ཞང་ཞུང་སྒོ་ཕུགས་བར་གསུམ།

[ཟླ་ཚེས། 2021-03-02 14:09:33][རྩོམ་པ་པོ། རག་ཤི་ཚངས་སྲས་འཇིགས་མེད།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]

  [ནང་དོན་གནད་བསྡུས།] ང་ཚོའི་དཔེ་རྒྱུན་དུ་ཞང་ཞུང་ཁྲི་སྡེ་སྟོད་སྨད་དང་། ཞང་ཞུང་ཆེ་བ་དང་ཆུང་བ། ཞང་ཞུང་སྒོ་ཕུགས་བར་གསུམ་དང་། དེར་སྒོ་ཕུགས་བར་གསུམ་ལའང་གསུམ་གསུམ་དུ་དབྱེ་བ་སོགས་ཀྱི་རྣམ་བཞག་དུ་མར་བསྟན་པའི་སྐོར་གྱི་བརྗེད་ཐོ་ཡིན།

  [བརྡ་ཆད་གཙོ་བོ།] ཞང་ཞུང་ཕུགས་པ། ཞང་ཞུང་བར་པ། ཞང་ཞུང་སྒོ་པ།

གླེང་གཞི།

  ཞང་ཞུང་གི་ས་ཁམས་ངོས་འཛིན་སྟངས་འདིའི་ཐད་ཞིབ་རྟོགས་གསལ་པོ་མེད་ནའང། སྔར་མའི་ལོ་རྒྱུས་དང་བསྟན་འབྱུང་ཁག་ལས། ཞང་ཞུང་སྒོ་ཕུགས་བར་གསུམ་ཞེས་དང་། ཞང་ཞུང་ཁྲི་སྡེ་སྟོད་སྨད། ཞང་ཞུང་ཆེ་བ། ཞང་ཞུང་ཆུང་བ་ཞེས་ཐ་སྙད་འགའ་བྱུང་མ་ཟད། སྟོན་པ་གཤེན་རབ་ཀྱི་བཀའ་ཀུན་འབུམ་ཁྲ་བོ་ [1] དེ་ཉིད་བཀའ་བཅོས་ལྷད་མེད་ན། སྟོན་པ་གཤེན་རབ་ཞང་ཞུང་དུ་བྱོན་པའི་དུས་མགོ་ནས་བཟུང་ཞང་ཞུང་ལ་སྒོ་ཕུགས་བར་གསུམ་ཕྱེས་ཡོད་པ་གཞུང་དེ་ཉིད་དུ་གསལ།

  ཞང་ཞུང་ཁྲི་སྡེ་སྟོད་སྨད་ཅེས། རབ་བྱུང་དགུ་པའི་ནང་དུ་བརྩམས་པའི་ཆོས་འབྱུང་མཁས་པའི་དགའ་སྟོད་[2]དུ་བཞེད། དེ་ནི་ཞང་ཞུང་གི་མངའ་ཁོངས་ཀྱི་ཡུལ་སྡེ་རྣམས་རག་པའི་ཆ་ནས་སྟོད་སྨད་གཉིས་སུ་ཕྱེས་ཤིང་ཞང་ཞུང་ཁྲི་སྡེ་སྟོད་སྨད་ཅེས་མིང་བཏགས། དེ་ཡང་ཞང་ཞུང་ཆེ་བ་དང་། ཞང་ཞུང་ཆུང་བ་ཞེས་པའི་ཐ་སྙད་བཏགས་ནས་ལོ་༡༣༠༠ཡས་མས་ཤིག་བྱུང་སྟེ། བོད་ལྗོངས་སྐྱིད་རོང་རྫོང་ཁུལ་ནས་རྙེད་པའི་རྡོ་རིང་ཞིག་གི་ངོས་སུ།夏五月居于小杨童之西 ཞེ་བྲིས་འདུག་ལ། གཞན་ཡང་ཐང་གི་བླ་མ་ཞོན་ཙང་གི་ལམ་ཡིག་ཏུ་东女国,东接吐蕃,北接于阗国,西接波诃国 [3] ཞེས་གནའ་བོའི་རྒྱའི་ཡིག་ཚང་དུ་ཞང་ཞུང་གི་མིང་ལ་ཡཱང་ཐུང་杨同ཟེར་ཞིང་ཐ་སྙད་འདི་ནི་རྒྱ་ནག་གི་ཡི་གེར་བསྒྱུར་སྐབས་སུ་ཐོན་པའི་སྒྲ་གདངས་ཤིག་ཡིན་ངེས། རྒྱས་ཡཱང་ཐུང་ཞེས་མིང་འབྲི་སྟངས་མ་གཅིག་ནའང་། སྒྲ་གདངས་འདྲ་བ་ལ་གཞིགས་ན་ཐང་རྒྱ་རབས་ནས་བཟུང་རྒྱའི་ཡིག་ཚང་དུ་ཞང་ཞུང་གི་སྒྲ་བསྒྱུར་སྐད་ཡཱང་ཐུང་ཞེས་སྨྲ་བར་རྟོགས། ལོ་རྒྱུས་ཀྱི་ཟིན་ཐོ་འདི་རྣམས་ངེས་པར་དུ་ཉམས་ཞིབ་བྱེད་དགོས་པའི་གནས་སུ་མཆིས།

  གཞན་ཡང་ཞང་ཞུང་ཞེས་པའི་ཐ་སྙད་འདི་ཉིད་རྒྱ་ཡིག་ཏུ་ཐད་སྒྱུར་བྱས་ན། ཞང་象ཞུང་雄ཞེས་ཕབ་འདུག ཐང་རྒྱ་རབས་ཀྱི་ལོ་རྒྱུས་ཡིག་ཚང་དང་དེང་དུས་མཐོང་ཡུལ་དུ་གྱུར་པའི་བྲག་ངོས་ཀྱི་ཡི་གེ་འགའ་ལ་བསམ་གཞིགས་བྱས་ཚེ། ཝང་ཞོན་ཚུའུ་ཞང་ཞུང་ཆུང་བ་ལ་སླེབས་པའི་ཡི་གེ་བཀོད་ཡོད་པར་ཁུམས།

  ཕྱི་གླིང་པའི་མཁས་དབང་ཧ་རོ་སྦོ་ལེའི་ཀྱིས་ཨ་རུབ་པའི་ཡུལ་ལ་རྒྱས་ཏ་ཞིག་དང་ཏ་ཟིག་ཅེས་འབོད་བར་བཤད་ཅིང་། རྒྱ་ནག་ནས་ཨ་རབ་པས་གོས་ཆེན་གྱི་འབུ་དང་། དེ་གསོ་བྱེད་ཀྱི་ཤིང་བཅས་དར་ནས་ཨ་རབ་པའི་ཡུལ་དུ་བཙོང་རྒྱུ་ཁུར་བ་དང་། དེའི་ཡུལ་གཉིས་ཀྱི་བར་འགྲོ་ལམ་ཤིང་ཅང་ཞེས་པའི་ལུང་པ་དེ་བརྒྱུད་ནས་སོང་བས་ལུང་པ་དེ་ལ་གོས་ཆེན་གྱི་ལམ་ཞེས་ཆགས་པར་བསྟན་ལ་ཞང་ཞུང་བར་པའི་ཡུལ་ཏ་ཟིག་ཞེས་པའི་ལུང་གིས་བསྟན་པས་དེ་ཨ་རབ་ཀྱི་ལུང་པ་ལ་གོ་བར་བཤད་ཡོད། ཡིན་ནའང་། ཨ་རུབ་དང་རྒྱ་ནག་པ་གཉིས་ཀྱི་ཚོང་འབྲེལ་སྐབས་སུ་ཞང་ཞུང་གི་རྒྱུད་ནས་འགྲོ་བའི་བདེན་དཔང་ནི། དེང་དུས་མངའ་རིས་གུ་གྱམ་དགོན་པའི་འགྲམ་དུ་ཐོན་པའི་གནའ་རྫས་རྒྱ་ནག་གི་གོས་ཆེན་དང་། ལྷ་སའི་ཆུ་གོང་ནས་རྙེད་པའི་གནའ་རྫས་རྒྱ་གར་གྱི་མེ་ལོང་གཉིས་ཀྱིས་འགྲེམ་བརྗོད་བྱེད་ཐུབ།

  འདིར་བསམ་གཞིག་བསྐྱར་དུ་གཏོང་དགོས་པ་ཞིག་ནི། ཞང་ཞུང་ཕུགས་པའི་ཡུལ་སྐོར་དེ་ཡིན། བོན་ཀྱི་བསྟན་འབྱུང་ཁག་ལྟར་ན་ཞང་ཞུང་ཕུགས་པ་ནི་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་གཞིས་ཁྱད་པར་ཅན་ཞིག་ཏུ་འདོད། དེ་ལ་སྟག་གཟིག་འོལ་མོ་ལུང་རིང་དང་། ཕུགས་པ་འོལ་མོ་ལུང་རིང་ཞེས་བཞེད་ཡོད་པ་མ་ཟད། འོལ་མོ་ལུང་རིང་ནི་གང་ཟག་ཕལ་པ་དག་གིས་སྣང་ཡུལ་དུ་མ་གྱུར་པར་བོན་པོའི་ཐེག་པ་གོང་འོག་གི་གཞུང་དུ་མ་ལས་ལུང་ཚིགས་ཀྱང་དྲངས་ཀྱིན་འདུག འོན་ཀྱང་། ལུང་རིག་གི་ལྟ་བ་གླེང་པའི་སྲོལ་དེ་ལྐོག་གྱུར་གྱི་གསང་བ་ལྟ་བུ་ཡིན། དེ་ནི་དཔེ་ཆའི་གནས་ཚུལ་དང་དྲང་ངེས་ཤེས་པ་དག་གིས་བསམ་བློ་ལ་འཆར་བ་མ་གཏོགས་དཔེ་ཀློག་མེད་པའི་གང་ཟག་རང་ཁ་མ་ཞིག་གིས་བློས་མི་འཆོལ།

  གནའ་བོའི་ཞང་ཞུང་གི་རྒྱལ་ཁམས་ནི། གཏིང་ཟབ་ལ་རྒྱ་ཧ་ཅང་ཆེ་པའི་ཡུལ་གྲུ་ཞིག་ཆགས་ཡོད་པ་ནི། ལོ་རྒྱུས་གང་སར་ནས་མཐོང་གི་ཡོད་ཀྱང་ཚིག་ཉུང་མདོར་བསྡུས་གོ་སླ་བའི་ཚིགས་སུ་བཅད་པ་སྟེ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ཀྱིས་མཛད་པའི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱལ་ལས། ‘‘ཡུལ་ནི་ཞང་ཞུང་ཕུག་བར་སྒོ་གསུམ་སྟེ། །ཕུག་པ་སྟག་གཟིག་བར་པ་ཨོ་རྒྱན་ཏེ། །བོན་ཁུངས་ཕྱིར་ན་གསུང་རབ་སྒོ་གསུམ་དགོངས་པ་འགལ། །ཞང་ཞུང་ཕུག་པ་ཞེས་བཟུང་དེ་ལྟར་དང་། །ཕྱི་མ་སྒོ་པ་ཞང་ཞུང་དངོས་ཀྱི་ཡུལ། །སྟོད་པ་ཁ་ཆེའི་ཡུལ་མཚམས་སིག་གི་ཕྱིན། །བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུད་དང་སྨད། །སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། །ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་ཁམས་ཚུན། །སྦལ་ཏེ་རྐང་ཕྲན་ལ་དག་ཟང་གལ་དང་། །གར་ཞ་ཉུང་ཏི་སྤི་ཏི་ཁུ་ནུ་དང་། །ཚང་དྲུག་ཉི་ཏི་ཅོ་ནམ་ཤ་ཁོག་ཀྱང་། །ཝོམ་ཀློ་སེ་རིབ་དོལ་པོ་ཀྲུག་སྐྱེས་དང་། །ཀོར་ཁ་མར་ཡུལ་ཡན་གྱི་ལྷོ་རྒྱུད་དང་། །རུ་ཐོག་གུ་གེ་སྤུ་ཧྲིང་སྐོར་གསུམ་དབུས། །བཟུང་བའི་ཁ་ཡུག་ཁ་སྐྱོར་ཁ་རག་ཡུལ། །ཅི་ཤང་ཅི་ན་གུ་རུབ་ཚོག་ཅུ་དང་། །ར་སངས་ནག་ཙང་ཤང་གྱེར་བྱང་རྒྱུད་བཅས། །ཡུལ་ཁམས་དྲུག་བཅུ་ཁྲི་སྡེ་བརྒྱད་བཅུའི་ཞིང་། །བྱར་ཐོགས་རྒྱལ་པོ་བཅོ་བརྒྱད་པ་སོགས་བྱོན། །’’ [4] ཞེས་གནའ་བོའི་ཞང་ཞུང་སྒོ་ཕུགས་བར་གསུམ་གྱི་ས་ཆའི་རྒྱ་ཁྱོན་གྲུབ་ཚད་མཁས་པ་དཔལ་ཚུལ་གྱིས་ཚིགས་སུ་བཅད་པ་འདི་དག་གིས་ངོས་འཛིན་གནང་ཆོག་པར་སྙམ་ལ། འདིའི་ཐད་ཞིབ་འཇུག་མང་དུ་མཆིས་ནའང་རེས་ཞིག་འདི་ཙམ་གྱི་ཆོག་པར་བྱ།

ཞང་ཞུང་ཕུགས་པ།

  ཞང་ཞུང་ཕུགས་པ་ནི་ངོས་འཛིན་མི་འདྲ་བ་དུ་མ་ཞིག་གནས་པ་ལས་མཁས་དབང་དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་འཛམ་གླིང་ཡུལ་བཤད་དུ། ཞང་ཞུང་གི་ཡུལ་ལ་སྒོ་ཕུག་བར་གསུམ་ལས། ཞང་ཞུང་ཕུག་པ་ནི། གངས་ཏི་སེའི་ནུབ་ཕྱོགས་ཟླ་བ་གསུམ་ལྷག་གི་ལམ་ན་མེ་སིག་དང་པར་སིག་དང་། བྷ་དག་ཤན་དང་། བྷ་ལག་སོགས་ཡོད་པའི་ཡུལ་དང་ཉེ་བར། སྔོན་གྲོང་ཁྱེར་རྒྱལ་བ་གཉིས་པའི་ཚལ་བྱ་བ་དེར། རི་བོ་རིན་པོ་ཆེ་རྩེ་ལྔ་གསང་མཆོག་གི་སྐུ་རང་བྱོན་དུ་ཡོད་པ། རྒྱ་གཤེན་མི་ལུས་བསམ་ལེགས་བྱོན་སྐབས་རྒྱལ་མཁར་བར་ཆོད་ཞེས་ཆགས། [5] ཞེས་གསུངས་ལ། དེ་ནི་དེང་དུས་བོད་ལྗོངས་ཀྱི་ནུབ་མཐའ་བོད་ཀྱི་གངས་ཏི་སེ་ནས་རྐང་ལམ་ཟླ་བ་གསུམ་གྱི་ལྷག་ཙམ་འགྲོ་བའི་སར་མེ་སིག་གི་པར་སིག་དང་། བྷ་དག་ཤན་དང་། བྷ་ལག་སོགས་ཡུལ་ཁམས་འགའ་ཆགས་པའི་ས་ཁོངས་སོགས་ལ་ངོས་འཛིན་ཡོད།

  ཡང་མ་རྒྱུད་བསྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་[6]ལྟར་ན་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱི་སྒྲུབ་གནས་རྒྱལ་མཁར་བར་ཆོད་ནི་ཞང་ཞུང་བར་པའི་ཁྱབ་གཏོགས་སུ་བཞག་ཡོད། བོད་ཀྱི་གངས་ཏི་སེ་ནས་ནུབ་ཕྱོགས་ཟླ་བ་གསུམ་ཕྱིན་སའི་ཡུལ་པར་སིག་ཅེས་པ་ནི་དེང་སང་དབྱི་རང་ཞེས་པའི་རྒྱལ་ཁབ་དེ་ཡིན་ལ། དེར་བྷ་དག་ཤན་དང་། བྷ་ལག་ཅེས་པའི་ཡུལ་གཉིས་ལ་རྒྱ་ནག་གི་སྐད་ཅི་འབོད་གསལ་པོ་མ་མཐོང་། བོད་རིག་པའི་ཞིབ་འཇུག་པ་ཆེན་མ་སྐུ་ཞབས་ཚེ་རིང་ཐར་མཆོག་གིས་གསུང་རྒྱུར་བྷ་དག་ཤན་དང་བྷ་ལག་ནི་ད་ལྟའི་བོད་ལྗོངས་ཀྱི་ནུབ་མཐའི་ཀ་སྨིར་རམ་ཀ་ཆེ་ཡིན་པར་སེམས། [7] ཞེས་གསུངས།

  སྔོན་བོད་ལྗོངས་ཀྱི་ནུབ་མཐའ་དང་། ད་ལྟའི་ལ་དྭགས། ཁོ་ན་བ་ལི་སོགས་སུ་ཞང་ཞུང་གི་སྐད་མང་པོ་འདུག་ཅེས་སྐུ་ཞབས་མཁར་རྨེའུ་བསམ་གཏམ་རྒྱལ་མཚན་གྱིས་[8]གསུངས་ཡོད། གཞན་ཡང་བོན་གྱི་བཀའ་བསྟན་འགྱུར་ཤས་ཆེར་གྱི་དགོངས་པ་ལྟར་ན་ཞང་ཞུང་ཕུགས་པ་ནི་ཤམ་བྷ་ལ་རྟག་གཟིགས་འོལ་མོ་གླིང་ཆེན་གྱི་ཡུལ་སྐོར་ཡིན་པའི་ངོས་བཟུང་ཡོད།

  ཤམ་བྷ་ལ་ཞེས་ཡང་སྙིང་གང་ཞིག་ངོས་འཛིན་དགོས་པ་ནི། བོད་རབ་བྱུང་བཅུ་པའི་ལྕགས་སྦྲུལ། སྤྱི་ལོ་༡༥༨༡ ལོར་འབྲུག་པདྨ་དཀར་པོས་བརྩམས་པའི་ཆོས་འབྱུང་ལས། ཤམ་བྷ་ལ་གངས་རིས་ཟླུམ་པོར་བསྐོར་བའི་དབུས་ན་པདྨ་འདབ་བརྒྱད་པ། དེ་རེ་རེ་ལ་ཡུལ་ཆེན་པོ་བཅུ་གཉིས་བཅུ་གཉིས། དེ་རེ་རེ་ལ་བརྒྱད་པོ་རེ་རེ་ཡོད་པ། ཡུལ་རེ་རེ་ལའང་ཡུལ་འཁོར་བརྒྱ་ཕྲག་རེ་རེ་ཡོད་པ་སྟེ། ཡུལ་འཁོར་རེའང་གྲོང་འབུམ་ཕྲག་རེ་ལ་བྱེད་པ་སྟེ། རི་ལྟེ་བ་གངས་རི་མུ་ཁྱུད་བསྐོར་བ་[9] ཞེས་སོགས་གསལ།

  སོག་སྡེ་སྤྲུལ་སྐུས་བསྐྲུན་པའི་བོན་གྱི་བསྟན་འགྱུར་ཁྲོད་ཀྱི་དཔེ་ཆ་སྟེ། གནས་མཆོག་དམ་པ་འོལ་མོ་ལུང་རིང་གི་ཞིང་བཀོད་བཞུགས་ཞེས་པའི་ནང་དུ་འབུམ་སྡེ་ཀུན་ལས་ཞང་སྐད་དུ་སྨྲ་བ་ནི། ཞང་ཞུང་སྒོ་ཕུགས་བར་གསུམ་སྟེ། ཕུག་པ་འོལ་མོ་ལུང་རིང་། ཡང་ཕུག་པ་བྱ་རུ་གཙུག་ལྡན། ཡང་ཕུག་པ་ཁྱུང་ལུང་དངུལ་མཁར [10] ཞེས་ཞང་ཞུང་ཕུགས་པ་གནས་མི་འདྲ་བ་གསུམ་བསྟན་ཡོད། དེར་གསུམ་གསུམ་དུ་ཕྱེ་པའི་དོན་ནི་ལོ་ཙྭ་བ་རྣམས་བྱོན་ལུགས་ལྟར་གསུམ་གསུམ་དུ་ཕྱེ་བ་ཡིན་པར་སྣང་། དེས་ན་ཞང་ཞུང་སྒོ་ཕུགས་བར་གསུམ་ཀ་གནའ་བོའི་ཞང་ཞུང་དུ་གཏོགས་པ་ཐག་ཆོད། གང་གསལ་མཁས་དབང་དབྲ་སྟོན་གྱི་འཛམ་གླིང་གི་ཡུལ་བཤད་ནི་སྔོན་སྲོལ་བཞེད་པ་མཆོག་འཛིན་ཁོ་ན་མ་གནང་བར་ཞིབ་འཇུག་བརྟག་དཔྱད་བཟང་པོ་ཞིག་ཏུ་བྱས་པའི་སྐད་ཆ་ཞིག་ངོས་འཛིན་ཐུབ།

ཞང་ཞུང་བར་པ།

  ཞང་ཞུང་བར་པ་ནི་སྔོན་སྟོན་པ་གཤེན་རབ་མི་བོ་ཆེ་བོད་ཡུལ་དུ་བྱོན་སའི་གནས་ཁྱད་པར་ཅན་ཞིག་ཏུ་ངོས་བཟུང་གི་ཡོད་ལ། ལུང་ཚིག་གི་ཡིག་འབྲུ་ཤོག་ཐོག་ཏུ་འཁོད་པ་ཀུན་འབུམ་ཁྲ་བོ་ལས། དེ་ནས་སྟོན་པ་གཤེན་རབ་ཀྱིས། དགུང་ལོ་བཅུ་བཞེས་ནས། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་རུ་སྐད་སྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུག་པ་དགོང་པས། ཞེས་དང་། དང་པོ་ཞང་ཞུང་ཡུལ་དུ་བབས་པས། བསྟན་པ་ཞང་ཞུང་ལ་སྔ་བའི་གཏན་ཚིགས་ཀྱང་དེ་ནས་བྱུང་། ཞང་ཞུང་བོན་གྱི་རྒྱལ་པོར་ཐོག་མ་ཡང་དེར་སྲིད་དོ། ། དེ་ལ་མས་གཤེགས་པ་ཁྲི་འདུལ་སྣང་རྩེ་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་གཡུ་རྩེ་དང་། ཁྲི་དང་ཁྲོམ་རྩེ་དང་། ཞང་ཞུང་བར་པའི་ཡུལ་དུ་བྱོན། [11] ཞེས་སྟོན་པ་གཤེན་རབ་དགུང་གྲངས་བཅུའི་ཐོག་ནས་ཞང་ཞུང་ཕུགས་པ་ནས་མར་ཞང་ཞུང་བར་པའི་ཡུལ་ཁྲི་འདུལ་སྣང་རྩེ་དང་། ཁྲི་གང་གཡུ་རྩེ་དང་། ཡེ་གད་གཡུ་རྩེ་སོགས་སུ་བྱོན་བར་བསྟན།

  དེར་ཞང་ཞུང་བར་པའི་ས་གནས་ངོས་བཟུང་བྱེད་དུས་བཞེད་སྟངས་མང་དུ་མཆིས་པ་ལས། དེང་དུས་བོད་རིག་པའི་ཞིབ་འཇུག་པ་ཆེན་མོ། སྐུ་ཞབས་དོན་གྲུབ་ལྷ་རྒྱལ་ལགས་ཀྱིས་གསུངས་རྒྱུར། ཞང་ཞུང་བར་ནི་བླ་རི་གངས་གཉན་དང་རྟ་སྒོ་བླ་མཚོ་དྭང་ར་གཡུ་ཚོ་གཉིས་གཙོར་བཟུང་གི་ས་ཁུལ་དང་། བོད་ལྗོངས་ཉི་མ་རྫོང་དང་། ཤེལ་ལེ་རྫོང་། དཔལ་མགོན་རྫོང་། གཉན་རོང་རྫོང་། སྦྲ་ཆེན་རྫོང་བཅས་ཚུད་པའི་ས་ཁུལ་དག་ཡིན་པར་ཤོད་པ་ཁོང་གི་དཔྱད་རྩོམ་ཞང་ཞུང་ཞིབ་འཇུག་དང་འབྲེལ་བའི་གནའ་རྫས་རྟོག་ཞིབ་རིག་པའི་སྐོར་གྱི་འཚམས་སྦྱོར་[12]ཞེས་པར་གསལ།

  དབྲ་སྟོན་གྱི་འཛམ་གླིང་ཡུལ་བཤད་དུ། ཞང་ཞུང་བར་པ་ནི། ཏི་སེའི་ནུབ་ཕྱོགས་ཞག་འགའ་བགྲོད་ཙམ་ན་ཚེ་དབང་རིག་འཛིན་གྱི་སྒྲུབ་གནས་བྱ་རུ་གཙུག་ལྡན་ཡོད་ཅེས་དང་། ཏི་སེ་ནས་ཞག་ལམ་རེ་འགའ་མཚམས་སུ་བླ་ཆེན་དྲན་པ་ནམ་མཁའི་སྒྲུབ་གནས་ཁྱུང་ལུང་དངུལ་མཁར་ཡོད་ [13] ཅེས་གསུངས་པ་ལ། ཞང་ཞུང་བར་པ་ནི་གངས་ཏི་སེའི་ས་ཁུལ་ཡིན་པ་བསྟན་ལ། ཁྱུང་ལུང་དངུལ་མཁར་ནི་ཞང་ཞུང་བར་པའི་ལྟེ་བ་ཡིན་པར་གསལ། ཡང་བོད་བཙན་པོའི་རྒྱལ་རབས་ [14] ཞེས་དཔེ་ཆའི་ནང་དུ་དེ་ལྟར་ངོས་བཟུང་བྱས་ཤིང་། གངས་ཏི་སེའི་མདུན་ཕྱོགས་ག་ལྗང་གཡུ་ལོ་རྫོང་ཞེས་ཞང་ཞུང་རྒྱལ་པོ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་སོགས་གདན་སའི་གནའ་ཤུལ་དེ་དག་ཞང་ཞུང་བར་པའི་ཁྱབ་གཏོགས་ཡིན་པར་བཤད།

  གཞན་མ་རྒྱུད་བསྒོམ་འགྲེལ་ཉི་མའི་དཀྱིལ་འཁོར་གྱི་དགོངས་པ་[15]ལྟར་ན། ཞང་ཞུང་བར་པ་ནི་རྒྱལ་མཁར་བར་ཆོད་ཡིན་པར་གསུངས་ཤིང་། ཞང་ཞུང་བར་པའི་ཡུལ་ནི་འཛམ་གླིང་སའི་སྙིང་པོ། གྱེར་ཝེར་ཐ་ཚན་ཧི་པ་རྐྱའི་འཁྲུངས་གནས་ཡིན་པར་བསྟན། སྤྱིར་བཏང་ཞང་ཞུང་བར་པ་ལ་གསུམ་དུ་འཕྱེ་སྲོལ་ཡོད་དེ། གནས་མཆོག་འོལ་མོ་ལུང་རིང་ཞིང་བཀོད་བཞུགས་ཞེས་པ་དེ་ཉིད་ལས། བར་པ་གངས་དབལ་སོ། ཡང་བར་པ་རྒྱལ་མཁར་བར་ཆོད། བར་པ་གཡུ་བུན་ཁྱུང་རྫོང་[16]ཞེས་གསལ། ཁྱུང་ལུང་དངུལ་མཁར་ནི་ཞང་ཞུང་བར་པའི་ལྟེ་བ་ཡིན་པ་དང་ཞང་ཞུང་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་སྐུ་ཞབས་ཚེ་རིང་ཐར་སོགས་དེང་དུས་བོད་རིག་པའི་ཞིབ་འཇུག་བ་མང་གིས་གསུངས།

  ཞིབ་གསལ་དཔེ་ཆའི་ཁྲོད་དུ་གཞིགས་ན་ཞང་ཞུང་གི་ལོ་ཙྭ་བ་རྣམས་བྱོན་ལུགས་ལྟར་ཞང་ཞུང་སྒོ་ཕུགས་བར་གསུམ་རེ་ལ་སྒོ་ཕུགས་བར་གསུམ་ཞེས་གསུམ་གསུམ་དུ་ཕྱེས་འདུག་པས་དེ་དག་གི་རྗེས་འབྲང་རེ་བྱེད་ཅིང་ཤོད་སྲོལ་མི་མཐུན་ལྟ་བ་བཟུང་བར་ཁུམས།

ཞང་ཞུང་སྒོ་པ།

  སྐབས་འདིར་ཞང་ཞུང་སྒོ་པ་སྐོར་གྱི་ཟིན་བྲིས་ཞིག་བཀོད་པ་ལགས། ཞང་ཞུང་སྒོ་པ་ནི་ཞང་ཞུང་གི་ཡུལ་བྱེ་བྲག་བ་ཞིག་སྟེ། ཞང་ཞུང་གི་ཚོ་པ་ཁག་ཅིག་ཏུ་ངོས་འཛིན་འདུག་ལ། འདིར་ཞང་ཞུང་དང་ལྟོས་ས་ལྟོས་འཇོག་བྱས་ནས་བཤད་ཚེ། ཞང་ཞུང་ཆུང་པ་ཞེས་ཞང་ཞུང་ཆེ་བའི་ཆ་ཤས་ཤིག་ཡིན་པའི་རྒྱུ་མཚན་གྱིས་བཏགས། ཞང་ཞུང་ཆུང་བའི་ཡུལ་དེ་དེང་དུས་བོད་ཡུལ་ཡིན་པ་སྨོས་མེད་ཡིན་ནའང་། སྒོ་པའི་ཡུལ་ངོས་བཟུང་སྟངས་ནི་མང་དུ་མཆིས་པ་ལས། བོན་གྱི་ལོ་རྒྱུས་གྲགས་ཅན་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་དགོངས་ལ་ལྟར་ཞང་ཞུང་སྒོ་པ་ནི་ཞང་ཞུང་གི་ཡུལ་དབུས་ཡིན་པའི་ངོས་འཛིན་ཡོད་དེ། ཕྱི་མ་སྒོ་བ་ཞང་ཞུང་དངོས་ཀྱི་ཡུལ། །སྟོད་ནས་ཁ་ཆེའི་ཡུལ་མཚམས་སེང་གེ་ཕྱིན། །བྱང་ཕྱོགས་ཧོར་གྱི་གངས་རྒྱུད་ཚུན་དང་སྨད། །སུམ་པ་གླང་གི་གྱིམ་ཤོད་ཡན་ཆད་དང་། །ལྷོ་རྒྱུད་རྒྱ་གར་བལ་པོའི་ཡུལ་མཚམས་ཚུན། ། [17] ཞེས་པའི་ཚིགས་སུ་བཅད་པ་དེས་རྟོགས།

  མཁས་དབང་དབྲ་སྟོན་གྱིས་སུམ་པ་གླང་གི་གྱིམ་ཤོད། ཁྱུང་པོ་སྟེང་ཆེན་རྩེ་དྲུག་ཤེལ་ལེ་རྒྱ་གར་ནི་ཞང་ཞུང་སྒོ་པའི་ལྟེ་བ་རུ་ཡིན་པ་བསྟན་པ་མ་ཟད། ནང་གསེས་ཚོ་པ་སོ་དགུ། བྱང་ཕྱོགས་རྒྱ་ལྡེ་ཉེར་ལྔ་ད་ལྟའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཡིན་ལ་དེ་དག་ཕལ་ཆེར་ཞང་ཞུང་སྒོ་པའི་ཁྱབ་གཏོགས་སུ་བཞག་ཡོད། དོན་གྲུབ་ལྷ་རྒྱལ་དང་། ཝུན་སིན་ཐི་སྦེ་ལེ་ཚ་སོགས་ཀྱི་ཞིབ་འཇུག་ལྟར་ན་བོད་ལྗོངས་ཆ་མདོའི་ས་ཁོངས་གཏོགས་པའི་ས་ཆ་དག་ཞང་ཞུང་སྒོ་པའི་ཡུལ་ཡིན་པར་བཤད། [18]

  བོད་ཀྱི་དཔེ་རྒྱུན་ལྟར་ན་ཞང་ཞུང་སྒོ་པའི་སྒོ་ཕུགས་བར་གསུམ་ཞེས་ཡང་སུ་གྲགས་པ་ནི། སྒོ་པའི་ཕུགས་པ་ཁྱུང་ལུང་དངུལ་མཁར་གྱི་སྐོར་དང་། བར་པ་དྭང་ར་སྟ་སྒོའི་སྐོར་དང་། ཕྱི་མ་གྱིམ་ཤོད་ཤེལ་ལེ་རྒྱ་གར་སོགས་ངོས་འཛིན་གྱི་ཡོད་པ་སྨན་རི་སློབ་དཔོན་བསྟན་འཛིན་རྣམ་དག་གི་ [19] འབེལ་གཏམ་ལུང་གི་སྙིང་པོར་འཁོད་ཡོད། གཞན་ཡང་གནས་མཆོག་འོལ་མོ་ལུང་རིང་ཞིང་བཀོད་བཞུགས་ཞེས་པའི་དཔེ་རྙིང་དུ། སྒོ་པ་བྱ་རུ་གཙུག་ལྡན། ཡང་སྒོ་པ་ཁྱུང་ལུང་དངུལ་མཁར། ཡང་སྒོ་པ་གྱིམ་ཤོད་རྩེ་དྲུག་ [20] ཅེས་གསལ་ཡོད་པ་ལྟ་བུ་ཡིན། མ་རྒྱུད་བསྒོམ་འགྲེལ་ཉི་མིའི་དཀྱིལ་འཁོར་ལྟར་ན་[21] ཁྱུང་ལུང་དངུལ་མཁར་ནི་ཞང་ཞུང་སྒོ་པའི་ལྟེ་པ་ཡིན་པར་གསལ་བར་ཤེས་ལ། དབང་རྒྱལ་དང་བསོད་ནམས་སྐྱིད་གཉིས་གྱིས་བསྒྲིགས་པའི་ཏུན་ཧོང་ཡིག་ཆ་ལྟར་ན་གུ་གེ་ཡུལ་མི་ནི་ཁྱུང་ལུང་གི་བྲན་གཡོག་ཡིན་པ་གསལ།

མཇུག་བཤད།

  དེར་ཞང་ཞུང་ནི་གནའ་བོའི་རྒྱལ་ཁབ་སྟོབས་ལྡན་ཞིག་དང་། རང་རྐྱ་ཐུབ་པའི་རྒྱ་ཁབ་ཆེན་པོ་ཞིག་ཏུ་ཆགས་ཡོད་པ་ནི། དུས་རབས་བདུན་པའི་ནང་གི་ཞང་ཞུང་རྒྱལ་པོའི་རྗེ་མོ་སད་མར་ཀར་གྱིས་བློངས་པའི་མགུར་ལས། ཡུལ་གྱྀ་ནྀ་སྐལ་པོག་ལ། ཁྱུང་ལུང་ནྀ་དངུལ་མཁར་ཞྀག མྀ་སུ་ནྀ་གཞན་ན་རེ། པྱྀ་བལྟས་ནྀ་ངམ་དང་བྲག ནང་བལྟས་ནྀ་གསེར་དང་དབྱྀག [22] ཅེས་པས་རྟོགས་ཤིང་། ཞང་ཞུང་སྒོ་ཕུགས་བར་གསུམ་ཀ་བོན་གྱི་བསྒྲུབ་གནས་ཁྱད་པར་ཅན་ཞིག་དང་བོན་བསྟན་ཆེས་དར་ཁྱབ་ཆེ་བའི་ཡུལ་གྲུ་ཞིག་ཏུ་བྱུང་ཡོད། ཏི་སེའི་དཀར་ཆག་ཚངས་དབྱངས་ཡིད་འཕྲོག་སོགས་བོན་གྱི་དཔེ་རྒྱུན་ལྟར་འདིའི་ཐད་མང་དུ་ཞུ་རྒྱུ་ཡོད་ཀྱང་གནས་སྐབས་དེ་ཙམ་གྱིས་ཆོག་གོ །

  དུས་རབས་རིམ་པར་ཕྱིན་ནས་ཞང་ཞུང་ལ་སྒོ་པའི་སྒོ་ཕུགས་བར་གསུམ་དང་། བར་པའི་སྒོ་ཕུགས་བར་གསུམ། ཕུགས་པའི་སྒོ་ཕུགས་བར་གསུམ་ཞེས་གསུམ་གསུམ་དུ་དབྱེ་བ་ཡོད་ལ་རྩ་བའི་དབྱེ་གཞི་གཅིག་ཏུ་ཁེལ་ཡོད། ད་དུང་ཞང་ཞུང་ལ་སྟོད་སྨད་ཅེས་བཤད། མདོར་ན་བོད་བཙན་པོའི་རྒྱལ་རབས་མ་དར་གོང་དུ་ཞང་ཞུང་གི་མངའ་འོག་ཏུ་འདུས་པའི་ལ་དྭགས་དང་། ཁ་ཆེ། ཕ་ཀི་སི་ཐན། སྦལ་ཏི་སི་ཐན། ཞང་ཞུང་ཁ་ཡུག ཁ་སྐྱོར། ཁ་རག་སོགས་དེང་དུང་མངའ་རིས་ཀྱི་ས་ཁོངས་ཡོངས་དང་། མཐོ་སྒང་ནག་ཆུའི་ས་ཁུལ་དང་། མཚོ་སྔོན་ཞིན་ཆེན་ཡུལ་ཤུལ་ཁུལ། ཁྱུང་པོ་སྟེང་ཆེན་ལྟེ་བ་བྱས་པའི་ཆབ་མདོའི་ས་ཁུལ་དག་ཡིན། གཞན་ཡང་འབྲི་ཆུའི་ས་ཕྱོགས་དཀར་མཛེས་ཁུལ་ས་ཆ་ཁག་གཅིག་ཡ་ཐོག་ཞང་ཞུང་གི་མངའ་འོག་དུ་ཡོད་པར་སྐུ་ཞབས་ཚེ་རིང་ཐར་ལགས་ཀྱིས་ [23] དོགས་སློང་གནང་ཡོད་མོད། ཡོངས་སུ་གྲགས་ཆེ་བར་ཞང་ཞུང་རྒྱལ་ཁག་བཅོ་བརྒྱད་དམ་ཞང་ཞུང་ཁྲི་སྡེ་བཅོ་བརྒྱད་ནི་གནའ་བོའི་ཞང་ཞུང་གི་མངའ་འོག་ཁག་ལས་དར་རྒྱས་ཆེ་བའི་སྲིད་དབང་རྣམས་ཡིན།

  དེར་ཞང་ཞུང་དུ་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་བྱུང་ཞིང་། དོན་ཐོག་ཞང་ཞུང་གི་རྒྱལ་པོ་ཧོས་རྗེ་ཁྲི་ཝེར་ནོར་འཛིན་ནམ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན་གྱིས་འཛམ་གླིང་རྒྱལ་ཁམས་མང་པོ་དབང་བསྒྱུར་ཡོད་པར་གསུངས། ཁྲི་ཝེར་གསེར་གྱི་བྱ་རུ་ཅན་ནས་བརྒྱུད་ཞང་ཞུང་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཅེས་བྱུང་བར་གྲགས། དེར་བྱ་རུ་ཞེས་པ་ནི་ཞང་ཞུང་གི་རྒྱལ་པོའི་མཚོན་བྱེད་དུ་དབུ་ཞྭ་བྱ་རྒྱལ་ཁྱུང་ཆེན་གྱི་ར་གཟུགས་ཅན་ཞིག་གྱོན་པ་ཡིན། བོན་གྱི་སྐྱེ་སྒོ་བཅོད་པའི་མདོ་ལས། བྱ་རུ་ཐོབ་པའི་གཤེན་བརྒྱད། ཅེས་ཡོད་པ་དེ་དག་ཞང་ཞུང་གི་རྒྱལ་བོ་སོགས་ལ་ངོས་བཟུང་དགོས། ཞང་ཞུང་གི་སྟེ་བ་དེང་སང་སྟོད་མངའ་རིས་ཞེས་པ་སྨྲ་བ་ནི། སྲོང་བཙན་སྒམ་པོས་སྤྱི་ལོ་༦༤༥ལོར་ཞང་ཞུང་རྒྱལ་པོ་སྙ་ཤུར་གཏོར་ནས་ཞང་ཞུང་ཚང་མ་བོད་བཙན་པོའི་མངའ་འོག་ཏུ་བསྡུས་ཤིང་ཡུལ་ལའང་མངའ་རིས་ཞེས་ཐོགས་པ་རེད་ཅེས་ཆོས་འབྱུང་འགའི་ནང་དུ་གསལ། འོན་ཀྱང་རིག་ལྡན་རྣམས་ཀྱིས་དཔྱད་པར་བྱའོ།། །།

  དཔྱད་གཞིའི་ཡིག་ཆ།

  ༡ ཀུན་འབུམ་ཁྲ་བོ། སྟོན་པ་གཤེན་རབ་ཀྱི་བཀའ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད༡༣༣པ། ཤོག་གྲངས༥༧དུ་གསལ།

  ༢ ཆོས་འབྱུང་མཁས་པའི་དགའ་སྟོན། དཔའ་བོ་གཙུག་ལག་ཕྲེང་བས་མཛད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།

  3《大堂天竺出使铭》西藏吉隆县境内发现的摩崖碑铭

  4 བསྟན་འབྱུང་སྐལ་བཟང་མགྲིན་རྒྱན། དཔལ་ལྡན་ཚུལ་ཁྲིམས་ཀྱིས་རྩོམ། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་༡༠པ། ཤོག་ལྷེ་༡༤ནས་གསལ།

  5 འཛམ་གླིང་མཐའ་དབུས་ཀྱི་རྣམ་གཞག་ཉེར་མཁོའི་སྣང་བ། དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་བརྩམས། མི་རིགས་དཔེ་སྐྲུན་ཁང་། པར་གཞི་དང་པོ། གསུང་འབུམ་པོད་༢པ། ཤོག་ངོས་༩༩ནས་༡༢༥བར་དུ་གསལ།

  6 མ་རྒྱུད་ཐུགས་རྗེ་ཉི་མའི་བསྒོམ་འགྲེལ་ཉི་མའི་དཀྱིལ་འཁོར། སྒོ་བཞི་མཛོད་ལྔའི་ཡང་བཅུད། གླེགས་བམ༡༧པ། ཤོག་གྲངས་༡༨༠ནས་གསལ།

  7 ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན། སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས། ཤོག་གྲང་༩༣ནས་༡༡༠ནང་དུ་འཁོད་ཡོད།

  8 བོད། སླར་ཡང་གཅིག་གྱུར་དང་སིལ་བུར་འཐོར་བུ། མཁར་རྨེའུ་བསམ་གཏན་གྱིས་བརྩམས། དཔེ་སྐྲུན་ཁང་མ་གསལ། ཤོག་གྲངས་༦༣ནས་མཐོང་།

  9 ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ཅེས་བྱ་བ་བཞུགས་སོ།། འབྲུག་པདྨ་དཀར་པོས་རྩོམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། པར་ཐེངས་དང་པོ། ཤོག་ངོས༡༤༢ལས་གསལ།

  10 གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞིང་བཀོད། ལག་བྲིས་དཔེ་གཟུགས། སོག་སྡེ་སྤྲུལ་སྐུའི་བོན་གྱི་བརྟེན་འགྱུར་ཆེན་མོ།

  11 ཀུན་འབུམ་ཁྲ་བོ། སྟོན་པ་གཤེན་རབ་ཀྱི་བཀའ། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ། པོད༡༣༣པ། ཤོག་གྲངས༥༧དུ་གསལ།

  12 ཞང་ཞུང་ཞིབ་འཇུག་དང་འབྲེལ་བའི་གནའ་རྫས་རྟོག་ཞིབ་རིག་པའི་སྐོར། དོན་གྲུབ་ལྷ་རྒྱལ་གྱིས་བརྩམས། ཀྲུང་གོ་ཞང་ཞུང་རིག་གནས་སྣ་འདུས་དུས་དེབ། འདོན་ཐེངས་༩པ། ཤོག་གྲངས༡ནས་མཐོང་།

  13 འཛམ་གླིང་མཐའ་དབུས་ཀྱི་རྣམ་གཞག་ཉེར་མཁོའི་སྣང་བ། དབྲ་སྟོན་སྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་རྩོམ། མི་རིགས་དཔེ་སྐྲུན་ཁང་། པར་གཞི་དང་པོ། གསུང་འབུམ་པོད་༢པ། ཤོག་ངོས་༩༩ནས་༡༢༥བར་དུ་གསལ།

  14 བོད་བཙན་པོའི་རྒྱལ་རབས། ཤོག་ངོས་༢༩ནང་དུ་གསལ།

  15 མ་རྒྱུད་ཐུགས་རྗེ་ཉི་མའི་བསྒོམ་འགྲེལ་ཉི་མའི་དཀྱིལ་འཁོར། སྒོ་བཞི་མཛོད་ལྔའི་ཡང་བཅུད། གླེགས་བམ༡༧པ། ཤོག་གྲངས་༡༩༠

  16 གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞིང་བཀོད། ལག་བྲིས་དཔེ་གཟུགས། སོག་སྡེ་སྤྲུལ་སྐུའི་བོན་གྱི་བརྟེན་འགྱུར་ཆེན་མོ།

  17 བསྟན་འབྱུང་སྐལ་བཟང་མགྲིན་རྒྱན། དཔལ་ལྡན་ཚུལ་ཁྲིམས་ཀྱིས་བརྩམས། བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོ། པོད་༡༠པ། ཤོག་ལྷེ་༡༤ནས་གསལ།

  18 སྔ་རབས་བོད་གྱི་བྱུང་བ་བརྗོད་པའི་འབེལ་གཏམ་ལུང་གི་སྙིང་པོ། སྨན་སློབ་བསྟན་འཛིན་རྣམ་དག་གི་གསུང་འབུམ་པོད་༣པ། ཁྲི་བརྟན་ནོར་བུ་རྩེའི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས། ཤོག་གྲངས་༢༩ལས་གསལ།

  19 གནས་མཆོག་དམ་པ་འོལ་མོ་ལུང་རིང་ཞིང་བཀོད། ལག་བྲིས་དཔེ་གཟུགས། སོག་སྡེ་སྤྲུལ་སྐུའི་བོན་གྱི་བརྟེན་འགྱུར་ཆེན་མོ།

  20 བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བསྡུས་སློབ་དེབ། མི་རིགས་དཔེ་སྐྲུན་ཁང་། བཙན་མོ་སད་མར་ཀར་གྱི་མགུར། ཤོག་གྲངས་༧༤ནང་དུ་གསལ། གོ་ཤུལ་གྲགས་པ་འབྱུང་གནས་ཀྱི་རྩོམ་སྒྲིག་བྱས།

  21 མ་རྒྱུད་ཐུགས་རྗེ་ཉི་མའི་བསྒོམ་འགྲེལ་ཉི་མའི་དཀྱིལ་འཁོར། སྒོ་བཞི་མཛོད་ལྔའི་ཡང་བཅུད། གླེགས་བམ༡༧པ། ཤོག་གྲངས་༡༩༠

  22 ཞང་ཞུང་ཤེས་རིག་སྐོར་གྱི་དཔྱད་བརྗོད་བྱ་རུའི་གཟི་བྱིན། སྟོང་སྐོར་ཚེ་རིང་ཐར་གྱིས་བརྩམས། ཤོག་གྲང་༩༣ནས་༡༡༠ནང་དུ་འཁོད་ཡོད།

 

བསྡོམས་པས་དཔྱད་མཆན་ཡོད།དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ། རང་གི་དངོས་མིང་གི་ལམ་ནས། ངེད་དྲ་ཚིགས་ཀྱི་འཕྲིན་ལས་ཡུན་རིང་དུ་རྒྱས་ཕྱིར་ཁྲིམས་འགལ་གཤེ་བསྐུར་དང་། བསྟན་པར་འཚེ་བའི་ལུགས་དགག་བྱ་རུ་དགོངས་ཏེ་དཔྱད་གཏམ་སྤེལ་ན་ཤིན་ཏུ་ལེགས་པས། ཚང་མས་ཕན་ཚུན་ལ་གུས་བཀུར་དང་བརྩི་འཇོག་གི་ལམ་བུར་ཞུགས་ཏེ་བསྟན་པ་སྤྱི་ལ་ཕན་པའི་མཆན་འདེབས་རོགས་གནང་བར་ཞུ་ཞུ། །
སྤེལ་མཁན།