སྔགས་རིམ་བཀའ་འགྲེལ་གསལ་བྱེད་དང་སྔགས་ཀྱི་ཐལ་ཕྲེང་གཉིས་སུ་གསལ་བའི་ཚིག་དོན་འགའ་ཞིག་ཐད་གཤིབ་བསྡུར་ཞུས་པ།

[ཟླ་ཚེས། 2021-03-15 21:57:54][རྩོམ་པ་པོ། དགེ་བཤེས་བསྟན་འཛིན་རྣམ་རྒྱལ།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

སྔགས་རིམ་བཀའ་འགྲེལ་གསལ་བྱེད་དང་སྔགས་ཀྱི་ཐལ་འཕྲེང་གཉིས་སུ་གསལ་བའི་ཚིག་དོན་འགའ་ཞིག་ཐད་གཤིབ་བསྡུར་རོབ་ཙམ་ཞུས་པ།
[གནད་བསྡུས] རྩོམ་འདིར་སྔགས་ནང་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་མཚན་ཉིད་འཇོག་སྟངས་སོགས་དཀའ་གནད་འགའ་ཞིག་ཐད་སྨན་རིའི་ཡོངས་འཛིན་བསྟན་འཛིན་རྣམ་དག་མཆོག་གིས་བརྩམས་གནང་བའི«གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»དུ་གསལ་བ་དང་།  ཡིག་ཆ་གཞན«བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»ཞེས་པར་གསལ་བ་གཉིས་ལ་འདྲ་མཚུངས་འགའ་ཞིག་གཤིབ་བསྡུར་དང་དེ་འབྲེལ་ཚིག་དོན་འགའ་ཞིག་ཐད་ཡིག་ནོར་དག་བཅོས་གང་ཞིག་དགོས་མིན་སྐོར་ལ་དཔྱད་བརྗོད་རོབ་ཙམ་བྱས་ཡོད། 
[གནད་ཚིག] ཡིག་ཆ། བསྐྱེད་རིམ། རྫོགས་རིམ། གཤིབ་བསྡུར།
གཅིག  གླེང་གཞི།
སྔོན་མ་རང་ཉིད«གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»ལ་སློབ་གཉེར་སྐབས་སུ་རིམ་གཉིས་ཀྱི་མཚན་ཉིད་དང་དེ་འབྲེལ་གནད་དོན་འགའ་ཤས་ཐད་གོ་བ་ལོན་མིན་ཅི་རིགས་བྱུང་ཞིང་། འབྲེལ་ཡོད་གསལ་ཁ་ཅན་གྱི་ཡིག་ཆ་གཞན་པ་འདྲ་འཚོལ་ཞིབ་བྱས་ཀྱང་ངེས་བརྟན་ཅན་ཞིག་མ་ཐོབ།  ད་སྐབས་འཛམ་གླིང་ཆ་འཕྲིན་གྱི་དུས་རབས་སུ་སླེབས་པ་ལྟར་བོན་གྱི་དགེ་གཤེས་གླིང་ཞེས་པའི་དྲྭ་ཚོམས་སུ་དགེ་བཤེས་གཙུག་ཕུད་ཚུལ་ཁྲིམས་ཀྱིས«བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»ཞེས་པ་བཏང་གནང་བ་དེ་དང་། གཞན«བླ་མེད་ལུགས་ཀྱི་བསྐྱེད་རིམ་སོགས་རིམ་ལྔ་འབྲས་བུ་དང་བཅས་པའི་མཚན་ཉིད»ཅེས་པའི་ཡིག་ཆ་དངོས་གཉིས་མཇལ་རྒྱུ་བྱུང་ཞིང་། ཡིག་ཆ་ཕྱི་མ་དེར་རིམ་གཉིས་ཀྱི་མཚན་ཉིད་སྔོན་མ་དང་འདྲ་བ་ཙམ་ལས་གཞན་དགག་བཞག་གི་སྤྲོས་པ་མི་འདུག་སྟབས་འདིར་དཔྱད་གཞིའི་རིན་ཐང་དེ་ཙམ་མ་མཐོང་ལ།   སྔོན་མ་དེ་ནི་རིམ་གཉིས་སྐོར་དགག་སྒྲུབ་སོགས་སྤྲོས་པ་ཆེ་བས«གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»ཀྱི་བསྟན་དོན་མང་པོའི་ཐད་དཔྱད་གཞི་རིན་ཐང་ཅན་ཞིག་ཏུ་མཐོང་།  སྤྱིར་ན་སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གིས་བརྩམས་གནང་བའི«གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»ནི་རྒྱལ་བའི་བཀའ«ཐེག་འགྲེལ་མེ་ལོང་དགུ་སྐོར»ལས་སྔགས་ཕྱི་ནང་གཉིས་ཀའི་དགོངས་དོན་རྒྱས་འགྲེལ་གནང་བ་ཞིག་དང་།  ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས་མཆོག་གིས་བརྩམས་པའི«བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»ནི་སྔགས་བླ་མེད་ལུགས་ཀྱི་རིམ་གཉིས་སྐོར་ཐལ་འཕྲེང་དང་འབྲེལ་བའི་རྒྱས་བཤད་ཅན་ཞིག་ཡིན་སྟབས་གཞི་རྩའི་ཆ་ནས་འབྲེལ་བ་དེ་ཙམ་མེད་པས་གཤིབ་བསྡུར་བྱ་འོས་མ་མཆིས་རུང་།  ཟུར་གཞན་ཞིག་ནས་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀྱི་མཚན་ཉིད་སྐབས་ཚིག་དོན་གང་ཐད་ནས་མཚུངས་ཆེ་ཞིང་།  དེ་འབྲེལ་གནད་དོན་འགའ་ཤས་ཐད་དགག་སྒྲུབ་ཅི་རིགས་ཀྱི་སྒོ་ནས་འབྲེལ་བ་ཡོད་འདུག་པ་མཉམ་དུ་ཟུར་འདོན་ཞུས་ན།  རང་ལ་བལྟོས་ཏེ«བཀའ་འགྲེལ་གསལ་བྱེད»ཀྱི་དཀའ་གནད་འགའ་ཤས་ཐད་གོ་བ་ལེན་པར་རམ་འདེགས་ངེས་ཅན་ཞིག་ཡོང་བར་བསམ་པ་དེ་ཡིན།  མ་གཞི་ཡིག་ཆ་དེ་གཉིས་ལ་དཔེ་ཁུངས་མི་འདྲ་བ་འགའ་ཞིག་ཡོད་པ་ལས་འདིར་ལུང་འདྲེན་ཞུ་སའི་ཕྱི་མོ«གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»ནི་ཁྲི་བརྟན་ནོར་བུ་རྩེ་ནས་༢༠༠༥ལོར་པར་སྐྲུན་གནང་བའི་དེབ་གཟུགས་ཅན་དང་།  «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»ནི་དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་ནས་༢༠༡༨ལོར་པར་སྒྲིག་གནང་བའི་འཕྲུལ་དེབ་ཅན་དེ་བྱས་པ་ཡིན་ནོ། །
གཉིས།  གཤིབ་བསྡུར་དངོས།
   དེ་ཡང་སྔགས་ནང་མ་དངོས་བསྐྱེད་པའི་དམ་ཚིག་བསྟན་པའི་སྐབས་སུ«བཀའ་འགྲེལ་གསལ་བྱེད»ལས།   “སྔགས་ཀྱི་ལམ་ཁྱད་པར་ཅན་རང་གི་རྒྱུད་ལ་སྐྱེ་བ་བླ་མ་གཙོ་བོར་བསྟེན་པའམ། བསྙེན་པ་ལ་རག་ལས་པར་གསུངས་པ་ཡིན་ཏེ། བླ་མ་སངས་རྒྱས་སུ་བལྟ་བར་བསྒྲུབ་པ་དེ་དེ་ཡིན་པའི་ཕྱིར།  དེ་ཡང་བླ་མ་སངས་རྒྱས་སུ་བལྟ་བ་མི་རིགས་པ་འགོག་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་། དེར་བལྟ་བར་འོས་པ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ཡོད་པའི་ཕྱིར། དང་པོ་ནི། རང་ལ་གདམས་པའི་འབྲེལ་བ་དངོས་ཡོད་ཀྱི་བླ་མ་རྣམས་བོན་ཅན། ཐ་མལ་རྣམ་ཅན་གྱི་སངས་རྒྱས་ལ་དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་དེ་ནི་མིན་ཞེས་དམ་བཅའ་བ་མི་རིགས་ཏེ། དེ་ལ་བསྐལ་དོན་དུ་སོང་བའི་གང་ཟག་གིས་དེ་ཚད་མས་མ་དམིགས་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་ཡིན་པའི་ཕྱིར། གཉིས་པ་ནི། བོན་ཅན་གོང་ལྟར་ལ། རང་ལ་ལྟོས་པའི་སངས་རྒྱས་སུ་བལྟ་བ་འོས་ཏེ། རང་གི་དབང་པོ་དང་འཚམས་པའི་བོན་བསྟན་པའི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་ལྷག་མེད་དུ་མཛད་པའི་ཕྱིར། དཔེར་ན་སངས་རྒྱས་ཀྱིས་བདག་ཡོད་པར་བསྟན་པ་བཞིན།  ཡང་བོན་ཅན་སྔར་བཞིན་ལ། ནང་གི་དགེ་བའི་ལུས་ཐོག་མཐའ་བར་གསུམ་དུ་བསྐྱེད་པའི་བཀའ་དྲིན་ཅན་དུ་དྲན་པས་བསྟེན་དགོས་ཏེ། དགེ་བའི་ས་བོན་ཐོག་མར་རྒྱུད་ལ་བཙུགས་པ་ནས་བསྐྱངས་བའི་ཕྱིར། དཔེར་ན་ཕྱི་ཡི་ལུས་ཀྱི་མ་བཞིན་ནོ། །དེ་ལ་ཁོ་ན་རེ། སྤྱིར་དེ་ལྟར་ཡིན་ཀྱང་སྔར་གྱི་བོན་ཅན་རྣམས་ལ་སྐྱོན་མངོན་སུམ་གྱིས་གྲུབ་པའི་ཕྱིར། རྟགས་འདི་གྲུབ་སྟེ་སྐྱོན་དེ་དང་དེ་མངོན་སུམ་གྱིས་མཐོང་བའི་ཕྱིར། ཞེ་ན། དང་པོ་ནི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་དགག་བྱ་ཡིན་ལ། ཕྱི་མ་ནི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། དེ་ལྟར་ཡིན་ཏེ་མ་རྒྱུད་ཐར་ལམ་རིན་པོ་ཆེའི་འགྲེལ་བ་ལས།  བརྒྱད་པོ་དེ་ཚང་བ་རབ་བོ། །བཞི་ལྔ་ཡན་ཆད་འཛོམ་པ་བླ་མར་བཏུབ་སྟེ། ཞེས་དང་། སུམ་བརྒྱ་པ་ལས།  མཚན་ཉིད་ཚང་བ་དཀོན་པས་མདོར་ན་ནི། ཡོན་ཏན་ལྷག་ཅིང་དགེ་ལ་གཞོལ་ནུས་བསྟེན། ཞེས་གསུངས་པའི་ཕྱིར།  དེས་ན་སྙིགས་དུས་ཀྱི་བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་འཇོག་མི་རུང་བ་དང་།  སངས་རྒྱས་མ་ཡིན་པའི་ཁྱབ་པ་མ་བསྟན་པའི་ཕྱིར།  འོ་ན་དེ་ལྟར་བསྟན་པའི་དགོས་པ་གང་ཡིན་ཞེ་ན།  དེ་ལ་གཉིས་ལས། མ་བསྟན་པར་དེ་ལྟར་མཐོང་བ་དང་།  བསྟན་པ་ལ་དེ་ལྟར་མཐོང་བའོ། །དང་པོ་ནི། སྨོན་ལམ་འབྲུག་སྒྲ་ལས།  དུས་མཐའི་སེམས་ཅན་ཉོན་མོངས་ཁ་དྲག་ཅིང་། བཏང་སྙོམས་གནས་པར་གྱུར་རྣམས་འདུལ་བའི་ཕྱིར།  ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་ནི། རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས།  གང་དག་དེ་བཞིན་གཤེགས་པ་ཀུན།  འགྲོ་བའི་དོན་ལ་དགོངས་གྱུར་ཀྱང་། བླ་མ་དག་ལ་མ་བསྟེན་ན།  མ་རིག་རྨོངས་པའི་སེམས་ཅན་རྣམས། འཁྲུལ་འཁོར་མུན་པའི་སྨག་རུམ་ན།  གཏི་མུག་མུན་པས་གཏིབས་པ་ལ། བདེར་གཤེགས་ཞལ་མཐོང་ག་ལ་འགྱུར། ཞེས་དང་། ཐར་ལམ་རིན་པོ་ཆེའི་འགྲེལ་བ་ལས།  སེམས་ཅན་དྲག་རྩུབ་ཅན་གྱི་དོན་བྱེད་པ་ལ། ཕར་ལ་ལེགས་དགུས་བསྐྱངས་ཀྱང་། ཚུལ་ལ་དམུ་རྒོད་དུ་གྱུར་པ་སྲིད་པའི་དུས་སུ། རྒྱུ་སེམས་ཅན་ཡིན་པས་སངས་རྒྱས་ལ་གཟུད་དགོས་པའི་དགོས་པ་ཡོད་པའོ། །ཞེས་གསུངས་པ་ལྟར་མཛད་པའི་སྐྱེས་བུ་ལ་ཕར་སྐྱོན་དུ་བཟུངས་ནས་དྲིན་ལན་ལོག་འཇལ་མི་འོས་པའི་ཕྱིར། འདི་དག་གིས་ནི་སྔར་གྱི་མ་དམིགས་པའི་རྟགས་ཁྱབ་ལེགས་པར་གྲུབ་བོ། །འོ་ན་སངས་རྒྱས་མ་ཡིན་པ་ལ་སངས་རྒྱས་སུ་བལྟ་བའི་དོན་ཅི་ཡིན་ཞེ་ན། དེ་ནི་ཤིན་ཏུ་གཙོ་ཆེ་སྟེ་ཐབས་ཆེན་མཁའ་ཡི་རྒྱུད་ལས།  བོན་སྒོ་གཞན་ལ་ལོ་བསྙེན་བས། དཔོན་གསས་བླ་མ་ཟླ་བསྙེན་དགའ། ཞེས་དང་། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།  སྐུ་གསུང་ཐུགས་ཀྱི་ངོ་བོ་དང་། བླ་མ་དམ་པ་གཉིས་སུ་མེད།  དུས་གསུམ་སངས་རྒྱས་སྤྱིར་མཆོད་པས།  རྩ་བའི་བླ་མ་དགོས་མཆོད་ན།  བྱིན་རླབས་དངོས་གྲུབ་འབྲས་བུ་བརྙེས།  ཞེས་དང་།  མ་རྒྱུད་ལས།  བླ་མ་སངས་རྒྱས་འདུ་ཤེས་མ་བཞག་ན།  ཡི་དམ་དམིགས་པ་གསལ་ཡང་འདོད་བློ་ཡིན། ཞེས་དང་།  བཀའ་རྒྱུད་བྱིན་རླབས་རང་གི་དད་པས་ལེན།  སེམས་ཀྱི་རྟོགས་པས་བླ་མའི་ཡོན་ཏན་རིག  ཅེས་དང་།  བླ་མའི་བྱིན་རླབས་དད་པའི་སྟོབས་ཀྱིས་ལེན།  སངས་རྒྱས་དངོས་མཐོང་ཞེ་ཐག་ཏིང་འཛིན་བསྒོམ།  ཞེས་སོགས་གསུངས་པ་ལྟར་རོ། །འདི་དག་གིས་ནི་རིགས་པ་ཕྱི་མའི་རྟགས་ཁྱབ་ལེགས་པར་བསྒྲུབས་སོ། །དེས་ན་ཕར་ཕྱིན་ཐེག་པ་མ་ཟད་གསང་སྔགས་སུ་བླ་མའི་རྣལ་འབྱོར་ཆེས་ཤིན་ཏུ་གཙོ་ཆེའོ། །དེ་དག་གི་དོན་ལ་སེམས་ན། བླ་མ་ཡིན་ན།  སྔོན་དུས་ཀྱི་མཛད་པ་དག་པའི་བླ་མ་ཡིན་པས་ཁྱབ་པར་སྨྲ་བ་ལ།  གདུལ་བྱ་ཡིན་ན། སྔར་དུས་ཀྱི་རྒྱུད་དག་པའི་གདུལ་བྱ་ཡིན་པས་ཁྱབ་པ་སྨྲ་དགོས་པ་དང་།  དེ་ཡང་ང་རང་ལས་ལྷག་པ་མེད་དོ་ཞེས་དམ་བཅའ་བ་མ་གཏོགས་མེད་པས་ཅི་མཛད་ལེགས་པར་མཐོང་བ་དང་། དེ་ལྟར་སྨོན་ལམ་ཚུན་ཆད་ཀྱིས་ནན་ཏན་དུ་བྱའོ། །”ཞེས་དང་།  དེ་དང་ཆ་མཚུངས«སྔགས་ཀྱི་ཐལ་ཕྲེང་བླ་མའི་གསུང་ལ་འཇུག་པ»ལས་རྡོ་རྗེ་ཐེག་པའི་ས་ལམ་གྱི་གཞི་དང་རྩ་བའི་གནད་བསྡུས་ནས་བཀའ་སྩལ་པའི་སྐབས་སུ།  “དེ་ལྟར་ལམ་ཐམས་ཅད་བླ་མའི་རྣལ་འབྱོར་སྲོག་ཏུ་བསྟེན་པ་ལ་རག་ལས་པར་གསུང་ལས་འབྱུང་བ་ལྟར་ཡིན་ཏེ། བླ་མ་སངས་རྒྱས་སུ་བལྟ་བར་བསྒྲུབས་པ་དེ་དེ་ཡིན་པའི་ཕྱིར། དེ་ཡང་བླ་མ་སངས་རྒྱས་སུ་བལྟ་བ་མི་རིགས་པ་འགོག་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་དང་དེར་བལྟ་འོས་སུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གཉིས་ཡོད་པའི་ཕྱིར། དང་པོ་ནི་རང་ལ་ཆོས་འབྲེལ་དངོས་ཡོད་ཀྱི་བླ་མ་རྣམས་ལ་ཆོས་ཅན། ཐ་མལ་རྣམ་ཅན་གྱི་སངས་རྒྱས་ལ་དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་དེ་ནི་མིན་ཞེས་དམ་བཅའ་བ་མི་རིགས་ཏེ། དེ་ལ་དེ་བསྐལ་དོན་དུ་སོང་བའི་གང་ཟག་གིས་དེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་ཡིན་པའི་ཕྱིར། གཉིས་པ་ནི། ཆོས་ཅན་སྔར་བཞིན་ལ། རང་ལ་བལྟོས་པའི་སངས་རྒྱས་སུ་བལྟ་འོས་ཏེ། རང་གི་དབང་པོ་དང་མཚམས་པའི་ཆོས་ཀྱི་སྒོ་ནས་སངས་རྒྱས་ཀྱི་མཛད་པ་ལྷག་མེད་དུ་མཛད་པའི་ཕྱིར། དཔེར་ན་སངས་རྒྱས་ཀྱིས་བདག་ཡོད་པར་བསྟན་པ་བཞིན། ཡང་ཆོས་ཅན་སྔར་བཞིན་ལ། ནང་གི་ཆོས་ཀྱི་ལུས་ཐོག་མཐའ་བར་གསུམ་དུ་བསྐྱེད་པའི་བཀའ་དྲིན་དུ་དྲན་པས་བསྟེན་དགོས་ཏེ། ཆོས་ཀྱི་ས་བོན་ཐོག་མར་རྒྱུད་ལ་བཙུགས་པ་ནས་སྐྱོང་བའི་ཕྱིར། དཔེར་ན་ཡོན་ཏན་ཀུན་གྱི་གཞིར་གྱུར་ཞེས་སོགས་བཞིན། ཕྱིའི་ལུས་ཀྱི་མ་བཞིན་ནོ། །ཁོ་ན་རེ། སྤྱིར་དེ་ལྟར་ཡིན་ཀྱང་སྔར་གྱི་ཆོས་ཅན་རྣམས་ལ་སྐྱོན་མངོན་སུམ་གྱིས་འགྲུབ་པའི་ཕྱིར། རྟགས་འདི་གྲུབ་སྟེ། སྐྱོན་དེ་དང་དེ་མངོན་སུམ་གྱིས་མཐོང་བའི་ཕྱིར་ཞེ་ན། དང་པོ་ནི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་དགག་བྱ་ཡིན་ལ། ཕྱི་མ་ནི་ཁྱབ་པ་ལ་ཐེ་ཚོམ་ཟ་བའི་ཕྱིར། དེ་ལྟར་ཡང་དོན་དམ་བསྙེན་པ་ལས། རྩོད་པའི་དུས་སུ་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་མེད་པར་ནི་ཡོད་མ་ཡིན། །དེ་བས་གང་དག་ཡོན་ཏན་བཞི་ཆ་བརྒྱད་ཆ་ལྡན། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །ཞེས་སྐྱོན་གྱི་ཕྱེད་དང་བཞི་ཆ་བརྒྱད་ཆ་ལས་མི་མཐོང་བར་གསུངས་ཀྱི། རྩོད་དུས་ཀྱི་བླ་མ་ཡིན་ན། སངས་རྒྱས་མ་ཡིན་པས་ཁྱབ་པར་མ་བསྟན་པའི་ཕྱིར། འོ་ན་དེ་ལྟར་བསྟན་པའི་དགོས་པ་གང་ཡིན་ཞེ་ན། དེ་ལ་གཉིས་ལས་མ་བསྟན་པ་དེ་ལྟར་མཐོང་བ་དང་། བསྟན་པ་ལ་དེ་ལྟར་མཐོང་བའོ། །དང་པོ་ནི་སྤྱོད་འཇུག་ལས། སེམས་ཅན་བསམ་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །ཞེས་སོགས་དང་། གཉིས་པ་ནི། གུར་གྱི་རྒྱུད་ལས། ཕྱི་མའི་དུས་སུ་གྱུར་པ་ན། །ང་ནི་སློབ་དཔོན་གཟུགས་ཀྱིས་ཏེ། །གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་དེ་ཡི་གཟུགས་ཀྱིས་སོ། །ཞེས་དང་། བཞི་བརྒྱ་པ་ལས། གང་ལ་སྐྱེ་བ་ཐམས་ཅད་དུ། །མངོན་ཤེས་ལྔ་པོ་ཡོངས་ཡོད་པ། །དེ་ཡི་དམན་པར་དམན་ལྟའི་དངོས། །འདི་ནི་ཤིན་ཏུ་བྱ་དཀའ་བའོ། །ཞེས་པ་ལྟར་ཚུར་བྱ་དཀའ་བའི་བཀའ་དྲིན་མཛད་པ་ལ་ཕར་སྐྱོན་དུ་བཟུང་ནས་དྲིན་ལས་ལོག་འཇལ་དུ་མི་འོས་པའི་ཕྱིར། འདི་དག་གིས་ནི་སྔར་གྱི་མ་དམིགས་པའི་རྟགས་ཁྱབ་ལེགས་པར་གྲུབ་བོ། །འོ་ན་སངས་རྒྱས་མ་ཡིན་པ་ལ་སངས་རྒྱས་སུ་བལྟ་བའི་དོན་ཅི་ཞེ་ན། དེ་ཤིན་ཏུ་གཙོ་ཆེ་སྟེ། ཨ་བྷི་དྷིའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །ལག་པའི་མཐིལ་ལམ་སྙིང་གའི་དཀྱིལ། །ལུས་ཀྱི་ཆ་ཤས་གང་བསྒོམས་ཀྱང་། །སངས་རྒྱས་སྟོང་གི་བྱིན་རླབས་ནི། །གང་ཟག་དེ་ཡིས་སྡུད་པར་བྱེད། །ཞེས་དང་།   དེ་བཞིན་དུ་རྒྱུད་སྡེ་གཞན་ལས་ཀྱང་། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལས། །བླ་མའི་བ་སྤུ་ཁུང་གཅིག་མཆོག །དེ་ཚེ་སློབ་དཔོན་མཆོད་བྱེད་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་གཟིགས། །ཞེས་པའི་དོན་དུ་མཛད་ནས། དངོས་ལ་མ་ཡིན་རང་ལ་རག་ལས་ཞེས་སོགས་ལྟར་རོ། །འདི་དག་གིས་ནི་རིགས་པ་ཕྱི་མའི་རྟགས་ཁྱབ་ལེགས་པར་སྒྲུབ་བོ། །དེ་ནས་ཕར་ཕྱིན་ཐེག་པ་མ་ཟད་གསང་སྔགས་སུ་ཡང་བླ་མའི་རྣལ་འབྱོར་ཆེས་ཤིན་ཏུ་དེ་ལྟར་གཙོ་སྟེ། ཀྱཻ་རྡོར་བཤད་རྒྱུད་ལས། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་རྟོག་གོ །ཞེས་དང་། བླ་མ་སངས་རྒྱས་བླ་མ་ཆོས། །ཞེས་སོགས་དང་། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་ཏུ་བདག་ནི་སྐྱབས་སུ་མཆི། །ཞེས་གསུངས་སོ། །དེ་དག་གི་དོན་ལ་སེམས་ན་བླ་མ་ཡིན་ན་སྔོན་དུས་ཀྱི་མཛད་པ་དག་པའི་བླ་མ་ཡིན་པས་ཁྱབ་པར་སྨྲ་བ་ལ། གདུལ་བྱ་ཡིན་ན། སྔར་དུས་ཀྱི་རྒྱུད་དག་པའི་གདུལ་བྱ་ཡིན་པས་ཁྱབ་པར་སྨྲ་དགོས་པ་དང་། དེ་ཡང་ང་རང་ལས་ལྷག་པ་མེད་དོ་ཞེས་དམ་བཅའ་བ་མ་གཏོགས་མེད་པས་ཅི་མཛད་ལེགས་པར་མཐོང་བ་དང་། དེ་ལྟར་སྨོན་ལམ་ཚུན་ཆད་ཀྱིས་ནན་ཏན་དུ་བྱའོ། །”ཞེས་ཁུངས་ཀྱི་ལུང་འདྲེན་མི་འདྲ་ཞིང་སྒྲུབ་བྱེད་ཀྱི་རིགས་པ་སོགས་ནི་འདྲ་མཚུངས་སུ་སྣང་།
   ཡང་སྔགས་དངོས་བསྐྱེད་པའི་བསྐྱེད་རིམ་བསྟན་པའི་སྐབས་སུ«བཀའ་འགྲེལ་གསལ་བྱེད»ལས། “བསྐྱེད་རིམ་གྱི་ངོ་བོ་ལ། སྐྱེ་ཤི་བར་དོ་གསུམ་ཅི་རིགས་སྦྱོང་བྱེད་དུ་བོན་མཐུན་ཁྱད་པར་ཅན་གྱི་སྒོ་ནས་ལམ་གྱི་དངོས་གཞི་གྲུབ་པ་གང་ཞིག་ཡི་དམ་རྫོགས་བྱེད་དང་མཉེས་པར་བྱེད་པ་གཉིས་ལས་ཕྱི་མའི་མིང་ཅན་གྱི་རྣལ་འབྱོར་དེ་བསྐྱེད་རིམ་གྱི་མཚན་ཉིད། ཟུར་སྔ་མས་རྒྱུད་སྡེ་འོག་མའི་རྣལ་འབྱོར་དང་ཚོགས་བསགས་སོགས་ཀྱི་སྦྱོར་བ་གཅོད། ཕྱི་མས་རྫོགས་རིམ་གྱི་རྣལ་འབྱོར་གཅོད།”  ཅེས་དང་།   «སྔགས་ཀྱི་ཐལ་ཕྲེང་བླ་མའི་གསུང་ལ་འཇུག་པ»ལས། “སྐྱེ་ཤི་བར་དོ་གསུམ་ཅི་རིགས་སྦྱོང་བྱེད་དུ་ཆོས་མཐུན་ཁྱད་པར་ཅན་གྱི་སྒོ་ནས་ལམ་གྱི་དངོས་གཞི་གྲུབ་པ་གང་ཞིག  རྡོར་སེམས་རྫོགས་བྱེད་དང་མཉེས་པར་བྱེད་པ་གཉིས་ལས་ཕྱི་མའི་མིང་ཅན་གྱི་རྣལ་འབྱོར་དེ། བསྐྱེད་རིམ་གྱི་མཚན་ཉིད། ཟུར་སྔ་མས་རྒྱུད་སྡེ་འོག་མའི་རྣལ་འབྱོར་དང་ཚོགས་བསགས་སོགས་ཀྱི་སྦྱོར་བ་གཅོད། ཕྱི་མས་རྫོགས་རིམ་གྱི་རྣལ་འབྱོར་གཅོད།” ཅེས་བོན་མཐུན་དང་ཆོས་མཐུན།  ཡི་དམ་དང་རྡོར་སེམས་ཞེས་པ་ཙམ་ལས་གཞན་འདྲ།
   ཡང«བཀའ་འགྲེལ་གསལ་བྱེད»ལས། “སྤྱིར་བསྐྱེད་རིམ་བསྒོམ་ཚུལ་ལ་གཉིས་ཡོད་དེ། གསལ་སྣང་བསྒོམ་པ་དང་། ང་རྒྱལ་བསྒོམ་པའོ། །དེ་གཉིས་ལས་ཕྱི་མ་འདི་གཙོ་ཆེ་སྟེ། ཐ་མལ་གྱི་ཞེན་པ་བཟློག་པ་ལ་དེ་སྟོབས་ཆེ་བའི་ཕྱིར། དཔེར་ན་གདོན་གྱིས་བརླམས་པའི་གང་ཟག་གིས་བདག་དེའོ་སྙམ་པའི་བློ་བཅོས་མིན་སྐྱེས་པ་བཞིན་དུ་ལྷ་ཡི་ང་རྒྱལ་རང་གི་འདོད་པའི་རྣམ་པ་ལ་དེ་ལྟར་སྐྱེས་ནས་བསྐྱེད་རིམ་གྱི་ང་རྒྱལ་བརྟན་པར་འཇོག་པའི་ཕྱིར།  འོ་ན་ང་རྒྱལ་དེ་གསལ་སྣང་ལྟར་རྒྱུན་བསྐྱང་དགོས་པ་ཐལ་ཞེ་ན།  ཐོག་མར་དང་བར་བར་དུ་ང་རྒྱལ་བརྟན་པོ་རེ་སྐྱེས་པས་ཆོག་པར་འདོད་པ་འདུག་གོ །ཡང་ཁ་ཅིག་ན་རེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བའི་བསྐྱེད་རིམ་གྱི་ཏིང་འཛིན་བོན་ཅན། ཁྱོད་ཀྱི་གཞལ་བྱ་ཡོད་པར་ཐལ། མངོན་སུམ་གང་ཞིག  སྣང་ལ་མ་ངེས་པ་མ་ཡིན་པའི་ཕྱིར། ཞེ་ན། འདོད་པ་ཡིན་ཏེ། རང་ལ་སྣང་བའི་དབང་འབྱོར་པའི་གཟུགས་མངོན་སུམ་དུ་རྟོགས་པའི་ཕྱིར། དེར་ཐལ། དེ་ལ་རྗེས་ཀྱི་ངེས་ཤེས་སུ་སོང་བའི་ཚད་མ་ཡོད་པའི་ཕྱིར། འོ་ན་ཐ་མལ་གྱི་ཞེན་པ་དང་འཛིན་སྟངས་དངོས་འགལ་གྱི་སྒོ་ནས་གཉེན་པོ་བྱེད་པ་ཐལ་ལོ། །ཞེ་ན། མ་ཁྱབ་སྟེ། ཐ་མལ་གྱི་ཞེན་པ་རགས་པ་དེ་བློ་དོན་མཐུན་ཡིན་པའི་ཕྱིར། དེ་བཞིན་དུ་བསྐྱེད་རིམ་ལ་གསལ་སྣང་བྱུང་ན། གསལ་སྣང་རྫོགས་པའི་མ་ཁྱབ་པ་དང་། གསལ་སྣང་རྫོགས་ན་གསལ་སྣང་བརྟན་པའི་མ་ཁྱབ་སྟེ། སྔ་མ་ལ་ཉམས་སྣང་གིས་མ་ངེས་ཤིང་། ཕྱི་མ་ལ་ཐུན་ཚད་དང་གོ་རིམ་ངེས་མེད་ཀྱི་གསལ་སྣང་གིས་མ་ངེས་པའི་ཕྱིར། བསྐྱེད་རིམ་བསྒོམ་པ་ལ་གསལ་སྣང་མི་འབྱུང་བར་འདོད་པའི་ལོག་རྟོག་ཀྱང་ཡོད་གྲགས་པས། དེ་ལྟར་ན་བསྐྱེད་རིམ་སྦྱོར་ལམ་གྱི་ངོ་བོར་འགྱུར་ནས་དོན་སྤྱི་ལ་གསལ་སྣང་ཐོབ་ཏུ་མེད་པར་ཐལ་བ་དང་། དེ་མཐོང་ལམ་གྱི་ངོ་བོར་འགྱུར་ནས་གནས་ལུགས་མངོན་སུམ་དུ་རྟོགས་པའི་རིག་པ་དང་ཟུང་དུ་འཇུག་རྒྱུ་མེད་པར་ཐལ་ལོ། །ཡང་དེ་རྣམས་ལས་འགའ་ཞིག་དེ་དང་འཛིན་སྟངས་དངོས་འགལ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་མངོན་སུམ་དུ་སྣང་བའི་ལྷ་དེ་མ་ཡིན་པ་འཛིན་པ་དང་དེ་མེད་པར་འཛིན་པ་རྣམས་དེ་དག་ལ་ཡོད་པའི་ཕྱིར། འོ་ན་ཕྱི་བསྐྱེད་དང་། བདག་བསྐྱེད་ཀྱི་ཁྱད་པར་གང་ཞེ་ན། བསྒྲུབ་གཞིའི་སྒོ་ནས་འཇོག་པའི་ཕྱིར། དེར་ཐལ། སྔར་བསྒྲུབས་ཟིན་པའི་དཀྱིལ་འཁོར་ལུས་དཀྱིལ་གྱི་ཉེར་ལེན་དང་། ལུས་ཀྱི་ཆ་དེ་དང་དེས་ལྷན་ཅིག་བྱེད་རྐྱེན་བྱས་ནས་བཞག་དགོས་པའོ། །འོ་ན། རྒྱུད་སྡེ་འོག་མ་རྣམས་ལ་བསྐྱེད་རིམ་ཡོད་པར་ཐལ། བཅོས་ཏེ་བསྒོམ་པའི་རྣལ་འབྱོར་དེ་ལྟར་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རིམ་པ་བཅོས་མ་བཅོས་ཀྱི་བཅོས་པའི་ཕྱོགས་དང་བཅོས་པའི་ཆ་ཞེས་ཟླས་དབྱེ་བའི་སྒོ་ནས་བཞག་པ་གང་ཞིག རྒྱུད་སྡེ་འོག་མ་ལ་དེ་འདྲ་མེད་པའི་ཕྱིར། ཁོ་ན་རེ། སྐུ་གསུམ་ལམ་འཁྱེར་གྱི་དམིགས་པ་ཚང་བ་ལས་རིམ་ཅན་དུ་བརྟན་པ་ཐོབ་པའི་ཏིང་ངེ་འཛིན་ཡིན་ན། བཞིར་ཕྱེ་བའི་ལས་དང་པོ་བ་ཡིན་པས་ཁྱབ་པ་ཐལ། སྔར་གྱི་ཁྱད་པར་དེ་ཡི་ཕྱིར། ཞེ་ན་མ་ཁྱབ་སྟེ། བྱང་ཆུབ་ཀྱི་སེམས་རྗེས་མཐུན་ཙམ་ལ་བརྟེན་ནས་དེ་ལྟར་སྒོམ་པ་དང་། རང་དོན་དུ་དངོས་གྲུབ་ཙམ་གྱི་ཆེད་དུ་དེ་ལྟར་བསྒོམ་པ་གཉིས་ཀ་ཡོད་པའི་ཕྱིར།”  ཞེས་དང་།  «སྔགས་ཀྱི་ཐལ་ཕྲེང་བླ་མའི་གསུང་ལ་འཇུག་པ»ལས། “དེ་དག་གི་སྒོམ་ཚུལ་ལ་ང་རྒྱལ་སྒོམ་པ་དང་། གསལ་སྣང་སྒོམ་པ་གཉིས་སུ་ཡོད་པ་སྔགས་རིམ་ལས་གསུངས་པའི་ཕྱིར། དེ་གཉིས་ལས་ང་རྒྱལ་སྒོམ་པ་གཙོ་ཆེ་སྟེ། ཐ་མལ་ཞེན་པ་བཟློག་པ་ལ་དེ་སྟོབས་ཆེ་བའི་ཕྱིར་ཏེ། དཔེར་ན། གདོན་གྱིས་རླམ་པ་ལ་བདག་དེ་དང་དེའོ་སྙམ་པའི་བློ་བཅོས་མིན་སྐྱེས་པ་བཞིན་དུ་ལྷའི་ང་རྒྱལ་ནམ་འདོད་པ་ན་དེ་ལྟར་སྐྱེས་ན་བསྐྱེད་རིམ་གྱི་ང་རྒྱལ་བརྟན་པར་འཇོག་པའི་ཕྱིར། འོ་ན་ང་རྒྱལ་ཡང་གསལ་སྣང་ལྟར་རྒྱུན་སྐྱོང་དགོས་པར་ཐལ་ལོ་ཞེ་ན་མ་ཁྱབ་སྟེ།  དང་པོ་དང་བར་བར་དུ་ང་རྒྱལ་བརྟན་པོ་རེ་སྐྱེས་པས་ཆོག་པར་སྔགས་རིམ་ལས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། རྟེན་དང་བརྟེན་པའི་དཀྱིལ་འཁོར་མངོན་སུམ་དུ་སྣང་བའི་བསྐྱེད་རིམ་གྱི་ཏིང་ངེ་འཛིན་ཆོས་ཅན། ཁྱོད་ཀྱི་གཞལ་བྱ་ཡོད་པར་ཐལ། མངོན་སུམ་གང་ཞིག །སྣང་ལ་མ་ངེས་པ་མ་ཡིན་པའི་ཕྱིར། ཞེ་ན། འདོད་པ་ཡིན་ཏེ་རང་ལ་སྣང་བའི་དབང་འབྱོར་པའི་གཟུགས་མངོན་སུམ་དུ་རྟོགས་པའི་ཕྱིར། དེར་ཐལ། དེ་ལ་རྗེས་ཀྱི་ངེས་ཤེས་སུ་སོང་བའི་ཚད་མ་ཡོད་པའི་ཕྱིར། འོ་ན་ཐ་མལ་གྱི་ཞེན་པ་དང་འཛིན་སྟངས་དངོས་འགལ་གྱི་སྒོ་ནས་གཉེན་པོ་བྱེད་པར་ཐལ་ལོ་ཞེ་ན་མ་ཁྱབ་སྟེ། ཐ་མལ་གྱི་ཞེན་པ་དེ་བློ་དོན་མཐུན་ཡིན་པའི་ཕྱིར། དེ་བཞིན་དུ་བསྐྱེད་རིམ་ལ་གསལ་སྣང་བྱུང་ན། གསལ་སྣང་རྫོགས་པས་མ་ཁྱབ་པ་དང་། གསལ་སྣང་རྫོགས་ན། གསལ་སྣང་བརྟན་པས་མ་ཁྱབ་སྟེ། སྔ་མ་ལ་ཉམས་སྣང་གི་དེས་མ་ངེས་ཤིང་། ཕྱི་མ་ལ་ཐུན་ཚད་དང་གོ་རིམ་ངེས་མེད་ཀྱི་གསལ་སྣང་གིས་མ་ངེས་པའི་ཕྱིར། བསྐྱེད་རིམ་བསྒོམ་པ་ལ་གསལ་སྣང་མི་འབྱུང་བར་འདོད་པའི་སྔ་རབས་པའི་ལོག་རྟོག་སྔགས་རིམ་ལས་རྒྱས་པར་བཀག་པ་དེ་རྣམས་ལས་འགའ་ཞིག་དེ་དང་འཛིན་སྟངས་དངོས་འགལ་ཡིན་པའི་ཕྱིར། དེར་ཐལ། དེ་ལ་མངོན་སུམ་དུ་སྣང་བའི་ལྷ་དེ་མ་ཡིན་པ་འཛིན་པ་དང་དེ་མེད་པར་འཛིན་པ་རྣམས་དེ་དག་ལ་ཡོད་པའི་ཕྱིར། འོ་ན། ཕྱི་དཀྱིལ་དང་། ལུས་དཀྱིལ་གྱི་ཁྱད་པར་གང་ཞེ་ན། སྒྲུབ་གཞིའི་སྒོ་ནས་འཇོག་པའི་ཕྱིར། དེར་ཐལ། སྔར་བསྒྲུབས་ཟིན་པའི་དཀྱིལ་འཁོར་ལུས་དཀྱིལ་གྱི་ཉེར་ལེན་དང་། ལུས་ཀྱི་ཆ་དེ་དང་དེས་ལྷན་ཅིག་བྱེད་རྐྱེན་བྱས་ནས་བཞག་པ་ཡབ་སྲས་ཀྱི་གསུང་གཞན་ལས་བྱུང་བ་ལྟར་ཡིན་པའི་ཕྱིར།  བསྐྱེད་རིམ་གྱི་མིང་གི་རྣམ་གྲངས་ཡོད་དེ། བསྐྱེད་པའི་རིམ་པ། བརྟགས་པའི་རིམ་པ། བཅོས་མའི་རིམ་པ་རྣམས་དེའི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། འོ་ན། རྒྱུད་སྡེ་འོག་མ་ལ་བསྐྱེད་རིམ་ཡོད་པར་ཐལ། བཅོས་མའི་རྣལ་འབྱོར་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་རིམ་པ་བཅོས་མ་བཅོས་ཀྱི་བཅོས་པའི་ཕྱོགས་དང་བཅོས་པའི་ཆ་ཞེས་བཟླས། དབྱེ་བའི་སྒོ་ནས་བཞག་པ་གང་ཞིག རྒྱུད་སྡེ་འོག་མ་ལ་དེ་འདྲ་མེད་པའི་ཕྱིར། ཁོ་ན་རེ། སྐུ་གསུམ་ལམ་འཁྱེར་གྱི་བསྐྱེད་རིམ་གྱི་དམིགས་པ་ཚང་བ་ལས་རིམ་ཅན་དུ་བརྟན་པ་ཐོབ་པའི་ཏིང་ངེ་འཛིན་ཡིན་ན། བཞིར་ཕྱེ་བའི་ལས་དང་པོ་པ་ཡིན་པས་ཁྱབ་པར་ཐལ། སྔར་གྱི་ཁྱད་པར་དེའི་ཕྱིར་ཞེ་ན་མ་ཁྱབ་སྟེ། བྱང་ཆུབ་ཀྱི་སེམས་རྗེས་མཐུན་ཙམ་ལ་བརྟེན་ནས་དེ་ལྟར་སྒོམ་པ་དང་། རང་དོན་དུ་དངོས་གྲུབ་ཙམ་གྱི་ཆེད་དེ་ལྟར་སྒོམ་པ་གཉིས་ཀ་ཡོད་པའི་ཕྱིར།”
   ཡང་བསྐྱེད་རིམ་ཐོབ་པའི་ས་མཚམས་བསྟན་སྐབས«བཀའ་འགྲེལ་གསལ་བྱེད»ལས། “བསྐྱེད་རིམ་ཐོབ་མ་ཐག་པའི་མཚམས་ནི་ཐེག་པ་འདི་ཡི་དབང་ཐོབ་ནས་ཏིང་འཛིན་ཐོག་མར་ཐོབ་པ་ནས་འཇོག་ན་རུང་ངམ་སྙམ་ཡང་དཔྱད་པར་མཛོད་ཅིག” ཅེས་དང་། «སྔགས་ཀྱི་ཐལ་ཕྲེང་བླ་མའི་གསུང་ལ་འཇུག་པ»ལས།  “བསྐྱེད་རིམ་ཐོབ་མ་ཐག་པའི་མཚམས་ཡོད་དེ། སྔར་དྲངས་པའི་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་པའི་སྔོན་འགྲོའི་རིམ་པ་ཐོབ་ནས་དབང་བསྐུར་རྫོགས་པར་མནོས་ནས་དེ་འདྲ་བའི་ཏིང་ངེ་འཛིན་ཐོབ་པ་ནས་འཇོག་གམ་སྙམ་སྟེ་དཔྱད་དོ། །” ཞེས་དཔྱད་གཞིར་མཛད་པ་མཐུན།
    ཡང་དངོས་བསྐྱེད་པའི་རྫོགས་རིམ་བསྟན་པའི་སྐབས་སུ«བཀའ་འགྲེལ་གསལ་བྱེད»ལས།   “ཁ་ཅིག་ན་རེ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་ལྷ་ཡི་རྣལ་འབྱོར་དེ་རྫོགས་རིམ་གྱི་མཚན་ཉིད་ཟེར་ན། སྲིད་པ་ཐ་མ་བའི་སྨིག་རྒྱུ་སོགས་རྟགས་དང་པོ་གསུམ་གྱི་ཏིང་ངེ་འཛིན་རྣམས་ཀྱིས་མ་ངེས་པའི་ཕྱིར་དང་། དབང་གི་དུས་སུ་དགའ་བཞི་འདྲེན་ནུས་ཀྱི་ཏིང་ངེ་འཛིན་དབང་རྣོན་འགའ་ཞིག་ལ་བྱུང་བ་དང་། རྫོགས་ཆེན་རྣལ་འབྱོར་གྱི་བོག་འདོན་རླུང་སེམས་ཀྱི་སྦྱོར་བ་ལ་བརྟེན་ནས་འབྱུང་བ་སོགས་ཡོད་པའི་ཕྱིར།”ཞེས་དང་།  «སྔགས་ཀྱི་ཐལ་ཕྲེང་བླ་མའི་གསུང་ལ་འཇུག་པ»ལས།  “གཉིས་པ་རྫོགས་རིམ་ལ། ཁ་ཅིག་ན་རེ། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལ་བརྟེན་ནས་བྱུང་བའི་ལྷའི་རྣལ་འབྱོར་དེ་རྫོགས་རིམ་གྱི་མཚན་ཉིད་ཟེར་ན། སྲིད་པ་ཐ་མ་པའི་སྨིག་རྒྱུ་སོགས་རྟགས་དང་པོ་གསུམ་གྱི་ཏིང་ངེ་འཛིན་རྣམས་ཀྱིས་མ་ངེས་པའི་ཕྱིར་དང་། དབང་དུས་སུ་དགའ་བཞི་འདྲེན་ནུས་ཀྱི་ཏིང་ངེ་འཛིན་དབང་རྣོན་འགའ་ཞིག་ལ་བྱུང་བ་གསལ་སྒྲོན་ལས་གསུངས་པའི་ཕྱིར།”  ཞེས་པ་རྣམས་ཕལ་ཆེར་འདྲ།
  ཡང«བཀའ་འགྲེལ་གསལ་བྱེད»ལས། “རྫོགས་རིམ་ཡིན་ན་གསང་སྔགས་ཐེག་པ་ཆེན་པོའི་སྦྱོར་ལམ་ཡན་ཆད་ཀྱི་ལམ་ཡིན་པས་ཁྱབ་པའི་ཕྱིར། དེ་ལྟར་མ་ཁྱབ་པར་ཐལ། སྟོང་ཉིད་ལ་གོ་བ་ལེགས་པར་མ་ཆགས་པར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་དགའ་བཞི་དབབ་བཟློག་གི་ལྷན་སྐྱེས་ཡོད་པའི་ཕྱིར་ཟེར་ཡང་། གོང་དུ་ཁྱབ་པ་ཡོད་པར་ཐལ། དེ་ལ་གནས་པའི་གང་ཟག་ཡིན་ན། གནས་ལུགས་མ་བཅོས་པའི་དེ་བཞིན་ཉིད་ལ་གོ་བརྡ་ལེགས་པར་འཕྲོད་པ་ཡིན་པས་ཁྱབ་པའི་ཕྱིར། ཁོ་ན་རེ། དེ་ལ་མ་ཁྱབ་པར་ཐལ། དེ་འདྲ་བའི་ལྷན་སྐྱེས་ཀྱི་བདེ་བ་དང་གཟུང་འཛིན་གཉིས་སྟོང་སྦྱར་བའི་སེམས་ཙམ་པའི་རྒྱུད་ཀྱི་རྣལ་འབྱོར་ཡོད་པ་གང་ཞིག  རང་རྒྱུད་པ་ལ་ཡང་དེའི་ཕྱིར། ཞེ་ན་མ་ཁྱབ་སྟེ། དེ་དག་རྫོགས་རིམ་རྗེས་མཐུན་པ་ཡིན་པའི་ཕྱིར། སྐབས་འདིར་དབུ་མ་བའི་དེ་འདྲའི་རྣལ་འབྱོར་ཡང་དེ་དང་འདྲའོ། །”  ཞེས་དང་།  «སྔགས་ཀྱི་ཐལ་ཕྲེང་བླ་མའི་གསུང་ལ་འཇུག་པ»ལས། “རྫོགས་རིམ་ཡིན་ན་འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ཡིན་ན། ཐེག་ཆེན་སྦྱོར་ལམ་ཡན་ཆད་ཀྱི་ལམ་ཡིན་པས་ཁྱབ་པའི་ཕྱིར། གཞན་ཡང་དེ་ལྟར་མ་ཁྱབ་པར་ཐལ། སྟོང་ཉིད་ལ་གོ་བ་ལེགས་པར་མ་ཆགས་པར་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པའི་དགའ་བཞི་དབབ་བཟློག་གི་ལྷན་སྐྱེས་ཡོད་པའི་ཕྱིར་ཏེ། ནཱ་རོ་ཆོས་དྲུག་ལས། ལྟ་བའི་གོ་བ་ལེགས་པོ་མེད་ནའང་སེམས་ཀྱི་སྤྲོ་བསྡུ་རྣམས་དོར་ལ་བདེ་བ་དེ་ཉིད་ལ་ཅི་གནས་གནས་ཀྱི་བར་དུ་བསྐྱང་ངོ་། ཞེས་པ་ནས་བདེ་བ་རྐྱང་པའི་མི་རྟོག་པ་སྔར་བཤད་པ་བཞིན་ཇི་ཙམ་གནས་ནུས་ནུས་ཀྱི་བར་དུ་བསྐྱང་ངོ་། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་མ་ཁྱབ་པར་ཐལ། དེ་འདྲ་བའི་ལྷན་སྐྱེས་ཀྱི་བདེ་བ་དང་གཟུང་འཛིན་གཉིས་སྟོང་སྦྱར་བའི་སེམས་ཙམ་པའི་རྒྱུད་ཀྱི་རྣལ་འབྱོར་ཡོད་པ་གང་ཞིག །རང་རྒྱུད་པ་ལ་ཡང་དེའི་ཕྱིར་ཞེ་ན་མ་ཁྱབ་སྟེ། དེ་དག་རྫོགས་རིམ་རྗེས་མཐུན་པ་ཡིན་པའི་ཕྱིར།” ཞེས་ཕལ་ཆེར་འདྲ་ཞིང«བཀའ་འགྲེལ་གསལ་བྱེད»དུ་དབུ་མའི་ལྟ་བས་ཟིན་པའི་ལྷན་སྐྱེས་ཀྱི་བདེ་བ་ཡང་རྫོགས་རིམ་རྗེས་མཐུན་དུ་བཞེད་པ་ནི་ཐུན་མིན་གྱི་ལུང་དོན་ནོ། །
    ཡང«བཀའ་འགྲེལ་གསལ་བྱེད»ལས། “ཁོ་ན་རེ། བསྐྱེད་རིམ་ལ་རླུང་དབུ་མར་བཙུད་པའི་དགའ་བཞི་ཡོད་པར་ཐལ། བསྐྱེད་རིམ་ཕྲ་མོའི་ཐིག་ལེའི་སྐབས་སུ་དེའི་ཕྱིར་ན་མ་ཁྱབ་སྟེ། བསྐྱེད་རིམ་སྐབས་སུ་ཡོད་ན་བསྐྱེད་རིམ་ཡིན་མི་དགོས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ།  རླུང་དབུ་མར་བཙུད་པའི་སྟོང་པ་བཞི་བསྐྱེད་རིམ་ལ་མེད་པའི་ཕྱིར།  གོང་གི་མ་ཁྱབ་མཚམས་ལ། འོ་ན་དེ་རྫོགས་རིམ་དུ་ཐལ་ལོ། །ཞེ་ན་ཡང་མ་ཁྱབ་སྟེ། རྫོགས་རིམ་དང་ཆ་འདྲ་བ་ཡིན་ན་རྫོགས་རིམ་ཡིན་མི་དགོས་པའི་ཕྱིར།  ཡང་ཁ་ཅིག་ན་རེ། སེམས་ཙམ་པ་སོགས་ཀྱི་རྒྱུད་ལ་རྫོགས་རིམ་ཡོད་པར་ཐལ། བསྐྱེད་རིམ་གྱི་དམིགས་པ་མཐར་ཕྱིན་པ་ཡོད་པའི་ཕྱིར། དེར་ཐལ། བསྐྱེད་རིམ་ཕྲ་རགས་ཀྱི་ལྷའི་འཁོར་ལོ་མངོན་སུམ་དུ་སྣང་བའི་ཏིང་ངེ་འཛིན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་སྣང་ཕྱོགས་ཀྱི་བསྐྱེད་རིམ་གྱི་རྒྱུ་ཚང་ཡང་སྟོང་ཕྱོགས་ཀྱི་བསྐྱེད་རིམ་གྱི་རྒྱུ་མ་ཚང་བའི་ཕྱིར། ཁྱབ་སྟེ། རང་རྒྱུ་མ་ཚང་བ་ལས་འབྲས་བུ་མི་འབྱུང་བ་ཡིན་པའི་ཕྱིར། དེ་བཞིན་དུ་རླུང་དང་གཏུམ་མོའི་རྣལ་འབྱོར་ཕྱོགས་རེ་བས་ཀྱང་ལམ་གོང་མར་བགྲོད་མི་ནུས་པར་ཐལ། སྤྱིར་རྫོགས་རིམ་ལ་ལས་དང་པོ་པས་བསྒོམ་ནུས་པ་དང་མི་ནུས་པ་གཉིས་ལས་རླུང་དང་གཏུམ་མོ་སོགས་འགའ་ཞིག་སྐྱེ་ཡང་དེ་ལ་དྲིལ་ནས་དུས་འདའ་བ་དེང་དུས་མང་ངོ་། །གཞན་ཡང་རླུང་དང་གཏུམ་མོའི་ཉམས་ལེན་ལ་འབད་དེ་ཟླ་ཞག་གི་དུས་གྲངས་བརྩི་བ་ལས་དོན་གང་བསྒྲུབ་བྱར་བཟུང་སྟེ་བརྩོན་པ་ཡིན་ཆ་མེད་པའི་སྒྲུབ་པ་པོ་ཡང་སྣང་བས་དོན་ལ་རྟོགས་ནས་བརྩོན་པར་བྱ་དགོས་སོ། །ཇི་ལྟར་བཤད་པ་རྣམས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སློབ་པའི་རྣལ་འབྱོར་ཡིན་ན། རྫོགས་རིམ་ཡིན་མི་དགོས་པ་གྲུབ་ལ་དེ་གྲུབ་ཀྱང་དེ་ལ་བསྐྱེད་རིམ་གྱིས་ཁྱབ་པ་གྲུབ་མི་དགོས་སོ། །”ཞེས་དང་། «སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»ལས། “ཁོ་ན་རེ། བསྐྱེད་རིམ་ལ་རླུང་དབུ་མར་བཙུད་པའི་དགའ་བཞི་ཡོད་པར་ཐལ། ཕྲ་ཐིག་གི་སྐབས་སུ་དེའི་ཕྱིར་ན་མ་ཁྱབ་སྟེ། བསྐྱེད་རིམ་གྱི་སྐབས་སུ་ཡོད་ན་བསྐྱེད་རིམ་ཡིན་མི་དགོས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། རྒྱུད་འགྲེལ་ལས། རླུང་དབུ་མར་བཙུད་པའི་སྟོང་པ་བཞི་བསྐྱེད་རིམ་ལ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ལ། འོ་ན། དེ་རྫོགས་རིམ་དུ་ཐལ་ལོ་ཞེ་ན། ཡང་མ་ཁྱབ་སྟེ། རྫོགས་རིམ་དང་ཆ་འདྲ་བ་ཡིན་ན། རྫོགས་རིམ་ཡིན་མི་དགོས་པའི་ཕྱིར་ཏེ། དེ་ལྟར་སྔགས་རིམ་ལས་གསུངས་པའི་ཕྱིར། ཡང་ཁོ་ན་རེ། སེམས་ཙམ་པའི་རྒྱུད་ལ་རྫོགས་རིམ་ཡོད་པར་ཐལ། བསྐྱེད་རིམ་གྱི་སྨིན་པ་མཐར་ཕྱིན་པ་ཡོད་པའི་ཕྱིར། དེར་ཐལ། བསྐྱེད་རིམ་ཕྲ་རགས་ཀྱི་ལྷའི་འཁོར་ལོ་མངོན་སུམ་དུ་སྣང་བའི་ཏིང་ངེ་འཛིན་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེ་ལ་སྣང་ཕྱོགས་ཀྱི་བསྐྱེད་རིམ་གྱི་རྒྱུ་ཚང་ཡང་སྟོང་ཕྱོགས་ཀྱི་བསྐྱེད་རིམ་གྱི་རྒྱུ་མ་ཚང་བའི་ཕྱིར། ཁྱབ་ཏེ། རྣམ་འགྲེལ་ལས། རྒྱུ་མ་ཚོགས་པའི་འབྲས་བུ་ནི། །རྗེས་སུ་དཔག་པ་གང་ཡིན་པ། །ལྷག་མ་དང་ལྡན་ནུས་མེད་ཕྱིར། །ལུས་ལས་འདོད་ཆགས་རྗེས་དཔོག་བཞིན། །ཞེས་པའི་དོན་དང་ཁྱད་མེད་པའི་ཕྱིར། དེ་བཞིན་དུ་རླུང་དང་གཏུམ་མོའི་རྣལ་འབྱོར་ཕྱོགས་རེ་བས་ཀྱང་ལམ་གོང་མར་བགྲོད་མི་ནུས་པར་ཐལ། སྔགས་རིམ་ལས། སྤྱིར་རྫོགས་རིམ་ལ་ལས་དང་པོ་པས་བསྒོམ་ནུས་པ་དང་མི་ནུས་པ་གཉིས་ལས་རླུང་དང་གཏུམ་མོ་སོགས་འགའ་ཞིག་སྐྱེ་ཡང་དེ་ལ་དྲིལ་ནས་དུས་འདའ་བ་མང་པོ་སྣང་ངོ་། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་ལས་དང་པོ་བ་དེ་བསྐྱེད་རིམ་པ་ལ་བྱེད་པའི་ཕྱིར། དེ་ལྟར་རིགས་པས་ཀྱང་ཤིན་ཏུ་འཐད་དེ། རྣམ་འགྲེལ་ལས། མི་མཐུན་ཕྱོགས་ལས་མ་མཐོང་བ། །ཙམ་གྱིས་འབྲས་སྤྱི་མཐོང་བ་ལས། །གཏན་ཚིགས་ཤེས་པ་ཚད་ལྟར་སྣང་། །ཚིག་ལས་ཆགས་ཅན་ལ་སོགས་བཞིན། །ཞེས་པ་དང་མཚུངས་པའི་ཕྱིར། ལུང་རིགས་དེ་དག་གིས་ནི། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སློབ་པའི་རྣལ་འབྱོར་ཡིན་ན། རྫོགས་རིམ་ཡིན་མི་དགོས་པ་སྒྲུབ་ལ། དེ་གྲུབ་ཀྱང་དེ་ལ་བསྐྱེད་རིམ་གྱིས་ཁྱབ་པ་གྲུབ་མི་དགོས་སོ། །” ཞེས་པ་རྣམས་ལུང་འདྲེན་ཙམ་ལས་གཞན་འདྲ།
   ཡང«བཀའ་འགྲེལ་གསལ་བྱེད»ལས། “དེ་ཡང་རྣམ་ཤེས་ལ་ཐིམ་ཞེས་པ་སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ། ཡང་ན་རླུང་རགས་པ་དེ་སྙིང་ཁའི་རྩ་མདུད་ཀྱི་དབུས་ཀྱི་དྷུ་ཏིའི་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེའི་དུས་ན་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། །རླུང་ཕྲ་བ་གཅིག་པུས་ཤེས་པའི་རྟེན་བྱེད་ཀྱི་རགས་པས་མི་བྱེད་པའི་དུས་ནི། རླུང་སེམས་སྣང་བ་ལ་ཐིམ་ནས་སྟོང་ཆེན་འོད་གསལ་ལ་ཐིམ་པའི་བར་དུ་འོ། །རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་། ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་ཕྱེ་བ་དུས་མཉམ་དུ་འོང་། གཞན་ཡང་རྩ་རླུང་ཐིག་ལེའི་བཤད་པ་མང་དུ་བྱུང་ཡང་མཐར་གཏུགས་པ་ནི་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་སྣ་སྒོར་རྒྱུ་བའི་རླུང་ལོག་ནས། དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་ཕྱེ་ནས་དེ་ཡི་ནང་ནས་རླུང་གསར་པ་ཞིག་སྐྱེས་པ་ཡིན་ཏེ། ལམ་མངོན་སངས་རྒྱས་པའི་རྒྱུད་ལས། དབུ་མའི་རྩ་ཁ་འབྱེད་པའི་ལྡེ་མིག་ཡིན། ཡེ་ཤེས་བདེ་རླུང་སྐྱེད་པའི་གཡོབ་དར་རོ། །ཞེས་དང་། ཐབས་ལམ་འགྲེལ་བ་ལས། དེ་དག་ནི་དམིགས་པས་རླུང་སེམས་དབུ་མ་ལ་འཛུད་པར་བྱའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་རླུང་ཞུགས་པ་ལ་བརྟེན་ནས་དགའ་བཞིའི་རྟོགས་པ་རྣམས་རྒྱུད་ནས་གསུངས་པ་ལྟར་སྐྱེ་བའོ། །གཞན་ཡང་བསྐྱེད་རིམ་གྱི་ཕྲ་མོའི་ཐིག་ལེ་ལ་བརྟེན་པ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱུང་བའི་ཕྱིར། དེར་ཐལ། དེ་བརྟེན་པའི་མཚན་མ་ལ་སྨིག་རྒྱུ་སོགས་རྟགས་ལྔ་འཆར་བར་གསུངས་པ་ཡོད་པའི་ཕྱིར། རྟགས་ལྔ་ནི། ཐབས་འགྲེལ་ལས། དང་པོ་སྨིག་རྒྱུ་ལྟ་བུ་འབྱུང་སྟེ་ས་ཡི་རླུང་ཟིན་པའོ། །དེ་ནས་དུ་བ་ལྟ་བུ་འབྱུང་སྟེ་ཆུ་ཡི་རླུང་ཟིན་པའོ། །དེ་ནས་སྲིན་བུ་མེ་ཁྱེར་ལྟ་བུར་འབྱུང་སྟེ་མེའི་རླུང་ཟིན་པའོ། །དེ་ནས་མར་མེ་ལྟ་བུ་འབྱུང་སྟེ་རླུང་གི་རླུང་ཟིན་པའོ། །དེ་ནས་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུ་འབྱུང་སྟེ་ནམ་མཁའི་རླུང་ཟིན་པའོ། །དེ་ལྟ་བུའི་རྟགས་ཀྱི་གོ་རིམ་ངེས་མེད་དུ་ཤར་ན་ཅུང་ཕན་ཆུང་བས། དེ་མི་འཁྲུལ་བར་བྱ་བ་ནི་རྟགས་ལྔ་དང་སྟོང་པ་བཞི་འཆར་བའི་གོ་རིམ་ལ་མཁས་པར་བྱས་ནས། སྣང་བ་ཤར་བ་འདི་སྣང་བ་ཡིན། འདིའི་སྔོན་དུ་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་རྣམས་སོང་བ་ཡིན། སྣང་བ་འདི་འགགས་པའི་རྗེས་སུ་སྣང་བ་མཆེད་པར་འཆར་བ་ཡིན་སྙམ་དུ་ཡིད་ལ་ངེས་པར་བྱའོ། །དེ་ལྟར་གཞན་ལ་ངེས་པར་བྱ། །འདི་འདྲའི་སྣང་བ་འགགས་པའི་རྗེས་སུ་སྣང་བ་མཆེད་པ་འཆར་བ་ཡིན་སྙམ་དུ་ཡིད་ལ་ངེས་པར་བྱའོ། །དེས་གཞན་གསུམ་ལའང་འགྲེས་ཤེས་དགོས། གཞན་ཡང་། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ཙམ་ལས་བྱུང་བའི་དགའ་བཞི་དེ་ལ་ཅི་ཡང་མི་རྟོག་པའི་སྒོ་ནས་སྒོམ་པ་ཡོད་པ་གང་ཞིག དེ་རྫོགས་རིམ་མ་ཡིན་པའི་ཕྱིར།” ཞེས་དང་། «སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»ལས།  “ཡིག་ཆུང་ལས། རླུང་རྣམ་ཤེས་ལ་ཐིམ་ཞེས་པ་སྣ་སྒོར་རྒྱུ་བའི་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་པའམ་ཡང་ན་རླུང་རགས་པ་དེ་སྙིང་གའི་རྩ་མདུད་ཀྱི་དབུས་ཀྱི་དྷུ་ཏཱི་ནང་གི་ལྷན་སྐྱེས་ཀྱི་རླུང་ཕྲ་བ་ལ་ཐིམ་པའོ། །དེའི་དུས་ན་རླུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀྱང་ལྷན་སྐྱེས་ཀྱི་རླུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ནོ། །རླུང་ཕྲ་བ་གཅིག་པུས་ཤེས་པའི་རྟེན་བྱེད་ཀྱི་རགས་པས་མི་བྱེད་པའི་དུས་ནི་རླུང་སེམས་སྣང་བ་ལ་ཐིམ་ནས་སྟོང་ཆེན་འོད་གསལ་ལ་ཐིམ་པའི་བར་དུ་འོ། །ཞེས་གསུངས་པའི་ཕྱིར། གཉིས་པ་དེར་ཐལ། དེ་ཉིད་ལས། རླུང་སྣ་སྒོར་རྒྱུ་བ་ལོག་པ་དང་། ལྟེ་བའི་འོག་གི་རྩ་དབུ་མའི་སྦུབས་ཁ་ཕྱེ་བ་དུས་མཉམ་དུ་འོང་ཞིང་། ཞེས་དང་། དེ་ལྟར་རྩ་དང་རླུང་དང་ཐིག་ལེའི་བཤད་པ་མང་དུ་བྱས་ཀྱང་མཐར་གཏུགས་པ་ནི་ཏིང་ངེ་འཛིན་གྱི་མཐུས་སྟེང་གི་སྣ་སྒོར་རྒྱུ་བའི་རླུང་ལོག་ནས་དེ་མ་ཐག་ཏུ་ལྟེ་བའི་འོག་གི་རྩ་དབུ་མའི་ཁ་ཕྱེ་ནས་དེའི་ནང་ནས་རླུང་གསར་པ་སྐྱེས་ཏེ་ཞེས་པ་ནས། དགའ་བཞིའི་རྟོགས་པ་རྒྱུད་རྣམས་ནས་བཤད་པ་བཞིན་སྐྱེ་བ་ཡིན་པས། ཞེས་གསུངས་པའི་ཕྱིར། གཞན་ཡང་བསྐྱེད་རིམ་གྱི་ཕྲ་ཐིག་བརྟན་པ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱུང་བའི་ཕྱིར། དེར་ཐལ། དེ་བརྟེན་པའི་མཚན་མ་ལ་སྨིག་རྒྱུ་སོགས་རྟགས་ལྔ་བཤད་པའི་ཕྱིར་ཏེ། སྔགས་རིམ་ལས། མཚན་མ་ནི་ཤཱནྟི་པ་དང་སྨན་ཞབས་དང་དཔལ་འབྲས་རྡོ་རྗེ་དང་ཐ་ག་ན་ལ་སོགས་པས་སྨིག་རྒྱུ་དང་དུ་བ་ལ་སོགས་པའི་རྟགས་མཐོང་བ་ལ་བཤད་ལ། ཞེས་དང་། ཡིག་ཆུང་ལས། ཕྲ་ཐིག་དང་རྡོར་བཟླས་ཀྱིས་རླུང་དུས་ཀྱང་སྟོང་པ་བཞི་གོ་རིམ་ངེས་མེད་དུ་འཆར་ན་ཅུང་ཕན་ཆུང་བས་དེ་མི་འཁྲུལ་བར་བྱ་བ་ནི། རྟགས་བཞི་དང་སྟོང་པ་བཞི་འཆར་བའི་གོ་རིམ་ལ་མཁས་པར་བྱས་ནས། སྣང་བ་ཤར་བ་འདི་སྣང་བ་ཡིན། འདིའི་སྔོན་དུ་ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་རྣམས་སོང་བ་ཡིན། སྣང་བ་འདི་འགགས་པའི་རྗེས་སུ་སྣང་བ་མཆེད་པ་འཆར་བ་ཡིན་སྙམ་དུ་ཡིད་ལ་ངེས་པར་བྱའོ། །དེས་གཞན་གསུམ་ལའང་རིགས་འགྲེའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་ཕྲ་ཐིག་དེ་རྡོར་བཟླས་ཀྱི་ཕྲ་ཐིག་མ་ཡིན་ཏེ། དེ་རྡོར་བཟླས་ཀྱི་ནང་དུ་འདུས་དགོས་པའི་ཕྱིར། གཞན་ཡང་། རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་དགའ་བཞི་དེ་ལ་ཅི་ཡང་མི་རྟོག་པའི་སྒོ་ནས་སྒོམ་པ་ཡོད་པ་གང་ཞིག དེ་རྫོགས་རིམ་མ་ཡིན་པའི་ཕྱིར།” ཞེས་པ་རྣམས་ཕྱོགས་འདྲ།
    ཡང་དངོས་བསྐྱེད་པའི་རྫོགས་རིམ་བསྟན་སྐབས་སུ«བཀའ་འགྲེལ་གསལ་བྱེད»ལས།  “འོ་ན་ཁྱོད་རང་གི་རྫོགས་རིམ་གྱི་དོན་ཇི་ལྟར་འདོད་ཅེ་ན། རང་རྒྱུ་བསྐྱེད་རིམ་སྨིན་ཚོད་ཀྱི་ལམ་རྫོགས་རྗེས་སུ་བྱུང་བའི་མ་བཅོས་ཐབས་ཀྱིས་བསྒྲུབས་པའི་ཡི་དམ་རྫོགས་བྱེད་ཀྱི་རིམ་པ་དེའི་དོན་ཡིན་པའི་ཕྱིར། ཟུར་སྔ་མས་སྲིད་པ་ཐ་མའི་རྫོགས་རིམ་བསྡུས་ལ། ཕྱི་མས་དབེན་གསུམ་སོགས་ཀྱི་ལམ་རྣམས་བསྡུའོ། །བསྐྱེད་རིམ་པའི་སྐུ་རྫོགས་པའི་ཐབས་ཀྱང་བློས་བཅོས་པ་ཡིན་ལ། ཐབས་དེ་ལས་བྱུང་བའི་ལྷ་སྐུ་ཡང་བཅོས་མའོ། །རྫོགས་རིམ་པའི་ལྷ་སྐུ་རྫོགས་པའི་ཐབས་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་ཡང་བློས་མ་བཅོས་པ་ཡིན་ལ། ཐབས་དེ་སྟོང་པ་ཉིད་མངོན་དུ་བྱས་པ་དང་དེ་ཡི་མཐར་ལྷ་ཡི་སྐུ་ལ་ངེས་པ་ཡང་བློས་མ་བརྟགས་པའོ། །”ཞེས་དང་།   «སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»ལས།   “རང་ལུགས་ལ་རྫོགས་རིམ་གྱི་མཚན་ཉིད་དང་དབྱེ་བ་གཉིས་ལས། དང་པོ་ནི། རང་རྒྱུ་བསྐྱེད་རིམ་སྨིན་ཚོད་ཀྱི་ལམ་རྫོགས་རྗེས་སུ་བྱུང་བའི་མ་བཅོས་པའི་ཐབས་ཀྱིས་སྒྲུབ་པའི་རྡོར་སེམས་རྫོགས་བྱེད་ཀྱི་རིམ་པ་དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དང་པོས་སྲིད་པ་ཐ་མ་པའི་རྫོགས་རིམ་བསྡུས་ལ། གཉིས་པས་དབེན་གསུམ་སོགས་ཀྱི་ལམ་རྣམས་བསྡུའོ། །དེ་ལྟར་སྔགས་རིམ་ལས། བསྐྱེད་རིམ་གྱིས་སྨིན་པར་བྱས་པའི་རྒྱུད་ལ་རྫོགས་རིམ་སྐྱེ་ཡི། དེས་མ་སྨིན་ན་རྫོགས་རིམ་གྱི་ཆ་ཤས་འགའ་ཞིག་སྐྱེ་ཡང་ལམ་བགྲོད་ནུས་པའི་རྫོགས་རིམ་མི་སྐྱེ་བས། ཞེས་དང་། དེས་ན་བསྐྱེད་རིམ་པའི་སྐུ་རྫོགས་པའི་ཐབས་ཀྱང་བློས་བཅོས་པ་ཡིན་ལ་ཐབས་དེ་ལས་བྱུང་བའི་ལྷ་སྐུ་ཡང་བཅོས་མའོ། །རྫོགས་རིམ་པའི་ལྷ་སྐུ་རྫོགས་པའི་ཐབས་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་ཡང་བློས་བཅོས་པ་ཡིན་ལ། ཐབས་དེས་སྟོང་པ་ཉིད་མངོན་དུ་བྱས་པ་དང་དེའི་མཐར་ལྷའི་སྐུ་ལངས་པ་ཡང་བློས་མ་བརྟགས་པའོ། །”ཞེས་གོང་མ་དང་ཕལ་ཆེར་འདྲ།
གསུམ།  ཡིག་ནོར་འགའ་ཞིག་ལ་དཔྱད་པ་དང་བཅས་སྐབས་ཀྱི་དོན་བསྡུ་བ།
   དེ་ལྟར་ཡིག་ཆ་གཉིས་པོར་འདྲ་འབྲེལ་གྱི་རིགས་གཙོ་ཆེར་འགའ་ཞིག་དྲངས་པ་ཡིན་ལ།  གཞན་ཕྲན་ཚེགས་སྐོར་ད་དུང་ཡོད་སྲིད་པ་དང་།   འདིར་དྲངས་པ་དེ་ཚོ་ལའང་གཞི་རྩའི་ཁྱད་པར་རམ་ཡང་ན་ཡིག་བཤུ་བས་ནོར་བ་གང་ཡིན་ཆ་མ་འཚལ་རུང་ཚིག་དོན་འགའ་ཤས་དོགས་གཞི་ཅན་དུ་སྣང་བ།  དཔེར་ན།   «བཀའ་འགྲེལ»ལས། “རྫོགས་རིམ་པའི་ལྷ་སྐུ་རྫོགས་པའི་ཐབས་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་ཡང་བློས་མ་བཅོས་པ་ཡིན་ལ། ཐབས་དེ་སྟོང་པ་ཉིད་མངོན་དུ་བྱས་པ་དང་དེ་ཡི་མཐར་ལྷ་ཡི་སྐུ་ལ་ངེས་པ་ཡང་བློས་མ་བརྟགས་པའོ། །” ཞེས་པའི“བློས་མ་བཅོས་པ”ཞེས་པ་དང་། “ལྷ་ཡི་སྐུ་ལ་ངེས་པ”ཞེས་པའི་ཐད།  «ཐལ་འཕྲེང»ལས། “རྫོགས་རིམ་པའི་ལྷ་སྐུ་རྫོགས་པའི་ཐབས་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་སོགས་པ་ཡང་བློས་བཅོས་པ་ཡིན་ལ། ཐབས་དེས་སྟོང་པ་ཉིད་མངོན་དུ་བྱས་པ་དང་དེའི་མཐར་ལྷའི་སྐུ་ལངས་པ་ཡང་བློས་མ་བརྟགས་པའོ། །”  ཞེས“བློས་བཅོས་པ”ཞེས་པ་དང་། “ལྷའི་སྐུ་ལངས་པ”ཞེས་བྱུང་བ་ལས།  དང་པོ་ནི«བཀའ་འགྲེལ»ལྟར་དང་། ཕྱི་མ་ནི«ཐལ་འཕྲེང»ལྟར་ངེས་སམ་སྙམ་པ་དང་།   ཡང«བཀའ་འགྲེལ»ལས།    “དེའི་རིམ་པ་བཅོས་མ་བཅོས་ཀྱི་བཅོས་པའི་ཕྱོགས་དང་བཅོས་པའི་ཆ་ཞེས་ཟླས་དབྱེ་བའི་སྒོ་ནས་བཞག་པ་གང་ཞིག”          ཅེས་པའི“བཅོས་པའི་ཆ་ཞེས་ཟླས་དབྱེ་བའི་སྒོ་ནས་བཞག་པ”ཞེས་པའི་ཐད།  «ཐལ་འཕྲེང»ལས།  “དེའི་རིམ་པ་བཅོས་མ་བཅོས་ཀྱི་བཅོས་པའི་ཕྱོགས་དང་བཅོས་པའི་ཆ་ཞེས་བཟླས། དབྱེ་བའི་སྒོ་ནས་བཞག་པ་གང་ཞིག” ཅེས་པའི“བཅོས་པའི་ཆ་ཞེས་བཟླས། དབྱེ་བའི་སྒོ་ནས་བཞག་པ་གང་ཞིག” ཅེས་བྱུང་བ་ནི་དོན་དུ«བཀའ་འགྲེལ»ལྟར་བྱས་ན་འཐད་དམ་སྙམ་པ་བྱུང་ཞིང་།  ད་དུང་བྱ་ཚིག་གི་དུས་གསུམ་དང་།  ཤད་ཀྱི་གཅོད་མཚམས་མི་འདྲ་བ་སོགས་དཔྱད་བྱ་འགའ་བདོག་མོད་འདིར་གླེང་བར་མ་བྱས་ཤིང་།  ཞིབ་པར་འཇུག་འདོད་ཅན་འདྲ་ཡོད་ན་དེ་བཞིན་མཁྱེན་པར་མཛོད་ཅིག   ཅེས་བསྐུལ་མ་དང་བཅས་རྩོམ་ཐུང་འདི་ཉིད་རེ་ཞིག་གྲུབ་པར་བྱས་སོ། །
དཔྱད་གཞིའི་ཡིག་ཆ།
(1) སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
(2)  ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨
(3) འབྲས་ཚུལ་ཁང་བླ་མ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ། «བླ་མེད་ལུགས་ཀྱི་བསྐྱེད་རིམ་སོགས་རིམ་ལྔ་འབྲས་བུ་དང་བཅས་པའི་མཚན་ཉིད» འབྲས་ཚུལ་ཁང་བླ་མ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོའི་གསུང་འབུམ།  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༩
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
 ཤོག་ངོས།  ༨༨  པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ ཤོག་ངོས། ༡༩༦ པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
ཤོག་ངོས།  ༡༢༢ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ཤོག་ངོས། ༡༥༧པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
ཤོག་ངོས།  ༡༦༥ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ཤོག་ངོས། ༡༦༢པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
 ཤོག་ངོས།  ༡༦༧ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ཤོག་ངོས། ༡༦༥ པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
  ཤོག་ངོས།  ༡༦༧ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ཤོག་ངོས། ༡༦༥ པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
 ཤོག་ངོས།  ༡༦༩ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ ཤོག་ངོས། ༡༦༧པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
 ཤོག་ངོས།  ༡༧༠ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ཤོག་ངོས། ༡༦༩ པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
  ཤོག་ངོས།  ༡༦༧ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ཤོག་ངོས། ༡༦༦ པར་གསལ།
སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག «གསང་བ་སྔགས་ཀྱི་མཆན་བཀའ་འགྲེལ་གསལ་བྱེད»  སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ།  པོད་བཅུ་པ། ཁྲི་བརྟན་ནོར་བུ་རྩེ།  ༢༠༠༥
 ཤོག་ངོས།  ༡༧༡ པར་གསལ།
ལྡན་ཟིལ་དཀར་དགེ་བཤེས་བློ་གླིང་ལྷ་རམས་པ་བློ་བཟང་ཆོས་དབྱིངས། «བློ་གླིང་མཁས་གྲུབ་ལྡན་མ་བློ་བཟང་ཆོས་དབྱིངས་ཀྱིས་མཛད་པའི་སྔགས་ཀྱི་ཐལ་འཕྲེང་བླ་མའི་གསུང་ལ་འཇུག་པ»  གསང་སྔགས་རྡོ་རྗེ་ཐེག་པའི་ས་ལམ་སོགས་ཀྱི་སྐོར་ཟུང་འཇུག་སྒྲུབ་པའི་ཐེམ་སྐས། དེབ་དང་པོ།  དགེ་ལྡན་སྙན་བརྒྱུད་གློག་རྡུལ་རྩིས་འཁོར་ཁང་། ༢༠༡༨ ཤོག་ངོས། ༡༧༠ པར་གསལ།
 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།