བོན་ལུགས་དང་འབྲེལ་ཏེ་གནའ་རབས་བོད་ཀྱི་མངའ་མཛད་བཅུའི་སྐོར་ལ་དཔྱད་པ།

[ཟླ་ཚེས། 2021-04-09 11:30:32][རྩོམ་པ་པོ། ཁྲི་བསོད་བསྟན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་དོན་གཙོ་བོ་ནི་གནའ་བོའི་འགྲོ་བ་མི་གྲོལ་ཚུལ་དང་ཕྱིའི་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་ལས་རིམ་གྱིས་གནའ་བོའི་མངའ་མཛད་སྐོར་གྱི་སྤྱི་ཚོགས་འཕེལ་རིམ་དང་མངའ་མཛད་སོ་སོའི་ཡུལ་ལུང་གང་ལ་བདག་དབང་བྱས་ཚུལ། ཐོན་སྐྱེད་ཀྱི་ལག་ཆ་གང་གསར་དུ་བཏོན་ཚུལ་སོགས་བན་བོན་གྱི་གནའ་བོའི་ལོ་རྒྱུས་ཁག་ལས་མངའ་མཛད་དབྱེ་ཚུལ་དང་འགྲེལ་ཚུལ་མི་འདྲ་ས་དེ་དག་དཔྱད་གཞིར་བཟུང་ནས། མངའ་མཛད་སོ་སོ་དབྱེ་སྟངས་དང་དེའི་མངའ་ཁོངས། ཤེས་རིག་ལག་རྩལ། སྤྱི་ཚོགས་གནས་བབ་སོགས་བསྟན་ཡོད་པ་དང་། ཞོར་དུ་སྟོན་པ་གཤེན་རབ་མི་བོ་ཆེ་མཆོག་ནས་གངས་ཅན་ལྗོངས་སུ་བསྟན་པའི་གཞི་མ་ཡིག་སྲོལ་ཐོག་མར་དར་སྤེལ་བྱས་ཚུལ་སོགས་གླེང་སྟེ་དཔྱད་གཞིར་ཕུལ་ཡོད།

  [བརྡ་ཆད་གཙོ་བོ།] དབང་བསྒྱུར། དུས་རིམ། ཐོན་སྐྱེད་ལག་ཆ། ཤེས་རིག་ལག་རྩལ། གཡུང་དྲུང་བོན།

གླེང་གཞི།

  ང་ཚོ་བོད་གངས་ཅན་གྱི་ཡུལ་འདིའི་ཕྱིའི་སྣོད་ཆགས་པ་ནས་བཟུང་། ནང་བཅུད་ཀྱི་སེམས་ཅན་འགྲོ་བ་མིའི་རིགས་ཀྱང་བོད་རང་ས་ནས་སྐྱེ་འཕེལ་བྱུང་བ་ཡིན་ལ། དེ་ལ་ལོ་རྒྱུས་ཀྱི་དུས་ཡུན་རིང་པོ་ཞིག་བརྒྱུད་ཡོད། གཡུང་དྲུང་བོན་ལུགས་ལྟར་ན«སྲིད་པའི་མཛོད་ཕུགས»ལས། རྒྱུ་ལྔའི་བཅུད་ལས་སྒོང་གཉིས་སྲིད། །དཀར་ནི་འོད་དང་ཟེར་ལས་བརྡོལ། །ཡོད་ཁམས་སྲིད་པའི་རྒྱལ་པོར་གསལ། །ནག་ནི་མུན་དང་འཐིབས་ལས་བརྡོལ། །མེད་ཁམས་སྟོང་བའི་རྒྱལ་པོར་གསལ། །མེད་པར་དགའ་བ་ཡོད་མི་སྦྱོར། །སངས་པོ་ཡབ་ནི་སྲིད་ལ་སྦྱོར། །ཀློང་ནས་གཡུ་མཚོ་སྔོན་མོ་སྲིད། །མཚོ་དབུས་དབྱལ་མོ་གཅིག་སྲིད་པས། །ཆུ་ལྕམ་རྒྱལ་མོ་སྲིད་པའི་ཡུམ། །སངས་པོ་ཆུ་ལྕམ་གཉིས་སྲིད་པས། །མིང་དགུ་སྲིང་དགུ་བཅོ་བརྒྱད་འཁྲུངས། །སྤྲུལ་བ་དགུ་གཉིས་བཅོ་བརྒྱད་འགྱེད། །[1]ཅེས་དང་། དེའི་རྗེས་འབྲངས་ཀྱི«རླངས་ཀྱི་པོ་ཏི་བསེ་རུ»སོགས་ནའང་“འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུན་ལ་ལྷ་སྲས་དཀར་པོ་ཆགས། ནང་གི་སྒོང་ཆུ་ལ། དུང་མཚོ་དཀར་མོར་འཁྱིལ། བར་གྱི་སྒོ་ངའི་དར་ཆ་ལ། རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། སྒོ་ང་ཕྲུམ་གྱི་བཅོ་བརྒྱད་ཆགས། སྒོ་ང་བཅོ་བརྒྱད་འབྲིང་བ་དེ། དུང་སྒོ་གཅིག་ཏུ་ཡར་ནས་བྱུང་། །དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན།”[2]ཞེས་དེ་ལ་མིག་དང་རྣ་བ། སྣ། ལྕེ། སོ། རྐང་ལག་སོགས་དོད་ནས་ཡེ་སྨོན་རྒྱལ་པོ་བྱ་བ་བྱུང་། དེ་དང་ཆུ་ལྕམ་རྒྱལ་མོ་འདུས་པ་ལས་རིམ་བཞིན་མིའི་འགྲོ་བ་འཕེལ་བ་དང་། འབྱུང་བའི་ཁམས་ཀྱི་སྙིང་པོ་འདུས་པ་སྲིད་པའི་ཀློང་གི་སྒོ་ང་བཅོ་བརྒྱད་དུ་སྲིད་པ་ལས་འཇིག་རྟེན་གྱི་ཁམས་འདི་བྱུང་། དུང་གི་སྒོ་ང་གཅིག་ལས་བྱེ་བྲག་ཞང་བོད་ཀྱི་ཡུལ་ཁམས་ཇི་ལྟར་ཆགས་པའི་ཚུལ་བསྟན་པའི་བོན་ལུགས་ཀྱི་འགྲོ་བ་མིའི་རིགས་དར་ཚུལ་སྐོར་གྱི་ཐུན་མོང་མ་ཡིན་པའི་ལྟ་ཚུལ་ཞིག་རེད། ལྟ་བ་དེ་རིགས་ལ་བློ་གཟུ་བོར་གནས་ཏེ་ཞིབ་པར་དཔྱད་ན་དངོས་གཙོ་ལྟ་བ་ཆེར་ལྡན་པ་གསལ་བོར་མཐོང་ཐུབ། རང་ཅག་མིའི་འགྲོ་བ་འཕེལ་ཚུལ་ཕྱོགས་ནས་རང་རང་ས་ན་རིན་ཐང་ལྡན་པའི་ཁྱད་མཚར་གྱི་བཞེད་ཚུལ་མི་འདྲ་བ་ཡོད་པ་རེད། མཁས་པ་སྔ་མའི་གསུང་སྒྲོས་ལས། དཔྲ་འབྲུ་ལྡོང་གསུམ་སྒ་དང་བཞི། །ནུ་བོ་དཔའ་བདའ་གཉིས་དང་དྲུག །ཅེས་བོད་ཀྱི་རུས་རྒྱུད་ནི་དཔྲ་དང་འབྲུ། སྒ། ལྡོང་། སྒོ། དཔའ་བདའ་བཅས་ནས་རིམ་གྱིས་འཕེལ་བ་ཡིན་ལ། གང་ལྟར་གདོད་མའི་སྤྱི་ཚོགས་ནས་དེང་གི་བར་དུ་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ནས་ལོ་རྒྱུས་འཕེལ་རིམ་གྱི་དུས་རབས་ཧ་ཅང་མང་པོ་ཞིག་བརྒྱུད་ཡོད་པས། དེའི་ནང་ནས་ཁྱད་པར་མངའ་མཛད་བཅུའི་དུས་སྐབས་ཏེ་མི་ཡིས་མི་ལ་དབང་བསྒྱུར་བྱེད་པའི་དུས་རབས་ཀྱི་མགོ་ཚུགས་པ་ལ་མངའ་མཛད་ཅེས་གསོལ་ཞིང་དེའི་སྐབས་ནི་བོད་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་ངེས་ཅན་ཞིག་དང་རང་རེའི་ཤེས་རིག་དར་ཚུལ་ལ་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་ལོ་རྒྱུས་ཀྱི་དུས་རིམ་གལ་ཆེན་ཞིག་ཏུ་མཐོང་བ་དང་། སྔོན་མར་སྤུ་རྒྱལ་གཉའ་ཁྲིའི་རྗེས་ཀྱི་རྒྱལ་རབས་རྣམས་ལས་འཕྲོས་པའི་ཞིབ་འཇུག་དཔྱད་རྩོམ་མང་དུ་མཐོང་བ་ལས་གཉའ་ཁྲིའི་སྔོན་གྱི་མངའ་མཛད་སྐོར་གླེང་བའི་དཔྱད་གཞིའི་ཡིག་རིགས་ཉུང་ངུ་ལས་མེད། དོན་དེ་ལ་དམིགས་ཏེ་ཁོ་བོས་ཆེད་དུ་བོན་ལུགས་དང་འབྲེལ་ཏེ་གནའ་རབས་བོད་ཀྱི་མངའ་མཛད་བྱུང་རིམ་གྱི་སྐོར་ནས་མདོ་ཙམ་གླེང་བ་ལ།

དང་པོ། མངའ་མཛད་སོ་སོ་རིམ་པར་བྱོན་པའི་གནས་བབ་གླེང་བ།

  ཡ་ཐོག་གི་དུས་སུ་བོད་ཀྱི་གནའ་མི་རྣམས་ཀྱིས་མི་ལོ་སྟོང་ཕྲག་དུ་མའི་རིང་རང་བྱུང་ཁམས་ཆེན་མོར་དཀའ་ཚེགས་ཆེ་བའི་འཐབ་རྩོད་བྱས་ཏེ་འཚོ་ཐབས་བྱེད་པ་ལ། ཐོག་མར་རང་བྱུང་གི་རྡོ་ཆས་སྤྱོད་པ་ནས་རིམ་བཞིན་རྡོ་ཆས་ཐབས་ཆག་བཟོ་ཤེས་པ་དང་། དེ་ཡང་རིམ་པར་འཕེལ་རྒྱས་བྱུང་བ་སོགས་ལ་བརྟེན་ནས་ད་ཕན་མི་ལོ་སྟོང་ཕྲག་འགའ་ལྷག་ཙམ་གྱི་གོང་དུ་སླེབས་དུས་གནའ་མིའི་རུས་ཚོ་རྣམས་དར་རྒུད་སྣ་ཚོགས་བྱུང་ནས་རུས་ཚོའི་སྟོབས་ཤུགས་ཆེ་བས་རུས་ཚན་ཆུང་བ་འགའ་ཤས་དབང་དུ་བསྡུས་ཏེ་བོད་ཁམས་ཀྱི་སྟོད་སྨད་བར་གསུམ་དུ་སྡེ་དཔོན་ནམ་མངའ་མཛད་བཅུ་ཞེས་ཡོངས་སུ་གྲགས་པའི་སྐབས་ཤིག་ཆགས་ཡོད་པ་རེད། དབང་མཛད་དམ་མངའ་མཛད་གྲངས་སུ་འདྲེན་པ་ལ་བཞེད་པ་ཅུང་མང་སྟེ་ཁ་ཅིག་གིས་མངའ་མཛད་དྲུག་དང་མངའ་མཛད་བཅུ། མངའ་མཛད་བཅུ་གཉིས་སོགས་སུ་བཞེད་ལུགས་དུ་མ་ཡོད་ལ་བཞེད་ཚུལ་མི་འདྲ་བའི་མངའ་མཛད་ཀྱི་རྣམ་གྲངས་ཞར་དུ་བཀོད་པའི་ཞིབ་བསྡུར་རེའུ་མིག་ལས་གསལ། དེ་ལས་མངའ་མཛད་བཅུ་གཉིས་ཀྱི་གྲངས་སུ་འདྲེན་ཚུལ་ནི། «ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང»ལས། དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་བྱ་བར་བཏགས། །ལག་ཆ་མདའ་གཞུ་འཕེན་པ་དེ་ནས་བྱུང༌། །གཉིས་པ་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། །ཡུལ་གྱི་མིང་ཡང་བདུད་ཡུལ་གླིང་དགུ་ཟེར། །སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང༌། །གསུམ་པ་གཉའ་རེང་ཁྲག་མེད་སྲིན་གྱིས་བྱས། །ཡུལ་གྱི་མིང་ལ་ནག་པོ་དགུ་དུས་ཟེར། །ལག་ཆ་སྲིན་པོ་རྐང་དང་སྒྱོགས་གཉིས་བྱུང༌། །བཞི་པ་དམར་འཇམ་ཞེས་བྱ་ལྷ་ཡིས་བྱས། །ཡུལ་གྱི་མིང་ནི་ལྷ་ཡུལ་གུང་ཐང་ཟེར། །ལག་ཆ་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང༌། །ལྔ་པ་ཀླུར་དབང་ངམ་བྲང་ཅང་བྲང་ཟེར། །ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང༌། །དྲུག་པ་འདྲེས་དབང་བྱས་ལང་ཏང་ལིང་ཏང་ཟེར། །ལག་ཆ་སྒྱུག་པ་སྐྱོག་ཅན་དེ་ནས་བྱུང༌། །བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོད་ཁམས་གཡང་དྲུག་ཟེར། །ལག་ཆར་དོང་རལ་ཕུབ་ཆུང་དེ་ནས་བྱུང༌། །བརྒྱད་པ་ཀླུ་ཡིས་དབང་བྱས་བོད་ཁམས་གླིང་དགུར་བཏགས། །དགུ་པ་མི་མ་ཡིན་གྱིས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་ངམ་ཡུལ་ནག་པོར་བཏགས། །བཅུ་པ་ཟ་རིད་སྤུན་དྲུག་དག་གིས་དབང་བྱས་ཏེ། །ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད་ཟེར། །བཅུ་གཅིག་རྒྱལ་ཕྲན་བཅུ་གཉིས་དབང་བྱས་སྐད། །ཀུན་གྱི་ཐ་མར་སིལ་མ་བཞི་བཅུ་བྱས། །ཡུལ་གྱི་མིང་ནི་བཟང་ཡུལ་གྱད་དུ་བཏགས། །[3]ཞེས་རྒྱལ་ཕྲན་བཅུ་གཉིས་དང་རྒྱལ་ཕྲན་སིལ་མ་བཞི་བཅུ་ཡང་མངའ་མཛད་བཅུ་གཉིས་ཀྱི་གྲས་སུ་བགྲང་འདུག་པས་དེའི་ཁོངས་སུ་འདྲེན་པར་འོས་མིན་བླང་དོར་གྱི་བགྱི་བ་དོན་དུ་གཉེར་བར་ཞུ་རྒྱུ་དང་། «ཆོས་འབྱུང་མཁས་པའི་དགའ་སྟོན»དང་«བཀའ་ཐང་སྡེ་ལྔ»སོགས་བན་ཕྱོགས་ཀྱི་ཆོས་འབྱུང་གཙོ་ཆེ་ཁག་དང་བོན་གྱི་བསྟན་འབྱུང་«གླེང་གཞི་བསྟན་པའི་བྱུང་ཁུངས»དང་«སྐལ་བཟང་མགྲིན་རྒྱན»སོགས་ལས་ཀྱང་ཐོག་མར་གནོད་སྦྱིན་དང་རྗེས་སུ་བདུད། སྲིན་པོ། དམར་འཇམ་ལྷ། རྨུ། ཀྲོག་ཀྲོག་འདྲེ། མ་སངས། ཀླུ་བཙན། འགོང་པོ། ཟ་རམས་སོགས་རིམ་བཞིན་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་བཞི་བཅུ་སོགས་རིམ་གྱིས་དར་ཞིང་། དབྱེ་སྟངས་དང་གོ་དོན་འགྲེལ་ཚུལ་ཅུང་མི་འདྲ་བ་རེ་སྣང་མོད་ཕལ་ཆེར་ཞལ་མཐུན་ཡིན། དེ་བས་མངའ་མཛད་བཅུ་ནི་སྐབས་དེའི་བོད་ཀྱི་མངའ་ཁོངས་སྤྱི་ལ་དབང་བསྒྱུར་བྱེད་མཁན་གྱི་སྡེ་དཔོན་བཅུ་ཡིན་པའི་དབང་དུ་བྱས་ན། ཐོག་མར་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་མངའ་མཛད་དེ་དག་དུས་སྐབས་ནམ་ཞིག་ལ་བྱོན་པ་དེ་རེད། «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས། དེ་རྗེས་མི་ལས་གདོན་གྱུར་བདུད་ཀྱིས་བཟུང་། །རྩི་ཤིང་རྡོ་ཁང་བྲག་ལ་གནས་བཅས་ནས། །བོད་ཀྱི་ཆུ་བོ་བཞི་འདུས་འགོ་མཇུག་བཟུང་། །མི་དང་བསྡོངས་ཏེ་གཉེན་ལ་དོ་རུ་བསྡོ། །བདུད་སྲིན་མི་དང་སྲིད་བསྡེབས་དམག་དཔུང་འདྲེན། །སྟོན་པ་བྱོན་ནས་ཐམས་ཅད་དབང་དུ་བསྡུས། །ལྷ་སྲིན་སྡེ་བརྒྱད་བཀའ་བསྒོས་དམ་ལ་བཞག །མི་ལ་ལྷ་གསོལ་བྱུར་ཕུད་བཀའ་ལུང་ཕོག །[4]ཅེས་མངའ་མཛད་ཅན་བཅུའི་ཡ་གྱལ་བདུད་ཀྱིས་མངའ་དབང་མཛད་དུས་ཀྱི་དུས་སྐབས་ལ་བརྟགས་ན། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་ཏེ་ཟངས་དང་ལྕགས་སོགས་བཙོ་སྦྱངས་བྱས་ནས་ཐོན་སྐྱེད་ལག་ཆ་དང་འཚོ་བའི་ཡོ་བྱད། དམག་འཐབ་ཀྱི་མཚོན་ཆ། མཛེས་བྱད་ཀྱི་རྒྱན་ཆ་སོགས་ལས་སྣོན་བྱེད་ཤེས་པའི་དུས་སྐབས་སུ་སླེབས་ཡོད་པ་ཤེས་ཐུབ།

  ང་ཚོ་བོད་ཀྱི་མི་རིགས་འདི་ཡང་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ཙམ་ནས་ལྕགས་རིགས་དུས་སྐབས་སུ་སླེབས་པར་འདོད་པ་ལ་གཞིགས་ན། ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། །སྟ་རེ་དགྲ་སྟ་དུས་དེར་ལག་ཆར་བྱུང་། །ལག་ཆར་ཁ་ཊཾ་རྩེ་གསུམ་དེ་ནས་བྱུང་། །ལག་ཆ་མདུང་ལ་བྱེད་པ་དེ་ནས་བྱུང་། །ཞེས་ལག་ཆར་མདའ་གཞུ་དང་སྟ་རེ་དགྲ་སྟ། ཁ་ཊཾ་རྩེ་གསུམ་མདུང་ལ་སོགས་ཡིན་ཚུལ་བསྟན་ཡོད་ལ་འདི་དག་གནའ་མི་རྒན་པོ་དག་གི་ཟེར་སྒྲོས་ཡི་གེར་བཀོད་པ་ཙམ་ཞིག་མ་ཡིན་པར་གནའ་བོའི་ལོ་རྒྱུས་ཀྱི་དོན་དངོས་ཞིག་ཡིན་ཏེ། བོད་ལྗོངས་ཀྱི་ས་ཁུལ་མང་པོ་ནས་རྡོ་ཆས་རྙིང་མའི་དུས་རབས་དང་རྡོ་ཆས་གསར་མའི་དུས་སྐབས་ཀྱི་གནའ་རྫས་མང་པོ་རྙེད་པ་དང་། ལྷག་པར་ཉིང་ཁྲི་ནས་ཐོན་པའི་མི་རུས་ཀྱི་དུས་ཚོད་ནི་ཧ་ལམ་ལོ་ངོ་ལྔ་སྟོང་ནས་བརྒྱད་སྟོང་བར་དུ་ཞིབ་འཇུག་པ་དུ་མས་ངོས་འཛིན་གནང་ཡོད་ལ། དེ་དག་གིས་བོད་ལྗོངས་ས་མཐོ་འདིར་སྔར་ནས་བཟུང་འགྲོ་བ་མི་ཡི་རིགས་བྱུང་ཞིང་རིགས་རྒྱུད་ཆད་མེད་པའི་ཁར་ཁོ་ཚོ་ནི་དེང་གི་བོད་མིའི་མེས་པོ་ཡིན་པ་ར་སྤྲོད་བྱས་ཡོད། «བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་གནད་བསྡུས»ལས། ཆབ་མདོ་ཁ་རུབ་ས་འོག་ནས་ཐོན་པའི་རྡོ་ཆས་དང་རྫ་ཆས་ལོ་སྟོང་ཕྲག་བཞི་ལྔའི་སྔོན་གྱི་རུས་པའི་རྒྱན་ཆ་མང་པོ་ཐོན་པ་དང་། ལོ་ངོ་སྟོང་ཕྲག་གསུམ་དང་བཞིའི་སྔོན་དུ་བྲིས་པའི་བོད་ལྗོངས་ཤན་རྩ་རྫོང་གི་ཇགས་གླིང་གི་བྲག་རིས་སུ་མི་གཉིས་ཀྱིས་ནོར་ཞིག་གི་སྣ་ནང་དུ་ཐག་པ་དྲངས་ནས་སྔོན་དུ་ཁྲིད་པ་དང་། སྐྱ་མི་ཞིག་གིས་ཕྱིས་སུ་འདེད་ཅིང་དེའི་རྗེས་སུ་ཁྱི་གཉིས་འབྲང་བར་བཀོད[5]པར་དཔག་ན། རང་རིགས་ཀྱི་མེས་པོ་རྣམས་མི་ལོ་ཁྲི་སྟོང་མང་པོའི་སྔོན་རོལ་ནས་གངས་རི་ར་བའི་བསྐོར་བའི་མཐོ་སྒང་འདིར་འཚོ་གཞེས་གནང་ཡོད་པ་ཤེས་ཐུབ་པ་དང་ལག་རྩལ་གྱི་ཚད་ཀྱང་རིམ་པ་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་གསལ་བཤད་བྱས་ཡོད། «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས། བོད་ཡུལ་མ་སངས་སྤུན་དགུས་དབང་བྱས་ཏེ། །ཡུལ་མིང་བོད་ཁམས་གཞུང་དྲུག་ཅེས་སུ་གྲགས། །སྔ་རྟགས་མདའ་མདུང་མཚོན་ཆ་བརྩེ་བ་དང་། །བཞོན་པ་ཞོན་དང་དངོས་པོ་ཉོ་ཚོང་བྱུང་། །[6]ཞེས་གདོད་མའི་གནའ་མི་རྣམས་ཀྱིས་འབྲོང་བཟུང་ནས་ནོར་དུ་བཏུལ་བ་དང་རྐྱང་བཟུང་ནས་ཞོན་པར་འདུལ་གྱིན་ཡོད་པའི་ངག་རྒྱུན་དེ་ཟེར་སྒྲོས་ཙམ་མ་ཡིན་པར་གསལ་བོར་བསྟན་ཡོད་པ་དང་། མཚོན་ཆར་བརྩེ་བ་དང་དངོས་པོ་ཉོ་ཚོང་གི་སྲོལ་བྱུང་བར་བཀོད་པ་སོགས་ཀྱིས་དབང་མཛད་བཅུ་བྱོན་པའི་དུས་སྐབས་ནི་མ་མཐར་ཡང་ལོ་སྟོང་ཕྲག་ལྔའི་སྔ་རོལ་ཡིན་པ་ལུང་ཁུངས་དུ་མ་ནས་རྙེད་ངེས་པར་མ་ཟད། དབང་བསྒྱུར་གྲལ་རིམ་གྱི་ཚོ་བ་དག་ཆགས་པ་ནས་བཟུང་རྟག་པར་ཕན་ཚུན་བར་གཡུལ་བཀྱེས་ཏེ། ཚོ་བ་གཅིག་གིས་གཅིག་ལ་དབང་བསྒྱུར་བྱེད་ཅིང་འོག་སྡེ་མངའ་འབངས་ཇེ་མང་དང་སྟོབས་རྩལ་ནུས་ཤུགས་ཇེ་ཆེར་ཆགས་པའི་བྲན་གཡོག་བདག་པོའི་རྒྱལ་ཁབ་ཅིག་ཏུ་ཆགས་པ་ནི་ཤེས་ཐུབ། སྐབས་དེའི་སྤྱི་ཚོགས་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་སུ་སླེབས་ཡོད་པ་ནི་སྐབས་དེའི་ཡུལ་གྲུ་སོ་སོའི་སྡེ་ཚན་དང་དབང་བསྒྱུར་བྱེད་མཁན་གྱི་སྡེ་དཔོན་རྣམས་ཀྱི་མིང་གི་ཐོགས་སྲོལ་སོགས་ལ་བརྟག་པ་ཙམ་ལས་ཤེས་པར་ནུས་སོ། །

གཉིས་པ། མངའ་མཛད་དུས་སྐབས་ཀྱི་སྤྱི་ཚོགས་གླེང་བ།

  གནའ་བོའི་མངའ་མཛད་འདི་དག་སྐོར་གྱི་སྤྱི་ཚོགས་འཕེལ་རིམ་དང་མངའ་མཛད་སོ་སོའི་ཡུལ་ལུང་གང་ལ་བདག་དབང་བྱས་ཚུལ། ཐོན་སྐྱེད་ཀྱི་ལག་ཆ་གང་གསར་དུ་བཏོན་ཚུལ། གནས་བབས་ཀྱི་ཕན་ནུས་སོགས་གནའ་བོའི་བོན་ལུགས་ཀྱི་ལོ་རྒྱུས་ཡིག་ཚང་ཁག་དང་བན་ལུགས་ཀྱི་ཆོས་འབྱུང་ཁག་ལས་མངའ་མཛད་དབྱེ་ཚུལ་དང་འགྲེལ་ཚུལ་མི་འདྲ་ས་དེ་དག་དཔྱད་གཞིར་བཟུང་ནས་མངའ་མཛད་སོ་སོའི་སྐོར་ནས་ཅུང་ཙམ་ཞུ་ན།

  མངའ་མཛད་སོ་སོའི་མིང་འདི་དག་དེང་དུས་བོད་ལ་ཡོངས་སུ་གྲགས་པ་མི་མ་ཡིན་པ་རིགས་མི་འདྲ་བ་རྣམས་ཀྱི་མིང་དུ་ཆགས་པར་སེམས། མངའ་མཛད་གནོད་སྦྱིན་ནག་པོ་ཞེས་བྱ་བ་ནི་ཐོག་མར་ཚོ་བ་ཞིག་གམ་ཚོ་དཔོན་ཞིག་ལས་ཕྱིས་སུ་རྒྱ་བསྐྱེད་དང་སྟོབས་ཤུགས་ཇེ་ཆེར་བཏང་སྟེ་དུས་རབས་སམ་རྒྱལ་ཕྲན་གྱི་མིང་དུ་ཆགས་པར་ངེས་ཏེ། དཔལ་དང་འབྱོར་བས་ཕྱུག་པའི་ནོར་བདག་དང་མཆོད་ཅིང་བསྟེན་ན་སྡོངས་གྲོགས་མཛད་པ། གཞན་དུ་སེམས་ཅན་ལ་གནོད་པའི་འཚེ་བ་བརྩམས་པའི་ནོར་ལྷ་ཞིག་ཏུ་འདོད་ལ། སྣང་ངོར་མཐུ་རྩལ་ཆེ་བ་དང་དབང་ཤུགས་བཙན་པ། གཉན་པོ་ཡིན་པ་སོགས་བསྟན་ཡོད་པ་དང་ཤི་ཞིང་བརླག་ལ་དགའ་བ། འཁྲུག་རྩོད་ཀྱི་ལས་བགྱི་བ་སོགས་འགྲོ་བ་མི་ལ་དུས་རྒྱུན་ཕན་གནོད་ཀྱི་ལས་བརྩམས་པས། དུས་དེར་བཙན་བཅོས་ལ་སོགས་མདོས་གླུད་གཏོང་བ་དང་ཡུལ་ལྷ་མཆོད་པའི་སྲོལ་དར་བར་བཤད། སྐབས་དེར་ལག་ཆ་འཕེལ་རྒྱས་ཀྱི་ཆ་ནས་བཤད་ནའང་མཚོན་ཆ་མདའ་གཞུ་བོད་ཡུལ་ཀུན་ཏུ་བེད་སྤྱོད་བྱེད་རྒྱུ་དང་དར་རྒྱས་བྱུང་། ཡུལ་གྱི་མངའ་ཁོངས་ལ་ཟངས་ཡུལ་རྒྱན་མེད་ཟེར་ཞིང་། བོན་གྱི་ཡིག་ཚང་རྣམས་སུ་བོན་གྱི་འདུ་གནས་སོ་བདུན་གྱི་ཡ་གྱལ་གཙང་གི་གཡས་རུ་ན་གནས་བརྒྱད་ལས་དཔོན་གསས་ཁྱུང་རྒོད་རྩལ་གྱི་གཏེར་གནས་ཆེན་མོ་གཙང་པོའི་བྱང་རྒྱུད་ཀྱི་ཟང་ཟང་ལྷ་བྲག་ཞེས་པ་དང་སྤུ་ཧྲེང་གི་ནུབ་ཏུ་ཡོད་པའི་ས་ཁུལ་ཞིག་ལ་ཟངས་དཀར་ཞེས་པ། ངམ་རིང་རྫོང་དུ་ཡོད་པའི་ས་ཆ་ཞིག་ལ་བཟང་བཟང་ཞེས་པ། འཕན་ཡུལ་དུ་ཟངས་ལུང་། ལྷོ་ཁར་ཡར་ཀླུང་གཙང་བོའི་བྱང་རྒྱུད་དུ་བྲག་རི་ཟངས་ཀྱི་མདོག་ལྟ་བུ་ཡོད་པ་དེར་ཟངས་རི་རྫོང་སོགས་ཀྱི་གནས་མིང་ཡོད་པར་གཞིགས་ན་ཆབ་སྲིད་སྐྱོང་བའི་ལྟེ་གནས་ནི་གནའ་བོའི་དུས་ནས་བོད་ལྗོངས་ཕྱོགས་ཀྱི་གཞིས་རྩེ་དང་ལྷོ་ཁའི་ཕྱོགས་སུ་ཟངས་ཡུལ་རྒྱན་མེད་ཅེས་པའི་ཡུལ་གྲུ་དེ་ཡོད་པ་ཤེས་ཐུབ་ལ་གང་དུ་ཡོད་མེད་རྩད་གཅོད་དང་དཔྱད་ཞིབ་གནང་དགོས།

  གཉིས་པ་བདུད་ཀྱི་དུས་རབས་ཞེས་པ་ནི། གནོད་སྦྱིན་ནག་པོའི་སྲིད་དབང་གཏོར་ནས་ཡུལ་འདིར་དབང་བསྒྱུར་བྱེད་པའི་དཔོན་པོ་ལ་བཏགས་པར་ངེས་ཏེ། དེ་དག་གི་བྱུང་ཚུལ་ལའང་། བོན་གྱི་བསྐང་གཞུང་«ནག་པོ་བདུད་ཀྱི་ལྟ་ཟོར»ལས། དང་པོ་སྟོང་བའི་ངང་ཉིད་ལས། །དེ་ལས་འོད་དང་ཟིལ་བར་ཆགས། །ཟིལ་བར་ལ་ནི་སྒོ་ངར་དྲིལ། །སོལ་སྒོང་ནག་པོའི་ནང་ཤེད་ན། །བདུད་ཀྱི་གླང་ནག་དྲེད་མགོ་ཅན། །སྐྱིན་འདངས་ཁྲག་གི་རལ་བ་ཅན། །ཆུ་གྲི་གཏམས་པའི་མཆེ་བ་ཅན། །མིང་ནི་ཁྲི་འདུས་ཐང་པོ་ཡིན། །[7]ཞེས་གསུངས་པས་དེ་དག་གི་བསྟན་བྱ་དངོས་དང་ཡུལ་མིང་སོགས་སྤྱི་རུ་བསྟན་པ་མ་ཟད། རྗེས་སུ་རྒྱལ་མིང་ལ་རེ་ལྡེ་མགོ་ཡག་བདུད[8]ཅེས་བྱ་བ་ཞིག་ཡིན་ཞིང་། དེའང་གཡང་གཟར་བྲག་ངོས་དང་ནགས་ཁྲོད་ལ་འཁྲས་བཅས་ཤིང་ཇག་དམག་སྐོར་བྱས་ནས་ངེས་མེད་ལ་གློ་བུར་དུ་སོང་ནས་ཡ་ང་སྙིང་རྗེ་མེད་པར་འཕྲོག་བཅོམ་དང་འཛིན་བཟུང་བྱས་ནས་གསོད་ཅིང་གཏུབ་ལ་དགའ་བའི་འཁྲུག་རྩོད་དར། འགྲོ་བ་མི་ལ་གནོད་འཚེ་དང་དགེ་ལ་བར་ཆད་བྱེད་མཁན། ཀླ་ཀློ་དང་གདུག་རྩུབ་ཅན་ཞིག་ཡིན་པས་བོད་འབངས་ཡོངས་བྲན་དུ་བཀོལ་ཞིང་སྡུག་བསྔལ་གྱིས་མནར་བའི་གྲལ་རིམ་སྤྱི་ཚོགས་ཀྱི་དུས་ཤིག་ཡིན་པ་ཤེས་ཐུབ། སྐབས་དེར་གད་སྐྱིབས་དང་བྲག་ཕུག་ལ་རྡོ་ཁང་བརྩེགས་དབུབ་ཀྱིས་གནས་བཅའ་ཤེས་པ་ལས་ཤིང་བཅད་དེ་ཁང་བ་བཟོ་བ་དང་ཐག་ཚེམ་གྱིས་སྦྲ་བཟོ་བའི་ལས་མི་ཤེས། ཟས་ནི་སར་སྐྱེས་པའི་ལྡུམ་རིགས་དང་ཤ་ཟ་ཤེས་པ་ལས་ཞིང་འདེབས་རྨོ་འདེབས་ཀྱིས་བཟའ་ཆས་འཚོལ་བའི་རིག་པ་མེད། སྐབས་དེའི་དམག་འཐབ་ཀྱི་མཚོན་ཆ་གཙོ་བོ་ནི་སྟ་རེ་དགྲ་སྟ་དང་ཐོ་རིལ་གསར་བསྐྲུན་བྱས་ཤིང་ལག་ཆ་འདི་དག་སྤྱད་པ་ལ་བརྟེན་ནས་ཕྱིའི་དགྲ་བཏུལ་ཞིང་ནང་གི་འབངས་སྐྱོང་ལ་ནུས་པ་ཆེན་པོ་ཐོན་ཡོད། དབང་བསྒྱུར་གྱི་ལྟེ་གནས་ནི་བདུད་ཡུལ་ཁ་རག་རོང་དགུ་ཞེས་བྱ་ཡིན་ཞིང་། དེ་ལ་རིག་འཛིན་ཀུན་གྲོལ་གྲགས་པས་མཛད་པའི«རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་ཀྱི་རྣམ་བཤད་ཁམས་གསུམ་རྣམ་པར་རྒྱལ་བའི་ཉི་འོད»ཅེས་པ་ལས། བདུད་ཡུལ་མུན་པའི་གླིང་ཆེན་ན། དབུས་སུ་བདུད་མཁར་ནག་པོ་སྒོ་བརྒྱ་རྩེ་བརྒྱ་བདུད་ཀྱི་གྲོང་ཁྱེར་འབུམ་ཕྲག་བཞི་བཅུ་རྩ་གཉིས་ཀྱིས་བསྐོར་བ་ལ་བདུད་རྗེ་ཁྱབ་པ་ལག་རིང་། ཤར་ན་མུན་པ་རྡོ་རྗེ་བརྟན་པའི་གླིང་དུ་བདུད་རྒྱལ་ང་མིན་ཆོས་པོ། བྱང་ན་མུན་པ་དབང་ལྡན་འཁོར་ལོའི་གླིང་དུ་བདུད་རྒྱལ་འཁོར་བ་གཏིང་ནག ནུབ་ན་མུན་པ་གཟི་ལྡན་པདྨའི་གླིང་དུ་བདུད་རྒྱལ་འགྲན་ཏེ་ཡ་བོ། ལྷོ་ན་མུན་པ་སྨུག་ནག་འཁོར་གླིང་དུ་བདུད་རྒྱལ་རམ་པ་དུག་འགྱེད། བྱང་ཤར་ན་མིག་རྣོ་རྣ་གསང་། ལྷོ་ཤར་ན་ཤོར་བ་སྐྱ་བདུན། ལྷོ་ནུབ་ན་ཨ་ཀ་རུ་རྩེ། བྱང་ནུབ་ན་ཆུ་ལྕགས་རྒྱལ་བ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དུ་ཆགས་ཤིང་བདུད་ཀྱི་ལོག་སྤྱོད་སྣ་ཚོགས་སུ་སྤྱད་པར་ཡོད་དོ། །[9]ཞེས་གསུངས་ཤིང་། དེ་དག་གི་ལས་སྤྱོད་ཀྱང་། «མདོ་དྲི་མེད་གཟི་བརྗིད»ལས། ལོག་པ་སླུ། གཡོ་སྒྱུའི་ཐབས་དང་། ནད་དང་དུག་མཚོན་དང་། རྐུ་དང་ཐན་ངན་དང་། གཡོ་སྒྱུ་རྣམས་བཤམས་ནས་སྐྱེ་འགྲོ་ལ་དབང་བསྒྱུར་རོ། །[10]ཞེས་དང་། འདི་ཡང་བོན་གྱི་བསྐང་གཞུང་«ནག་པོ་བདུད་ཀྱི་ལྟ་ཟོར»ལས་བསྡུས་ཏེ་བཀོད་ན། བདུད་མཁར་ལྕགས་པ་རྩེ་དགུ་དང་། གཤེན་ཡུལ་ཨ་ཏི་འབྱམས་པ། དུར་ཁྲོད་མི་མགོའི་མཁར་ནང་། དམུ་ཡུལ་ངང་འབྲང་ལྕགས་འཕྲང་། ཁྲོ་ཆུ་དམུ་ལུག་མཁར་ནང་། ཀླུ་ཡུལ་ན་ར་གསིང་སྔོན། བལ་པོ་སྤྲིན་གྱི་མཁར་ནང་། དུག་མཚོ་མེར་བའི་གཏིང་རུམ། ལྷོ་ནུབ་རྒྱ་མཚོའི་ཀློང་དཀྱིལ་སོགས་ཡུལ་འདི་དགུ་བོ་ཡིན་པ་གསལ་ཞིང་།[11] «གླེང་གཞི་བསྟན་པའི་བྱུང་ཁུངས»ལས། དེའི་དབུས་སུ་བདུད་བོན་ཁ་སྟ་འགྲེང་ཡུག་བྱུང་སྟེ། བདུད་ཀྱི་གོང་ན་གཤེན་གཉན་པ་ལགས། བདུད་རོང་རྩོལ་བ་ལ་སོགས་བཀུར་བསྟི་བོན་ལ་བྱས་པ་ལགས་སོ། །[12]ཞེས་པ་ལྟར་ཕལ་ཆེར་ཀོང་ཡུལ་གྱི་ཉིང་ཁྲི་ཡོད་ས་དེ་ཡིན། དུས་སྐབས་དེར་སྟོན་པ་གཤེན་རབ་མི་བོ་ཆེ་གཤེན་ལོ་ཉི་ཤུའི་དུས་ཙམ་ན། བདུད་ཁྱབ་པ་ལག་རིང་གི་ཆོ་འཕྲུལ་ལ་བརྟེན་ནས། གནས་རྟག་གཟིགས་འོལ་མོའི་གླིང་ནས་གངས་དཀར་ཏི་སེ་གནས་སུ་ཞབས་ཀྱིས་བཅགས་ཏེ་ཕྱོགས་འདིར་ཕེབས་ཤིང༌། བསིལ་ཡུལ་གངས་ཅན་གྱི་ལྗོངས་ཀྱི་དྲེགས་པ་མཐུ་རྩལ་ཅན་གྱི་འཇིག་རྟེན་དྲེགས་པ་ཅན་རྣམས་དབང་དུ་བསྡུས་ཤིང་། ཀོང་བཙུན་དེ་མོ་ལ་སོགས་བརྟན་མ་བཅུ་གཉིས་དམ་ལ་བཏགས། ཀོང་རྗེ་དཀར་པོ་ལ་སོགས་མངའ་འབངས་ཐམས་ཅད་འཁོར་དུ་བསྡུས་ནས་འགྲོ་དོན་རླབས་ཆེན་མཛད་པའོ། །སྔོན་དུས་བདུད་གནས་ས་དེང་དུས་ཀྱི་ཉིང་ཁྲི་རྫོང་དང་། མེ་ཏོག་རྫོང་། དེང་རི་རྫོང་བཅས་ཡིན་པར་ངེས་སོ། །

  གསུམ་པ་སྲིན་པོ་གཉའ་རིང་ཕྲག་མེད་ཅེས་པས་བདུད་ཅེས་བྱ་བའི་དབང་མཛད་ཀྱི་དུས་མཇུག་ཏུ་མངའ་དབང་བཟུང་བར་བཤད་ལ། སྤྱིར་སྲིན་པོ་དེའང་གོང་གི་བདུད་དང་ཆ་འདྲ་བ་ཞིག་སྟེ་སྐྲ་གཟེངས་ཞིང་མཆེ་བ་ལྡན་པས་ཡ་ང་སྙིང་རྗེ་མེད་པར་ཤ་བཟའ་ཁྲག་འཐུང་དང་བག་མེད་ལོངས་སྤྱོད་ལ་གོམས་པའི་གནོད་བྱེད་གདུག་རྩུབ་ཀྱི་དུས་ཞིག་ཡིན་པར་ངེས། བོད་ཡུལ་སྲིན་པོའི་གནས་ཟེར་བ་ལྟར་སྐབས་དེའི་མི་རྣམས་ཀྱིས་སེམས་ཅན་གྱི་ཤ་ཟ་བས་གདོང་བ་དམར་བའི་རྟགས་མངོན་པ་དང་མི་སྲིན་གཉིས་ཀྱི་གཉེན་འབྲེལ་དམ་པས་སྲིན་གྱི་ཚ་བོ་འཕེལ་བ་དང་འགལ་རྐྱེན་གནོད་པའི་བགེགས་དང་འཕྲད་ན་ཡུལ་ལྷ་དམར་གྱིས་གསོལ་བའི་སྲོལ་དར་བའི་ལོ་རྒྱུས་ཡོད། སྐབས་དེར་ཐོན་སྐྱེད་ལག་ཆ་གཙོ་བོ་སྲིན་མོའི་རྐང་[13]དང་སྒྱོགས། མཆན་རྡོ་འཕེན་པ་བཅས་དར་ཁྱབ་བྱུང་། ཡུལ་མིང་སྲིན་མོ་དགུ་ཡུལ་ཟེར་བ་ནི«ཆོས་འབྱུང་མཁས་པའི་དགའ་སྟོན»ལས། ཡུལ་མིང་སྲིན་པོ་ནག་པོ་དགུ་ཡུལ་ཟེར། །ཞེས་དང་། «ལྡེའུ་ཆོས་འབྱུང”ལས། ཡུལ་གྱི་མིང་ལ་ནག་པོ་དགུ་དུས་ཟེར། །«སྐལ་བཟང་མགྲིན་རྒྱན»ལས། ཡུལ་མིང་བདུད་ཡུལ་ནག་པོ་དགུ་སུལ། །ཞེས་འབྲི་སྟངས་མི་འདྲ་བ་འགའ་རེ་སྣང་། ས་ཁོངས་ནི། «གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས»ལས། མལ་དྲོས་ཀྱི་བྱང་ནུབ་ན་སྤོས་རི་ངད་ལྡན་ཡོད། གངས་དེའི་ནུབ་ནས་བྱང་དུ་རི་ནག་པོ་དགུ་ཡོད་དེ། དེ་ཡང་ཕྱི་ནས་ནང་དུ་བརྩིས་ཏེ་འཛམ་གླིང་ཕྱི་ཡི་ཁ་ཁྱེར་ལ་མཚོ་དང་གླིང་དུ་འབྱེད་པ་ཏིང་ཝེར་གྱི་རི་བྱ་བ་ཡོད་དོ། །དེ་ལ་གཅན་གཟན་སྣ་ཚོགས་གནས་སོ། །དེའི་ལྷོ་ན་མཐའ་འཁོབ་དང་ཡང་འཁོབ་ཏུ་འབྱེད་པ། རི་བོ་ད་ཤན་བྱ་བ་ཡོད་དོ། །དེ་ལ་གནོད་སྦྱིན་ཕོ་མོ་མངོན་སུམ་དུ་རྒྱུག་པའི་གནས་སོ། །དེའི་ལྷོ་ན་ཡང་འཁོབ་དང་མཐའ་འཁོབ་ཏུ་འབྱེད་པ། ལ་ཤང་རྩེ་མང་གི་རི་བྱ་བ་ཡོད་དོ། །དེ་ལ་རྩ་བ་ན་ཤིང་རྩི་ཡོད་དོ། །དེ་ལ་མི་རྒོད་དང་ཤ་རྒོད་ལ་སོགས་རི་དྭགས་གནས་སོ། །དེའི་ལྷོ་ན་མཐའ་འཁོབ་དང་གེ་སར་དུ་འབྱེད་པ་རི་ད་ཤན་བྱ་བ་ཡོད་དེ། དེ་ལ་རྩི་ཤིང་ཡོད་པས་འདབ་ཆགས་མང་པོ་གནས་སོ། །དེའི་ལྷོ་ན་གེ་སར་དང་ཕྲོམ་དུ་འབྱེད་པའི་རི། བྱང་གཙུག་བྱ་བ་ཡོད་དོ། །དེ་ལ་རྩི་ཤིང་ནགས་ཚལ་ལ་གཅན་གཟན་དང་འདབ་ཆགས་གནས་སོ། །དེའི་ལྷོ་ན་ཧོར་དང་གྲུ་གུར་འབྱེད་པ་ཤང་ལ་ནག་པོ་བྱ་བ་ལྕགས་རི་དང་ཟངས་ཐང་དུ་ཡོད་པའོ། །དེའི་ལྷོ་ན་གྲུ་གུ་དང་ཧོར་སེར་དུ་འབྱེད་པ། བ་དག་ཤན་གྱི་རི་བ་བྱ་བ་ཡོད་དོ། །དེའི་ལྷོ་ན་ཞང་ཞུང་གི་རི་བྱ་རྐང་ཅན་བྱ་བ་ཡོད་དོ། །དེའི་ལྷོ་ལ་སྤོས་རི་ངད་ལྡན་ཡོད། རི་བོ་དགུ་པོ་དེ་མདོག་གཞན་ལས་ནག་པས། རི་ནག་དགུ་འདུས་ཞེས་བྱའོ། །[14]ཞེས་པ་ལྟར་ན། གོང་དུ་འཁོད་པའི་རི་བོ་དགུ་སྟེ་ཏིང་ཝེར་གྱི་རི་དང། རི་བོ་ད་ཤན། ལ་ཤང་རྩེ་མང་གི་རི། རི་ད་ཤན། རི་བྱང་གཙུག ཤང་ལ་ནག་པོ། བ་དག་ཤན་གྱི་རི། རི་བྱ་རྐང་ཅན། སྤོས་རི་ངད་ལྡན་བཅས་ཡུལ་དེ་དག་དངོས་མིང་རེ་འགའ་ཞང་སྐད་ཀྱི་ཟུར་ཆགས་པ་མ་ཟད། ཞང་ཞུང་སྒོ་བའི་ཕུག་པའི་ཆར་གཏོགས་སུ་གྱུར་བའི་གནས་རི་དུ་མའང་ཡོད་དམ་སྙམ།

  བཞི་བ་དབང་བསྒྱུར་བྱེད་པོའི་རུས་རིགས་ལ་བྱམས་བརྩེ་དང་སྙིང་རྗེ་ཟུང་གི་བདག་ཉིད་དུ་བསྔགས་པའི་དམར་འཇམ་ལྷ་ཞེས་པ་ཞིག་བྱུང་ཞིང་། དེ་དག་གི་བཞིན་རས་མཛེས་ཤིང་ཟླུམ་ལ་དཀར་དམར་གྱི་མདངས་ཆགས་ཤིང་། གཤིས་རྒྱུད་དར་དཀར་གྱི་ངང་ཚུལ་ཇི་བཞིན་ཤིན་ཏུ་འཇམ་པས་མིང་དེ་ལྟར་དུ་བཏགས་པར་མངོན། དབང་མཛད་ལྷས་བསྒྱུར་བའི་དུས་རབས་འདིའི་རིང་ལ། ཕྱི་ཡི་ཉེར་འཚེ་དགྲས་གནོད་པ་མེད་ལ། ནང་གི་འབངས་མིའི་དཔལ་འབྱོར་རྩ་གསུམ་ལྷ་ཡི་དཔལ་དང་མཚུངས་ཤིང་བདེ་སྐྱིད་རབ་ཏུ་ལྡན་པ་དང་། ལོ་ཕྱུགས་ཤིན་ཏུ་ལེགས་པའི་བཀྲ་ཤིས་ཀྱི་སྣང་བ་ཟད་དུ་མེད་པ་བྱུང། ལྷ་ལུས་ན་འོད་ཀྱི་ཕུང་བོ་བྱེ་བྲག་ཏུ་མངོན་ཅིང་ཟག་བཅས་ཀྱི་མངོན་ཤེས་དང་རྫུ་འཕྲུལ་ལྡན་པ་མ་ཟད། མཐུ་སྟོབས་དང་དཔལ་འབྱོར་གང་གི་ཆ་ནས་འགྲོ་བ་མི་ལས་ཆེས་ཆེར་འཕགས་པའི་ཡོན་ཏན་ལྡན་པར་བཤད། འདི་བོན་གྱི་ལོ་རྒྱུས་ཁག་སྟེ«བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས། དེ་ལྟར་ཁ་བ་ཅན་གྱི་ཡུལ་ཁམས་འདི། །སྲིད་པ་དང་པོ་ནམ་མཁའི་ལྷས་བཟུང་ཏེ། །ཐུགས་དཀར་གེ་ཁོད་གཙང་མའི་ལྷ་རིགས་རྣམས། །གཡའ་རི་གངས་དཀར་རྩེ་ལ་གནས་བཅས་ཤིང་། །[15] ཞེས་སྲིད་པ་དང་པོ་ནམ་མཁའ་ལྷ་ཡིས་བཟུང་ཚུལ་དང་གེ་ཁོད་གཙང་མའི་ལྷ་རིགས་མི་འདྲ་བ་མང་པོ་བྱོན་ནས་གཡའ་རི་གངས་དཀར་རི་བོའི་རྩེ་ལ་འཁྲས་བཅས་ཤིང་སྨྲ་ཤེས་ཤིང་དོན་གོ་བའི་འགྲོ་བ་མི་དང་ལྷན་ཏུ་འཚོ་བར་གོམས་པ་དང་མི་སྨྲ་གཉིས་ཀྱིས་སྐྱབས་བཅོལ་གཤེན་ལ་བསྟེན་ཞིང་བོན་བསྟན་སྲུང་། མིས་ཀྱང་དུད་འགྲོ་སེམས་ཅན་རིགས་ལ་འཚེ་བ་མི་བྱེད་པར་ཕན་ཚུན་གོ་བརྡ་འཕྲོད་ངེས་ཀྱིས་མི་ལོ་ཁྲི་འབུམ་མང་པོར་ཁ་བ་ཅན་གྱི་བོད་ཁམས་སུ་ཡུན་དུ་གནས་པའི་ལོ་རྒྱུས་ཡོད། སྐབས་དེར་ལག་རྩལ་སྔར་ལས་ཇེ་མཐོར་སོང་ཞིང་ལྕགས་རིགས་སྣ་ཚོགས་ཉེ་བར་སྤྱད་ནས་ལག་ཆ་གཙོ་བོ་ཆུ་གྲི་ངར་མ་དང་ཁ་ཊཾ་རྩེ་གསུམ་བཅས་ཐོན་སྐྱེད་ལག་ཆ་ཞིབ་ཚགས་ཅན་ལེགས་པར་བསྐྲུན་ནས་དར་འཕེལ་བྱུང་། ཡུལ་གྱི་མིང་ལ་བན་བོན་ལོ་རྒྱུས་ཀུན་གཅིག་མཐུན་གྱིས་ལྷ་ཡུལ་གུང་ཐང་ལ་ངོས་འཛིན་གནང་ཡོད། ལྷ་ཡུལ་གུང་ཐང་གི་ཡུལ་ནི་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་གྲས་ཀྱི་གཅིག་ཡིན་ཏེ། «མཛོད་སྒྲ་འགྲེལ»ལས། རུ་ལག་ན་གཡུང་དྲུང་གི་བོན་འདུ་ཞིང་འཚོགས་པའི་གནས་དགུ་ནི། ཉང་སྟོད་སྟག་ཚལ་བོན་གྱི་འདུ་འཚོགས་བྱེད་པའི་གནས། ཆུ་མགོ་རྡོ་རིངས། མཁར་ཆེན་བྲག་དཀར། མཚོ་རྔས་དྲིལ་ཆུང་། གཉན་རྩེ་ཐང་ཤོད། གྲོམ་པ་ཁའུ། རག་ཟ་སྭང་ཟླུམ་བོན་གྱི་འདུ་འཚོགས་གནས། མང་ཁར་མདོ་ཕུག ལྷ་ཡུལ་གུང་ཐང་བོན་གྱི་འདུ་འཚོགས་བྱེད་པའི་གནས[16]ཞེས་དེང་གི་དབུས་གཙང་རུ་ལག་གི་ཡུལ་ཕྱོགས་འདི་ཡིན་པར་མངོན་ཞིང་ཁས་ལེན་ཡང་བྱས་ཆོག་པར་སྣང་།

  ལྔ་བ་རྨུ་རྒྱལ་ཁོ་རྗེ་བྱ་བས་དབང་བསྒྱུར་བྱས་པ་ཡིན་ཏེ། རྨུ་འདི་ལ་བོན་གཞུང་རེ་འགའ་ན་དམུ་ཞེས་བྲིས་འདུག་པས། ཡི་གེ་འབྲི་སྟངས་འདི་ལྟར་ན། ཡར་གཡེན་ཆེ་བ་བཅུ་གསུམ་གྱི་ནང་ཚན་དུ་གྱུར་བའི་དམུ་རིགས་ལས་འཕོས་པར་སེམས་ཏེ། གཟུགས་སྟོབས་ཆེ་ཞིང་ཞི་དྲག་གི་ཉམས་དང་ལྡན་ལ། དགྲ་དང་འཐབ་པས་རྣམ་པ་ཀུན་ལས་ཡོངས་སུ་རྒྱལ་བས་ན། མཚན་ལའང་རྨུ་རྒྱལ་ཁོ་བོ་རྗེ་ཞེས་བྱ་བ་ཐོགས། དུས་དེར་དར་རྒྱས་བྱུང་བའི་ལག་ཆ་གཙོ་བོ་ནི་མདུང་དང་ཞགས་པ་འཕེན་པ། དམུ་གབ་འོན་འདེབས་བར་ཆད་བྱེད་པ་དར། འབྲེང་ཐག་གི་རྙི་བཏང་ནས་གཅན་གཟན་གཏུམ་པོའི་རིགས་བཟུང་བ། པགས་པ་གོས་སུ་བཟོས་ཏེ་གོན་པ་དང་མལ་གྱི་གདན་ལའང་པགས་པ་འདིང་སྲོལ་དར། རྒྱལ་པོའི་ཆས་སུ་སྟག་པགས་ཀྱི་གོས་དང་སྟག་གདན་ལ་འགྱིང་བ་དང་། ཞང་བློན་ཚོས་གཅན་གཟན་གཟིག་དང་དོམ་པགས་པ་ལོངས་སྤྱོད་བྱེད། ཐབས་ལས་གཙོ་བོ་རྙི་ཐག་ལ་བརྟེན་ནས་རི་དྭགས་མང་པོ་བཟུང་ནས་ཤ་ཁྲག་ལ་ལོངས་སུ་སྤྱད་པའི་འཚོ་བ་འདི་དག་བྱུང་ཞིང་། སྐབས་འདི་རི་དྭགས་བརྔོན་པའི་ལས་འདི་བྱེད་ཐབས་གཙོ་བོར་གྱུར། མངའ་མཛད་འདིའི་རྒྱལ་ས་ལྟེ་བའི་ཡུལ་གྱི་མིང་ལ་ངམ་འཕྲང་ཅང་འཕྲང་ངམ་ད་ཕྲང་ཅང་ཕྲང་ཞེས་པའི་འབྲི་སྲོལ་བྱུང་ཡོད་ལ་ཁག་ཅིག་གིས་སྟོད་མངའ་རིས་ཀྱི་ཕྱོགས་འདིར་ངོས་འཛིན་བྱས་ཡོད་མོད་ཏག་ཏག་ས་གནས་གསལ་བོ་ཞིག་གཏན་འཁེལ་མི་འདུག

  དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བགྱིས་པ་ཡིན་ལ་ཟ་འཁྲིད་འཆའ་ལ་དགའ་བའི་ཕན་ཚུན་གནོད་འཚེ་བྱེད་བཞིན་པའི་དུས་རབས་ཤིག་ཏུ་ངེས་ཤིང་། འདྲེ་ཞེས་པའང་ང་ཚོའི་བསམ་བློའི་སྟེང་ནས་དངོས་སུ་འཇིགས་ཡེར་རེ་བ་མཚོན་བྱེད་ཅིག་དང་མིའི་འདུ་ཤེས་འཛིན་སྟངས་དང་མི་འདྲ་བར་བླ་སྲོག་ཚེ་གསུམ་གྱི་གནོད་བྱེད་དུ་རྒྱུ་ཞིང་གདོན་བགེགས་ཀྱི་རིགས་སུ་གྱུར་བ་ཞིག་གམ་ཡང་ན་གཟུགས་མེད་ཀྱི་སྟོང་སྒྲ་སྒྲོག་པ་ཙམ་ཞིག་མ་ཡིན་ལ། སྤྱིར་བཏང་མིའི་རིགས་ལ་དཔའ་མཛངས་བློ་གྲོས་སྟོན་པ་དང་ལེགས་ཉེས་ཐབས་འཕྲུལ་བཟོ་མཁན་ཅིག་ཡིན་པ་ཤུགས་ཀྱིས་རྟོགས་ཐུབ། སྐབས་དེར་ཐོན་སྐྱེད་ལག་ཆ་གཙོ་བོ་ནི་རྒྱུག་པ་སྐྱོག་ཅན[17]དང་འུར་རྡོ་འཕེན་པ་སོགས་དགྲ་ཇག་རྐུན་གསུམ་ལ་རྒྱང་དུ་བཀྱེད་ནས་རྒོལ་ལན་སློག་པ་ལས་ཉེ་སར་བཅར་ནས་གྲི་མདུང་སྟ་རེས་ཁྱོད་ཤི་ང་གསོན་གྱི་དམར་འཛིང་བྱེད་མི་དགོས་པའི་རང་ཕྱོགས་འགེབས་སྲུང་གི་ལག་རྩལ་གསར་བ་འདི་ནས་རྙེད། ཡུལ་གྱི་མིང་ལ་ལོ་རྒྱུས་དེབ་ཐེར་ཁག་ཏུ་ངམ་ལིང་ཏང་ལིང་དང་ལིང་ཏིང་ལིང་ཏིང་ཞེས་མི་མཐུན་པ་རེ་གཉིས་བྱུང་ཡོད་མོད་ལོ་རྒྱུས་སྨྲ་བ་ཁ་ཅིག་གིས[18]ལང་ཏིང་ལིང་ཞེས་པའི་ཡུལ་དེ་དེང་སང་སྟོད་མངའ་རིས་ཀྱི་སྤུ་ཧྲེང་ཕྱོགས་ཀྱི་བར་ཁ་ཞེས་པའི་ལུང་པ་ཞིག་ལ་ངོས་བཟུང་འདུག

  བདུན་པ་མ་སངས་གཉན་གྱི་དུས་རབས་སུ་འབོད་ཅིང་གནའ་མིའི་ངག་སྒྲོས་སུ་མ་སངས་ནི་མི་ཁྱིམ་ལ་འགོ་བའི་ཐེའུ་རངས་ཡིན་རབས་དང་མི་ལས་མཐུ་དང་རྫུ་འཕྲུལ། ཐབས་དང་བཀོད་པ། དཔའ་དང་ནུས་རྩལ་སོགས་ཀུན་ལས་ཆེ་བ་ཡོད་ཚུལ་གྲགས་ཆེ་སྟེ། རྫ་རི་ནགས་ཚལ་དུ་གནས་བཅས་ཤིང་དུད་འགྲོ་བཀོལ་སྤྱོད་བྱེད་པའི་སྲོལ་ཐོག་མར་དར་བར་བཤད་པ་དང་འདིའི་སྐབས་སུ་ཞང་བོད་ཀྱི་ཡུལ་གྲུ་ཀུན་ཏུ་མ་སངས་སྤུན་དགུ[19]བོས་གླིང་དགུ[20]རེ་རེ་ལ་བདག་དབང་མཛད་ཡོད་པར་མ་ཟད། འགྲོ་བ་མི་དང་གཉེན་མཛའ་བཤེས་ཚུལ་དུ་གནས་ཡོད་པ་དང་། སྐབས་དེར་བོད་ཀྱི་མི་གྲངས་རྒྱ་ཆེར་འཕེལ་ཞིང་སྟོབས་འབྱོར་མངའ་ཐང་ཅུང་ཟད་ཆེ་བར་བཤད། གཉན་བོན་ཐང་ཐང་ཁྲོལ་བ་དང་གཉན་གསུམ་ཐོད་དེ་རྒྱལ་བ་ལ་སོགས་བྱུང་ནས་མ་སངས་མཆེད་དྲུག་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཤིང་མ་སངས་ཀྱི་གོང་ན་གཤེན་གཉན་པ་ལགས[21]ཞེས་སོ། །ལོ་རྒྱུས་སྨྲ་བ་དུ་མའི་ངག་ལས་མ་སངས་མཆེད་དྲུག་དང་མཆེད་དགུ་གཉིས་སུ་འབྱུང་མོད། ལོ་རྒྱུས་མང་པོ་གཞིགས་ཏེ་གུང་བསྒྲིགས་ན་མ་སངས་སྤུན་དགུ་རུ་བགྲང་ན་ཅུང་འབྲེལ་ཆགས་པར་འདུག མ་སངས་གཉན་གྱི་སྐབས་འདིར་མཚོན་ཆའི་སྐོར་ལ་འདང་རྩིས་ཤིན་ཏུ་ཆེ་བས་ལག་ཆ་དར་བ་གཙོ་ཤོས་ནི། མདའ་མདུང་མཚོན་ཆ་ལས་དོང་རལ་དང་གོ་ཆ་ཕུབ་ཆུང་བྱུང་སྟེ་འགུག་འཛིན་ཁྲམ་ལ་བཏབ་པའི་སྲོལ་བྱུང་བ་དང་། གཞན་རྟ་གཡག་ནོར་ཕྱུགས་ལ་བཞོན་པ་ཞོན་རྒྱུ་དང་དངོས་པོ་ཉོ་ཚོང་གི་སྲོལ་ལུགས་དུས་དེར་བྱུང་བས་རྒྱལ་ཁབ་ཀྱི་རྣམ་པ་ཙམ་དུ་གྱུར་ཡོད། གླིང་དགུ་བའི་ཡུལ་གྱི་སྤྱི་མིང་ལ་བོད་ཁ་གཡག་དྲུག་དང་བོད་ཁམས་གཡང་དྲུག བོད་ཁམས་གཡའ་དྲུག བོད་ཁམས་གཞུང་དྲུག་སོགས[22]འབྲི་ཚུལ་ཐད་གཅིག་གྱུར་བྱུང་མེད་ནའང་འདི་དུས་ནས་རང་རེའི་ཡུལ་ལྗོངས་ལ་བོད་ཅེས་པའི་མིང་འདི་བྱུང་ཡོད་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད།

  བརྒྱད་པ་དབང་བསྒྱུར་བྱེད་པའི་མངའ་མཛད་ནི་ན་ཀྲའམ་འཕྱེ་བོ་ཀླུ་ཡིན་ལ། སྤྱིར་ན་ཀླུ་གཉན་ས་བདག་གསུམ་པོ་རིགས་གཅིག་ཏུ་ངོས་འཛིན་སྲོལ་ཡོད་པ་དང་། ལ་ལས་སོ་སོར་ངོས་འཛིན་བྱེད་སྟངས་སོགས་བཞེད་ཚུལ་མི་མཐུན་པ་རེ་མཆིས་ཀྱང་། དོན་དུ་བོན་གྱི་བཀའ་དང་བཀའ་བརྟེན་དག་ལས་དེ་དག་གསལ་བོར་བསྟན་པ་མ་གཏོགས། གཞན་གྱི་ལུགས་ལས་འདི་ལ་གསལ་བཤད་བྱེད་རྒྱུ་ཁག་པོར་འདུག རྒྱུ་མཚན་གང་གིས་ཕྱིར་ཞེ་ན། གཤེན་རབ་སྟོན་པས་ལྷ་ཀླུ་མི་གསུམ་གྱི་མཛད་པ་མཐར་རྫོགས་ནས་གདུལ་བྱ་དྲངས་ཚུལ་བསམ་གྱིས་མི་ཁྱབ་པ་བསྟན་པའི་རྒྱུ་མཚན་གྱིས་ལྷ་ཀླུ་གཉན་གསུམ་གྱི་བྱུང་ཁུངས་དང་ངོ་བོའི་གནས་སྟངས་སོགས་བོན་གྱི་ཡིག་ཆ་གཙོར་བཟུང་ན་འཐད་པར་སེམས་སོ། །དེ་དག་གི་བྱུང་ཚུལ་དང་མཆེད་ཁུངས་ནི། «གཙང་མ་ཀླུ་འབུམ་ཁྲ་བོ»ལས། ནམ་མཁའ་སྟོང་ལྡན་དང་། གསལ་བ་འོད་ལྡན་དང་། མུན་པ་ཟེར་ལྡན་དང་དེ་གསུམ་འདུས་པའི་གཞི་ལས་བྱུང་། ནམ་མཁའ་གསལ་ལྡན་ནི། ནམ་མཁའ་ཡིན་པས་ནི་མཚོན་པའི་དཔེ་རུ་རུང་ལ། སྟོང་བར་ལྡན་པས་ནི་གཟུང་བའི་ཡུལ་ལས་འདས། གསལ་བ་འོད་ལྡན་ནི། གསལ་བ་ཡིན་པས་གང་དག་གོ་རྣམས་འབྱེད། འོད་དང་ལྡན་པས་ནི་ཆོ་འཕྲུལ་ཅིར་ཡང་སྟོན། མུན་པ་ཟེར་ལྡན་ནི། མུན་པ་ཡིན་པས་ནི་རྨོངས་པས་གཞི་ལས་བྱུང་། ཟེར་དང་ལྡན་པས་ནི་གནོད་པ་སྣ་ཚོགས་འབྱུང་། དེ་དག་གཅིག་གིས་གཅིག་བསྐྱེད་ནས།[23]ཞེས་དང་། དེ་དག་གི་གནས་སྟངས་ཡང་སོ་སོ་སྟེ། དེ་ཉིད་ལས། གཉན་ཞེས་བྱ་བ་ནི་ནམ་མཁའ་དང་འོད་ཟེར་ལ་གནས་ཏེ་རྫུ་འཕྲུལ་སྣ་ཚོགས་ཕྱོགས་བཅུ་ཡོངས་སུ་འགྱེད་ཅིང་ཐམས་ཅད་གཉན་པས་གཉན་ཞེས་བྱའོ། །ས་བདག་ཞེས་བྱ་བ་ནི་ས་གཞི་ལ་གནས་ཤིང་། མེ་ཏོག་དང་རྩི་ཤིང་དང་། གངས་བྲག་གི་བདག་པོ་བྱེད་པས། ཞེས་དང་། ཀླུའི་རིགས་ནི་བསམ་གྱིས་མི་ཁྱབ་པ་རྩ་བའི་རིགས་ནི་ལྔ[24]ལ་འདུས། ཞེས་གསུངས་པས། ཀླུའི་རིགས་རྣམས་ནི་འོག་ས་གཞི་དང་ཁྱད་པར་ཆུ་ལ་གནས་པའི་འགྲོ་བ་བྱེ་བྲག་པ་ཞིག་སྟེ། དུས་རྒྱུན་མཚོ་རྫིང་དང་ཆུ་ཀླུང་། ནེའུ་གསིང་གི་གཞི་རུ་གནས་བཅས་ཤིང་འགྲོ་བ་མིའི་རིགས་དང་གྲོགས་བསྡེབས་ནས་མཆོད་ཡོན་ཏུ་བཀུར་ན་དཔལ་དང་འབྱོར་བ་ཡར་ལ་བསྐྱེད་པ་དང་། ལྷོ་སྤྲིན་སྡུད་ཅིང་ཆར་ཆུ་དུས་སུ་འབེབས་པས་རྩི་ཤིང་ལོ་འབྲས་ཡག་པོར་སྨིན་པ། མི་རྣམས་ཀྱིས་ཆུ་མགོ་དང་མཚོ་རྫིང་ལ་མི་གཙང་བའི་རྫས་ངན་དང་མནོལ་བཙོག་ཐེབས་ན་ཀླུས་གནོད་པ་འབྱུང་སྟེ་རྐང་ལག་ཞ་བ་དང་ལུས་ཁམས་མི་བདེ་བའི་ནད་གཞི་ཅི་རིགས་ཏེ་ཀླུ་ནད་ལྕི་འཐིབས་དལ་འབེབས་དར་བ་དང་། དེའི་བཅོས་ཐབས་སུ་གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་། ཀླུ་བཅོས། ཀླུ་གཏོར། ཀླུ་ཆོག་འོ་མའི་རྒྱ་མཚོ་ལ་སོགས་བཏོན་ན་ཕན་ནུས་ཆེན་པོ་ལྡན། ཀླུ་བོན་དབྱངས་སྙན་གྱིམ་བུ་བྱུང་སྟེ་ཀླུ་གཙུག་ཕུད་དང་དུན་ཙེ་ལ་སོགས་པས་བཀུར་བསྟི་བོན་ལ་བགྱིས་ཤིང་ཀླུའི་གོང་ན་གཤེན་གཉན།[25] སྐབས་དེར་ཐོན་སྐྱེད་ལག་ཆ་ལ་དཀར་བུ་ཆུ་ལ་སྤྱོད་པ་འདིའི་དུས་སུ་གྲགས་པ་དང་སྔ་རྟགས་སུ་ས་ཞིང་རྒྱ་བསྐྱེད་དང་རྟ་ནོར་ལུག་གསུམ་སོགས་སྒོ་ཕྱུགས་ལོངས་སྤྱོད་ལེགས་པར་འཕེལ་ནས་འཚོ་བའི་མཐུན་རྐྱེན་བསྐྲུན་པ་དང་། ནང་གི་གྱོད་དང་ཁ་མཆུ་ཞི་ནས་འབངས་རྣམས་མཐུན་ལ་དགྲ་ཡང་འདུལ་ཐུབ་པའི་བཤད་རྒྱུན་དུ་མ་ཚད་མར་དྲངས་ཡོད།[26] ཡུལ་གྱི་མིང་ལ་བོན་གྱི་བསྟན་འབྱུང་ལོ་རྒྱུས་རྣམས་སུ་ཀླུ་ཡུལ་ན་ཀྲ་གསིང་སྔོན་ཞེས་དང་། ཆོས་འབྱུང་ཁག་ན་བོད་ཁམས་གླིང་དགུ་ཡིན་པར་ངོས་བཟུང་ཡོད་པས་དེ་དག་མིང་གི་བྱེ་བྲག་གམ་ཡུལ་ལུང་སོ་སོ་ཡིན་མིན་ཀུན་གྱིས་དཔྱད་བྱར་རིགས་སོ། །

  དགུ་བ་སྐྱེ་རྒྱལ་རྔམ་པོ་ཙེས་དབང་བསྒྱུར་མཛད་པ་ཡིན་ཏེ། དེ་ནི་ཤ་ཟ་གདོང་པ་དམར་ཞིང་ལུས་ཀྱི་དབྱིབས་སྤྲེའུ་དང་འདྲ་ལ་མཐུ་རྩལ་ཆེ་ཞིང་རི་དྭགས་བཟུང་ནས་བཀོད་སྤྱོད་སྣ་ཚོགས་དར། དེ་དུས་ཙམ་ལ་ཞང་ཞུང་རྒྱལ་པོ་ཐོག་མ་བྱུང་ཡོད་པ་ཡང་མངོན་ཏེ། ཞང་ཞུང་རྒྱལ་རབས་གོང་མས་ཕྱེ་ཡུལ་དབྱེ་ཆེན་སྡེ་བརྒྱད་དུ་དབང་བསྒྱུར་ནས་རྗེས་སོར་གཤེན་གསང་བ་འདུས་པ་བྱོན་ནས་ཕྱེས་ཡུལ་དབྱེ་ཆེན་སྡེ་བརྒྱད་དུ་མ་སྲིན་སྡེ་བརྒྱད་དམ་ལ་བཏགས་པའི་ལོ་རྒྱུས་སུ་གསལ་བོར་འཁོད་ཡོད།[27] ཐོན་སྐྱེད་ལག་ཆ་སོགས་གང་ཞིག་གསར་དུ་ཐོན་ཚུལ་དང་དར་ཚུལ་སོགས་ཅི་ཡང་གསལ་ཁ་མི་འདུག་མོད། ཁག་ཅིག་ན་སྒྱོགས་རྡོ་དང་འཕར་རྡེའུའི་མཚོན་ཆ་སོགས་བསྐྲུན་པའི་ལག་རྩལ་དར་བར་བཤད། ཡུལ་གྱི་མིང་ལ་ཕྱེ་ཡུལ་དབྱེ་ཆེན་སྡེ་བརྒྱད་ཟེར་རོ། །

  བཅུ་བ་དབང་བསྒྱུར་བྱེད་པ་པོ་ནི་ཟ་རམས་སྐྱེས་དྲུག་བྱ་བ་དང་། དེའི་དུས་སུ་སྡེ་བོན་བྱེད་མཁན་བརྩན་པ་བྱུང་བ་དང་སྐྱེས་བུ་རྩལ་པོ་ལེགས་པས་བཀུར་བསྟི་བོན་ལ་བགྱིས་ཤིང་དེའི་གོང་ན་བོན་དང་གཤེན་གཉན།[28] སྐབས་དེར་མགོ་རྒྱན་རྣ་ཆ་འདོགས་པ་དང་གླུ་ལེན་གར་རྩེད་ཀྱི་དགའ་སྟོན་ལ་རོལ་བའི་སྲོལ་བྱུང་བ་དང་ལུས་ལའང་སྒོ་ཕྱུགས་ཀྱི་པགས་པ་མཉེས་མའི་ལྭ་བ་གྱོན་པ་དང་ཡ་རབས་ཚུལ་ལྡན་གྱི་སྲོལ་བཟང་དར། ཡུལ་གྱི་མིང་ལ་སྟོང་སྡེ་བཅོ་བརྒྱད[29]དུ་དབྱེ་ཡོད་པ་དང་། སྟོང་སྡེ་ནི་དམག་དོན་གཙོར་གཉེར་གྱི་དམག་སྲིད་སྡེ་ཚན་ཞིག་ལགས་རྐྱེན་དབང་མཛད་བཅུའི་ཐ་མའི་དུས་ལ་ཡུལ་ཁམས་སྟོང་སྡེ་བཅོ་བརྒྱད་དུ་བཅད་པར་བཤད་འདུག

  གོང་དུ་འཁོད་པ་ལྟར་བོད་ཀྱི་ཡུལ་འདིར་དབང་བསྒྱུར་བྱེད་པའི་མངའ་མཛད་དུས་རབས་མི་འདྲ་བ་སོ་སོའི་སྤྱི་ཚོགས་ལ་དཔྱད་ན་ཞང་བོད་ས་མཐོའི་ལྗོངས་སུ་འགྲོ་བ་མི་ཡི་རིགས་ཁྱབ་གདལ་དུ་བྱུང་ཡོད་པར་རིགས་ཏེ་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་གོང་དུ་འཕེལ་བ་དང་སྦྲགས་རྡོ་དང་རུས་པ་རྣམས་གཙུབ་བརྡར་གཏིབས་གསུམ་བྱས་ནས་བྱུང་བའི་ལག་ཆ་ལ་མདའ་གཞུ་དང་མདུང་། སྟ་རེ་དགྲ་སྟ། སྲིན་པོའི་རྐང་། སྒྱོགས། རྒྱུག་པ་སྐྱོག དོང་རལ་ཕུབ་ཆུང་། ཆུ་གྲི་ངར་མ། ཁ་ཊཾ་རྩེ་གསུམ། ཞགས་པ་འཕེན་པ། མཆན་རྡོ་འཕེན་པ། འུར་རྡོ་འཕེན་པ། བཞོན་པར་ཞོན་པ། རྣ་ཆ་འདོགས་པ། དངོས་པོ་ཉོ་ཚོང་སོགས་དམག་འཁྲུག་གི་མཚོན་ཆ་དང་འཚོ་བའི་ཡོ་བྱད་མང་པོ་གསར་གཏོད་དང་ཁྱད་བོན་དུ་འཁུམས་པས་སྔོན་ཐོན་གྱི་དན་རྟགས་ཤིག་གམ་བོད་ཀྱི་ཤེས་རིག་ལག་རྩལ་འཕེལ་རྒྱས་དང་གནའ་མིའི་འཚོ་བ་རོལ་སྟངས་ཀྱི་སྤྱི་ཚོགས་དེ་ཡང་རིམ་བཞིན་གོང་འཕེལ་དང་ཡར་རྒྱས་སུ་ཅི་ཙམ་ཕྱིན་ཡོད་པ་ཤེས་ཐུབ།

  མི་མ་ཡིན་ཟ་རམས་སྐྱེས་དྲུག་གིས་ཁྱོན་ཡོངས་ལ་བདག་དབང་བྱེད་རྒྱུའི་ནུས་ཤུགས་ཡོངས་ནས་ཉམས་ཏེ་རིམ་བཞིན་རྒྱལ་ཕྲན་སིལ་མ་བཅུ་གཉིས[30]ཀྱིས་དབང་བསྒྱུར་མཛད། ཟ་རིགས་སྤུན་དྲུག་དང་འགོང་བོ་སྤུན་དགུ་སོགས་ཀྱིས་དབང་བསྒྱུར་བྱས་ཚུལ་སོགས་ཕྱེ་ཡུལ་གྱི་སྡེ་རིས་བཅོ་བརྒྱད་དབྱེ་ནས་བཅད་བཟུང་བསླུ་ཁྲིད་དལ་འབེབས་སྣ་ཚོགས་བྱུང་ཚུལ་སོགས་གསལ།[31] ཡུལ་མིང་ལ་བོད་ཡུལ་སྦ་ཁ་ཆེ་བརྒྱད་ཅེས་སུ་གྲགས་པ་དང་སྔ་རྟགས་ལ་ཕྱག་འཚལ་བ་དང་རྒན་བཀུར་ཆུང་བྱམས་ཀྱི་ཞེ་ས་སྦྱར་བའི་ལུགས་དང་སྔར་གྱི་གནའ་མིའི་སྒྲུང་གཏམ་དག་ཕྱིས་ཀྱི་མི་དག་ལ་གཏམ་རྒྱུད་ལྟར་བཤད་པའི་སྲོལ་བྱུང་། དུས་དེར་སྤྱི་ཚོགས་འཕེལ་རྒྱས་དང་ཡུལ་གྲུ་སོ་སོར་རྒྱལ་བློན་གྱི་དཔུང་ཁག་གི་ཤུགས་ཆེན་པོ་དར་འཕེལ་བྱུང་བ་དང་བསྟུན་རྒྱལ་ཕྲན་སིལ་མ་བཅུ་གཉིས་པོ་དེ་དག་དུས་རྒྱུན་ཕན་ཚུན་དམག་ཇག་འཁྲུག་རྩོད་ཀྱི་གཡུལ་བཤམས་ཏེ་འགལ་གནོད་ཀྱི་ལས་ཅི་རིགས་བརྩམས་པས་རིམ་བཞིན་དེ་དག་གི་ཁོངས་སུ་གཏོགས་པའི་ཚོ་བ་དང་སྡེ་ཤོག་མང་པོ་ཞིག་རང་རྐྱ་འཕེར་བའི་སྒོ་ནས་རྒྱལ་ཕྲན་སིལ་མ་བཞི་བཅུ(ཡིག་ཆ་ཁ་ཤས་ན་ཞེ་གཉིས་སུ་འབྲི་སྲོལ་སྣང་ཡང་གྲངས་འདྲེན་ལུགས་འཐུས་ཚང་ཞིག་རྙེད་དཀའ)ཟེར་བ་ཞིག་བྱུང་ཞིང་། ཡུལ་གྱི་མིང་ལ་ནི་བོད་ཁམས་གླིང་དགུ་ཞེས་སུ་གྲགས་ཏེ། «བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས། དེ་རྗེས་དེར་གྱེས་རྒྱལ་ཕྲན་སིལ་མ་ནི། །བཞི་བཅུའི་བར་འཕེལ་བོད་ཁམས་གླིང་དགུ་ཞེས། །སྔ་རྟགས་བོན་ལ་སྐྱབས་གསོལ་ཐར་པ་བསྒྲུབ། །ལྷ་རྟེན་བརྩིགས་ཤིང་རྟེན་གསུམ་བཞེངས་པ་བྱུང་། །དུས་རབས་དེ་བཞིའི་རིང་ལ་རིམ་བཞིན་དུ། །ལྕགས་རིགས་རྙེད་ཅིང་རྡོ་བཟོ་ཤིང་གཅོད་ཤེས། །སྤུ་བྲེག་ཐག་ཚེམ་ཞིང་འདེབས་སོགས་ཤེས་དུས། །འབྲོག་དང་ཡུལ་པ་ཞེས་པའི་སྲིད་པ་བྱུང་། །[32] ཞེས་སྐབས་དེར་བོན་ལ་སྐྱབས་སུ་འགྲོ་ཞིང་ཐར་བའི་ལམ་སྒྲུབ་པ། ལྷ་ཁང་གསས་ཁང་བརྩིགས་ཤིང་སྐུ་གསུང་ཐུགས་རྟེན་བཞེངས་བསྐྲུན་གྱི་དབུ་བརྩམས་པ་སོགས་བོན་སྤྱོད་ཀྱི་བྱེད་སྒོ་སྤེལ་བའི་སྲོལ་བྱུང་། གདོད་མའི་དུས་གོས་སུ་ཤིང་ལོ་གྱོན་པ་དང་ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་བའི་ཚུལ་དེ་བསྒྱུར་ནས་རི་དྭགས་རྔོན་པ་དང་ཤ་ཁྲག་ཟས་སུ་ཟ་ཞིང་པགས་པ་གོས་སུ་གྱོན་པའི་སྲོལ་བྱུང་བར་མ་ཟད། རི་དྭགས་ཁ་ཤས་བཟུང་ནས་གཡུང་ཕབ་སྟེ་སྒོ་ཕྱུགས་འཚོ་སྐྱོང་གིས་འོ་མ་བཞོས་ནས་མར་ཆུར་ཞོ་གསུམ་བསྐྲུན་ཏེ་འཚོ་བའི་ཁ་སྣོན་བྱེད་པ་སོགས་ཐོག་མར་ཕྱུགས་ལས་ཐོན་སྐྱེད་དར་བ་དང་རིམ་གྱིས་ས་རྒོད་ཞིང་དུ་རྨོས་ཤིང་སོ་ནམ་བྱས་པར་བརྟེན་ཞིང་ལས་ཀྱི་སྲོལ་དར་བས། བོད་སྤྱི་ཚོགས་ཀྱི་དཔལ་འབྱོར་གཞི་རྩ་ཅན་ནི་གཙོ་བོ་ཞིང་ཕྱུགས་ལས་ཟུང་འབྲེལ་ལྟ་བུའི་ལམ་ལུགས་ཐོག་མར་ཆགས་པ་ཡིན་ནོ། །



གསུམ་པ། མངའ་མཛད་དུས་སྐབས་ཀྱི་ཁྱབ་ཁོངས་གླེང་བ།

  ལོ་ངོ་ལྔ་སྟོང་ལྷག་གི་སྔ་རོལ་ནས་ཁེར་ཚུགས་དང་རང་དབང་གིས་འཚོ་བར་གོམས་པའི་བོད་རུ་བཞི་ལ་དབང་བསྒྱུར་མཁན་མངའ་མཛད་བཅུ་ཞེས་སྐབས་དེའི་མངའ་ཁོངས་ཀྱི་རྒྱ་ཁྱོན་ངེས་པར་བྱེད་པ་ནི་ཐུན་མོང་གི་སྤྱི་འགྲོས་ཤིག་དང་ལོ་རྒྱུས་སྨྲ་བ་དག་གིས་གཡོལ་ཐབས་མེད་པའི་བདེན་ཚིག་གི་དཔྱད་གཞིའི་ཡིག་ཆར་གྱུར་འདུག དེ་བས་མངའ་མཛད་ཅན་བཅུའི་ཡུལ་གྱི་མིང་ལ་བརྟགས་ན་གནོད་སྦྱིན་དང་བདུད། སྲིན་པོ། ལྷ་དང་འདྲེ། མ་སངས་དང་ཀླུ། ཟ་རིད་སྤུན་དྲུག་ལ་སོགས་ཀྱིས་དབང་བྱེད་དུས་སྟོང་སྡེ་བཅོ་བརྒྱད་ཡོད་པར་བཤད་ཀྱང་སྐབས་དེའི་མངའ་ཁོངས་སིལ་བུར་འཐོར་བ་དང་དེ་ལས་གྲུབ་པའི་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་མངའ་ཁོངས་ཀྱི་རྒྱ་ཁྱོན་ལས་བརྟག་དགོས་པ་རེད། རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་རྒྱལ་བློན་དང་ཡུལ་གྱི་མིང་ལ་དཔྱད་ན«ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང”ལས། ཡུལ་འཆིམས་ཡུལ་ནག་པོ་དགུ་སུལ་ན། རྒྱལ་པོ་འཆིམས་རྗེ་ནེ་གུ། བློན་པོ་དང་དང་དིང། ཡུལ་ཞང་ཞུང་ན། རྒྱལ་པོ་ཞང་ཞུང་དར་གྱི་རྗེ་ག་ཤུར་བཞུགས། བློན་པོ་སྨ་ར་སངས་རྗེ། ཡུལ་མྱང་རོ་མཆད་དཀར་ན། རྒྱལ་པོ་རྩང་རྗེ་ཐོད་དཀར། བློན་པོ་བན། ཡུལ་སྣུབས་ཡུལ་གླིང་དགུ་ན། རྒྱལ་པོ་སྣུབས་རྗེ་སྲིད་པ། བློན་པོ་རྨེའུ་དང་འགྲོ། ཡུལ་ཉང་རོ་ཤམ་པོ་ན། རྒྱལ་པོ་ལོང་ངམ་བྱི་རོམ། བློན་པོ་ཤེའུ་དང་ཡུག ཡུལ་གྱི་ར་ལྗང་སྔོན་ན། རྒྱལ་པོ་གྱི་རྗེ་རྨངས་པོ། བློན་པོ་ངས་མི་དང་འགྲོ། ཡུལ་ངས་པོ་ཁ་སྣ་ན། རྒྱལ་པོ་གུང་ཁྲི་ཟིངས་པོ་རྗེ་ཁྲི་འབུམ་གསུམ། བློན་པོ་འགར་དང་སྙན། ཡུལ་འོལ་ཕུ་ཡང་མཁར་ན། རྒྱལ་པོ་ཟིན་འབྲང་རྗེ། བློན་པོ་གོ་དང་སྦས། ཡུལ་ཀྲིས་སྣ་རོལ་མོ་གོང་ན། རྒྱལ་པོ་དྲང་རྗེ་གོང་ནམ་བཞུགས། བློན་པོ་སྤྲད་དང་ཞུ། ཡུལ་ཉང་ཡུལ་རྣམ་གསུམ་ན། རྒྱལ་པོ་ཉང་བཙུན་གླང་རྒྱབ་བཞུགས། བློན་པོ་དེ་རུ་སྤུན་གཉིས་བཞུགས། ཡུལ་དྭགས་ཡུལ་སེ་མོ་གྲུ་བཞི་ན། རྒྱལ་པོ་དྭགས་རྗེ་ལྕེ་མང་བཞུགས། བློན་པོ་བླ་དང་ཀམ་མོ། ཡུལ་འབྲོག་མོ་རྣམ་གསུམ་ན། རྒྱལ་པོ་སེར་ཁྲི། བློན་པོ་རྐང་རེ་ནག་པོ།[33] ཞེས་ཡོངས་སུ་གྲགས་པའི་རྒྱལ་ཕྲན་བཅུ་གཉིས་གསལ་བར་བསྟན་ཡོད་པས་རྒྱལ་བློན་དེ་དག་ཕལ་ཆེ་བ་རུས་རྒྱུད་ཚོ་ཁག་ལས་གྲུབ་པ་ཤེས་ཐུབ་པ་མ་ཟད། ཁོ་ཚོའི་མངའ་ཁོངས་སྤྱི་ཁོག་ཙམ་ཞིག་ཀྱང་ངོས་འཛིན་བྱེད་ཐུབ་ཀི། དེ་ཡང་དང་པོ་འཆིམས(མཆིམས)ཡུལ་ནི་བོད་ཀྱི་རུས་ཚན་མཚམས་ཅན་གྱིས་བཟུང་བའི་ཡུལ་ཏེ་ད་ལྟ་བོད་ལྗོངས་གྲ་ནང་རྫོང་ཁོངས་ཀྱི་མཆིམས་ཞེས་པའི་ལུང་བ་ཞིག་ལ་གོ་བ་དང་། ཞང་ཞུང་ཞེས་པ་དེང་དུས་ཀྱི་སྟོད་མངའ་རིས་སྐོར་གསུམ་གྱི་ཡུལ་སྤྱི་དང་བྱང་ཐང་གི་དྭང་ར་ཉི་མ་རྫོང་། ཆབ་མདོ་སྟེང་ཆེན་རྫོང་ཡིན་ལ་ངོས་འཛིན་གནང་གི་ཡོད། མྱང་རོ་མཆད་དཀར་ནི་ལྷ་ས་གྲོང་ཁྱེར་གྱི་ཤར་ངོས་མྱང་ཆུའི་རྒྱུད་དུ་ཡོད་པར་གྲགས་ཤིང་སྣུབས་ཡུལ་ནི་ད་ལྟའི་གཙང་རོང་ས་ཁུལ་ཞིག་ལ་ངོས་འཛིན། ཉང་རོ་ཤམ་པོ་ནི་རྒྱལ་རྩེ་རྫོང་གི་རྩེ་ཆེན་མཁར་དེ་ཡིན་པ་ཉང་སྟོད་སྨད་ཀྱི་ཆོས་འབྱུང་ནང་གསལ། ངས་པོ་ཁྲ་སྣ་ནི«ཏུན་ཧོང་གཏེར་ཡིག»[34]ལྟར་ན་ལྷ་སའི་གྲོང་ཁྱེར་བྱང་ངོས་འཕན་ཡུལ་ཟེར་བ་དེར་ངོས་བཟུང་འདུག ཡུལ་འོལ་ཕུ་ཡང་མཁར་ནི་དབུས་ཀྱི་ལྷོ་ཁའི་འོལ་ཁ་རྒྱུད་ཀྱི་ས་ཆ་ཞིག་ཏུ་གྲགས། ཡུལ་ཉང་ཡུལ་རྣམ་གསུམ་ཞེས་པ་དེང་དུས་ཀྱི་ཉིང་ཁྲི་ཀོང་པོ་ཞོ་ཁ་ཡན་གྱི་ལུང་པ་དེར་ཟེར། དྭགས་ཡུལ་སེ་མོ་གྲུ་བཞི་ཞེས་པ་ད་ལྟའི་བོད་ལྗོངས་ཀྱི་རྒྱ་ཚ་རྫོང་དང་སྣང་རྫོང་གཉིས་ཀྱི་ཆགས་ཡུལ་ཡིན། འབྲོག་མོ་རྣམ་གསུམ་ཞེས་པ་ཡར་འབྲོག་ཁུལ་ལ་གོ་བར་འདོད་པ་དང་ཁ་ཅིག་གིས་རྒྱལ་ཕྲན་འདི་ད་ལྟའི་འབྲུག་ཡུལ་དུ་ངོས་འཛིན་པ་སྣང་བས་དཔྱད་པར་རིགས་སོ། །

  མདོར་ན་ཁོ་བོའི་རྨོངས་བློར་བོད་ཀྱི་ཐོག་མའི་རྒྱལ་པོ་འོ་དེ་སྤུ་རྒྱལ་ལམ་གཉའ་ཁྲི་བཙན་པོ་མ་བྱུང་བའི་བར། དེར་ཡོད་ཀྱི་ཡུལ་ཁམས་དང་མངའ་སྡེ་ཅི་རིགས་ལ་དབང་བྱས་མྱོང་བའི་རྒྱལ་ཕྲན་དང་བློན་པོ་ཇི་སྙེད་ཅིག་བྱུང་མྱོང་ཡོད་པ་ཤེས་ཐུབ། མ་ཟད་སྐབས་དེའི་ཁོ་ཚོའི་སའི་མངའ་ཁོངས་ལ་དབྱེ་ཞིབ་བྱས་པར་དཔྱད་ན་མངའ་མཛད་ཅན་བཅུ་གཉིས་པོས་དབང་བསྒྱུར་བྱེད་སའི་མངའ་ཁོངས་ཧ་ཅང་ཁྱབ་རྒྱ་ཆེས་ཆེ་ནའང་དེང་དུས་ཀྱི་དབང་དུ་བཏང་ན་སྟོད་མངའ་རིས་དང་བར་དབུས་གཙང་རུ་བཞིའི་རྒྱ་ཁྱོན་ལས་རིང་དུ་བརྒལ་མེད་པ་མངོན་དུ་གསལ་ལོ། །

བཞི་བ། མངའ་མཛད་སྐབས་སུ་དར་བའི་རིག་པའི་གནས་ལྔ་གླེང་བ།

  མངའ་མཛད་དུས་རབས་ཁག་རིམ་པར་བྱོན་པ་ལས་བདུད་དང་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཀྱི་དུས་སྐབས་ནང་གཡུང་དྲུང་བོན་གྱི་སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཆེ་ཀུན་ལས་རྣམ་པར་རྒྱལ་བ་དེ་ཉིད་དམུ་རིགས་ཀྱི་རྒྱལ་པོ་ཐོད་དཀར་དང་ཡུམ་རྒྱལ་བཞེད་མ་གཉིས་ཀྱི་སྲས་སུ་ཞང་ཞུང་ཕུགས་པ་རྟག་གཟིགས་འོལ་མོ་ལུང་རིང་དུ་སྐུ་མངོན་པར་བལྟམས་པའི་ཚུལ་མཛད་ཅིང་སྟོན་པ་དགུང་ལོ་གྱ་གཉིས་སུ་བཞུགས་པ་གཤེན་ལོ་བརྩི་བའི་ལུགས་སུ་བྱས་ན་མི་ལོ་བརྒྱད་སྟོང་ཉིས་བརྒྱར་བཞུགས་པ་བོན་གྱི་ལོ་རྒྱུས་ཁག་ན་གསལ་ཞིང་། དེ་ལྟར་བརྩིས་ན་སྟོན་པ་གཤེན་རབ་མི་བོ་སྐུ་འཁྲུངས་ནས་ད་བར་དུ་བོན་གྱི་བསྟན་རྩིས་ལྟར་ན་ལོ་ཚིགས་མང་ཉུང་གཉིས་སུ་མངོན་ཏེ། མི་ལོ་མང་བའི་ལུགས་ལ(18029)དང་ཉུང་བའི་ལུགས་ལ(12449)མགྲིན་གཅིག་དབྱངས་གཅིག་གིས་བརྩི་བའི་ལུགས་དང་། གཞན་དེང་རབས་ཞིབ་འཇུག་ཆེད་མཁས་སྨྲ་བ་དག་གིས་མི་ལོ་བཞི་སྟོང་མ་ཟིན་ཙམ་དུ་བརྩི་སྲོལ་ཞེས་དངོས་གཙོ་སྨྲ་བ་དང་སེམས་གཙོ་སྨྲ་བའི་ལྟ་གྲུབ་ཁ་ཤས་ཡོད་དེ། བོན་སྟོན་གཤེན་རབ་མཆོག་ནས་གཡུང་དྲུང་བོན་གྱི་བསྟན་པའི་སྲོལ་མང་དུ་ཕྱེས་པའི་ལོ་རྒྱུས་ཡོད་པ་དེར་གཞིག་ན་མངའ་མཛད་ཀྱི་དུས་རབས་ཁག་ཅིག་དང་སྟོན་པ་གཤེན་རབ་མི་བོ་མཆོག་གིས་སྲོལ་འབྱེད་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་མི་ལོ་སྟོང་ཕྲག་མང་པོའི་སྔོན་ལ་བྱོན་ཡོད་པ་ར་སྤྲོད་བྱེད་ཐུབ། འོ་ན་སྟོན་པ་གཤེན་རབ་མ་བྱོན་གོང་དུ་བོད་ན་བོན་པོའི་ཆོས་ལུགས་ཨེ་ཡོད་ཅེ་ན་ཡོད་དེ་གདོད་མའི་བོན་ཞེས་བརྗོད་པ་དེ་ཡོད་ཀྱང་དེ་ལ་གྲུབ་མཐའི་གཞུང་ལུགས་མེད། ཡང་དག་པའི་བོན་མིན་ཞེས«ལེགས་བཤད་རིན་པོ་ཆེ་གཏེར་མཛོད»ཀྱི། སྟོན་པ་བོད་དུ་བྱོན་དུས་བོད་ཀྱི་བོན་པོ་རྣམས་ལ་ལྷ་གསོལ་བ་འདྲེ་བཀར་བ་ཡུག་ཕུད་པའི་ལུང་ཕོག[35]ཅེས་པའི་ལུང་དོན་ལ་གཞིག་ན་ཤེས་ཐུབ། དེའི་ཕྱིར་སྟོན་པ་གཤེན་རབ་མཆོག་གི་བོད་ཡུལ་དུ་བྱོན་ནས་བཅོས་བསྒྱུར་གྱིས་གཡུང་དྲུང་གི་བོན་གསར་དུ་གཏོད། སྟོན་པ་གཤེན་རབ་མི་བོ་བོད་ཡུལ་དུ་བྱོན་སྐབས་རྒྱུའི་བོན་གྱི་ལུང་གནང་སྟེ་རིམ་བཞིན་འབྲས་བུའི་བོན་དར་བའི་ཐུགས་སྨོན་གནང་བ་ལྟར། གཉའ་ཁྲིའི་སྔོན་ལ་རྒྱུའི་བོན[36]ཕྱྭ་སྣང་འཕྲུལ་སྲིད་བཞིའི་ཐེག་པ་དང་མཐུནཔའི་ཤེས་བྱ་བཅུ་གཉིས་པོ་དར་ཞིང་བོད་རྒྱལ་རིམ་བྱོན་གྱི་རིང་འབྲས་བུའི་བོན་གསང་སྔགས་སྤྱི་སྤུངས་སྐོར་གསུམ[37]དང་། རྫོགས་ཆེན་གྱི་བོན་སྡེ[38]རྣམས་དར་ཞིང་རྒྱས་པ་ཙམ་དུ་མ་ཟད་གྲུབ་པ་ཐོབ་པ་དང་འཇའ་ལུས་པ་མང་པོ་ད་ལྟའི་བར་དུ་བྱོན་པ་ནི་མཐོང་ཐོས་མངོན་གྱུར་ཡིན།[39] སྐབས་འདིར་བདུད་ཁྱབ་པ་སོགས་འདུལ་བར་དགོངས་ཏེ་སྟོན་པ་ཉིད་བོད་ཡུལ་ལ་ཞབས་ཀྱིས་བཅགས་ནས་འགྲོ་དོན་མཛད་ནས་རྒྱུ་འབྲས་ཀྱི་བོན་མང་དུ་དར་བར་བཤད་པ་དང་། གདོད་མའི་བོན་པོ་ཚོས་མི་ཚེའི་བརྒྱུད་རིམ་ཁྲོད་ནད་ཡམས་དང་མུ་གེ་འཁྲུག་རྩོད་རྐྱེན་བགེགས་ལ་འཕྲད་ཚེ་གནོད་བྱེད་ལྷ་འདྲེ་ཡིན་པར་རློམས་ནས་སེམས་ཅན་བསད་དེ་ཤ་ཁྲག་གདོན་འདྲེར་འཇལ་ནས་ཚེ་སྲོག་བསླུ་བ་དང་ཤ་རུས་ཀྱི་མཆོད་པ་འབུལ་བ་བཞིན་དམར་མཆོད་བྱེད་སྲོལ་ཡོད་པ་ལ་གཤེན་རབ་མི་བོ་ཐུགས་མ་དགྱེས་པར་བདུད་བོན་དང་བཙན་བོན། གདོན་བོན་རྣམས་ཆམ་ལ་ཕོབ། དེ་དག་གི་ཚབས་སུ་འབྲུ་དཀར་གྱི་གཏོར་མས་འཐུས་པར་བྱས་པ་དང་ཤེ་ཚུ་སྟེ་ཁྲག་གི་སྐྱེམས་མཆོད་སྲོལ་ཡོད་པར་ཡུ་ཏི་སྟེ་འབྲུ་ཆང་གིས་འཐུས་པར་བྱས་པའི་མདོས་ཆོག་གི་སྲོལ་གསར་དུ་གཏོད་ཞེས། བོན་གྱི་ལོ་རྒྱུས་རྙིང་གྲས«སྲིད་པ་སྤྱི་སྐོང་སྣང་སྲིད་མདོས»ལས། བདུད་བོན་གྱི་དམར་ཐབས་ལ། །གཤེན་རབ་ནི་ཅི་དགྱེས་ཏེ། །ཁྱབ་པ་ནི་ཆོམ་ལ་ཕབ། །འབྲུ་དཀར་གྱི་གཏོར་མས་མཆོད། །དམར་ཐབས་ཀྱི་འདྲེས་བྱུང་ན། །གཤེན་ལྷ་ལ་ནོངས་པ་མཐོལ། །གདོན་བོན་གྱི་ཤེ་ཚུའི་སྐྱེམས། །གཤེན་རབ་ནི་ཅི་དགྱེས་ཏེ། །གདོན་འདྲེ་ནི་ཆོམ་ལ་ཕབ། །འབྲུ་དཀར་གྱི་ཡུ་ཏིས་མཆོད། །ཤེ་ཚུ་ཡི་འདྲེ་བྱུང་ན། །གཤེན་ལྷ་ལ་ནོངས་པ་མཐོལ། །[40]ཞེས་སོགས་ཀྱི་སྐབས་སུ་གསལ་བོར་བསྟན་ཡོད། དེའི་ཕྱིར་མངའ་མཛད་སྐབས་སུ་བོན་གྱི་སྟོན་པ་གཤེན་རབ་བྱོན་ཚར་བས་ན་ཞང་བོད་དུ་རིག་པའི་གནས་ཆེན་པོའི་གཞུང་ལུགས་མང་པོ་གསར་གཏོད་གནང་ཞིང་། ཐོག་མར་རིག་པའི་གནས་ལྔ་ནི། ཁུངས་ནས་བྱུང་བའི་ལྷ་ལྔ་དང༌། གཉེར་དུ་གཏད་པའི་སྲས་ལྔ་སོགས་ཡོད་པས་ཕྱིར་ཞེ་ན། དང་པོ་བཟོ་རིག་པ་ནི་ལྷ་སྲིན་གཉིས་ཀྱི་བར་དུ་གསུངས་ལ། མཁར་བར་བོ་སོ་བརྒྱད་དུ་གཏན་ལ་ཕབས། འཁོར་གང་གཱའི་ཀློང་གི་བྱེ་མ་ལྟར་མང་བའི་ཁྲོད་ནས་བཟོ་རྒྱལ་གར་མ་ལི་ཤོ་ལ་གཏད། གཉིས་པ་སྒྲ་རིག་པ་ནི་ཀླུ་སྲིན་བར་དུ་གསུངས་ལ། གསས་མཁར་ཁྲི་སྨོན་རྒྱལ་བཞད་དུ་གཏན་ལ་ཕབས་ཏེ་སྲས་རྨ་ལོ་དང་གཡུ་ལོ་གཉིས་ལ་གཏད། གསུམ་པ་གསོ་བ་རིག་པ་ནི། གདོན་བགེགས་ཀྱི་བར་དུ་གསུངས་ཏེ། གསས་ཁང་ཁོལ་མ་ནེའུ་ཆུང་དུ་གཏན་ལ་ཕབ། སྲས་དཔྱད་བུ་ཁྲི་ཤེས་ལ་གཉེར་དུ་གཏད་པའོ། །བཞི་བ་ཕྱི་རིག་པ་ནི། ལྷ་གནས་འོལ་གླིང་དུ་གསུངས་ཤིང༌། གསས་མཁར་ཤམ་པོ་ལྷ་རྩེ་རུ་གཏན་ལ་ཕབ། ལྔ་བ་ནང་རིག་པ་ནི། འཁྲུགས་བཅོས་སུ་གསུངས་ཏེ། གཡུང་དྲུང་དགུ་བརྩེགས་རི་ནས་གཏན་ལ་ཕབ། སྲས་གཡུང་དྲུང་དབང་ལྡན་ལ་གཉེར་དུ་གཏད་པའོ། །སྐབས་འདིར་སངས་རྒྱས་བཞུགས་པས་སྐུ་གསུང་ཐུགས་ཀྱི་བསྟན་པ་ཆ་ཚང་བར་བཞུགས་པ་མ་ཟད། བཟོ་དང་ཕྱི་རིག་པ་སོགས་རིག་པའི་གནས་ལྔ་ཡང་ཐོག་མ་ནས་དར་ཡོད་པ་མངོན་ནོ། །

མཇུག་དོན།

  བོད་རྗེ་གཉའ་ཁྲིའི་གོང་ན་བོད་ཁམས་འདིར་གནོད་སྦྱིན་གྱི་རྒྱལ་རབས་དང་། བདུད་དང་སྲིན་གྱི་རྒྱལ་རབས། ལྷ་དང་རྨུ་ཡི་རྒྱལ་རབས། འདྲེ་དང་གཉན་གྱི་རྒྱལ་རབས། ཀླུ་དང་རྒྱལ་འགོང་གི་རྒྱལ་རབས། ཟ་རིད་སྐྱེས་དྲུག་གི་རྒྱལ་རབས་སོགས་རིམ་བཞིན་རྒྱལ་ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་རུ་གྱེས་ཤིང་རྒྱལ་རབས་སོགས་རིམ་པར་བྱོན་པའི་དུས་རིམ་མངའ་མཛད་དེ་དག་སིལ་བར་འཐོར་བའི་སྐབས་ནི་སྤྱི་ལོའི་སྔོན་གྱི1136སྟེ་བོད་རྒྱལ་ཐོག་མ་སྤུ་དེ་གོང་རྒྱལ་ལམ་གཉའ་ཁྲི་བཙད་པོ་མ་བྱོན་སྔོན་ཡིན་ལ། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས། རྒྱལ་ཕྲན་དེ་རྣམས་འཐབ་རྩོད་གསོད་གཅོད་དགའ། །ལེགས་ཉེས་མི་བརྩི་བཀྱོན་འབེབས་བཙོན་རར་འཛུད། །མཐའ་བཞིའི་རྒྱལ་པོའི་རྟག་ཏུ་མནར་ཞིང་གཙེ། །[41]ཞེས་འབྱུང་བ་ལས་བརླང་བོར་སྤྱོད་པའི་སྐབས་དེའི་རྒྱལ་ཕྲན་གྱི་རྗེ་བོའི་དག་གི་བྱ་སྤྱོད་བསྟན་ཡོད་ལ། རུས་རྒྱུད་ཚོ་ཁག་གི་མངའ་སྡེ་བར་བདག་དབང་བཙན་བཟུང་དང་རྒྱུ་ནོར་འཕྲོག་རྩོད། གསོད་གཏུབ་འཁྲུག་རྩོད་ཀྱི་རྒྱུན་མ་ཆད་པར་འབྱུང་བས་རྒྱལ་ཕྲན་ཁག་འཆམ་མཐུན་དང་སྟོབས་ཤུགས་ཡོངས་སུ་ཉམས་ཏེ་བྲན་གཡོག་སྤྱི་ཚོགས་ཀྱི་གཞི་གྲུབ་པར་བརྟེན། «བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན»ལས། དེ་ནས་སྤུ་རྒྱལ་བཙན་པོས་དབང་མཛད་དེ། རྗེ་ལ་སྔ་བ་གཉའ་ཁྲི་བཙད་པོ་དང་། །ཡུལ་ལ་སྔ་བ་ཡར་ལུང་སོག་ཁ་ཞེས། །ཡུལ་གྱི་མིང་ནི་བོད་ཡུལ་རུ་བཞིར་གྲགས། །[42]ཞེས་མདོ་དབུས་མཐོ་སྒང་གི་ཡུལ་གྲུ་ངེས་ཅན་ཞིག་ལ་དབང་བསྒྱུར་བའི་རྒྱལ་པོ་ཐོག་མ་སྟེ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ནས་བོད་ཁམས་གཅིག་གྱུར་གྱིས་སྲིད་དབང་བཟུང་བ་དང་སྐབས་དེར་རྒྱལ་ཕྲན་སིལ་མ་བཅུ་གཉིས་ཙམ་ཡོད་པ་ཚང་མས་གཉའ་ཁྲི་བཙན་པོར་འགྲན་ཡ་མ་ནུས་པར་བསྣུབས་ཏེ་སྤུ་རྒྱལ་བཙན་པོའི་མངའ་འོག་ཏུ་བསྡུས་ནས་བོད་ཀྱི་སྤྱི་ཚོགས་རུས་རྒྱུད་ཚོ་ཁག་ནས་རྒྱལ་ཁབ་ཀྱི་རྣམ་པ་ཐོག་མར་བྱུང་བ་དང་སྤུ་རྒྱལ་བཙན་པོའི་རྒྱལ་རབས་དངོས་སུ་འགོ་ཚུགས་ཏེ་རྒྱལ་སྲིད་བསྐྱངས། རྒྱལ་ཕྲན་བར་གྱི་འགལ་བ་ཞི་བར་བྱས་ནས་འབངས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པས། རྗེ་འབངས་ཚང་མས་ཞིང་ཕྱུགས་ཐོན་སྐྱེད་ལ་བློ་སྟོབས་ཡོད་རྒུ་བཏོན་པ་དང་སྲིད་འབྱོར་རིག་གསུམ་སོགས་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པའོ། །

  དཔྱད་གཞིའི་ཡིག་ཆ།

  [1] «སྲིད་པའི་མཛོད་ཕུགས་ཀྱི་གཞུང༌།» རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཀའ། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ལས་དེབ་ཕྲེང་བཅུ་གཉིས་པ། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.9 ཤོག་ངོས4ན་གསལ།

  [2]«རླངས་ཀྱི་པོ་ཏི་བསེ་རུ།» ཏྭའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1986.5 ཤོག་ངོས4ན་གསལ།

  [3] «ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང༌།» མཁས་པ་ལྡེའུས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1987 ཤོག་ངོས4ན་གསལ།

  [4] «གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1988.11 ཤོག་ངོས30ན་གསལ།

  [5]«བོད་ལྗོངས་གནའ་རྫས་རྟོག་ཞིབ་གནད་བསྡུས།» བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ཤོག་ངོས114ན་གསལ།

  [6] «གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1988.11 ཤོག་ངོས31ན་གསལ།

  [7] «ནག་པོ་བདུད་ཀྱི་ལྟ་ཟོར།» རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད། བོན་བརྒྱ་དགོན་གྱི་དཔེ་རྙིང་རྗིབ་བྲིས་མ། དཔེ་གཟུགས། ལྡེབ་ངོས88ན་གསལ།

  [8] «ནག་པོ་བདུད་ཀྱི་ལྟ་ཟོར།» རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད། བོན་བརྒྱ་དགོན་གྱི་དཔེ་རྙིང་རྗིབ་བྲིས་མ། ལྡེབ་ངོས85ན་གསལ། རེ་ལྡེ་མགོ་གཡག་བདུད་ནི་གཞུང་འདིར། བདུད་ཡུལ་ཁ་རག་མུན་འཐིབས་དང༌། དགྲ་བདུད་འབྱམས་པ་ཁྲག་མགོ། གཤིན་བདུད་འབྱམས་པ་ལག་དྲུག དམུ་བདུད་ཁམ་པ་ཤ་ཟན། ཀླུ་བདུད་ནག་པོ་གཟོང་མཆུ། གཤིན་རྗེ་གླག་ཤ་ནག་པོ། གཟའ་བདུད་བྱི་ཏི་པ་ཏ། བདུད་ཆེན་རི་ལྡེ་མགོ་གཡག ཕྱྭ་བདུད་སྲིད་པའི་རྒྱལ་པོ། བཙན་བདུད་རྒྱལ་པོ་ཧེ་རུ་ཨ། ཞེས་བདུད་ཀྱི་སྡེ་ཚོགས་ལས་བརྒྱད་པར་འཁེལ་ཡོད་པའི་ཚུལ་དེར་རྟོག་ཞིབ་བགྱིས་ཏེ་སྔ་མའི་བདུད་རབས་ཀྱི་འབྲེལ་ཡོད་ལུང་ཁུངས་འཚོལ་སྙེག་བྱ་བར་དོ་གལ་ཆེ།

  [9] «རྣམ་མཁྱེན་རྒྱལ་བ་གཤེན་རབ་ཀྱི་མཛད་པ་བཅུ་གཉིས་ཀྱི་རྣམ་བཤད་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་ཉི་འོད་ཅེས་བྱ་བ།» རྒྱལ་དབང་ཀུན་གྲོལ་གྲགས་པས་མཛད། དཔེ་གཟུགས། ལྡེབ་ངོས114ན་གསལ།

  [10] «དྲི་མེད་གཟི་བརྗིད།» སྟོན་པ་ལ་བདུད་ཀྱིས་ཆོ་འཕྲུལ་བསྟན་པའི་མདོ། དེབ་བརྒྱད་པ། སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་བརྒྱུད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སྤྱི་ལོ། 2000.9 ཤོག་ངོས93ན་གསལ།

  [11] «ནག་པོ་བདུད་ཀྱི་ལྟ་ཟོར།» རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མཛད། བོན་བརྒྱ་དགོན་གྱི་དཔེ་རྙིང་རྗིབ་བྲིས་མ། ལྡེབ་ངོས85-86ན་གསལ།

  [12] «གླེང་གཞི་བསྟན་པའི་བྱུང་ཁུངས།» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་ཕྲེང་དང་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.9 ཤོག་ངོས374ན་གསལ།

  [13] «ཞང་བོད་ལོ་རྒྱུས་ཏི་སེའི་འོད།» ནམ་མཁའ་ནོར་བུས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། སྤྱི་ལོ། 1996.5 ཤོག་ངོས151ན་གསལ། གནའ་བོའི་དུས་ཀྱི་མཚོན་ཆའི་གྲངས་ལས། སྲིན་མོའི་རྐང་ནི། ལྕགས་ལྷམ་གྱི་མདུན་ངོས་སུ་མདུང་སོ་གཅིག་ནས་གསུམ་རེའི་བར་གཟེངས་པ་ཞིག་ལ་ཟེར།

  [14] «སྒྲ་བསྒྲགས་པ་རིན་པོ་ཆེའི་གླིང་གྲགས།» བླ་ཆེན་དྲན་པ་ནམ་མཁས་མཛད། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་ཕྲེང་དང་པོ། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.9 ཤོག་ངོས93-94ན་གསལ།

  [15] «གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1988.11 ཤོག་ངོས30ན་གསལ།

  [16] «བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ།» བླ་ཆེན་དྲན་པ་ནམ་མཁས་མཛད། གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་ནས་པར་དུ་བསྒྲིགས། སྤྱི་ལོ། 2009 ཤོག་ངོས148ན་གསལ།

  [17] «ཞང་བོད་ལོ་རྒྱུས་ཏི་སེའི་འོད།» ནམ་མཁའ་ནོར་བུས་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང༌། སྤྱི་ལོ། 1996.5 ཤོག་ངོས151ན་གསལ། གནའ་བོའི་དུས་ཀྱི་མཚོན་ཆའི་གྲངས་ལས། རྒྱུག་པ་སྐྱོག་ཅན་ནི། ཐག་པའི་སྣེར་ལྕགས་རིལ་མདུང་རྩེས་ཁེངས་པ། ཀླད་དུ་བསྐོར་བས་དགྲ་བོ་ཉེ་བར་འོང་མི་ནུས་པ་དེ་ལ་ཟེར།

  [18]«བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག» (སྟོད་ཆ།) ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 1994.5 ཤོག་ངོས47ན་གསལ།

  [19] «ཆོས་འབྱུང་མཁས་པའི་དགའ་སྟོན།» (སྟོད་ཆ།) དཔའ་བོ་གཙུག་ལག་ཕྲེང་བས་མཛད། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 1986.6 ཤོག་ངོས152ན་གསལ། མ་སངས་སྤུན་དགུ་ནི། གཉའ་གཡའ་སྤངས་སྐྱེས། གར་ཏིང་ནམ་ཚ། གླེ་ངན་ལམ་ཙང་སྐྱེས། རུ་ཐོ་གར་སྐྱེས། ཤེ་དོ་ཀེར་ཏིང་ནས། མེ་པད་སྐྱེས། གསད་གེ་འཕྲུལ་པོ་ཆེ། དྲང་བ་དྲངས་མ་མགུར། བཀོད་སྟོར་ནམ་ཚ་བཅས་ཡིན།

  [20] «བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས།» རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.7 ཤོག་ངོས304ན་གསལ། གླིང་དགུ་ནི། མྱང་རོ་ཕྱོང་དཀར་གླིང་དང༌། མྱང་རོ་ཤམ་པོའི་གླིང༌། མྱང་ཡུལ་རྣམ་གསུམ་གླིང༌། ཀྱི་རི་ལྗང་སྔོན་གླིང༌། ངས་པོ་ཁྲ་སུམ་གླིང༌། འོ་ཡུལ་སྤང་དཀར་གླིང༌། རྔོག་ཡུལ་གྲུ་བཞིའི་གླིང༌། སྲིབས་ཡུལ་རལ་མོ་གོང་གི་གླིང༌། ཀླུམ་རོ་ཡ་སུམ་གླིང་སོགས་ཡིན།

  [21] «གླེང་གཞི་བསྟན་པའི་བྱུང་ཁུངས།» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་ཕྲེང་དང་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.9 ཤོག་ངོས374ན་གསལ།

  [22] གཞུང་ཁུངས་གང་ཡིན་ཟུར་འདོགས་ཀྱི་རེའུ་མིག་ནང་གསལ།

  [23] «གཙང་མ་ཀླུ་འབུམ་ཁྲ་བོ།» རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཀའ། ཀུན་གྲོལ་བཀའ་འགྱུར་དཔེ་གཟུཊ་ཅན། ཤོག་ངོས115-116ན་གསལ།

  [24] «གཙང་མ་ཀླུ་འབུམ་ཁྲ་བོ།» རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་བཀའ། ཀུན་གྲོལ་བཀའ་འགྱུར་དེབ་གཟུགས་ཅན། ཤོག་ངོས117ན་གསལ། རྩ་བའི་ཀླུ་རིགས་ལྔ་ནི། རྒྱལ་རིགས་གསེར་གྱི་ཁྲི་ལ་བཞུགས་པ་དང༌། རྗེའུ་རིགས་གཡུའི་ཁྲི་ལ་བཞུགས་པ། རྨངས་རིགས་ཟངས་ཀྱི་ཁྲི་ལ་བཞུགས་པ། བྲམ་ཟེའི་རིགས་ལྕགས་ཀྱི་ཁྲི་ལ་བཞུགས་པ། གདོལ་བའི་རིགས་ཁྲོ་ཆུའི་ཁྲི་ལ་བཞུགས་པ་དང་ལྔའོ། །

  [25] «གླེང་གཞི་བསྟན་པའི་བྱུང་ཁུངས།» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་ཕྲེང་དང་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.9 ཤོག་ངོས374ན་གསལ།

  [26] «གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། 1988.11 ཤོག་ངོས30ན་གསལ།

  [27] «ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ།» ཀུན་བཟང་བློ་གྲོས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2013.6 ཤོག་ངོས47ན་གསལ།

  [28] «གླེང་གཞི་བསྟན་པའི་བྱུང་ཁུངས།» གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་དེབ་ཕྲེང་དང་པོ། ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.9 ཤོག་ངོས375ན་གསལ།

  [29] «བོད་ཀྱི་གནའ་རབས་ཀྱི་ལོ་རྒྱུས།» རེབ་གོང་རྡོ་རྗེ་མཁར་གྱིས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2010.7 ཤོག་ངོས311ན་གསལ། སྟོང་སྡེ་བཅོ་བརྒྱད་སོ་སོར་བགར་ན། འཆིམས་ཡུལ་ནག་པོ་དགུ་ཡུལ་དང་། ཉང་པོ། སྣུབས་ཡུལ་གླིང་དགུ། མྱང་རོ་ཤམ་པོ། ཀྱི་རི་ལྗང་སྔོན། ཞང་ཞུང༌། ངས་པོ་ཁྲ་གསུམ། འོལ་ཕུ་སྤང་མཁར། མྱང་ཡུལ་རྣམགསུམ། སྲིབས་ཡུལ་རལ་མོ་གོང༌། དྭགས་ཡུལ་སེ་མོ་གྲུ་བཞི། གཡེ་རོ་ཡུལ་བཞི། ཀླུམ་རའི་ཡ་སུམ། ཀོང་ཡུལ་བྲེ་སྣ། རྔོག་ཡུལ་གྲུ་བཞི། སུམ་ཡུལ་ཡ་སུམ། མྱང་རོ་ཕྱོང་དཀར། འབྲོང་མོ་རྣམ་གསུམ་བཅས་ཡིན།

  [30] «ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང༌།» མཁས་པ་ལྡེའུས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1987 ཤོག་ངོས259ན་གསལ། རྒྱལ་ཕྲན་སིལ་མ་བཅུ་གཉིས་ནི། འཆིམས་རྗེ་ནེ་གུ། དར་གྱི་རྗེ་ལི་སྙ་ཤར། རྩང་རྗེ་ཐོད་དཀར། སྣུབས་རྗེ་སྲིད་པ། ལོང་ངམ་བྱི་རོམ། ཀྱི་རྗེ་རྨངས་པོ། གུང་ཁྲི་ཟིངས་པོ་རྗེ་ཁྲི་འབངས་གསུམ། ཟིན་འབྲང་རྗེ། དྲང་རྗེ་གོང་ནམ། ཉང་བཙུན་གླང་རྒྱབ། དྭགས་རྗེ་ལྕེ་མང༌། སེར་ཁྲི་བཅས་ཡིན།

  [31] «ཞང་བོད་ཀྱི་བསྟན་འབྱུང་ལོ་རྒྱུས་ལྷ་རྒྱུད་རིན་ཆེན་ཕྲེང་བ།» ཀུན་བཟང་བློ་གྲོས་ཀྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2013.6 ཤོག་ངོས48ན་གསལ།

  [32] «གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1988.11 ཤོག་ངོས49ན་གསལ།

  [33] «ལྡེའུ་རྒྱ་བོད་ཀྱི་ཆོས་འབྱུང༌།» མཁས་པ་ལྡེའུས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1987 ཤོག་ངོས7ན་གསལ།

  [34] «ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།» དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་ཀྱིས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 1992 ཤོག་ངོས55ན་གསལ།

  [35] «ལེགས་བཤད་རིན་པོ་ཆེའི་མཛོད།» ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 1985.9 ཤོག་ངོས161ན་གསལ།

  [36] རྒྱུའི་བོན་ནི། ཕྱྭ་གཤེན། སྣང་གཤེན། འཕྲུལ་གཤེན། སྲིད་གཤེན་བཞི་དང༌། འབྲས་བུའི་ཐེག་པ་ལ། དགེ་བསྙེན། དྲང་སྲོང༌། ཨ་དཀར། ཡེ་གཤེན། བླ་མེད་ཀྱི་ཐེག་པ་སྟེ་ཐེག་པ་རིམ་དགུའོ། །

  [37] སྤྱི་སྤུངས་སྐོར་གསུམ་ནི། ཞི་བ་དང་ཁྲོ་བོ་སྐུ་གསུང་ཐུགས་གསུམ་གྱི་སྐོར་ལྷ་ཀླུ་མི་གསུམ་གྱི་ཡུལ་དུ་བསྒྲགས་པའོ། །

  [38] རྫོགས་ཆེན་གྱི་བོན་སྡེ་ནི། རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་བོན་སྐོར། རྫོགས་ཆེན་བསྒྲགས་པ་སྐོར་གསུམ། རྫོགས་ཆེན་ཡང་རྩེ་ཀློང་ཆེན། རྫོགས་ཆེན་ཡེ་ཁྲི་མཐའ་སེལ། རྫོགས་ཆེན་མན་ངག་གསེར་གདམས། རྫོགས་ཆེན་གསེར་གྱི་ཐུར་མ། རྫོགས་ཆེན་གསེར་གྱི་ཡང་ཞུན། རྫོགས་ཆེན་ནམ་མཁའ་སྤྱི་གཅོད། ཨ་ཁྲིད་ཐིག་ལེ་ཉག་གཅིག སྙན་བརྒྱུད་རིན་ཆེན་སྒྲོན་གསལ་སོགས་བསམ་གྱིས་མི་ཁྱབ་ལ་གདམས་པ་དེ་ལ་བརྟེན་ནས་འཇའ་ལུས་པ་ཡང་མང་དུ་བྱོན་ནོ། །

  [39] «མཁས་དབང་བོན་བརྒྱ་རིན་པོ་ཆེའི་བསྟན་རྩིས་དང་དཔྱད་རྩོམ་ཕྱོགས་བསྒྲིགས།» བོན་བརྒྱ་དགེ་ལེགས་ལྷུན་གྲུབ་རྒྱ་མཚོས་བརྩམས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 2009.1 ཤོག་ངོས225ན་གསལ།

  [40] «སྲིད་པ་སྤྱི་སྐོང་སྣང་སྲིད་མདོས།» ར་སངས་ཁྲི་ནེ་ཁོད་ཀྱིས་མཛད། དཔེ་རྙིང་ལག་བྲིས་མ། དུས་རབས་བཅུ་བ་ཙམ། ཤོག་ངོས16ན་གསལ།

  [41] «ཆོས་འབྱུང་མཁས་པའི་དགའ་སྟོན།» (སྟོད་ཆ།) དཔའ་བོ་གཙུག་ལག་ཕྲེང་བས་མཛད། མི་རིགས་དཔེ་སྐྲུན་ཁང༌། སྤྱི་ལོ། 1986.6 ཤོག་ངོས156ན་གསལ།

  [42] «གཡུང་དྲུང་བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན།» དཔལ་ཚུལ་གྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། སྤྱི་ལོ། 1988.11 ཤོག་ངོས31ན་གསལ།

  (2013ལོའི«དཔྱོད་ལྡན་མཆོད་པའི་མེ་ཏོག»སྤྱི་དེབ་བཅུ་བ་ལས་བདམས།)

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།