སྤུ་རྒྱལ་བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྐོར་དཔྱད་པ།

[ཟླ་ཚེས། 2021-03-02 14:16:16][རྩོམ་པ་པོ། དགེ་བཤེས་རྔུལ་རྫའི་བྲག][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [ནང་དོན་གནད་བསྡུས།] བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་འཁྲུངས་ཡུལ་ལ་དཔྱད་སྟངས་མི་འདྲ་བ་སྣ་ཚོགས་ཡོད་ཅིང་འདིར་འཁྲུངས་ས་གཙོ་བོ་ཉང་དག་ཀོང་གསུམ་གྱི་ནང་ཚན་ཉང་པོའི་ཡུལ་ཡིན་པ་དང་། ཁོང་གི་མི་ཚེ་ཧྲིལ་པོར་ཆོས་སྲིད་ཀྱི་བྱ་བ་མཛད་སའང་ས་ཆ་དེར་ངོས་འཛིན་བྱས་ཡོད་ལ། རྗེས་སུ་ལོ་ངམ་རྟ་རྫི་དང་འཁྲུགས་པ་ཤོར་ནས་ཚེ་ཡི་འཕེན་པ་རྫོགས་ས་ཡང་ཉང་ཆུའི་སྨད་ད་ལྟའི་བརྒྱད་གཅིག་གྲོང་ཁྱེར་ཉིང་ཁྲི་རྫོང་གི་ས་ཁུལ་ཀོ་རོ་ཟམ་ཁ་ཞེས་པར་ངོས་འཛིན་བྱས་ཡོད།

  [བརྡ་ཆད་གཙོ་བོ།] ཉང་ཡུལ། གྲི་གུམ་བཙན་པོ། ཉང་རོ་ཐལ་བ་ཚལ། མདོ་ལེ་ཇོས།

དང་པོ་སྔོན་དུ་གླེང་བའི་བསམ་ཚུལ།

  ད་ལྟ་བདུན་གསུམ་དུས་རབས་ཀྱི་སྤྱི་ཚོགས་ནི་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་ཀྱི་དཔེ་ལྟར་ཚང་མས་གཅིག་རྗེས་གཉིས་མཐུད་ངང་། ལོ་རྒྱུས་དང་རིག་གནས་ལ་ཁ་ཕྱོགས་དང་ཕྱོགས་བཞིན་མཆིས་མོད། དེ་དག་ཐམས་ཅད་དགོས་ངེས་དང་གལ་ཆེན་རང་བཞིན་ཞིག་ཡིན་པས་གཙིགས་སུ་མཐོང་ངོ་།། ཡིན་ན་ཡང་ལོ་རྒྱུས་སྨྲ་བ་པོ་རྣམས་ཀྱིས་འདས་ཟིན་པའི་ལོ་རྒྱུས་ལ་དཔྱད་དོན་འཚོལ་བ་དང་ད་ལྟའི་ལོ་རྒྱུས་ལ་གསར་གཏོད་བྱེད་དགོས་པ་གང་ཐད། དང་ཐོག་རྨང་གཞི་དྲང་པོ་དྲང་གཞག་གིས་ཀུན་སློང་རེ་དགོས་པ་ནི་མི་རབས་རྗེས་མའི་དཔྱད་རྩ་བོར་དང་མ་བོར་བའི་གནད་དོན་གྱི་འགན་འཁྲི་ཞིག་རེད་ལ་སོ་སོའི་དུས་ཚོད་དང་སྣག་ཤོག་ཁྲོག་རླགས་མི་ཤོར་བ་བྱེད་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཞིག་རེད། ཁྱད་ཆོས་ཕུན་སུམ་ཚོགས་པའི་བོད་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་འདི་སྲ་བརྟན་ཡོང་བ་ཞིག་དང་། སླད་ཕྱིན་རིས་སུ་མ་ཆད་པའི་ལོ་རྒྱུས་དང་རིག་གནས་ལ་དཔྱད་པའི་བརྩམས་ཆོས་གང་དག་གང་ལ་གང་འཚམས་ཀྱི་རིན་ཐང་ཡོད་པ་ཞིག་བརྩོན་ལེན་དགོས་པ་དེའོ།། དེ་མིན་གྲུབ་མཐའི་ཆགས་སྡང་དང་མི་རིགས་འགལ་ཟླ་ཕྱོགས་ཞེན་ཕྱོགས་ལྷུང་གི་ལྟ་བ་མཁྲེགས་པོ་རེ་རྒྱབ་ཏུ་ཁུར་ནས་ལོ་རྒྱུས་འབྲི་འདོད་དང་ཁ་ནས་བཤད་འདོད་གང་བགྱིས་རུང་བསྲེ་ལྷད་ཅན་གྱི་ལོ་རྒྱུས་དང་རིག་གཞུང་སྨྲ་བ་དེ་རིགས་ཕན་པ་ལས་གནོད་པ་དགུ་འགྱུར་ཆེ་བས་མིག་མཐོང་ལག་ཟིན་གྱི་གནས་སུ་གྱུར་པ་མ་ཟད། ཕུགས་ཐག་མ་ཆོད་པའི་རྫུན་བཟོ་རྫུན་ཕུབ་བྱས་པའི་བཤད་ཡམས་རིགས་ཀྱི་དེ་དག་ལོ་རྒྱུས་དང་རིག་གཞུང་གི་མགོ་བོ་གཡང་ལ་བསྒྱུར་བྱེད་ཙམ་ལས་མ་འདས་སོ།། དེར་རྟེན་ཕྱོགས་ལྷུང་གི་རྣ་ཅོ་རྒྱང་དུ་གཡུག་ནས་དྲང་བདེན་གྱི་མིག་ལམ་མདུན་དུ་སྲིང་སྟེ་རིག་གཞུང་དང་ལོ་རྒྱུས་སྨྲ་དགོས་པ་ནི་རྩོམ་པ་པོ་ཞིག་གི་ངོས་ནས་མེད་དུ་མི་རུང་བ་ཞིག་རེད། དེ་ཡང་ད་ལན་འདིར་བོད་རྒྱལ་གྲི་གུམ་བཙན་པོའི་སྐོར་ཕྲན་ཙམ་གླེང་བར་འདོད་པ་ནི།

གཉིས་པ། གཞུང་ལ་ས་བཅད་རྣམ་པ་དྲུག་གི་སྒོ་ནས་བསྟན་པ།
དང་པོ། གྲི་གུམ་བཙན་པོའི་བརྒྱུད་པའི་ཁུངས་འཚོལ་བ།

  སྤྱི་ལོའི་སྔོན་དུས་རབས་བཅུ་གཉིས་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཞེས་མི་རྗེ་ལྷ་ཡུལ་ནས་ཕེབས་ཏེ་བརྒྱ་པའི་མགོན་པོ་དེ་ཉིད་ཀྱི་ཐུགས་ཀྱིས་སྤྲུལ་པ་གནས་མཆོག་ཀོང་པོ་བོན་རིའི་ལྷ་རི་གྱང་མཐོའི་རྩེ་མོར་བབས་ནས་མི་ཡི་རྗེ་བོར་མཛད། དེ་ནས་རྒྱལ་སྲིད་བོན་གྱིས་བསྐྱངས་ནས། རྒྱུ་ཡི་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་བོན་དར་ཏེ། སྔར་ཡོད་རྒྱུ་བོན་ཟང་མ་ཡི་ཐོག་ཏུ་འབྲས་བུ་གསང་སྔགས་བོན་གྱི་བསྟན་པའི་མེ་རོ་སྤར་བ་སོགས་མདོར་ན་ཁུངས་བཙུན་པའི་ལོ་རྒྱུས་གྲངས་ལས་འདས་པ་ཡོད་ཀྱང་འདིར་ཡིག་ཚོགས་ཀྱི་འཇིགས་པར་མ་བཀོད་དོ། །《བསྒྲགས་པ་གླིང་གྲགས》ལས། “གཉའ་ཁྲི་དང་ལྷ་སྨན་དཀར་མོ་ནམ་མཁའི་ཁམས་སུ་འཚོས་པ་ལས། སྲས་མུ་ཁྲི་བཙད་པོ་འཁྲུངས། དེས་ཀྱང་ཡབ་བཞིན་དམུ་ཐག་དམུ་སྐས་ལས་བབས་ནས་ལྷ་རི་གྱང་ཏོའི་རྩེ་ལ་བྱོན། ཡབ་ཀྱིས་སྤྱི་སྤུངས་གསང་བའི་བོན་བསྟན། དཔོན་གསས་ནམ་མཁའ་སྣང་བ་མདོག་ཅན་ལ་དབང་ཞུས། སྐུ་གཤེན་གཅོའུ་ཕྱག་དཀར་གྱིས་མཛད། ལྷ་རི་གྱང་མ་གྱང་ཏོའི་རྩེ་ལ། གསས་མཁར་ཁོལ་མ་ནེ་ཆུང་བཞེངས།”1ཞེས་གསུངས་སོ། །དེ་ནས་ཕྱི་ནང་གསང་གསུམ་གྱི་བསྟན་པ་ཞང་བོད་ཀྱི་ཁམས་འདིར་དར་རྒྱས་བླ་ན་མེད་པ་ཕྱིན་པའོ། །

  གནམ་གྱི་ཁྲི་བདུན་གྱི་མཚན་གྱི་བཞེད་དོན་བརྡ་ཆད་མི་འདྲ་བར་མང་པོ་སྣང་ཡང་། འདིར་བཙན་པོ་དེ་རྣམས་ཀྱི་མཚན་གྱི་གདག་གཞིར་ཡབ་ཡུམ་གྱི་མཚན་ཟུར་གཡང་ལེན་གྱི་ཚུལ་དུ་བཏགས་ཚུལ་ལྟར་བཀོད་པར། 《དར་རྒྱས་གསལ་སྒྲོན》ལས། “གཉའ་ཁྲི་དང་གནམ་མུག་མུག་གི་སྲས། མུ་ཁྲི་བཙན་པོ། མུ་ཁྲི་དང་ས་སྨན་ཏིང་ཏིང་མའི་སྲས་དིང་ཁྲི་བཙན་པོ། དིང་ཁྲི་དང་སེ་ཟ་སྨན་གྱི་སྲས་སོ་ཁྲི་བཙན་པོ། སོ་ཁྲི་དང་དར་ཟ་ཞང་ཞུང་མའི་སྲས་དར་ཁྲི་བཙན་པོ། དར་ཁྲི་དང་དྭགས་ཀྱི་ལྷ་མོ་དཀར་མོའི་སྲས་དྭགས་ཁྲི་བཙན་པོ། དྭགས་ཁྲི་དང་སྲིབ་ཀྱི་ལྷ་མོ་དཀར་མོའི་སྲས་སྲིབ་ཁྲི་བཙན་པོ། དེ་རྣམས་ལ་རྒྱལ་པོ་གནམ་གྱི་ཁྲི་བདུན་ཞེས་བྱ་སྟེ། འདས་ཁར་དམུ་ཐག་དང་དམུ་སྐས་ལ་གཤེགས་པས། རྒྱལ་པོ་དགུང་དུ་གཤེགས་ཟེར་བ་ཡང་དེའོ། །ཞེས་པ་རྣམ་འབྱེད་འཕྲུལ་གྱི་ལྡེ་མིག་ལས་བཤད་དོ། །དེ་དག་ཐམས་ཅད་སྤྱི་བོར་གནམ་གྱི་དམུ་ཐག་གསལ་བ་དང་མཐར་སྐུ་འོད་ཀྱི་དམུ་ཐག་གི་བརྒྱུད་ནས་མཁའ་ལ་ཡལ་”2ཞེས་གསུངས་སོ། །《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》ལས། “བཙན་པོ་དེ་བདུན་ལ་གནམ་གྱི་ཁྲི་བདུན་ཟེར་བ་ཡིན་ནོ། །དེ་རྣམས་ཀྱི་དབུ་ལ་ལྷ་ཐག་ཡོད་པ་ཡིན་པས་སྲས་རྒྱལ་སར་ཚུད་པ་དང་ཆིབས་ཁར་བྱོན་ཙ་ན། ཡབ་འོད་ཀྱི་ནམ་མཁའ་ལ་སྐུ་འཇའ་ཚོན་བཞིན་ཡལ་བར་གྱུར།”3ཞེས་གསུངས་པས། བོད་རྒྱལ་གནམ་གྱི་ཁྲི་བདུན་ནི་གནམ་བསྐོས་ལྷ་བབས་ཡིན་པ་དང་མཐར་འོད་ཀྱི་དམུ་ཐག་ལ་གཤེགས་ཚུལ་སོགས་བོན་དང་ཆོས་གཉིས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་དམ་པ་གོང་མ་རྣམས་ཀྱིས་གསུང་སྒྲོས་གཅིག་ཏུ་མཐུན་པར་སྣང་ངོ་། །སྲིབ་ཁྲི་བཙན་པོ་དང་། སེང་ཁྲི་བཙན་པོ། ཁྲི་ལྡེ་ཡག་པ་བཅས་མིང་གི་རྣམས་གྲངས་སུ་ངེས་སོ། །《བསྒྲགས་པ་གླིང་གྲགས》ལས། “ཁྲི་ལྡེ་ཡག་པ་དང་སྦྲང་ཟ་ལྷ་རྒྱན་གྱི་སྲས་གྲི་གུམ་བཙད་པོ། སྐུ་གཤེན་གཅོའུ་ཚེམས་དཀར་ཡིན།” ཞེས་གསལ་འདུག

གཉིས་པ། འཁྲུངས་ཡུལ་གནས་ལ་དཔྱད་པ།

  《མདོ་གཟེར་མིག》ལས་“མྱང་པོ་ཀོང་པོ་དྭགས་པོ་གསུམ། དྭགས་པོ་སྦལ་ལྕང་སྦྲུལ་ཀྱང་བཟའ། མྱང་པོ་རང་ཤ་རང་གིས་བཟའ། ཀོང་པོ་ལྟས་ངན་དགྲ་ཡི་སྣོད། བོད་ལས་གདུག་པ་ཆེ་བ་ནི། མྱང་དག་ཀོང་དང་གསུམ་པོ་ཡིན།”4ཞེས་དང་། 《མཛོད་ཀྱི་ཀླད་དོན》ལས། “ཡུལ་ཉང་རོ་སྟག་ཚལ། མཁར་ཉང་རོ་ཤམ་པོ་ན། བཙན་པོ་ཁྲི་ལྡེ་ཡགས་པ་དང་། བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ་སྲས་ཐེའུ་རང་མང་ཉ་ཨུ་བེར་གྱི་སྤྲུལ་པ་གྲི་གུམ་བཙད་པོ་འཁྲུངས།”5ཅེས་གསུངས་པར། ལུང་དོན་དེ་ནི་ལོ་རྒྱུས་ཕལ་གྱི་འདོད་པ་གཅིག་མཚུངས་སུ་གནས་འདུག མ་ཚད་པའི་རྒྱལ་གྲི་གུམ་བཙན་པོར་བོན་བསྣུབ་པའི་བཀའ་ཆད་ཀྱིས་སྙིང་ལ་གདོན་ཞུགས་ནས་རྒྱལ་གྱིས་ལོ་ངམ་འཐབ་ཟླ་བཙལ་ནས་འཐབ་པས་ལོ་ངམ་གྱིས་གྲི་གུམ་བཀྲོངས་པར། 《འབེལ་གཏམ་ལུང་སྙིང》ལས། “སྤུར་ས་ལ་ལུས་པ་དེ་ལོ་ངམ་གྱིས་ཟངས་ཁ་སྤྲོད་དུ་བཅུག་སྟེ། འདའ་ལེ་ཟམ་ཁ་ནས་ཉང་ཆུ་ལ་བསྐུར་རོ། །”6ཞེས་དང་། 《དར་རྒྱས་གསལ་སྒྲོན》ལས། “ལོ་ངམ་གྱིས་དེའུ་ཞིག་གི་སྟེང་དུ་ཁ་ལྟག་པར་བསྟན་ནས་བསད་པས། ད་ལྟ་ཡང་ཉང་རོ་ལྟག་ཞལ་བྱ་བ་ཡོད་དོ། །དམུ་ཐག་བཟང་ཡག་དང་། དམུ་སྐས་ཐེམ་དགུ་ཆད་པས། སྤུར་ས་ལ་ལུས་པ་དེ། ལོ་ངམ་གྱིས་ཟངས་ཁ་སྤྲོད་དུ་བཅུག་སྟེ། འདའ་ལེ་ཟམ་ཁ་ནས་ཉང་ཆུ་ལ་བསྐྱུར་རོ། །”7ཞེས་དང་། 《གླེང་གཞི་བསྟན་པའི་བྱུང་ཁུངས》ལས། “བོད་འབངས་རྣམས་གྲོས་བྱས་ནས་སྲས་སྤུ་སྡེ་སྤུ་ཡུལ་ན་ཡོད་པ། གདན་དྲངས་ནས་རྒྱལ་སར་བསྟེན། སྤུར་མདོ་ལེ་ཟམ་ཁ་ནས་རྐོང་ཆུ་རླག་བར་དུ། ཡབ་ཀྱི་སྤུར་བཙལ།”8ཞེས་དང་། 《མདའ་དང་འཕང》ལས། “འདིར་བརྗོད་པའི་ས་ཁུལ་གསུམ་ནི་ཉང་པོ་དང་། དྭགས་པོ། ཀོང་པོ་བཅས་གསུམ་ཡིན། མྱང་པོའམ་ཉང་པོ་ཞེས་པའི་ས་ཆའི་ཁྱབ་ཁོངས་ནི་ཀོང་པོ་བ་ལའི་གཤམ་གྱི་ཆུ་འགོ་ནས་ཆུ་བོ་འདི་ཡར་ཀླུང་གཙང་པོའི་ནང་འབབ་པའི་བར་གྱི་ས་ཆ་རྣམས་ཡིན། དེའི་སྐོར་ཞིབ་ཕྲ། 《འཛམ་གླིང་རྒྱས་བཤད》ནང་བཀོད་ཡོད།”ཞེས་དང་། “ཡར་ཀླུང་གཙང་པོ་དེ་དྭགས་པོ་རྒྱུད་ཤར་ཕྱོགས་སུ་རྒྱུགས་པ་ཡིན། ཀོང་པོ་ཞེས་པའི་ཡུལ་ནི་ཉང་ཆུ་དང་ཡར་ཀླུང་གཙང་པོ་གཉིས་འདུས་སོ་ནས་འགོ་ཚུགས་པ་ལྟར་དུ་སྣང་།”9ཞེས་སོགས་ལུང་དང་སྒྲུབ་བྱེད་མང་བར་ཡིག་ཚོགས་ཀྱིས་རྐྱེན་པས་འདིར་མ་བཀོད་དོ། །《ཡང་མདའ་དང་འཕང》ལས། “ཉང་རོ་ཤམ་པོ་ཞེས་པའི་ཡུལ་དེ་གོང་དུ་ཡོད་དམ་ཞེ་ན། ཆོས་འབྱུང་འགའ་ཞིག་ནང་དུ། ཡུལ་དེ་མྱང་དུ་ཡོད་ཅེས་དེང་སྐབས་གཙང་གི་ཁོངས་གཏོགས་རྒྱལ་རྩེ་ཁུལ་དུ་ཡོད་པར་གསལ། འོན་ཀྱང་ཕྱིས་སུ་ཐོན་པའི་ཡིག་ཆའི་ནང་ས་ཁོངས་དབར་ཕན་ཚུན་གོ་འཛོལ་བྱུང་བ་དང་འཁྲུལ་གཞི་སྐྱེ་བའི་གནད་དོན་ཞིག་ཐོན། ཏུན་ཧོང་གི་ལོ་ཚིགས་ནང་དུ། ཀོང་པོ་དང་ཉེ་བའི་ཡུལ་ཉང་པོ་ཞེས་པར་ཉང་ཡུལ་ཞེས་ཀྱང་འཁོད་འདུག མྱང་རོ་ཤམ་པོ་ཞེས་པའི་ཡུལ་དེ་ཕལ་ཆེར་མྱང་ཡུལ་ཏེ་ཉང་པོ་ཞེས་པའི་རྒྱུད་དུ་ཡོད་པ་འདྲ་ལ། ཁོ་བོའི་ལྟ་ཚུལ་ལྟར་ན། མྱང་རོ་ཤམ་པོ་ནི་ཉང་པོའི་ཡུལ་དུ་ཡོད་ལ། གནས་དེ་རང་ལ་གྲི་གུམ་བཙན་པོ་བཀྲོངས་ནས་དེའི་ཕུང་པོ་ཉང་ཆུའི་ནང་དབྱུགས་པ་དང་། ཕྱིས་སུ་ཕུང་པོ་དེ་ཀོང་ཡུལ་བྲེ་སྣའི་ཁྱིམ་མཚེས་གྲོང་སྡེ་མི་ཡུལ་སྐྱི་མཐིང་ནས་རྙེད་ཅེས་པའི་ལྟ་ཚུལ་དེ་ནི་ཅུང་ཟད་ཁུངས་དང་ལྡན་པའི་ལོ་རྒྱུས་ཤིག་ཡིན།”10ཞེས་དང་། མདའ་ཕང་ནང་བོན་རིའི་དཀར་ཆག་ལ་ལུང་དྲངས་པ་ལས། “གྲི་གུམ་བཙན་པོའི་ཕུང་པོ་ནི་གཙང་པོ་དང་ཉང་ཆུ་གཉིས་འདྲེས་པའི་ཁུལ་ནས་རྙེད་ཅིང་དེ་དུར་ལ་འཇུག་པའི་མཛད་སྒོ་ནི་རྐོང་ཡུལ་བྲེ་སྣར་བྱས་སོ་ཞེས་བསྟན་ཡོད།” ཞེས་གསུངས་པ་སོགས་ལ་བརྟེན་ནས། ཁོང་གིས་ཉང་ཡུལ་ཞེས་པའི་ས་ཆ་དེ་ད་ལྟའི་རྒྱ་མདའ་རྫོང་ཁུལ་ནས་ཉིང་ཁྲི་རྫོང་ཁུལ་བར་ཉང་ཆུའི་བརྒྱུད་དུ་ངོས་འཛིན་གསལ་པོ་བྱས་ཡོད་པ་མ་ཟད། ཡུལ་དེ་ག་རང་གྲི་གུམ་འཁྲུངས་ཡོད་པར་ངོས་འཛིན་ཁ་གསལ་བཀོད་འདུག

  མཁས་དང་གྲུབ་པའི་བདག་ཉིད་སྐྱེས་ཆེན་དུ་མས། བོད་རྒྱལ་གྲི་གུམ་བཙན་པོ་འཁྲུངས་ས་ཉང་ཡུལ་ཞེས་པའི་ས་ཆའི་སྐོར་དཔྱད་ཞིབ་གང་མང་བྱས་ཡོད་པར་ཧ་ཀྱང་གཙིགས་སུ་མཐོང་བའི་ལུང་གི་རྒྱབ་ལྗོངས་ལ་བརྟེན་ཏེ། ཉང་ཡུལ་འམ་མྱང་ཡུལ་ཞེས་པའི་ས་ཆའི་སྐོར་རོབ་ཙམ་འཆད་རྒྱུར། ཉང་ཡུལ་ལམ་མྱང་ཡུལ་ཞེས་པ་ས་ཆ་དེའི་མིང་གི་ཐ་སྙད་ཙམ་ནི་མི་ལོ་ཁྲིའི་ཡར་འདབ་ནས་བྱུང་བ་ཞིག་ཡིན་པར། གོང་དུ་བཀའ་དྲི་མ་མེད་པ་མདོ་གཟེར་མིག་ནང་དུ་ལུང་དྲངས་པ་ལྟར། “ཉང་དག་ཀོང་གསུམ་ནི།” སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་དེ་ཉིད་ཀྱི་རྟ་བདུན་བདུད་ཀྱིས་བརྐུས་ཏེ་རྐོང་ཡུལ་དུ་བྲོས་པར། ཡང་དེ་ཉིད་ལས། “རྟ་ལ་ཆགས་པ་མ་ཡིན་ཏེ། བོད་སྲིན་པོའི་རིགས་དབང་དུ་བསྡུ་བའི་ཆེད་དུ་བྱོན།” ཞེས་གསུངས་པ་ལྟར། བརྒྱ་པའི་མགོན་པོ་དེ་ཉིད་ཀྱི་ཞབས་སོར་པད་མོ་གངས་རིའི་ལྗོངས་སུ་འཁོད་ནས་དས་བར་མི་ལོ་ཁྲི་གཅིག་དང་བརྒྱད་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་ལ། ཉང་དག་ཀོང་གསུམ་ནི་སྐབས་དེ་དུས་ནི་བདུད་ཡུལ་ཡིན་པ་དང་། དེ་གསུམ་ཉེ་སྐོར་དང་འབྲེལ་བའི་ས་གནས་ཞིག་ཏུ་ཆགས་ཡོད་པར་ངོས་འཛིན་གསལ་པོ་བྱེད་ཐུབ། མ་ཚད་པའི་རྒྱལ་གཉའ་ཁྲི་བཙན་པོ་གནམ་གྱི་དམུ་ཐག་ནས་ལྷ་རི་གྱང་མཐོའི་རྩེ་མོར་བབས་ནས་མི་ཡི་རྗེ་བོ་ཐོག་མ་ཀོང་ཡུལ་དུ་མཛད་ཚུལ། མཁས་གྲུབ་ལུང་རྟོགས་རྒྱ་མཚོས་མཛད་པའི་《བོན་རིའི་རྟོགས་བརྗོད་ནམ་མཁའི་རྔ་སྒྲ》ལས། “ལྷ་སྲས་གཉའ་ཁྲི་བཙན་པོ་ནམ་མཁའ་ནས་དོག་ལ་ཕེབས་ཏེ། སྔོན་ཚེ་དུས་གསུམ་སྟོན་པས་བདུད་རི་བདེ་མཆོག་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་རྒྱལ་རི་རིན་ཆེན་སྤུངས་པའི་རྩེ་རྒྱལ་ས་བཟུང་ནས་གནམ་གྱི་ཁྲི་བདུན་རིང་ལ་རྒྱལ་གཤེན་བསྟན་པ་མཉམ་དུ་ཆགས།” ཞེས་གསུངས་ཚུལ་ལ་བརྟེན་ནས་གནམ་གྱི་ཁྲི་བདུན་རིང་རྒྱལ་གཤེན་བསྟན་པ་གཙོ་བོ་ཉང་དག་ཀོང་གསུམ་ལ་མ་ཆགས་པའི་ངེས་པ་མེད། སྔོན་ཚེ་དུས་གསུམ་སྟོན་པས་བདུད་རི་བདེ་མཆོག་དཀྱིལ་འཁོར་བྱིན་གྱིས་བརླབས་པའི་རྒྱལ་རི་རིན་ཆེན་སྤུངས་པའི་རྩེ་རྒྱལ་ས་བཟུང་། ཞེས་པའི་ས་ཆ་དེ་ད་ལྟ་ཀོང་པོ་བོན་རིའི་བྱང་འདབས་སུ་གནས་པའི་སྒྱེལ་རི་ཞེས་པ་དེ་ངོས་འཛིན་བྱེད་མཁན་ཡང་ཡོད་པ་རེད་ལ། ལུང་དེ་ལ་གཞིག་ནས་མ་ཡིན་པའི་ངེས་པ་ཞིག་མེད་མོད། བོན་རིའི་རྟོགས་བརྗོད་ཀྱི་དཔེ་ཆ་དེ་ཕྲན་ལ་ལག་འཕྲོད་མ་བྱུང་ཡང་ལུང་གཞན་ནས་དྲངས་པ་ཡིན། ཡིན་ན་ཡང་རྩོམ་པ་པོ་ཁོང་གིས་དེ་ཡི་སྐོར་གནའ་བོའི་ལུང་གི་རྒྱབ་ལྗོངས་ཐད་ཚད་མཐོ་པོར་ཡོད་པར་གོར་མ་ཆག ཁོང་ནི་ལོ་རྒྱུས་དང་རིག་གནས་ལ་ཚད་མཐོ་བའི་བོན་གྱི་མཁས་དབང་གཅིག་ཡིན་པའི་ཕྱིར། གོང་དུ་ཞུས་ཟིན་པའི་ཉང་དག་ཀོང་གསུམ་ནི། དག་པོ་ནི་ད་སྐབས་སྨན་གླིང་རྫོང་གི་ས་ཁུལ་དང་། ཀོང་པོ་ནི་ཉང་ཆུ་དང་གཙང་ཆུ་འདུས་སོའི་གཡས་གཡོན་སོགས་ནས་ཀོང་སྨད་རྒྱ་ལའི་ཁུལ་དང་། ཉང་པོའམ་མྱང་པོ་ཞེས་པ་ལོ་རྒྱུས་ཁག་ནང་མིང་བརྡ་འཆད་ཚུལ་མི་འདྲ་བ་ཡོད་རུང་དེ་ནི་འབྲི་ཚུལ་ཙམ་མ་གཏོགས་གོ་རྒྱུ་གཅིག་ལས་མི་འདུག དེ་ནི་ད་ལྟ་རྒྱ་མདའ་རྫོང་ཁུལ་ནས་ཉང་ཆུ་ཞེས་པའི་ཆུ་ཆེན་གཅིག་རིམ་བཞིན་ལྷུང་དུ་བབས་ནས་བརྒྱད་གཅིག་གྲོང་རྡལ་ནས་རིམ་བཞིན་ཉིང་ཁྲི་རྫོང་རྙིང་པའི་གཤམ་དུ་བརྒྱུད་ནས་ཡར་ལུང་གཙང་པོ་མ་འདྲེས་བར་དུ་ཉང་ཆུ་ཞེས་དང་། ལུང་པ་དེའི་མིང་ལ་ཉང་ཡུལ་ཞེས་སྨྲོས་ཡོད་མོད་དེ་ནི་གནའ་དེང་ལོ་རྒྱུས་ཟུང་གི་ཐ་སྙད་གལ་ཆེན་ཞིག་ཡིན་པར་བཤད་དུ་མི་དགོས་སོ།།

གསུམ་པ། སྐྱེ་བ་མི་རུ་བླངས་ཚུལ།

  《དར་རྒྱས་གསལ་སྒྲོན་ལས་སྒྲ་འགྲེལ་གྱི་ལུང་དྲངས་པ》ལས། “དུས་དེ་ཙམ་ན། ཡུལ་ཉང་རོ་སྟག་ཚལ། མཁར་ཉང་རོ་ཤམ་པོ་ན། བཙད་པོ་ཁྲི་སྡེ་ཡག་པ་དང་། བཙུན་མོ་སྦྲང་ཟ་ལྷ་རྒྱན་གཉིས་ལ། ཐེའུ་རང་མང་སྙ་ཨུ་ཝེར་གྱི་སྤྲུལ་པ་ཞུགས་ཏེ། ཟླ་དགུ་ངོ་བཅུ་ན། ནམ་གྱི་གུང་ལ་སྲས་ཤིག་འཁྲུངས་པ་དེ་ཡང་། ཟླ་བ་ལས་ལོ་གྲངས་སུ་སྐྱེས་ཙམ་ན། སྐྲ་རྩ་དམར་བ། མིག་རྩ་ཟླུམ་པ། ལག་མཐིལ་གཡས་ན་སྨེ་བ་ནག་པོ་ཡོད་པ། ཁ་ནས་བསད་བཅད་དུ་སྨྲ་བ། སྡིག་པ་ལ་མོས་ཤིང་གོ་མཚོན་ལ་དགའ་བ་ཞིག་བྱུང་སྟེ། མའི་རུམ་ནས་གྲི་རྟགས་ཚང་བས། སྐུ་གཤེན་ཕ་བ་མཚེ་གཅོ་ཡིས། མཚན་ཡང་གྲི་རུམ་བཙན་པོར་བཏགས་སོ།། ཞང་ཞུང་ཨ་བོ་ཆབ་དཀར་གྱིས་སྲུང་བའོ།” ཞེས་དང་། “ཡང་རྒྱལ་གྱི་གྲི་འདུར་ཡོག་ཁ་སུམ་བརྒྱ་དྲུག་ཅུའི་གྲི་བཤད་ལས། ཅི་ཕྱིར་གྲི་རུམ་བཙད་པོ་ནི། དང་པོ་བཙས་པ་ནམ་གྱི་གུང་ལ་བཙས། ལུས་ལ་གྲི་རྟགས་བཅུ་གསུམ་ཡོད། དཔྲལ་བར་ཁྲག་གི་སྨེ་བ་ཡོད། འཁོར་དུ་མཚོན་ཆ་སྣ་ཚོགས་ཡོད། སྤྱོད་ནི་དྲག་རྩལ་ལོག་ཆོས་སྤྱོད། ལྷ་རུ་ཚངས་པ་བརྒྱ་བྱིན་བསྟེན། ལུས་ལ་གྲི་རྟགས་ཡོད་པས་ན། དེ་ཡི་ཕྱིར་ན་གྲི་ཞེས་བྱ། ནམ་གྱི་གུང་ལ་བཙས་པས་ན། དེ་ཡི་ཕྱིར་ན་རུམ་ཞེས་བྱ།”11ཞེས་དང་། 《གླིང་གཞི་བསྟན་པའི་འབྱུང་ཁུངས》 ལས། “རྒྱལ་པོ་སེང་ཁྲི་བཙད་པོའི་སྲས་འཁྲུངས་ཚད་ཐམས་ཅད་ཡུལ་དེར་བྲག་དལ་(སྡེས)ཅིག་ལ་བདུད་ཐེལ་མོ་ཅིག་གནས་པ་དེས་བུ་ལོ་རེ་བཞིན་དུ་ཟོས་ནས་སྲི་བྱས་པས། རྒྱལ་པོ་དེས་ཀྱང་སྤེའི་བོན་པོ་ལ་བདུད་ཐེལ་མོ་འདུལ་བར་ཞུས་པས་གསན་ཏེ། བྱམས་མའི་སྒྲུབ་པ་མཛད་ནས་བུམ་ཆུ་དེར་ཁྱེར་ཏེ། བྲག་དལ་དེའི་མགོ་ལ་བླུགས་པས། ཐོག་བབས་པ་བཞིན་རྩེ་ནས་རྨིང་དུ་བསྙིལ་བས། སྤེའི་བོན་པོ་ལ་ཡང་སྤེ་བོན་ཐོག་འཕྲུལ་དུ་གྲགས་སོ། བྲག་ཞིག་པའི་ཞབས་ནས་བདུད་ཐེལ་མོ་ཡང་སྐད་ངན་ཙེ་རེ་རེ་གྲགས་ནས། རྒྱལ་པོའི་སྲས་རྣམས་ཟོས་ནས་ང་ལ་འདི་འདྲ་བྱུང་། ང་རང་གི་བུ་འདི་རྒྱལ་པོའི་བུ་རུ་འབུལ་བས་ཐབས་མེད་ཟེར་བས། དེའི་ཕྱི་ལོའི་དུས་ནས་བདུད་ཐེལ་མོའི་བུ་དེ་རྒྱལ་པོའི་སྲས་སུ་འཁྲུངས་” ཞེས་སོགས་རྟགས་དང་མཚན་མ་ལྡན་ཚུལ་མང་བར་གསུངས་ཀྱང་འདིར་མ་བྲིས་སོ། །གོང་གི་ལུང་ཚིག་དེ་དག་ལ་བརྟེན་ནས། རྒྱལ་གྲི་གུམ་བཙན་པོ་ནི་ལོག་ལྟ་དང་སྨོན་ལམ་མ་རུང་པའི་དབང་གིས་ལུས་ལ་མི་མཐུན་པའི་རྟགས་སྣ་ཚོགས་བྱུང་བ་དང་། ཁ་ནས་བསད་བཅད་ཀྱི་སྒྲ་སྐད་འཐོར་བ་སོགས། མདོར་ན་ཐེལ་རང་གིས་སྤྲུལ་པ་མི་རུ་སྐྱེས་པ་ལུང་དུ་གསལ་ལ། དེའི་རྐྱེན་གྱིས་གཡུང་དྲུང་གི་བོན་རིན་པོ་ཆེ་འདི་ཉིད་ཐེངས་གཅིག་བསྣུབས་པ་ཡིན་པར་སྨྲོས་མེད་དུ་གནས།

བཞི་པ། ཚེ་སྟོད་བོན་ལ་སྤྱོད་ཚུལ།

  《བསྒྲགས་པ་གླིང་བསྒྲགས》 ལས། “དེ་ཡང་གནམ་གྱི་ཁྲི་བདུན་གྱི་རིང་དང་རྒྱལ་གྲི་གུམ་གྱི་ཚེ་སྟོད་ཡན་ཆད་བོན་གྱི་བསྟན་པ་ཤིན་ཏུ་དར་ཏེ། གཡུང་དྲུང་གི་བོན་ནི་ཟབ་ཅིང་རྒྱ་ཆེ། འདྲེན་པའི་དཔོན་གསས་ནི་ཐུགས་རྗེ་ཆེ་ལ་བྱིན་རླབས་ཆེ། རྒྱལ་པོ་རྣམས་ནི་དབང་ཆེ་ལ་བཀའ་བཙན་པས། མངའ་རིས་ནི་རྒྱལ་པོའི་མངའ་རིས། རྒྱལ་ཁམས་ནི་བོན་གྱི་རྒྱལ་ཁམས། དེའི་དུས་ན་མི་རྗེ་ལྷ་ཡིས་མཛད་པས་མགོན་སྐྱོབ་ཆེ། ཚེ་སྲོག་གཤེན་གྱིས་བསྲིངས་པས་སྐུ་ཚེ་རིང་། ལས་སྤྱོད་དགེ་ལ་སྤྱོད་པས་ལམ་རྒྱུད་གཙང་། དམུ་ཐག་གནམ་ནས་འདྲེན་པས་འཛེག་སྐས་བཟང་། གཙང་རིགས་ལྷ་རུ་བསྟེན་པས་སྡོང་གྲོགས་ཆེ། བློན་པོ་གྲོས་ལ་མཁས་པས་རྒྱལ་སྲིད་བརྟན་པར་བཞུགས་སོ། དེའི་དུས་སྟོད་ཞང་ཞུང་ལ་ཁྲི་སྡེ། སྨད་སུམ་པ་ལ་སྟོང་སྡེ། ལྷོ་དོམ་གྲོ་དང་། བྱང་ལི་ཡུལ་རྣམས་རུ་བཞི་བོན་ཀྱི་ས་སྐོར་དུ་བྱས་སོ། དབུས་དང་གཙང་གཉིས་ལ་བོན་གྱི་འདུ་གནས་སུམ་ཅུ་རྩ་བདུན་ཡོད་དེ། དབུས་རུ་ན་བཅུ་གསུམ། གཡས་རུ་ན་བརྒྱད། གཡོན་རུ་ན་བདུན། རུ་ལག་ན་དགུའོ། བོན་མི་ནུབ་པའི་བཀྲ་ཤིས་ཀྱི་ས་རྟགས་སུ་བཞག་གོ། གྲུབ་པ་ཐོབ་པའི་གཤེན་དགུ མཁས་པ་མི་བཞི། མཐུ་བོ་ཆེ་མི་དགུ། བོན་ཆེན་བཞི་བཅུ་རྩ་གཉིས། གཤེན་ཕྲན་གྲངས་མེད་པ་རྣམས་སེམས་ཅན་གྱི་དོན་མཛད་ཅིང་འདུ་གནས་བསྐྱངས།” ཞེས་གསུངས་པར་མང་ངོ་།། དེ་དག་གྲངས་འདྲེན་ཙམ་མ་གཏོགས་ཡིག་ཚོགས་ཀྱིས་དོགས་རྐྱེན་རྒྱས་པར་འདིར་མ་བཀོད་པས་གཞན་དུ་གཟིགས་པར་ཞུ། 《བྱམས་མ》ལས། “དེའི་དུས་བླ་མ་ཆེ་དྲུག་གི་བོན་དར་ཏེ། ཕ་ཆེན་བླ་ན་མེད་པའི་བོན་དང་། མ་ཆེན་བླ་ན་མེད་པའི་བོན་དང་། ཐེག་པ་བླ་ན་མེད་པའི་བོན་དང་། སྤྱོད་པ་བླ་ན་མེད་པའི་བོན་དང་། འབྲས་བུ་བླ་ན་མེད་པའི་བོན་དང་། དོན་དམ་བླ་ན་མེད་པའི་བོན་རྣམས་དར་རོ།། ལྟ་བ་དང་སྒོམ་པ་དང་འགོག་པ་ལ་སྙོམས་པར་ཞུགས་ནས། ལྟ་བའི་འགོག་པ་བ་རྣམས་དེ་དུས་ལ་བྱུང་ངོ་།།” ཞེས་གསུངས་སོ།། མདོར་ན་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱལ་གྲི་གུམ་བཙན་པོའི་ཚེ་སྟོད་ཡན་ཆད་ཞང་བོད་ཀྱི་ཁམས་འདིར། གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་བསྟན་པ་རབ་ཏུ་དར་ནས། འབྱུང་པོ་དང་མ་རུང་བའི་གནོད་པ་ཉུང་བར་མི་ལ་ཚེ་རིང་བ་དང་། དབུལ་འགོང་དང་དྲེགས་ཚོགས་ཀྱི་ཕྲག་དོག་གིས་སྨོད་པ་མེད་པར་ཕྱུགས་ལ་གོད་ཁ་ཆུང་ཞིང་རྟག་ཏུ་བདེ་སྐྱིད་ཀྱིས་ཕྱུག་པའི་དུས་བཟང་ཞིག་ཏུ་སེམས།

ལྔ་པ། གཡུང་དྲུང་བོན་གྱི་བསྟན་པ་བསྣུབས་ཚུལ།

  དང་པོ། སྤྱི་ལོའི་སྔོན་དུས་རབས་བདུན་པའི་ཉག་མ་བརྒྱད་ཅུ་གྱ་གསུམ་མཚམས་སོ། །《ཉི་སྒྲོན》ལས། “ལོ་ཉི་ཤུ་རྩ་བདུན་ཡན་དུ་བོན་ལ་སྤྱད།” ཅེས་གསུངས་པས། གྲི་གུམ་བཙན་པོ་རང་ལོ་ཉེར་བདུན་ཡན་ཆད་བོན་ལ་སྤྱད་པ་དང་། ཉེར་བདུན་ཐོག་ལས་དང་སྨོན་ལམ་གྱི་དབང་གིས་སྲིད་པའི་བོན་ཐེངས་ཅིག་བསྣུབ་པའོ། །《བསྒྲགས་བྱང》 ལས། “དེ་ཡང་རྒྱལ་པོ་དེའི་ཚེ་སྟོད་གསས་མཁར་ས་ལེ་བྱེ་ཚང་བཞེངས། གཡུང་དྲུང་བོན་ཁོ་ནར་སྤྱད། ཚེ་སྨད་ལ་བོན་བསྣུབས་པས། བསྣུབས་མ་ཐག་ཏུ་ཡང་རྒྱལ་པོ་ལོ་སུམ་བཅུ་རྩ་དྲུག་གྲི་ཁར་འདས་སོ།།”12ཞེས་དང་། 《བསྟན་འབྱུང་སྐལ་བཟང་མགྲིན་རྒྱན》ལས། “དང་པོ་དུས་ནི་གསུང་བསྟན་དཀྱིལ་སྨད་དེ། སྐུ་བསྟན་ཁྲི་དང་གསུང་གི་ལོ་ལྔ་སྟོང་། སུམ་བརྒྱ་ཉག་མ་སོ་གཉིས་འདས་མཚམས་སོ། །”13ཞེས་གསུངས་པར། བརྒྱ་པའི་མགོན་པོ་རྒྱལ་བ་གཤེན་རབ་དེ་ཉིད་སྐུ་མི་རྟག་མྱ་ངན་ལ་འདས་རྗེས་སུ་མི་ལོ་༧༡༣༢མཚམས་སོ།། “རྒྱལ་གྲི་གུམ་བཙད་པོའི་ཚེ་སྨད་ལ་བོན་ཐེངས་གཅིག་ནུབ་སྟེ། དེ་ཡང་གཙང་དུ་ནུབ་པ་ཡིན་ལ་དབུས་མན་ཆད་ལ་མ་ནུབ་པའོ།” ཞེས་དང་། 《བསྒྲགས་བྱང》ལས། “རྒྱལ་གྲི་གུམ་གྱིས་བོན་བསྣུབས་པའི་རྒྱུ་མཚན་ནི་སྔོན་དབལ་བོན་སྟག་ལ་མེ་འབར་གྱིས་བདུད་ཡང་རྗེ་ནག་པོ་བསྒྲལ་བའི་དུས་སུ། བདུད་དེ་འཆི་ཁར་དམོད་པ་བོར་ཏེ་བོན་པོ་ཁྱོད་ཀྱིས་ང་བསྒྲལ་བས། ད་ཁྱོད་ཀྱི་བསྟན་པ་དར་བའི་དུས་སུ་བསྟན་པ་དེ་ལ་སྐེ་ཉག་གཅིག་ཐོངས་བར་ཤོག་ཅིག་ཟེར་ནས་ཤི། དེའི་ལས་ཀྱིས་གྲི་གུམ་བཙད་པོར་སྐྱེས་ནས་བོན་བསྣུབ་པའོ།།”14ཞེས་དང་། 《སྒྲགས་བྱང》ལས། “དུས་རེས་ཤིག་རྒྱལ་པོའི་ཐུགས་སུ་གདོན་ཞུགས་པ་དང་། བློན་པོ་བློ་ནོར་བ་དང་། གཡུང་དྲུང་གི་བོན་ཟབ་ལ་གཏིང་རིང་བ་རྣམས། ཐང་ཅིག་ནུབ་ཏུ་ཡང་ཐོ་སྟེ། ཆེ་གསུམ་དབང་གི་མེ་འབར་བ་ལ། ཆུང་གསུམ་ཕྲ་མའི་ཤིང་བསྣན་ཏེ། བློན་པོ་ལི་བཙན་བཞེར་མེས་ལྷ་བྱ་བ་ན་རེ། རྗེ་རྒྱལ་བཙན་པོ་ལགས་དབུའི་ཞ་ཆེ་ན་ལུས་པོ་རྔུལ་གྱིས་ལྕི། ཟས་ཞིམ་པོ་ཟོས་ན་སྐྱུག་བྲོ། ཤིག་འཁྱམས་རྐང་ལ་ཞུགས་ན་སྤྱི་བོའི་གཙུག་སྙོག་ཅེས་ཟེར་རོ། ཡང་རྒྱ་གར་གྱི་སྤྲང་པོ་རད་ན་སི་ཏི་བྱ་བ་ཞིག་ན་རེ། གཡུང་དྲུང་བོན་ནི་རྒྱ་ཆེ་ལ་གཏིང་ཟབ་པས་ཤེས་པའི་དུས་ཀྱང་མི་མཆི། གཙང་རིགས་ཀྱི་ལྷ་ཀླུ་ནི་ཡ་ང་ལ་རུ་འཐུར་བས་རྟག་ཏུ་གློ་བུར་དང་ཡེ་འདྲོག་བྱེད། གཤེན་པོ་རྣམས་ནི་དབུ་མཐོ་ལ་དྲེགས་ཆེ། དུས་ད་ལྟ་རྒྱལ་གཤེན་དོ་མཉམ་ཙམ་དུ་གདའ་སྟེ། དུས་ལན་ཅིག་ཙམ་ན་སྲས་དབོན་རྣམས་ཀྱི་སྐུ་རིང་ལ། རྒྱལ་སྲིད་བོན་གྱིས་ཁྱེར་བར་མཆིའོ་ཞེས་ཟེར་རོ། ཡང་བློན་པོ་ཟིངས་པ་རད་ན་བྱ་བ་ན་རེ། རྗེ་ལགས་གྲུབ་པའི་གཤེན་དགུ་ནི་མངའ་ཐང་དང་བྱིན་རླབས་ཆེ། མཐུ་བོ་ཆེ་མི་དགུ་ནི་མཐུ་དང་རྫུ་འཕྲུལ་ཆེ། བོན་ཆེན་བཞི་བཅུ་རྩ་གཉིས་ནི། ཐབས་དང་འཕྲུལ་ལ་བག་ཆེ་བ། བོན་ལ་ཆབ་གསོལ་བར་བཀའ་མི་ཕེབས་པས། གཤེན་པོ་མཐའ་རུ་སྐྱུག་པའི་བཀའ་མཆིད་བསྲེ་བར་ཞུ་ཞེས་གླེངས་སོ།”15ཞེས་དང་། 《སྐལ་བཟང་མགྲིན་རྒྱན》ལས། “ཆེ་གསུམ་དུག་ལྔའི་མེ་ཆེན་འབར་བའི་ཁར། བློན་པོ་ཆུང་གསུམ་ཕྲ་མའི་ཤིང་བསྣན་ཏེ། བསྟན་པའི་ཉི་མ་ཆུ་ལྷའི་ཕང་དུ་བཞུད།” ཅེས་སོགས། རྒྱལ་གཤེན་ཕྱེ་བའི་ལོ་རྒྱུས་མང་དུ་སྣང་ཡང་འདིར་མ་དྲངས་སོ།། 《ལེགས་བཤད་མཛོད》ལས། “བསྒྲགས་བྱང་ལྟར། དེ་གཙང་དུ་ནུབ་པ་ལས་དབུས་མན་ཆད་དུ་མ་ནུབ།”16ཅེས་དང་། 《སྒྲ་འགྲེལ》ལས། “དབུས་ཀྱི་ས་སྐོར་དུ་བོན་མ་ནུབ་པར་སྤྱོད།”ཅེས་དང་། དེ་ཉིད་ལས། “བོད་ཀྱི་ས་སྐོར་དུ་སྲིད་པའི་བོན་ཐང་ཅིག་ནུབ། ཅེས་པའི་ལུང་དང་པོ་གཉིས་ཀྱིས་གཙང་དུ་ནུབ་པར་བཤད་པ་འདོད་ལ། ཕྱི་མ་ནི་བོད་ཀྱི་ས་སྐོར་དུ་འབྲས་བུའི་བོན་ནུབ་པ་ལ་དགོངས་སམ་སྙམ།” ཞེས་དང་། “རྒྱུའི་བོན་ནི་མ་ནུབ་སྟེ། དབང་ཆེན་ལས། རྒྱལ་པོའི་ཞལ་ནས། ཡུལ་འདིར་ང་ཡི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མི་ཤོང་བ་ལྷ་ཡི་བོན་སྒོ་བཞི་དང། དེ་བཏོན་པའི་གེ་ཁོད་ཐིས་འཕེན་དང། གཅོ་གྱིམ་བུ་ལན་ཚ་གཉིས་བདག་གི་སྐུ་སྲུང་དུ་བཞག་འཚལ། ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག”ཅེས་དང་། “གྱིམ་བུ་ལན་ཚའི་ཞལ་ནས། ལྷའི་བོན་སྒོ་བཞི་དར་ནས་གསས་མཁར་གྱི་སྲོག་ཟིན་པས་བདག་ཀྱང་བསྡད་པ་ལེགས། ལྷའི་བོན་ཡང་མ་ནུབ་ན་དགའ་ཟེར་ནས་འགྲོ་མ་འདོད་པ་ལ་བོན་སྒོ་ཕྱེད་དང་གཉིས་བྱིན་པ་ནི་རྒྱུ་བོན་ཟང་མའོ། ཞེས་པས་གཙང་དུ་རྒྱུ་འབྲས་ཀྱི་བོན་རྣམས་ནུབ་ལ། དབུས་མན་ཆད་འབྲས་བུའི་བོན་ནུབ་ཅིང་རྒྱུ་བོན་འགའ་ཞིག་དར་རམ་སྙམ།”ཞེས་དང་། “བོན་སྒོ་ཕྱེད་དང་གཉིས་བྱིན་ཏེ་རྒྱུ་བོན་ཟང་མའོ། །ཞེས་པ་སྣང་གཤེན་བོན་རང་མལ་དང་། སྲིད་གཤེན་གྱི་བོན་ཕྱེད་མ་ནུབ་པར་བསྟན།” ཞེས་གསུངས་པའི་ལུང་ཚིག་རྣམ་དག་དེ་རིགས་གོ་བ་རེ་ལེན་ནུས་ཡོད་ན། རྒྱལ་གྲི་གུམ་འཁྲུངས་ཡུལ་གཙང་རྒྱལ་རྩེ་ཁུལ་ཡིན་ཞེས་པའི་རྙོག་གྲ་དེ་རིགས་གོ་བ་ཕྲན་བུ་རེ་ལོས་ཡོད། གོང་དུ་ཞུས་ཟིན་པའི་ལུང་ཚིག་ཁག་ནང་གསལ་བ་ལྟར། གཙང་དུ་རྒྱུ་འབྲས་ཀྱི་བོན་གཉིས་ཀ་ནུབ། དབུས་སུ་འབྲས་བུའི་བོན་ནུབ་ལ་རྒྱུ་ཡི་བོན་མ་ནུབ། ཅེས་པའི་ལུང་ཚིག་དེ་གཅིག་པུས། རྒྱལ་གྲི་གུམ་འཁྲུངས་ཡུལ་གཙང་རྒྱལ་རྩེ་ཁུལ་མ་ཡིན་པ་དང་དབུས་མན་ཆད་དུ་ཡོད་པ་གསལ་པོར་རྟོགས་ཐུབ། གང་ཡིན་ཟེར་ནས། 《བསྒྲགས་བྱང》ལས། “རྒྱལ་པོའི་ཞལ་ནས། ཕ་བ་སྐུ་གཤེན་རྣམས་གསོན་དང་། རྒྱལ་པོ་ང་ནི་དབང་གི་དྲེགས་དང་ལྡན། ཁྱེད་བོན་པོ་རྣམས་ནི་མཐུ་ཡེ་དྲེགས་པ་དང་ལྡན་པས། འོ་སྐོལ་གཉིས་ལྷན་གཅིག་ཏུ་མི་ཤོང་འདུག་པས། ལྷ་བོན་སྒོ་བཞི་དང་གྱིམ་བུ་ལན་ཚ་དང་གེ་ཁོད་ཐིས་འཕེན་རྣམས་བདག་གི་སྐུ་གཤེན་དུ་ཞོགགཤེན་པོ་ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག”17ཅེས་གསུངས་པ་ལྟར་ན། གྲི་གུམ་བཙན་པོས་རྒྱུ་བོན་ཕྱེད་གཉིས་མ་སྣུབ་པར་སྤྱོད་ཡོད་པ་གསལ་པོ་རེད་ལ། དེ་ལྟར་སྤྱད་པའི་ལྷ་བོན་སྒོ་བཞི་ཡོད་ན་རྒྱུ་བོན་ཡོད་པར་བཤད་དུ་སྤོབས། ཁོ་ན་རེ། འོ་ན་གྲི་གུམ་བཙན་པོས་བོན་མ་སྣུབ་པ་ཐལ། ལྷ་བོན་སྒོ་བཞི་དང་གཅོ་གྱིམ་བུ་གེ་ཁོད་ཐེས་འཕེས་སོགས་ཀྱི་སྐུ་གཤེན་དུ་བཟུང་བའི་ཕྱིར། ཟེར་ན་མ་ཁྱབ་བོ། །རྒྱལ་པོའི་ལས་དང་སྨོན་ལམ་གྱི་དབང་གིས་གཡུང་དྲུང་གི་བོན་སྣུབ་ཏུ་སེམས་པ་དང་སྤྱོད་འདོད་མེད་ཀྱང་། “བྲུ་ཤ་གནམ་སྲས་ནས། རྒྱལ་པོ་ལགས། གྲོས་འདི་བཤོལ་བར་ཞུ། ཅིས་ཀྱང་མཛད་ན་བོན་བཤོས་ཀྱི་ལྷ་བོན་སྒོ་བཞི་དང་། དེ་བཏོན་པའི་སྐུ་གཤེན་གཅིག་བཞག་འཚལ། དེ་ལྟར་མ་མཛད་ན་ལྷ་རྒོད་ལྕམ་དྲལ་རུ་འཐུར་བས་རྒྱལ་པོ་རང་སྐུ་མི་རྟག་ཉེན་མཆིའོ།” ཞེས་འཆད་གླེང་པས། རྒྱལ་པོས་དེ་ལ་སེམས་ནས་རྒྱུ་བོན་ཕྲན་བུ་ཙམ་སྤྱད་པར་གསལ་པོ་འདུག་གོ། གཙང་དུ་རྒྱུ་འབྲས་ཀྱི་བོན་གཉིས་ཀ་བསྣུབས་དགོས་དོན་ནི་བོན་གཤེན་རིག་འཛིན་ཕལ་ཆེ་བ་གཙང་དང་ཞང་ཞུང་གི་རུ་མཚམས་སུ་བཞུགས་ཡོད་པར། རྒྱལ་པོའི་ཐུགས་སུ་གདོན་ཞུགས་པ་དང་། ཆེ་གསུམ་དབང་གིས་མེ་འབར་བར་ཆུང་གསུམ་ཕྲ་མའི་ཤིང་བསྣན་ནས་གཙོ་བོ་རྒྱལ་དང་བོན་གཤེན་བར་འགལ་ཟླ་བཟོས་པ་དང་། རྒྱལ་གྱིས་བོན་གཤེན་རྣམས་ལ་ཕྲག་དོག་ཆེ་ན་དེ་དག་བཞུགས་ཡུལ་དུ་རྒྱུ་འབྲས་ཀྱི་བོན་གཉིས་ཀ་བསྣུབས་པར་སེམས་སོ། །དབུས་མན་ཆད་རྒྱུ་བོན་ཕྲན་བུ་མ་ནུབ་པ་ནི་རྒྱལ་པོ་རང་ཉིད་ཀྱིས་རྒྱུ་བོན་འགའ་ཞིག་སྤྱོད་པའི་རྒྱུ་མཚན་ལ་བརྟེན་ནས་མ་བསྣུབས་པར་གསལ་པོ་ཤེས་ཐུབ། ལུང་རིག་གི་རྒྱབ་ལྗོངས་དེ་འདྲ་ཡོད་རུང་ད་དུང་ཇི་མི་སྙམ་པའི་གནས་སུ་ལུས་དོན་ཅི་ཡང་མེད།

དྲུག་པ། དབུ་ཡོག་བྱུང་ཚུལ།

  《ཇུ་ཐིག་རྒྱུད་འབུམ》ལས། “རྒྱལ་པོ་གྲི་རུམ་བཙན་པོ་དེ། འབངས་ལོ་ངམ་རྟ་རྫིས་བསད་པ་ཡོད། རྒྱལ་བླ་གྲི་བོར་སོང་བ་ཡོད། རྒྱལ་གྱི་ཆབ་སྲིད་ཉམས་པ་ཡོད།”ཅེས་སྔ་རབས་པས་ཟེར་བ་ལ། “རྒྱལ་པོ་གྲི་རུམ་གྱིས་བོན་བསྣུབས་པའི་ཞེ་རྔམ་སྐྱེས་ནས། ལྷོ་བྲག་གི་ལོ་ངམ་རྟ་རྫི་ལ་འཕྲིན་བརྫང་སྟེ། ང་དང་མཉམ་པའི་བོན་པོ་ནི་སྤྱུགས། ད་ང་ལ་འཐབ་ཟླ་མེད་པས། ཁྱོད་ཀྱིས་འཐབ་ཟླ་བྱེད་དགོས་གསུངས་པས། ལོ་ངམ་ན་རེ། ཁྱེད་སྤྱི་ཕུད་ཀྱི་རྒྱལ་པོ་ཆེན་པོ་ཡིན། བདག་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡུ་བ་ཡིན། རྒྱལ་འབངས་འཁྲུག་པ་ག་ལ་འོས། རྗེའི་འཐབ་ཟླ་མི་འོང་བས། བཀའ་དེ་མི་གསུང་བར་ཞུ་བྱས་པས། རྒྱལ་པོ་ན་རེ། ང་དང་མཉམ་པའི་བོན་གཤེན་རྣམས་ནི་མཐའ་རུ་སྤྱུགས། ད་ང་ལ་འཐབ་ཟླར་འོས་པ་མི་རྟ་ཧྲག་པ་ཁྱེད་ལས་མེད་པས། དམག་དང་བཅས་ནས་མི་འོང་ན་རྐེ་ལ་ཆབ་གསོལ་ཟེར་བ་སོགས།”གསུངས་པས། “ལོ་ངམ་གྱིས་བསམ་པར། ལར་འདི་བོན་བསྣུབས་པའི་བཀའ་ཆད་བྱུང་ཅི། བློ་སེམས་རབ་ཏུ་མི་བདེ་བར་ཡོད་ཙམ་ན། དེ་ནུབ་རྨི་ལམ་དུ་སྐྱེས་ཕྲན་ཆས་བཟང་ཞིག་ན་རེ། ལོ་ངམ་ཁྱོད་བློ་མ་སྡུག་དང་། རྒྱལ་པོ་ནི་བོན་གྱི་དབུ་ཡོག་གིས། མ་བདུད་ཀྱིས་སྙིང་དཀྲུགས་ནས་ཡོད་ཀྱི། ཁྱོད་ཀྱི་སྟོབས་ཀྱིས་མི་ཐུབ་ན་ཡང་། ལྷ་དབྱེའི་རྫས་འདི་རྣམས་བྱས་ཤིང་འཐབ་བྱས་པས་ཐུབ་ཀྱི། རྒྱལ་པོ་ལ་འདི་སྐད་སྨྲོས་ཤིགད་ཅི་ནས་ཀྱང་ཐུགས་རྗེས་ན། རྗེའི་འཐབ་ཟླ་བདག་གིས་མི་འོང་པས། ཀུ་རེའི་ཚུལ་དུ་རོལ་མོ་འབུལ་ལགས་པས། ཟླ་བ་ཕྱེ་མའི་ཉ་ལ་རྒྱལ་རྟ་ཕུན་དམར་ཆིབས་ལ་བྱོན། སྤྲེའུ་དང་བྱི་ལ་སྔ་ཤ་དང་ཕྱི་ཤ་ཐོག་ལ་བྱོན། དཔྲལ་བར་དངུལ་དཀར་མེ་ལོང་ཐོགས་ལ་བྱོན། རལ་གྲི་དམུ་ཚ་ཀླད་ལ་བསྐོར་ལ་བྱོན། བ་དམར་གླང་དམར་བརྒྱ་ལ་ཐལ་སྒྲོ་མདུང་རྩེ་སྲིན་པོ་རྐང་བཙུགས་པ་རེ་ཁོལ་ལ་བྱོན། དེ་རྣམས་ཕྱོགས་ཐུབ་ཀྱི་རྫས་ལགས་སོ། །” ཞེས་གསུངས་པ་ལུང་དང་ལོ་རྒྱུས་མང་ཀྱང་འདིར་ཡིག་ཚོགས་ཀྱི་དོགས་པས་མ་བཀོད་དོ། །《འབེལ་གཏམ་ལུང་སྙིང》 ལས། “ཁྱི་མོ་ཉན་གྱི་རྣ་གསང་མ་བྱ་བའི་སྤྲུལ་པའི་ཁྱི་ཞིག་ཡོད་པ། ལོ་ངམ་གྱི་རྩར་ཉན་བཏང་བས།”ཞེས་དང་། 《ལྡེའུས་ཆོས་འབྱུང》ལས། “ང་ཅེས་ཀྱང་གྲིར་འགུམ་ན་རྒྱལ་ལོ་ངམ་རྟ་རྫི་དང་འཐབ་ཟེར་ནས་འཐབ་དུས་བཏབ་པས། ལོ་ངམ་ན་རེ་ང་དང་ཁྱོད་ལ་འཐབ་ཆེད་མེད། ང་ང་རང་གི་ཡུལ་ན་ཆེ། ཁྱོད་ཁྱོད་རང་གི་ཡུལ་ན་ཆེ་ཟེར་བས་མ་ཉན་ནས་ཐལ་བ་ཚལ་དུ་འཐབ་དུས་བཏབ། ཉན་རྣ་གསང་ལོ་ངམ་གྱིས་ཅི་ཟེར་ཉན་དུ་བཏང་བས། ཉན་པ་ལོ་ངམ་གྱིས་ཚོར་ནས། ལོག་པར་སྨྲས།”18ཞེས་དང་། 《འབེལ་གཏམ་ལུང་སྙིང་》ལས། “ཁྱི་མོ་དེས་རྒྱལ་པོ་ལ་དེ་བཞིན་དུ་ཞུས་པས། དེ་ལྟར་བྱེད་གསུངས་ཏེ། གནང་ཉིན་དེ་ལྟར་བྱས་པས། ལོ་ངམ་གསོད་དུ་བྱོན། བསྭོ་སྒྲ་བཏབ་པས་གླང་དམར་འགྲོགས་ཏེ། ཐལ་སྒྲོ་རལ་བས་ཐལ་ཚུབ་ཀྱིས་མིག་ཁེངས། ཝ་རོས་དགྲ་ལྷ་ཡལ། ཁྱི་རོས་ཕོ་ལྷ་ཡལ། རལ་གྲི་ཀླད་ལ་བསྐོར་བས་དམུ་ཐག་བཅད། དེར་བློན་པོ་ལོ་ངམ་གྱིས་རྒྱལ་པོའི་དཔྲལ་བའི་མེ་ལོང་ལ་གཏད་ནས་མདའ་བརྒྱབ་པས་རྒྱལ་པོ་བཀྲོངས་སོ།།”19ཞེས་གསུངས་པས། ལོ་ངམ་གྱིས་རྒྱལ་པོ་བཀྲོངས་ནས་རྒྱས་གཞིས་དང་འཁོར་བཙུན་མོ་རྣམས་གཡོག་ཏུ་བསྐོར་ཏེ་སྲས་མོ་ཁབ་སུ་བླངས་ནས་རྒྱལ་ས་ལོ་བཅུ་གསུམ་བཟུང་སྟེ། 《འབེལ་གཏམ་ལུང་སྙིང》ལས། “བློན་པོ་དྲགས་པ་བསད། ཞན་པ་སྤྱུགས། བཙུན་མོ་ལུག་རྫི་བཅུག སྲས་མོ་ལྷ་ལྕམ་ཁབས་སུ་བླངས་ནས། རྒྱལ་ས་ལོ་བཅུ་གསུམ་ཁོས་བཟུང་ངོ་།”20ཞེས་སོགས་གསལ་བ་ལྟར་བོན་བསྣུབ་པའི་དབུ་ཡོག་གིས་དྲེགས་སེམས་དང་འགྲན་སེམས་མང་པོ་ཞིག་རྒྱུད་ལས་སྐྱེས་ཏེ་མཐར་ལོ་ངམ་གྱིས་བཀྲོངས་པ་གོར་མ་ཆག་སོ། །

གསུམ་པ། མཇུག་བསྡུ་བའི་གཏམ།

  རྒྱལ་གྲི་གུམ་དང་ལོ་ངམ་གཉིས་འཐབ་དུས་ཉང་རོ་ཐལ་བ་ཚལ་དུ་གཏམ་ལ་རྒྱལ་གྲི་གུམ་བཀྲོངས་ས་ཡོངས་གྲགས་སུ་ཉང་རོ་ཐལ་བ་ཚལ་ཞེས་འཁོད་ཡོད། དེ་ནི་ད་ལྟ་ཉིང་ཁྲི་རྫོང་པའི་ཉེ་འདབས་སུ་ངོས་འཛིན་བྱས་ན་ཆེར་མི་རུང་པ་མིན་མོད། གང་ཡིན་ཟེར་ན། 《འབེལ་གཏམ་ལུང་སྙིང》ལས། “དེང་དུས་བྲག་གསུམ་ཁོག་ཏུ་ཉང་ཡུལ་ངོས་འཛིན་པ་དང། ལུང་པ་དེ་ཡི་མདའ་ཀོང་ཡུལ་དང་འདྲེས་པའི་ཉེ་སར་མདོ་ལེ་ཇོ་བོ་ཟེར་བ་ཡོད། དེའི་སར་དེང་སང་ཟམ་པ་མེད་ཀྱང་གྲི་གུམ་སྤུར་མདོ་ལེ་ཟམ་ཁ་ནས་ཀོང་ཆུ་རླག་པར་བཙལ་ཞེས་པས་གྲི་གུམ་བགྲོངས་ས་ཉང་རོ་ཐལ་བ་ཚལ་ནི་ཡུལ་དེའི་ཉེ་སྐོར་ཡོད་པ་དང་། སྤུར་མདོ་ལེ་ཟམ་ཁ་ནས་ཉང་ཆུ་ལ་བསྐྱུར།”21ཞེས་སོགས་སྒྲུབ་བྱེད་རྣམ་པར་དག་པ་བཀོད་འདུག ཡང་དེ་ཉིད་ལས། “དག་ཉང་ཀོང་གསུམ་བདུད་ཀྱི་སྡེ། ཞེས་པའི་དག་ཀོང་གཉིས་ཡོངས་གྲགས་དང་། ཉང་ཡུལ་ནི་བྲག་གསུམ་གཞུང་”ཞེས་དང་། 《བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་ཕྲེང་བ》ལས། “དེ་མཚམས་བཙན་པོ་ཁྲི་ལྡེ་ཡག་པའི་སྲས། ཡུལ་ཉང་རོ་ནགས་ཚལ་ན་ཡོད་པའི་དུས། གྲི་གུམ་བཙན་པོ་ཞེས་སུ་བྱ་བ་བྱུང་།” ཞེས་སོགས། གོང་དུ་ལུང་དེ་དག་གི་དཔྱད་བསྡོམས་ནི། ལོ་ངམ་གྱིས་གྲི་གུམ་གྱི་སྤུར་ཉང་ཆུ་ལ་བསྐུར་སའི་ས་དམིགས་དངོས་ནི་མདོ་ལེ་ཟམ་ཁ་ཡིན་པར་ངོས་འཛིན་གསལ་པོ་བྱས་འདུག འདའ་ལེའམ་མདོ་ལེ་ཟམ་ཞེས་པ་སྐད་དང་ཡི་གེའི་སྒྲ་དོན་ཙམ་མ་གཏོགས་གོ་རྒྱུ་གཅིག་ལས་མེད། དེ་ལྟར་མདོ་ལེ་ཟམ་པ་ནི་ད་ལྟ་ཉིང་ཁྲི་རྫོང་རྙིང་པའི་གཤམ་མདོ་ལེ་ཇོས་ཞེས་པའི་སར་ཡིན་ལ། མདོ་ལེ་ཇོས་ནི་ཀོང་པོ་བོན་རིའི་ནུབ་ཕྱོགས་གནས་སྒོ་ནས་ཐུར་དུ་འབབ་པར་སྣུམ་ལམ་གསར་པ་འཕྲད་པ་ནས་སྤྱི་ལི་གཅིག་ཙམ་ཕྱིན་པའི་སར་ཡོད། དེ་ནི་དུས་རབས་ཉི་ཤུའི་དུས་དཀྱིལ་ཙམ་མདོ་ལེ་ཇོས་ཟེར་བ་རྡོ་སྐུ་ཆེ་བ་གཅིག་མཇལ་རྒྱུ་ཡོད་པ་དང་། མཇལ་མྱོང་མཁན་ཡང་མང་པོ་འདུག ཕྱིས་སུ་ལམ་གསར་བཟོ་བྱས་སྐབས་གཏོར་སྐྱོན་དུ་ཐེབས་ཡོད། ད་ལྟ་ཡང་ས་ཆ་དེའི་མིང་མདོ་ལེ་ཇོས་ཟེར་སྲོལ་ཡོད་ལ། དེ་ཡི་ཐད་ཀར་མི་ལོ་བརྒྱ་ཕྲག་གི་སྔོན་དུ་བསྐྲུན་ཟིན་པའི་ཤིང་གདུང་མ་མང་པོ་སྟར་ཆགས་སུ་བསྒྲིགས་པའི་ཟམ་རྙིང་ཀྲད་རུལ་ཅན་ཞིག་ལོ་ཤས་སྔོན་དུ་མཐོང་རྒྱུ་ཡོད་པ་རེད། གོང་ཞུས་ལྟར་གྲི་གུམ་སྤུར་མདོ་ལེ་ཟམ་ཁ་ནས་ཀོང་ཆུ་རླག་པར་བཙལ་ཞེས་པའི་མདོ་ལེ་ཟམ་དེ་རང་ངོས་འཛིན་བྱས་ན་ལོ་རྒྱུས་ལ་རྨ་ཁ་མེད་ལ། དོགས་གནད་ཁག་སེལ་ཐུབ་པའི་ནུས་པ་ངེས་ཅན་ལྡན་ཡོད། དེ་ཡི་ཡར་ཙམ་ད་ལྟའི་ཀོ་རོག་ཟམ་ཟེར་བ་དེ་ཡོད། དེ་ཡི་ཁུལ་ཀོང་པོའི་ཡུལ་མི་བགྲེས་པོའི་ངག་ནས་སྔར་ལོ་ངམ་གྱིས་གྲི་གུམ་བཀྲོངས་ས་འདིར་རེད་ཅེས་བཤད་སྲོལ་ཡོད་པ་མ་ཟད། ད་ལྟ་ཡང་ས་ཆ་དེ་ཡི་མིང་གསོད་རེས་ཐང་ཞེས་ལབ་སྲོལ་གསལ་པོ་ཡོད་པར་གུས་པས་ཡུལ་དངོས་ཞིབ་འཇུག་བྱས་པའི་མྱོང་བ་ཙམ་ལས་མ་འདས་སོ།། དེའི་སྐོར་དཔྱད་པའི་མཐའ་མ་ཡིན་ཡང་གོང་མའི་ལུང་དང་བགྲེས་པོའི་ངག་སོགས་ལ་ཅུང་ཙམ་དཔྱད་པའི་རྙེད་དོན་ཞིག་ཡིན། སླད་ཕྱིན་དེ་ལས་གཞན་པ་གོ་རྒྱུ་ཆེ་བའི་ཚད་མ་གསུམ་གྱིས་ལམ་ནས། སུན་འབྱིན་ལྟར་སྣང་དུ་མ་སོང་བ་ཡང་དག་པའི་དངོས་དོན་ར་སྤྲོད་བྱེད་མཁན་ཡོད་སྲིད་ནས་དེ་ལ་ཐུགས་རྗེ་ལེགས་འབུལ་ཞུ་བ་དང་ཡོ་བསྲང་གི་གནས་སུ་མོས་སོ།།

  དཔྱད་གཞིའི་ཡིག་ཆ།

  1 བླ་ཆེན་པོ་དྲན་པ་ནམ་མཁའ། 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས》 གངས་ཏེ་སི་བོན་གཞུང་རིགས་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M]2010ལོ། p105

  2 སྤ་སྟོན་བསྟན་རྒྱལ་བཟང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ》 གངས་ཏེ་སིའི་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M] 2010 ལོ། p 282

  3 ཉང་ཉི་མ་འོད་ཟེར། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། [M] 2012ལོ། p148

  4 རྣམ་མཁྱེན་སྟོན་པ་གཤེན་རབ། 《མདོ་གཟེར་མིག》 ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། [M] 1991ལོ། p491

  5 འ་ཞ་བློ་གྲོས་རྒྱལ་མཚན། 《 ལུང་མཚན་ཉིད་སྲིད་པའི་མཛོད་ཕུགས》 སི་ཁྲོན་མི་རིགས་དཔེ་སྐྲུན། [M]2008ལོ། p72

  6 དཔོན་སློབ་བསྟན་འཛིན་རྣམ་དག 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་གི་སྙིང་པོ》 བོན་གྱི་བསྟན་འགྱུར་ནང་དཔེ་གཟུགས། p145

  7 སྤ་སྟོན་བསྟན་རྒྱལ་བཟང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ》 གངས་ཏེ་སིའི་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M] 2010 ལོ། p296

  8 ཁྱུང་པོ་བློ་གྲོས་རྒྱལ་མཚན། 《གླེང་གཞི་བསྟན་པའི་འབྱུང་ཁུངས》 གངས་ཏེ་སི་བོན་གཞུང་རིགས་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M]2010ལོ། p419

  9 མཁར་རྨེའུ་བསམ་གཏན་རྒྱལ་མཚན། 《མདའ་དང་འཕང་སྟོད་ཆ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། [M]2010 ལོ། p433

  10 མཁར་རྨེའུ་བསམ་གཏན་རྒྱལ་མཚན། 《མདའ་དང་འཕང་སྟོད་ཆ》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། [M] ལོ།2010ལོ། p 453

  11 སྤ་སྟོན་བསྟན་རྒྱལ་བཟང་པོ། 《བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མ》 གངས་ཏེ་སིའི་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M] 2010 ལོ། p289

  12 བླ་ཆེན་པོ་དྲན་པ་ནམ་མཁའ། 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས།》 གངས་ཏེ་སི་བོན་གཞུང་རིགས་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M]2010ལོ། p113།

  13 མཁས་དབང་དཔལ་ལྡན་ཚུལ་ཁྲིམས། 《གཡུང་དྲུང་བོན་གྱི་བསྟན་པའི་བྱུང་བ་བརྗོད་པའི་ལེགས་བཤད་སྐལ་པ་བཟང་པོའི་མགྲིན་རྒྱན》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། [M]1983ལོ། p118

  14 བླ་ཆེན་པོ་དྲན་པ་ནམ་མཁའ། 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས》 གངས་ཏེ་སི་བོན་གཞུང་རིགས་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M]2010ལོ། p109།

  15 བླ་ཆེན་པོ་དྲན་པ་ནམ་མཁའ། 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས།》 གངས་ཏེ་སི་བོན་གཞུང་རིགས་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M]2010ལོ། p110

  16 ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》 མི་རིགས་དཔེ་སྐྲུན་ཁང་། [M]1985ལོ། p183

  17 བླ་ཆེན་པོ་དྲན་པ་ནམ་མཁའ། 《གཡུང་དྲུང་བོན་གྱི་སྒྲ་བསྒྲགས་པ་རིན་པོ་ཆེ་གླིང་གྲགས》 གངས་ཏེ་སི་བོན་གཞུང་རིགས་མཛོད་དཔེ་ཚོགས། མི་རིགས་དཔེ་སྐྲུན་ཁང་། [M]2010ལོ། p112

  18མཁས་པ་ལྡེའུ། 《རྒྱ་བོད་ཀྱི་ཆོས་འབྱུང་།》 བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། [M]2012ལོ། p232

  19 དཔོན་སློབ་བསྟན་འཛིན་རྣམ་དག 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་གི་སྙིང་པོ》 བོན་གྱི་བསྟན་འགྱུར་ནང་དཔེ་གཟུགས། p138

  20 དཔོན་སློབ་བསྟན་འཛིན་རྣམ་དག 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་གི་སྙིང་པོ》 བོན་གྱི་བསྟན་འགྱུར་ནང་དཔེ་གཟུགས། p145

  21 དཔོན་སློབ་བསྟན་འཛིན་རྣམ་དག 《སྔ་རབས་བོད་ཀྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་གི་སྙིང་པོ》 བོན་གྱི་བསྟན་འགྱུར་ནང་དཔེ་གཟུགས། p151

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།