕག་ཤ་ར་ནས་ཡར་དཔག་ཚད་ཀྱི་གྲངས་སུ་བསྒྲངས་ནས་བར་སྣང་ཁམས་སུ་ཟོ་བ་དཔྱང་ལ་བཏགས་པ་ལྟར་དུ་གནས་ཡོད་པར་བཞེད་ཡོད་ལ། གནས་དེ་ནའང་སངས་པོ་འབུམ་ཁྲིའི་ཐབས་ལས་ཡི་གེ་ཁྲི་དང་འབུམ་གཉིས་ཅི་ལྟར་བྱུང་བ་རེད་ཅེ་ན། ཁ་ཅིག་གིས《མདོ་དྲི་མེད་གཟི་བརྗིད》ལས། “དེ་ལྟར་ཡེ་སྲིད་རྒྱལ་པོ་དང་། ཡེ་སྲིད་འཕྲུལ་གྱི་རྒྱལ་མོ་ལ། དུས་དང་གནས་སྐབས་སྲིད་པ་ཡི། བླ་དྭགས་ཚིག་གི་མཚན་བཅུར་བཏགས།”ཅེས་པའི་བླ་དྭགས་ཚིག་གི་མཚན་བཅུ་འདོགས་ཡུལ་དེ་གཞུང་དེར་གསལ་བའི་13ཐབས་ཆེན་སྲིད་པ་སྡེ་བཅུ་ཡིན་ལ། ཐབས་ཆེན་སྲིད་པ་སྡེ་བཅུ་ཡིས་འགྲོ་བའི་ལས་མཐུན་གྱི་གནས་མི་འདྲ་བ་བཅུ་ལ་དེར་མཐུན་གྱི་མཛད་པ་སོགས་ལས་བྱིན་གྱིས་རླབས་པའི་ཡི་གེ་ཁྲི་དང་འབུམ་གཉིས་བྱུང་བ་འདོད་མཁན་ཡོད་མོད། ཐབས་ཆེན་སྲིད་པ་སྡེ་བཅུའི་ནང་གི་སྲིད་པ་སངས་པོ་འབུམ་ཁྲི་ནི་ཚེ་ལོ་ཁྲི་བའི་དུས་ཀྱི་སྟོན་པ་ཁྲི་རྒྱལ་ཁུག་པ་ཡིན་ལ། སྟོན་པ་ཁྲི་རྒྱལ་ཁུག་པའི་དུས་སུ་ཡི་གེ་ཡོད་པར་མངོན་ལ།《ཡོངས་རྫོགས》ལས“སྔོན་སྟོན་པ་ཁྲི་རྒྱལ་ཁུག་གིས་ལྕགས་བྱང་དཀར་པོ་ལ་འཕྲུལ་གྱི་ཡི་གེ་བཀོད་ནས་ཁམས་གསུམ་སེམས་ཅན་ལྐུགས་པ་ཁ་ཕྱེ་བ་ལགས་ཏེ།”ཞེས་གསུངས་པ་དེས་ཚེ་ལོ་ཁྲི་བའི་དུས་རབས་སུ་ཡི་གེ་ཡོད་པར་བསྟན་ཀྱང་། ཡིག་འབྲུ་ཁྲི་དང་འབུམ་གཉིས་དེ་སངས་པོ་འབུམ་ཁྲིའི་ཐབས་ལས་བྱུང་ཞེས་པའི་སངས་པོ་འབུམ་ཁྲི་ནི་ཚེ་ལོ་ཁྲི་བའི་དུས་རབས་ཀྱི་སྟོན་པ་ཁྲི་རྒྱལ་དང་ངོ་བོ་གཉིས་མེད་ཀྱི་སངས་པོ་འབུམ་ཁྲི་མིན་ཏེ།《མདོ་གཟེར་མིག》ལས“སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། །ཡིག་འབྲུ་ཁྲི་དང་འབུམ་ཡོད་པ། །ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་ནས། །གཏོ་ཡི་བཀའ་སྒྲོམ་ཡང་ཆུང་དུ། །ཐ་རམ་རྒྱ་ཡིས་བཏབ་ནས་ཡོད། །བོན་གྱི་ཕུགས་ནི་དེ་ལ་ཐུག །”ཞེས་གསུངས་པའི་མཚན་ལྡན་ཡིད་ཀྱི་ཁྱེའུ་ཆུང་ནི་སྟོན་པ་གཤེན་དང་དུས་མཉམ་ཡིན་པས་ཚེ་ལོ་ཁྲི་བའི་དུས་རབས་ནས་ཚེ་ལོ་བརྒྱའི་བར་དུ་བསྐུར་སར་མི་འགྲོ་བར་སྙམ། དེས་ཕྱིར་ན་འདིའི་སྐབས་ཀྱི་སྲིད་པ་སངས་པོ་འབུམ་ཁྲི་ནི་བསྐལ་ཆེན་གྱི་སྟོན་པ་རེ་ལ་ལྷ་གཤེན་སྲིད་པ་གསུམ་རེ་ཡོད་པ་ལས་འདི་ནི་ཚེ་ལོ་བརྒྱ་ཡི་ཁྱད་པར་དུ་བྱས་པའི་ལྷ་གཤེན་སྲིད་པ་གསུམ་ལས་སྲིད་པ་སངས་པོ་འབུམ་ཁྲི་མིན་ནམ་སྙམ།
འོ་ན་ཡིག་འབྲུ་ཁྲི་དང་འབུམ་གྱི་ཁྱད་བོན་དང་ནུས་པ་སོགས་ལ་འགལ་འདུ་རགས་ཙམ་ཡོད་པར་སྙམ། གོང་ཞུས་ལྟར་ཡིག་འབྲུ་ཁྲི་དང་འབུམ་གཉིས་ཡོད་པ་དེ་སྐབས་དེ་དུས་སུ་ཡོད་པའི་འགྲོ་བ་སེམས་ཅན་གྱི། ཡིག་རྩིས་མ་བསླབས་རང་རྡོལ་ཤེས། ཞེས་པ་དེས་སྐབས་དེའི་ཡི་གེ་གང་ཟག་སྒེར་སོ་སོས་རྩོལ་བ་ལ་བརྟེན་མི་དགོས་པར་རང་བཞིན་གྱིས་ཤེས་ཐུབ་པར་གྲགས། དོན་ངོས་སུ་ཡི་གེ་འདི་བརྗོད་པ་སྒྲའི་ཡི་གེ་ཡིན་ནམ་སྣང་སྲིད་དཔེའི་ཡི་གེ་ཡིན་ཞེ་ན། གལ་ཏེ་བརྗོད་པ་སྒྲའི་ཡི་གེ་ཡིན་པའི་དབང་དུ་བྱས་ན། དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་ཏེ་སྟོན་པའི་གཏོ་སྒྲོམ་མེ་ལ་བསྲེགས་ཀྱང་སྒྲ་མེས་འཇོམས་མི་ནུས་པས་བརྗོད་པ་སྒྲའི་ཡི་གེ་མིན་པར་སེམས། སྣང་སྲིད་དཔེའི་ཡི་གེ་ཡིན་པའི་དབང་དུ་བྱས་ན་སྟོན་པ་གཤེན་རབ་ཀྱིས་དཔའ་བོ་འབྲུ་ལྔ་ལ་བརྟེན་ནས་འཕྲུལ་ཡིག་བཞི་བཅུ་དེ་14གཤེན་ལོ་ཉི་ཤུའི་རིང་ལ་གསར་དུ་བཟོས་པ་ཡིན་པས་གཤེན་གྱི་ལོ་མཛོད་གཅིག་ནས་ལྔ་གསུམ་བཅོ་ལྔའི་བར་དུ་རྒྱལ་བུའི་ལོ་ཚད་ཡིན་པའི་རིང་དུ།15 ཕྱྭ་གཤེན་ཐེག་པའི་བོན་སྒོར་གཏོགས་པའི་མོ། རྩིས། གཏོ། སྨན་དཔྱད་ལ་སོགས་ཞང་བོད་ཀྱི་ཤེས་རིག་སྣ་ཚོགས་དར་བའི་སྐྱ་རེངས་དང་པོ་དེ་ནས་ཤར་བ་དང་ལྷན་དུ། དེ་ནས་སྣང་གཤེན་ཐེག་པ་དང་། འཕྲུལ་གཤེན་ཐེག་པ། སྲིད་གཤེན་ཐེག་པ་བཅས་རྒྱུ་ཐེག་བཞི་དང་། དགེ་བསྙེན་ཐེག་པ་དང་དྲང་སྲོང་ཐེག་པ། ཨ་དཀར་ཐེག་པ་དང་ཡེ་གཤེན་ཐེག་པ། བླ་མེད་རྫོགས་པ་ཆེན་པོའི་ཐེག་པ་བཅས་འབྲས་ཐེག་ལྔ་ལ་སོགས་ཐེག་པ་རིམ་དགུའི་བོན་རྣམས་ལོ་རེ་ལ་གསུངས་པ་དང་གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་ཕེབས་ཏེ་རྨ་ལོ་དང་གཡུ་ལོ་གཉིས་ལ་སྒྲ་རིག་པར་སྐད་འགྱུར་སོ་སོའི་བོན་དང་། ཚད་མ་རིག་པ་ལ་ཚད་མ་སྡེ་བདུན་བཅས་གསུངས་ནས་སྒྲ་དང་ཚད་མ་རིག་པའི་སྲོལ་གསར་དུ་བཏོད། འདི་དག་གཤེན་གྱི་ལོ་མཛོད་བཅུ་གཉིས་ཀྱི་མཛད་པའི་ཁོངས་སུ་གཏོགས་པའི་བོན་སྡེ་འདི་དག་ནི། འཛམ་གླིང་མཁས་པའི་རྒྱན་དྲུག་དང་བཟོ་རྒྱལ་གར་མ་ལི་ཤོ་དང་བདུན་ལ་གཉེར་གཏད་མཛད། སྐབས་དེ་དུས་ཀྱི་ཐེག་པ་རིམ་དགུ་ནི་ཚིག་ཉུང་ལ་དོན་ཟབ་པའི་སྒོ་ནས་ཡིག་འབྲུ་ཁྲི་དང་འབུམ་དེས་མཚོན་པར་བྱས་ཡོད་དེ་སྐབས་དེར་འཕྲུལ་ཡིག་བཞི་བཅུ་མ་བསྟན་པའི་གོང་ཡིན་པར་གོང་ཞུས་ལྟར་བཀའ་རང་ནས་བསྟན་པ་ཡིན་ནོ། །
དོན་དམ་པར་ཡང་སྙིང་ཅི་ཞིག་ལ་ཡིག་འབྲུ་ཁྲི་དང་འབུམ་གཉིས་ཟེར་ནས་གྲངས་མང་པོ་ཞིག་ཡོད་དགོས་པ་ཡིན་ཞེ་ན། ཁྲི་དང་འབུམ་གཉིས་ཟེར་བ་དེ་མང་པོ་ཡོད་པར་མཚོན་པའི་མིང་ཞིག་ལས་དོན་དམ་པར་ཁྲི་དང་འབུམ་གཉིས་ཀྱི་གྲངས་ངེས་པའི་གཏན་ཁེལ་མི་ནུས་སྙམ། དཔེར་ན་ངག་རྒྱུན་དུ། ནུས་ཤུགས་ཡོད་དགུ་འདོན། སྐྱེ་དགུའི་བདག་མོ། འདོད་དགུ་འཕེལ་བའི་འབྱུང་གནས། ཞེས་པའི་ཚིག་ཟུར་དུ་དགུ་ཞིག་ཐོན་པ་ནང་བཞིན་གྱི་མང་ཚིག་མཚོན་པའི་ཁྲི་དང་འབུམ་ཞེས་ཕར་བཏགས་པ་མ་གཏོགས་དོན་དུ་ཡིག་འབྲུ་ཁྲི་དང་འབུམ་གཉིས་ཀྱི་གྲངས་སུ་ངེས་པའི་ཡི་གེ་ཞིག་ཡོད་པ་མ་ཡིན་ནོ། །《མདོ་དྲི་མེད་གཟི་བརྗིད》ལས“དེ་སྲིད་སྐྱེ་འགྲོ་སེམས་ཅན་གྱི། །ཡིག་རྩིས་མ་བསླབས་རང་རྡོལ་ཤེས། །”ཞེས་པའི་གང་ཟག་གིས་རྩོལ་བ་ལ་བརྟེན་ནས་སྦྱང་མི་དགོས་པར་རང་བཞིན་གྱིས་འདི་ལྟར་གྲངས་མང་པོ་ཞིག་ཤེས་ཐུབ་པ་ནི་དཔེར་ན་ཉི་མ་མཚོན་བྱེད་དུ་གོར་གོར་ཞིག་འབྲི་བ་དང་། རྟ་དང་ནོར་ལ་སོགས་པ་མཚོན་བྱེད་དུ་རྟ་ནོར་གྱི་གཟུགས་རིས་འབྲི་བ་དང་། གནའ་བོའི་ཡིག་རྙིང་ཁྲོད་དུ་དོན་མཚོན་པར་བྱེད་པའི་གཟུགས་རིས་མང་པོ་ཞིག་ཡོང་གིན་ཡོད་པ་དེ་ནི་འདྲ་གཟུགས་ཡི་གེ་ལ་ཡོད་པའི་ཁྱད་བོན་ཞིག་ཡིན་པས་ཡིག་འབྲུ་ཁྲི་དང་འབུམ་གཉིས་ནི་འདྲ་གཟུགས་ཀྱི་ཡི་གེའམ་རི་མོའི་ལམ་ནས་མཚོན་པར་བྱེད་པའི་གཟུགས་འགྱུར་ཡི་གེ་ཞིག་མིན་ནམ་སྙམ།
འཕྲུལ་ཡིག་བཞི་བཅུའི་སྐོར།
གཤེན་ལོ་15བཅུ་དགུའི་སྐབས་སུ་སྟོན་པ་མཆོག་མགོན་བཙུན་ཕྱྭ་ཡི་ཡུལ་དུ་ཕེབས་པར་བརྟེན་དཔོ་བཟའ་ཐང་མོ་བདུད་ཁྱབ་པས་བསླུས་ཏེ་དཔོ་བཟའ་ཐང་མོ་དང་བདུད་རྗེ་ཁྱབ་པ་ལག་རིང་གཉིས་ཀྱི་ངན་འབྲེལ་ལས་སྟོན་པའི་གཏོ་སྒྲོམ་མེ་ལ་བསྲེགས་པར་མཚན་ལྡན་ཡིད་ཀྱི་ཁྱེའུ་ཆུང་གིས་མེར་བརྙབས་པ་ལས་བེའུ་བུམ་ཚིག་འཕྲོ་སྤར་གང་ཐོབ་པ་ལ་ཡི་གེ་དཔའ་བོ་འབྲུ་ལྔ་སོར་ལྔའི་རྩེ་མོར་རང་ཤར་དུ་དོད་དེ་ནི་སྟོན་པའི་ཐུགས་རྗེ་དང་ཕྱི་རབས་ཀྱི་འགྲོ་བ་མིའི་ལས་དང་སྨོན་ལམ་ལ་བསྩལ་བའི་འཕྲུལ་ཡིག་བཞི་བཅུའི་ཕྱི་མོ་དེ་ལས་མཛད་པའོ། །དེ་ལ་བརྟེན་ནས་འཕྲུལ་ཡིག་བཞི་བཅུའམ་སུམ་ཅུ་རྩ་བརྒྱད་མཛད་དེ།《མདོ་གཟེར་མིག》ལས“གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས། བྱིན་གྱིས་བརླབས་པས་དཔའ་བོ་འབྲུ་ལྔ་ལུས། སྨོན་ལམ་བཏབ་པས་སུམ་ཅུ་རྩ་བརྒྱད་འཕེལ། ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས།”ཞེས་དང་།《གཡུང་དྲུང་ལས་རྣམ་པར་དག་པའི་རྒྱུད》ལས“མཐོན་མཐིང་བཻཌཱུར་འོད་ཀྱི་གླེགས་བམ་ལ། སྟོན་པའི་ཐུགས་ལས་བདེན་པའི་འོད་བྱུང་ནས། སྐྱེས་བུ་བཟོ་ལ་རིག་པའི་རྩལ་རྫོགས་པས། འཕྲུལ་གྱི་ཡིག་རྨད་སུམ་བཅུའི་འབྲུ་བཀོད་ནས། ལྷག་པའི་ཡིག་འབྲུ་བརྒྱད་ཀྱིས་རྒྱན་བཀོད་ཅིང་། སྟོང་གི་སྤྱི་ཕུད་ལྟ་བུར་གྱུར་པའོ། །” ཞེས་གསུངས་པ་དང་། སྟོན་པ་གཤེན་རབ་ཀྱིས་འཕྲུལ་ཡིག་བཞི་བཅུའི་སྲོལ་གསར་དུ་མཛད་དེ་སྟག་གཟིག་འོལ་མོའི་གླིང་དུ་དམུ་རིགས་གཤེན་གྱི་རྒྱལ་པོའི་བོན་སྲིད་ཉི་ཟླའི་འཕང་བ་རུ་ལུགས་གཉིས་དཔལ་གྱི་རྒྱལ་མཚན་འཕྱར་བའི་དབུ་བརྙེས་སོ། །དེ་ནས་སངས་རྒྱས་ཀྱི་བསྟན་པ་ཆགས་པའི་གཞི་མ་བཟོ་རིག་པའི་སྐོར། བཟོ་རྒྱལ་གར་མ་ལི་ཤོའི་གཙོས་པའི་བཟོ་རིག་མཁས་པའི་ཕུལ་ཕྱིན་གྱི་སྐྱེས་ཆེན་དྲུག་ལ་བསྩལ་ཏེ《མདོ་དྲི་མེད་གཟི་བརྗིད》ལས། “ཉོན་ཅིག་གར་མ་ལི་ཤོ་ཉོན། ཤེས་བྱ་ཀུན་གྱི་ཐོག་མ་རུ། ཤེས་པའི་གཞི་མ་ཡི་གེ་བསླབ། མི་ཤེས་ལྐུགས་པ་ཡི་གེས་བཀྲོལ། མི་ཤེས་རྨུག་པ་ཡི་གེས་སེལ། རིག་པའི་སྒྲོན་མེ་ཡི་གེ་འདོགས། དེ་ཕྱིར་ཡི་གེ་རྒྱུན་བརྟན་ན། ཤེས་བྱ་ཀུན་གྱི་གཞི་མ་ཡིན།”ཞེས་སོགས་སྟོན་པས་བཀའ་བསྩལ་ནས་འཁོར་རྣམས་ལ་གཉེར་གཏད་མཛད་དོ། །དེ་ནས་རིམ་བཞིན་ཡིག་ལྷ་འཕྲུལ་བུས་རྟག་གཟིགས་ཀྱི་ཡུལ་དུ་16སྤུངས་སོ་ཆེ་ཆུང་གཉིས་གཟུགས་སུ་མཛད་ནས་སྟོན་པའི་འཁོར་རྣམས་ལ་མ་འོངས་ལུང་བསྟན་ཚུལ་དུ་བཀའི་ཟིན་པའི་ཕྱི་རབས་ཀྱི་བསྟན་པ་དར་རྒུད་འབྱུང་བས་དགོས་མིག་ལ་བརྟེན་ནས་གསུངས་པར《མཛད་པ་དྲུག་ཅུའི་མདོ》ལས“གཤེན་རབ་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་བར་འདྲེན་པའི་དཔལ། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་པས། །འཕྲུལ་གྱི་ཡི་གེ་འདི་ལ་ཀུན་གྱིས་བཀུར། །”ཞེས་གསུངས་པར་བོན་གཤེན་རིག་འཛིན་རྣམས་ཀྱིས་རྒྱལ་བའི་བསྟན་པའི་སྲོག་རྩ་རུ་འཕྲུལ་གྱི་ཡི་གེ་འདི་དགོངས་ནས་མཛད་པ་ལ《དར་རྒྱས་གསལ་སྒྲོན》ལས། “དག་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་སྤུངས་ཡིག་ཞང་ཞུང་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་བསྒྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་འབྲུ་སྣ་ཚོགས་འབྲུ་མ་ལས་བརྩམས་སོ། །”ཞེས་གསུངས་པ་བཞིན་དུ། ངོ་བོ་འཕྲུལ་ཡིག་བཞི་བཅུ་ལས་འགྱུར་བ་མེད་ཀྱང་། གཟུགས་རིས་རིམ་བཞིན་བསྒྱུར་བའི་ད་ལྟ་བོད་ཀྱི་ཡི་གེ་འདི་ཞང་ཞུང་དར་མ་དིར་གྱི་ཡི་གེ་ཡིན་པར་17《ཞང་བོད་སྔགས་ཀྱི་བཀླག་ཐབས། ཉི་སྙིང》ལས“བོད་ཡིག་འདིའི་གཟུཌ་རྙེན་ཏེ། ཞང་ཞུང་དར་མ་དིར་གྱིས་ནི། ཡི་གེ་ཡིན་པར་མཁས་པའི་བཞེད།”ཅེས་པའི་ཞང་ཞུང་དར་མ་དིར་ནི་ཞང་ཞུང་སྒོ་པའི་ཡུལ་ཡིན་པར《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པ་འབེལ་གཏམ་ལུང་གི་སྙིང་པོ》ལས“སྨར་ནི་སྒོ་པ་ཡི་མཆོག་སྐད་ཡིན། གུ་གེའི་སྒྲ་ནི་ཡི་གེའི་སྐད་ཞེས་པའི་དོན་ཡིན་ལ། དར་མ་ལྷོ་སྐད། དིར་མ་བྱང་རྒྱུད་སྐད། དར་མ་དིར་ནི་སྟོད་སྨད་ཕལ་སྤྱིའི་སྐད། ཡི་གེ་སྨར་ཡིག་ཆེ་ཆུང་ལས་སོགས་ཡིན།”ཞེས་པའི་ལུང་ཚིག་འདི་གཉིས་ལས་ཞང་ཞུང་སྒོ་ཕུག་བར་གསུམ་ལས་སྟོད་སྨད་ཕལ་སྤྱི་ནི་ཞང་ཞུང་སྒོ་པའི་ཡུལ་ཡིན་པར་ངེས་ལ། སྐད་ནི་དར་མ་དིར་དེ་སྒོ་པ་རུ་མཆོག་སྐད་དང་ཕལ་བའི་སྐད་གཉིས་ལས་ཕལ་བའི་སྐད་ཡིན་པར་བཞེད། སྐབས་དེར་ཡི་གེ་ནི་སྨར་ཡིག་ཆེ་ཆུང་ལས་མེད་པར་ཤེས་ཐུབ། སྤྱིར་ཞང་ཞུང་དང་བོད་ཀྱི་ཡི་གེ་ནི་གནའ་བོའི་དུས་ནས་མར་རིམ་པར་བརྒྱུད་པ་ལ། ཐང་བབ་ཀྱི་ལུགས་དང་ལོག་བབ་ཀྱི་ལུགས་གཉིས་ཡོད་པ་ལས་འདི་ནི་ཐང་བབ་ཀྱི་ལུགས་ཡིན་པར་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི《བརྡ་སྤྲོད་ཉི་ཤུ་བདུན་པའི་རང་འགྲེལ》ལས“ཐང་བབ་ཀྱི་གོ་རིམ་ནི། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་མ་ཤ་ས། ཧ་ཨ་བྷི་མྷིང་། ཀྵ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྚ།”ཞེས་སོ། །
མདོར་བསྡུས་ཏེ་བཤད་ན། བོད་ཀྱི་ཡི་གེ་ནི་བསྟན་པ་ཕྱི་དར་གྱི་སྐབས་སུ་གྲུབ་མཐའ་དང་ཡུལ་ལུང་ཁག་ཏུ་རྩོད་པའི་ལག་ཆ་ཞིག་ཏུ་གྱུར་བ་ལས། སྔོན་མའི་ཞང་ཞུང་གི་རྒྱལ་པོ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ནས་བཟུང་། རྒྱལ་ཕྲན་སིལ་མ་བཅུ་གཉིས་སམ་བཞི་བཅུ། བོད་རྒྱལ་ཐོག་མ་གཉའ་ཁྲི་ནས་སྤུ་རྒྱལ་རིམ་བྱོན་གྱི་རིང་དུ་འདིའི་རྩོད་པ་བྱུང་མེད་པས་ཞང་ཞུང་གི་ཡི་གེ་ཁོ་ན་སྤྱད་དེ་ཞང་ཞུང་གི་ཡི་གེ་ནི་བོན་སྲིད་གཉིས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་བ་ཡིན་ནོ། །
དཔྱད་མཆན།
1. འཕྲུལ་ཡིག་བཞི་བཅུ་ནི་གསལ་བྱེད་སུམ་བཅུའི་སྟེང་དུ་དབྱངས་བཞི། དེའི་སྟེང་དུ་བྷི་མྷིང་གཉིས་དང་ཀྵ་ཨཾ་ཨཿཥྚ་བཅས་འཕྲུལ་ཡིག་བཞི་བཅུའོ། །
2. ཞང་སྐད་དུ་སྤུངས་སོ་ནི་ལྷའི་དོན་ཡིན་ལ། སྟག་གཟིག་གི་ཡི་གེ་སྤུངས་སོ་ནི་དོན་དམ་པར་དག་པ་ལྷའི་ཡི་གེ་དང་གཅིག་མིན་ནམ་སྙམ། རྒྱུ་མཚན་སྟག་གཟིག་ལ་རྟག་གཟིགས་འབྲི་བའང་ཡོད་པས་ཕྱི་མ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་དུས་རྟག་ཏུ་གཟིགས་པས་ན་རྟག་གཟིགས་ཞེས་བྲིས་པ་ཡིན་ལ། གནས་དེ་ནི་ང་ཚོ་ཐུན་མོང་ལ་སྣང་བའི་ས་གཞི་འདི་ལས་ཡར་འཕགས་ཏེ་ཡོད་པར་བཞེད། རྒྱས་པར་བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་པོད་གསུམ་པའི་ཤོག་གྲངས (5) ལ་གཟིགས།
3. ཕ་བོང་ཁའམ་སྐུ་མཁར་མ་རུ་ནི་ལྷ་སའི་བྱང་ངོས་ནས་སྤྱི་ལེ་བརྒྱད་ཙམ་གྱི་མཚམས་སུ་ཡོད།
4.བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་ནང་དུ་སྲིད་པ་སྤྱི་མདོས་ཀྱི་མིང་ཆ་ཚང་ལ《སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས》ཞེས་བྲིས་ཡོད།
5.ནམ་མཁའི་ནོར་བུས་མཛད་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་ཤོག་གྲངས(271)ལ་གཟིགས།
6.ནམ་མཁའི་ནོར་བུས་མཛད་པའི《ཞང་བོད་ལོ་རྒྱུས་ཏི་སེའི་འོད》ལས་ཤོག་གྲངས(272)ལ་གཟིགས།
7. ཐང་ཡིག་གསར་མ་ལ་བསྡོམས་པས་གླེགས་བམ་ཉིས་བརྒྱ་དང་ཉེར་ལྔ་ཡོད་ལ། བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་དཔེ་ཆ་འདི་ནི་ཨང་ཉིས་བརྒྱ་དང་བཅུ་དྲུག་པ་ཡིན། འདི་ལ་སྟོད་ཆ་དང་སྨད་ཆ་གཉིས་ཡོད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན།
8. དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་གྲངས(1851)ལ་གཟིགས
9. ཏུན་ཧོང་ཡིག་རྙིང་ལས་བྱུང་བ། 《བོད་བཙན་པོའི་རྒྱལ་རབས》སྟོད་ཆ། ཤོག་གྲངས(86-94)བར་དུ་མ་ཡིག་ངོ་འདྲ་དང་མ་ཡིག་མཆན་ཅན་མ་ཡིག་གོ་བདེར་བྲིས་པ་སོགས་ལས་རིམ་བཞིན་གསལ།
10 བོར་ཡོན་ཙེ་ནི་ཏུན་ཧོང་ཡིག་རྙིང་ལས་བྱུང་བ། 《བོད་བཙན་པོའི་རྒྱལ་རབས》ལས་ཤོག་གྲངས(93)ངོས་སུ་ཟུར་མཆན་དུ་མིང་ཞིག་ཡོད་པ་ལས་གཞན་གང་ནས་ཀྱང་མཐོང་མ་སོང་བས་དཔྱད་པར་འཚལ།
11.ཏུན་ཧོང་ཡིག་རྙིང་ལས་བྱུང་བ། 《བོད་བཙན་པོའི་རྒྱལ་རབས》ལས་ཤོག་གྲངས(169-178)གཉིས་ལས“པུག(སྤུག)”དང“དངུལ་གྱི་བྱང་བུར་སྤུག་བུ་ཆུང་བསྩལ་ཏོ། ། ”ཆབ་མདོ་བློ་བཟང་ཤེས་རབ་ཀྱིས་ཏུན་ཧོང་ཡིག་ཆ་དྲངས་པ་རུ“རྔུལ(དངུལ)གྱི་སུག་བུ་ཆུང་སྩལ་ཏོ། ”ཞེས་བཀོད་ཡོད་པ་དང་། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ》ལས“རྔུལ་གྱི་སུག་བུ་ཆུང་། དངུལ་གྱི་སུག་བུ་ཆུང་། དངུལ་ཡིག་ཆུང་ངུ་། ”ཞེས་བཀོད་ཡོད།
11.ཐམ་ཀ་དེ་ད་བར་སྨན་རིའི་བླ་བྲང་གི་རྩིས་སྤྲད་དུ་ཡོད་པར་བཤད།
12.ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་གིས་མཛད་པའི་གསུང་འབུམ་པོད་གསུམ་པའི་ཤོག་གྲངས་བཞི་བ་རུ་གཟིགས།
13.དུས་ཚིགས་མི་འདྲ་བ་ཡོད་པ་ལས་《རྩ་རྒྱུད་ཉི་ཟེར་སྒྲོན་མ》འི་དགོངས་དོན་ལྟར་བཀོད་པ་ཡིན་ནོ། 《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》འི་པོད་བཞི་བའི་ཤོག་གྲངས(121)ལ་གཟིགས།
14.《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》འི་པོད་བཞི་བའི་ཤོག་གྲངས(98)ལ་གཟིགས།
15.《བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ》འི་པོད་བཞི་བའི་ཤོག་གྲངས(120)ལ་གཟིགས།
16. སྤུངས་སོ་ནི་ཞང་སྐད་དུ་ལྷའི་དོན་ཡིན། སྟོན་པ་མཆོག་རྟག་གཟིགས་སུ་འཁྲུངས་པར་དད་པས་ལྷ་ཡུལ་དུ་སྒོམ་ནས་ཡི་གེ་ལའང་སྤུངས་སོ་འམ་དག་པ་ལྷའི་ཡི་གེ་ཞེས་བཏགས་པར་སེམས།
17. 《ཡ་ཐོག་ཞང་བོད་ཁྱད་ནོར་དཔེ་ཚོགས》ཀྱི་དེབ་ཕྲེང་བཞི་པའི་ཤོག་གྲངས(248)ལ་གཟིགས།
བློན་ཚང་བསྟན་ཁོ་ནི ༡༩༩༠ ལོར་རྔ་བ་རུ་སྐྱེས། ༡༩༩༩ ལོ་ནས་ཁུ་བོ་ལྷུན་གྲུབ་རྒྱ་མཚོ་དང་ཡོངས་འཛིན་གཙུག་ཕུད་འོད་ཟེར་དཔོན་སློབ་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ་ཞང་ཞུང་བློ་གྲོས་ཉི་མ་སོགས་ཀྱི་དྲུང་ནས་འབྲི་ཀློག་འདོན་གསུམ་དང་རིག་གནས་ཆེ་ཆུང་སོགས་ལ་སྦྱངས་པ་བྱས། ༢༠༠༩ ལོར་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་དུ་ཞུགས། ༢༠༢༡ ལོར་སློབ་མཐར་ཕྱིན་ནས་མདོ་སྨད་སྣང་ཞིག་དགོན་ཆེན་གྱི་བཀའ་རམས་པའི་མཚན་རྟགས་གནང་།