ལོ་གསར་གྱི་ལུག་མགོ་ལས་འཕྲོས་པའི་གཏམ།
[ཟླ་ཚེས། 2021-01-24 13:04:40][རྩོམ་པ་པོ། དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།][རྩོམ་ཁུངས། ཧི་མ་ལ་ཡའི་བོན།][ཀློག་གྲངས། ]
སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་འབྲེལ་བ།
རང་རེའི་སྤྱི་ཚོགས་ཁྲོད་སྲོལ་རྒྱུན་གྱི་བྱེད་སྒོ་མང་པོ་ཞིག་ལ་ང་ཚོས་གཟབ་ནན་གྱིས་མ་བརྟག་པར་ཚོད་ཚོད་ངང་འདི་དང་དེ་སོགས་སྨྲ་ན་ལོ་རྒྱུས་ཀྱི་ངོ་གདོང་བརླག་པ་དང་མེས་པོ་ཚོས་བཞག་པའི་སྲོལ་རྒྱུན་རིག་གནས་ལ་གུས་བརྩི་མི་ཤེས་པའི་སྐྱོན་སོགས་མ་འོངས་མི་རབས་གསར་པ་རྣམས་ལ་བག་ཆགས་ངན་པ་འཇོག་གི་ཡོད།
འདིར་དཔེར་མཚོན་ཞིག་ནི་ང་ཚོས་ནམ་རྒྱུན་ལོ་གསར་སྐབས་སུ་གསོལ་སྟོན་དང་མཆོད་རྫས་སུ་གཤམ་པའི་ལུག་མགོའམ། ཡང་ན་དེའི་རི་མོ་དང་བྱད་བཅོས་རྣམ་པ་སྐོར་དེ་རེད། མཁས་པ་ཡིན་ཟེར་མཁན་དེ་ཚོས་ད་བར་ལོ་གསར་གྱི་ལུག་མགོར་འགྲེལ་བཤད་གཉིས་ཙམ་རྒྱག་གིན་འདུག་སྟེ། གཅིག་ནི། དམངས་ཁྲོད་དུ་བྱུང་བའི་སྒྲུང་ཞིག་སྟེ། སྔོན་བོད་དུ་མིང་གྲགས་ཡོད་པའི་བློན་ཆེན་བཞིས་འོ་ཐང་གི་མཚོ་འགྲམ་དུ་རྒྱལ་པོའི་བཙུན་མོ་བསུ་དོན་སྐོར་ལ་གྲོས་བྱེད་སྐབས་ཁོ་ཚོ་སོ་སོས་འཁྱེར་ཡོང་བའི་ཤ་གཟུགས་རྣམས་བསྒྲིགས་པས་ལུག་ཤ་ཆ་ཚང་གཅིག་ཆགས་པས་ཚང་མས་རྟེན་འབྲེལ་བཟང་པོར་བརྩིས་ཏེ། རྗེས་སུ་དེ་ལོ་གསར་གྱི་ལུག་མགོ་གཤམ་པའི་སྲོལ་དེ་ཆགས་ཚུལ་དང་། གཉིས་པ། གནའ་བོའི་བོད་ཀྱི་ཆོས་ལུགས་བོན་ཡིན་རྩང་དེའི་ལུགས་ཀྱི་དམར་མཆོད་འབུལ་བའི་སྲོལ་དེ་མ་མཉམ་པར་ད་ལྟའི་ལོ་གསར་ལ་ལུག་མགོ་གཤམ་པ་ནི་བོན་ཆོས་ཀྱི་དམར་མཆོད་མཚོན་བྱེད་ཡིན་པར་བཤད།
བཤད་ལུགས་དང་པོ་དེ་སྤྱིར་བཏང་དམངས་ཁྲོད་ཀྱི་གཏམ་རྒྱུད་གཞན་ལྟར་ཁུངས་དང་རྒྱབ་ལྗོངས་སོགས་དེ་ཙམ་ཡོད་པར་མ་མཐོང་ལ། ཅི་སྟེ་གོང་སྨྲས་ཀྱི་གཏམ་རྒྱུད་དེ་དངོས་གནས་བྱུང་ཡོད་པའི་དབང་དུ་བཏང་ཚེ། དམངས་སྲོལ་གྱི་ལོ་རྒྱུས་ཡིག་ཚང་ཁག་ནང་ཅུང་ཙམ་ཡོང་དགོས་མོད་ཀྱང་ད་བར་མ་མཇལ།
བཤད་ལུགས་ཕྱི་མ་ནི་ནམ་རྒྱུན་ཆོས་ལུགས་གཞན་གྱིས་གཡུང་དྲུང་བོན་ལ་སྡང་བའི་བཤད་སྟངས་ཤིག་ཡིན་སྟབས། མང་ཚོགས་ཁྲོད་མི་མང་བྱིང་རྣམས་ཀྱིས་བཤད་སྲོལ་འདི་ཡང་དག་ཡིན་པར་རློམ་གྱིན་ཡོད། ལྷག་དོན་མཁས་མིང་ཡོད་པ་འགས་ཀྱང་ལོ་གསར་གྱི་ལུག་མགོ་དེ་ཚོ་བོན་གྱི་དམར་མཆོད་ཀྱི་རྒྱུན་ཡིན་པར་མ་ཚད། སོག་ཡུལ་དང་བོད་ཀྱི་མཐའ་འཚམས་ཁག་ལའང་བསང་གསོལ་སྐབས་སུ་དུད་འགྲོའི་རོ་ཆ་ཚང་མེར་བསྲེག་བྱེད་ཀྱིན་ཡོད་པའི་སྒྲུབ་བྱེད་སོགས་འགོད་ཀྱིན་གདའ་མོད། དོན་ངོ་མ་བསང་གསོལ་བཟློག་ཟོར་སྐབས་སུ་དུད་འགྲོའི་ཤ་དང་རྒྱུ་རློན་མཐོང་བ་ཙམ་གྱིས་ཞེ་མེར་བ་དང་སྐྱི་འཇིགས་པ་རི་ལྟར་སྤུངས་མཁན་གྱི་དགོན་པ་དང་བླ་གྲྭ་དེ་ཚོ་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པ་རེད་འདུག་གམ། ཡང་ན་ཆོས་རྒྱུད་གཞན་རེད་འདུག་ལོ་འདི་དག་གི་རིང་དྲྭ་ལམ་ཁག་ནས་ང་ཚོས་རྒྱུན་དུ་གསལ་གསལ་ཐིང་ཐིང་མཐོང་ཐོས་བྱུང་བཞིན་ཡོད་པས་ངོ་མ་བྱས་ན་མི་མང་པོ་ཞིག་རྨོངས་གཉིད་ལས་སད་ཚོད་ཡིན། དེ་སྔོན་གཡུང་དྲུང་བོན་གྱི་སྒྲ་གྲགས་ས་མེད་པའི་ལྷ་ལྡན་སྨོན་ལམ་དང་གཏོར་རྒྱག་སོགས་དང་འབྲེལ་ནས་ལྷ་སའི་སྤྲང་པོ་ཚོའི་གནས་སྟངས་འཁོད་པའི་ལོ་རྒྱུས་དེབ་ཐེར་ཞིག་ནང་འདི་ལྟར་བྲིས་ཡོད། “ཁོ་རང་ཚོའི་དུར་ཁྲོད་དེ་ལྷ་སའི་ཉེ་འཁོར་བར་སྐོར་ཕྱི་ལ་ཡོད། ཁོ་རང་ཚོའི་ལྤགས་པ། མགོ། རྐང་ལག་རེ་ནང་ཆ་ཚང་མ་ཉར་ཚགས་བྱས་ནས་གཏོར་རྒྱག་དང་། ཞབས་རིམ་ཆེན་མོ་མཛད་སྐབས་སུ་རྫས་ཆ་མེད་དུ་མི་རུང་བའི་མཁོ་གནད་ཞིག་ཡིན་པ་རེད། ”ཅེས་སྐབས་དེ་དུས་མིག་གིས་དངོས་སུ་མཐོང་བ་དང་མྱོང་བ་ཡོད་པའི་མིས་འདི་ལྟར་བྲིས་ཡོང་དུས་དོན་ངོ་མ་དམར་མཆོད་འབུལ་རྒྱུ་དང་འབུལ་མཁན་སུ་ཡིན་པ་ཤེས་ཐུབ་པ་ཞིག་རེད།
ཅི་སྟེ་གཡུང་དྲུང་བོན་ལུགས་ལ་ལུག་མགོ་སོགས་དམར་མཆོད་འབུལ་བའི་སྲོལ་ཡོད་ན་དེའི་ཆོ་ག་དང་ལག་ལེན་གྱི་དཔེ་ཆའམ་ཡང་ན་འདོན་སྤྱོད་སོགས་ཡོད་དགོས་མོད་ཀྱང་། བོན་གཞུང་ན་དེ་འདྲའི་དཔེ་ཆ་ཁྱི་ལྕེ་ཙམ་ཞིག་མཐོང་ཡུལ་དུ་མེད་པ་མ་ཟད། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཉིད་ཀྱི་རྣམ་ཐར་དང་འབྲེལ་བའི་དཔེ་ཆ་དེ་ཚོའི་ནང་། གང་ཟག་གཞན་ཞིག་འཚོ་བའི་ཆེད་དུ་གཞན་གྱི་སྲོག་འཕྲོག་པ་ནི་གཤེན་རབ་ཀྱི་བོན་མིན་གསུངས་པ་དང་། དེ་ཡང་མདོ་གཟེར་མིག་ལས། "ཁམས་གསུམ་སེམས་ཅན་མཉམ་པའི་ཆ་ལ་མི་འཇོག་པར། །གཅིག་གསོ་གཅིག་གསོད་བྱ་བའི་བོན་ནི་བདག་གིས་མི་ཤེས་སོ། །དེ་ནི་ལོག་པར་གོལ་བས་བྱ་རུ་མི་རུང་ངོ་། །"ཞེས། དུད་འགྲོའི་དམར་མཆོད་དང་ཕར་ཞོགས། བསང་གསོལ་སྐབས་སུ་དམར་ཟས་འདྲེས་ན་ལྷ་སྲུང་ལ་འཁོན་ཞིང་ནོང་པ་ཐོལ་བས་ཆེས་འཛེམས་དགོས་པ་ནི། རྒྱལ་པོའི་བླ་ཡི་མཆོད་དཔེ་ཞང་བོད་དཔོན་གསས་མང་པོའི་སྐུ་རིང་དུ་བརྒྱུད་ཅིང་སངས་པོ་ཁྲི་ནེ་ཁོད་ཀྱིས་ཡི་གེར་བཏབ་པའི་སྲིད་པ་སྤྱི་སྐོང་སྣང་སྲིད་སྤྱི་མདོས་ཆེན་མོ་ལས། “བདུད་བོན་གྱི་དམར་ཐབ་ལ། །གཤེན་རབ་ནི་ཅི་དགྱེས་ཏེ། །ཁྱབ་པ་ནི་ཆམ་ལ་ཕབ། །འབྲུ་དཀར་ནི་གཏོར་མས་བསྐང་། །དམར་ཐག་གིས་འདྲེས་བྱུང་ན། །གཤེན་ལྷ་ལ་ནོང་པ་ཐོལ། །གདོན་གདོན་གྱི་ཤི་ཆུའི་སྐྱེམས། །གཤེན་རབ་ནི་ཅི་བགྱིས་ན། །གདོན་འདྲེ་ནི་ཆམ་ལ་ཕབ། །འབྲུ་དཀར་ནི་ཡུ་ཏིས་བསྐང་། །ཤི་ཆུ་ཡིས་འདྲེས་བྱུང་ན། །གཤེན་ལྷ་ལ་ནོང་པ་ཐོལ། །”ཞེས། འདི་འདྲའི་ཁ་གསལ་ཡོད་ཀྱང་གྲུབ་མཐའི་ཆགས་སྡང་དབང་གིས་ཕྱི་ལོའི་དུས་རབས་བདུན་བརྒྱད་ཡས་མས་ནས་ད་བར་བོན་པོ་ཚོ་བོད་ཀྱི་སྤྱི་ཚོགས་ནས་ལོགས་སུ་འཕུད་ཅི་ཐུབ་བྱེད་བཞིན་ཡོད་པས། འདི་དག་ལ་བསམ་ཚེ། ལེགས་བཤད་ལས། “ཀྱཻ་མ། སྙིགས་འདུས་འདིར་སྐྱེས་པའི། །ཁྲི་གཙུག་བསྟན་ལ་བཤེ་བ་འཚོལ། །དེས་ན་བུ་ཚས་ཕ་ཁུ་ཡིས། །རིགས་རྒྱུད་ངན་པ་བཤད་དང་མཚུངས། །”ཞེས་པར་ཅིས་མི་བདེན་སྙམ་བཞིན་འཚམས་རེར་རང་རིགས་འགའ་ལ་སྐྱོ་བའང་སྐྱེ་ཡོང་། ལྷག་དོན་ལོ་གསར་གྱི་ལུག་མགོ་བོན་ཆོས་ཀྱི་དམར་མཆོད་མཚོན་བྱེད་ཡིན་ན་དེས་རྟེན་འབྲེལ་ཇི་ལྟར་མཚོན་ཏེ། དམར་མཆོད་ནི་འཚེ་བ་མི་དགེ་བའི་ལས་ཏེ་བཀྲ་ཤིས་པ་དང་རྟེན་འབྲེལ་གྱི་བྱ་བར་རྒྱག་འགལ་ཡིན་པས་སོ། །
ཡུལ་སྲོལ་གོམ་གཤིས་དང་སྲོལ་རྒྱུན་གྱི་རིག་གནས་མང་པོ་ཞིག་ཆོས་ལུགས་དང་མ་འབྲེལ་བའི་མི་ཡི་རིགས་ཀྱི་འཚོ་ཐབས་དང་འབྲེལ་ནས་ཡོད་ལ། ཡང་འགའ་ཞིག་ཐོག་མར་སྤྱི་ཚོགས་ཀྱི་བསམ་བློ་དང་འགུལ་སྤྱོད་ལས་རིམ་པར་ཆོས་ལུགས་ཁོངས་སུ་འདྲེས་པའང་བྱུང་ཡོད། ང་ཚོ་མཐོ་སྒང་བོད་ཡུལ་འདིར་མཚོན་ན་འཛམ་གླིང་གི་མི་རིགས་གཞན་ལྟར་མི་རྣམས་ཐོག་མར་རི་དྭགས་དང་གནག་ཕྱུག་འཚོ་སྐྱོང་ནས་རིམ་པར་ཞིང་ལས་ཐོན་བསྐྱེད་ཀྱི་འཚོ་བའི་བར་བརྒྱུད་ཡོང་བ་ཡིན་ནའང་། འབྲོག་ལས་གནག་ཕྱུག་འཚོ་སྐྱོང་གི་འཚོ་བར་བརྟེན་པ་ཡུན་རིང་བའི་མི་རིགས་ཤིག་ཀྱང་རེད།
མི་ཞིག་ལ་མཚོན་ན་སོ་སོའི་འཚོ་རྟེན་དེར་འབད་བརྩོན་དང་དོ་སྣང་། དེ་ཉིད་གཅེས་སྐྱོང་དང་བདག་གཉེར་གང་འདྲ་དགོས་མིན་ལ་བསམ་བློ་མི་གཏོང་མཁན་ཞིག་མེད་ལ། དེའི་འཕེལ་འགྱུར་ལའང་རྣམ་པ་མི་འདྲ་བའི་སྒོ་ནས་བརྟག་དཔྱད་དང་ཡིད་ཆེས་བྱེད་བཞིན་ཡོད། གནའ་སྔོན་གལ་ཏེ་འབྲོག་ལས་གཉེར་ཞིང་ལུག་ཁྱུ་ལྷས་ལ་སྐོར་མཁན་ཞིག་ཡིན་ན། ལུག་གི་འཕེལ་འགྱུར་ལ་དཔེ་སྟོན་བྱས་ཏེ་མི་རྒྱུ་གཞན་ལའང་དེ་ལྟར་འཕེལ་བའི་སྨོན་བཙུག་པ་ནི་སྤྱིར་བཏང་བ་ཡིན། དཔེར་ན་སྲོལ་རྒྱུན་གྱི་རྣམ་པ་དེ་ཚོ་ད་ལྟའང་མ་ཉམས་པར་ཡོད་པ་ནི། བོད་སྟོད་ཕྱོགས་མངའ་རིས་དང་ནག་ཆུའི་བྱང་ཁུལ། གཞིས་རྩེ་སོགས་སུ་ལུག་མགོ་བརྩི་ཞེས། ལུག་ཁྱུའི་ནང་ནས་ལུག་བཟང་འགའ་གདམས་ཏེ་དེར་ལོ་ཕྱི་མར་རྩྭ་ཆུ་འཛོམས་པ་དང་སོས་འཕེལ་ལེགས་པ། གནག་ཕྱུག་གཞན་ལའང་ལུག་ཁྱུ་ལྟར་འཕེལ་བའི་སྨོན་འཛུག་བཞིན་ཡོད་པ་ལྟ་བུ་རེད།
སྲོལ་རྒྱུན་གྱི་བྱེད་སྒོ་འདི་དག་གིས་དོན་ངོ་མ་བོད་མི་རང་གི་འཚོ་བའི་ཁྲོད་སྒོ་ཕྱུག་དང་མིའི་བར་གྱི་འབྲེལ་བ། ལྷག་དོན་མཐོ་སྒང་གི་མི་རིགས་ཞིག་གི་འཚོ་ཐབས་དང་ཆེས་ཤ་འདྲིས་པགས་འདྲིས་སུ་གྱུར་བའི་ལུག་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་རྟོགས་ཐུབ། རྒྱུ་མཚན་ཡང་ཡོད་དེ། ལུག་ནི་སྒོ་ཕྱུག་གཞན་ལས་གསོ་སྐྱོང་བྱེད་སླ་ལ་བེད་སྤྱོད་དང་རིན་ཐང་ཆེ་བ་དང་། ཤ་པགས་རུས་དང་། འོ་ལུད་བལ་སོགས་ཐམས་ཅད་མིའི་འཚོ་བར་འགང་ཆེན་ཡིན་པར་མ་ཟད། གསོ་བ་རིག་པའི་གཞུང་ལས་ཀྱང་ལུག་ལས་བྱུང་བའི་གསོ་ཐབས་ཀྱི་སྨན་རིགས་དུ་མ་ཡོད། དེ་བཞིན་གནའ་བོའི་ཞང་བོད་ཀྱི་ལོ་རྒྱུས་རྣམས་སུ་ལུག་གི་ཡོན་ཏན་བགྲངས་སྐབས། དཔེར་ན། གཟི་བརྗིད་ལས། “མཐོང་ན་ཉམས་དགའ་བ། དཔྱད་ན་ཡིད་དུ་འོང་བ། བཞག་ན་རང་ལ་དམར་བ། བཙོང་ན་མི་ལ་འབྲིམས་པ། གོང་དང་རིན་ཐང་ཆེ་བ། ཞོ་ལས་གསོས་སུ་འབྱུང་བ། སྤུ་ལས་གོས་སུ་འབྱུང་བ། ཕྱྭ་གཡང་འཕེལ་ཁ་ཆེ་བ་ཞིག་སྣང་ཞིང་། ”ཞེས་པར་བརྟག་ན་ལུག་ནི་གནས་ཚད་མཐོ་པོར་འགྲེལ་ཡོད།
དེ་ལྟར་འབྲོག་ལས་ཤུགས་ཆེན་དར་བའི་བོད་མི་རིགས་རྣམས་ཀྱིས་ལོ་གསར་སྐབས་སུ་རང་ཉིད་ལ་ཆེས་གལ་ཆེན་ཡིན་པའི་སྒོ་ཕྱུག་ལུག་ནམ་ཡང་བརྗེད་མེད་ལ། དེ་ཉིད་ཀྱི་འཕེལ་ཁ་དང་ཡོན་ཏན་དེ་དག་སྒོ་ཕྱུག་དང་མི་རྒྱུ་གཞན་ལའང་དེ་ལྟར་ཡོང་བའི་སྨོན་ལམ་དང་རྟེན་འབྲེལ་མཚོན་ཆེད་ལུག་མགོ་དངོས་དང་ཡང་ན་དེའི་རིས་དང་བྱད་སོགས་གཤམ་བཞིན་ཡོད། གནད་དེ་དང་འདྲ་བར་ཕྱིས་སུ་ཞིང་ལས་ཤུགས་ཆེན་དར་བའི་ཞིང་པ་རྣམས་ཀྱིས་ཀྱང་རང་ཉིད་ལ་གལ་འགང་ཆེ་བའི་ལོ་ཏོག་དང་འབྲུ་རིགས་དེ་ཚོ་ལོ་གསར་སྐབས་བརྗེད་མེད་ལ། ལོ་གསར་པའི་ནང་ཞིང་ལ་ལོ་ལེགས་དང་རྩ་སད་སེར་གསུམ་མི་ཡོང་བའི་རྟེན་འབྲེལ་མཚོན་ཆེད་ལོ་ཕུད་ཅེས་པ་ལྗང་བུ་ཚོམ་བུ་གཤམ་སྲོལ་ཡོད་པ་འདི་དག་གིས་ཤེས་ནུས།
ཆོས་ལུགས་དད་མོས་དང་འབྲེལ་བ།
གོང་ཞུས་ལྟར་སྲོལ་རྒྱུན་རིག་གནས་འགའ་ཞིག་གཞི་རྩའི་ཆོས་ལུགས་ཀྱི་བསམ་སྤྱོད་དང་ཕན་ཚུན་འདྲེས་པའང་བྱུང་ཡོད་སྟབས། ཆོས་ལུགས་དང་འབྲེལ་བའི་བྱ་དངོས་མང་པོ་ཞིག་ལྷ་སྒྲུང་དང་། ཡང་ན་སྐབས་བསྟུན་མིའི་འཚོ་གནས་གྱི་འགྱུར་ལྡོག་གམ་དགོས་དབང་ཞིག་དང་འབྲེལ་ནས་ཡོད་སྟབས་གཤམ་ནས་ཆོས་ལུགས་དང་སྦྲེལ་ཏེ་བོད་མིས་ལུག་ལ་འཛིན་པའི་འདུ་ཤེས་དང་ལོ་རྒྱུས་སྐོར་ཞིག་གླེང་གི་ཡིན།
བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་ནང་ལྷ་མིའི་བར་གྱི་འབྲེལ་བ་དེ་མཐོང་མང་བའི་ཚད་དུ་ཡོད། གཅིག་བྱས་ན་བན་བོན་གྱི་ལོ་རྒྱུས་ཡིག་ཚང་གཉིས་ཀའི་ནང་བོད་མིའི་འགྲོ་བ་དེ་ལྷའམ་སངས་རྒྱས་ཀྱི་རྣམ་སྤྲུལ་ལས་ཆད་པར་འདོད་པའི་རྒྱུ་མཚན་གྱིས་ཡིན་ཆོགལོ་རྒྱུས་ཡིག་ཚང་རྙིང་པ་དེ་ཚོའི་ནང་བོད་མི་བུ་གདུང་དྲུག་གི་མྱེས་པོ་སྲིད་པ་རྒྱལ་བུ་འཐིང་གེའི་སྐོར་མང་པོ་མཐོང་རྒྱུ་ཡོད། རྒྱལ་བུ་འཐིང་གེས་ལྷ་ཡུལ་གྱི་བུ་མོ་སྲིད་ལྕམ་འཕྲུལ་མོ་ཆེ་ཁབ་ཏུ་བཞེས་སྐབས། ཡུལ་ལྷ་ཡུལ་གུང་ཐང་གི་ཡབ་ལྷ་རྗེ་ཟོམ་འབྲང་གིས་རང་གི་བུ་མོའི་བག་རྫོངས་སུ་ལུག་དཀར་མོ་ཞིག་སྤྲད་ཡོད་ཚུལ་བོན་གྱི་ཡིག་རྙིང་(མི་སྲིང་དཔལ་བགོས་དང་ལྷ་འདོག་)ཅེས་པ་ལས་གསལ་བ། <<ཁུ་བྱུག་སྔོན་མོའི་གསུང་སྙན། >>ཨང་། ༢༢༣ལས། “དཔའ་དོམ་ངོ་དམར་མིང་གིས་ཐོབ། །དཀར་མོ་མཚལ་མིག་སྲིང་གིས་ཐོབ། ”ཅེས་ལྷ་ཡི་བུ་མོ་སྲིད་ལྕམ་འཕྲུལ་མོ་ཆེ་ཐོག་མར་བོད་མགོ་ནག་གི་བཙུན་མོར་གཤེགས་སྐབས་བག་རྫོངས་ལུག་དཀར་མོ་མཚལ་མིག་ཅིག་ཐོབ་པར་བཤད་གྲོས་འདིས་ཡ་ཐོག་ཞང་བོད་མི་རིགས་ཀྱིས་ལུག་ལ་འཛིན་པའི་འདུ་ཤེས་གང་འདྲ་ཡིན་པར་རྟོགས་ཐུབ།
འགྲོ་བ་མིའི་འཚོ་གནས་བདེ་སྡུག་དང་འབྲེལ་ཏེ་པྲ་ལྟས་དང་གཏོ་རྩིས་སྨན་དཔྱད་བྱེད་པ་ནི་བོད་མིའི་རིག་གཞུང་ཁོ་ན་མིན་པར་ཤར་ནུབ་གནའ་རབས་ཀྱི་ལོ་རྒྱུས་ཁག་ལ་ལྟ་ན་སྤྱིར་བཏང་འགྲོ་བ་མིའི་རིགས་ཀྱིས་ཡ་ཐོག་ནས་དངོས་མེད་ལྷ་འདྲེ་ལ་ཡིད་ཆེས་དང་གྲོས་འདེབས་ཚུལ་གྱི་ཐབས་ལམ་ཞིག་ཡིན་པ་གསལ་ཡོད། བོད་མི་རིགས་ལ་མཚོན་ན་མོ་རྩིས་གཏོ་དཔྱད་ཀྱིས་གོ་གནས་ཆེན་པོ་འཛིན་བཞིན་ཡོད་སྟབས་འདི་དག་འབྲེལ་ཏེ་ལུག་གི་སྐོར་མང་དག་ཅིག་ཐོན་ཡོད། དཔེར་ན་སོག་མོ་ལྟ་བུ་ནི། ལུག་གཡང་དཀར་གྱི་སོག་པའི་རུས་པར་བརྟག་ནས་ལེགས་ཉེས་བཤད་པ་དཔེར་ན། བོན་གྱི་ཡིག་རྙིང་(ཕྱྭ་གཤེན་དཔྱད་དོན་སྒྱུ་མ་གསེར་འབུམ་)ལས། “གཡང་མོ་ལུག་གི་སོག་པ་ལ་མཐོང་ལྟ་ཞིག་བྱུང་ནས། དེ་ལ་ཀུན་གྱིས་མོ་བཏབ་པས། སྔ་སྟངས་དང་། ཕྱི་སྟངས་དང་། ལོ་ཟླ་དང་། ཞག་གྲངས་དང་། དུས་ཚོད་ལ་བཟང་ངན་དང་། ལེགས་ཉེས་ཇི་བྱུང་བ་ཐམས་ཅད་བདེན་པར་ཐིག་གོ། ”ཞེས་དང་།
ཡང་མོ་བཤད་བཟང་པོའི་འཐེན་ཐག་བཅོ་ལྔ་སྐབས་སུ་ཕྱུག་རིགས་དང་རྒྱུ་ནོར་འཕེལ་ཁ་ལྟ་བའི་དཔེ་ལུག་ལ་སྦྱར་ཏེ་བཤད་པ། “བཅུ་གསུམ་རུ་སོད་ཁ་ལོ་ན། ཞུན་དཀར་ལྕགས་ལ་དངུལ་མདངས་ཐོན། གཡང་མོ་ལུག་གི་ཁྱུ་ཆེན་འཕེལ། མོ་དེ་རྣམས་དགྲ་གཞི་ཀུན་ལ་གཅེས། ”ཞེས་དང་། དེ་བཞིན་ཕྱྭ་དང་གཡང་། པྲ་ལྟས་མངོན་ཤེས་སོགས་བརྟག་ཚེ་དེའི་མགོན་ལྷ་གཙོ་བོ་མངོན་ཤེས་ཕྱ་བུ་གཡང་དཀར་བསྟོད་སྐབས། དཔེར་ན། “མངོན་ཤེས་ཕྱ་བུ་གཡང་དཀར་ཡིན། ཆུ་དར་རྩི་བེར་ནབ་བཟའ་གསོལ། ཕྱག་ན་ལྷ་མདའ་སྒྲོ་དཀར་ལ། གསལ་བའི་སྒྲོན་མེ་བཏགས་པ་བསྣམས། གཡང་དཀར་ལུག་གི་རྟ་ལ་ཞོན། ཡོད་རི་དེལ་དཀར་རྩེ་མོ་ཡི། ཡ་མཚན་ཤིང་གི་རྩ་བ་ན། འཛང་པ་འཕྲུལ་གྱི་མཁར་ན་བཞུགས། ”ཞེས་སོགས། གཡང་དཀར་ལུག་ནི་རྣམ་པ་ཀུན་ཏུ་རྟགས་དང་རྟེན་འབྲེལ་པྲ་ལྟས་ལ་ཉེ་སོགས་ལ་འབྲེལ་བ་དམ་གཟབ་ཡོད་པ་མཐོང་ཐུབ།
སྤྱིར་བཏང་འབྲུ་རིགས་ཀྱི་འཕེལ་ཁ་ལེགས་པའི་དཔེ་དང་རྟེན་འབྲེལ་ནས་ལ་བྱེད་པ་དང་། ཕྱུག་རིགས་ཀྱི་འཕེལ་ཁ་ལེགས་པའི་དཔེ་ལུག་ལ་བྱེད་པའི་སྲོལ་འདི་བོད་ཀྱི་སྤྱི་ཚོགས་ཁྲོད་ཡོངས་གྲགས་ཡིན། དཔེར་ན་ངག་རྒྱུན་དུ། “སྔོན་མོ་ནས་ལ་གང་འཕེལ་དེ། །གཡང་དཀར་ལུག་ལ་དེ་འཕེལ། །”ཟེར་སྲོལ་ཡོད་པ་དང་། དེ་འབྲེལ་སྔ་རབས་དཔེ་རྙིང་དེ་ཚོའའི་ནང་ལའང་འཁོད་ཡོད་དེ། མདོ་དྲི་མེད་གཟི་བརྗིད་ལས། “ད་སྲིད་པ་སྨྲང་སྨྲང་ལུག་ལ་སྨྲང་། སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་ཡིས། འགྲོ་བ་སེམས་ཅན་གསོ་སྦྱིན་དུ། ལུག་ལྷ་བལ་ཆེན་ལ་སྨྲང་གསོལ་བས། ལྷ་བ་བལ་ཆེན་གྱི་རྫུ་འཕྲུལ་ལས། འབྲུ་ཀུན་ལ་སྔ་བ་ནས་སུ་བྱུང་། ལུག་དང་ནས་གཉིས་མཐུན་སྡེབས་པས། ལུག་ནས་འབྱུང་བཞིན་གྱི་གཏམ་དཔེ་དང་། སྔོན་མོ་ནས་ཀྱི་སྨྲན་མ་སྲིད། ”ཅེས་དང་།
དེ་བཞིན་ཕྱུག་རིགས་འཕེལ་བའི་རྟེན་འབྲེལ་ལུག་ལ་སྨོན་པའང་རྒྱུ་མཚན་ཡོད་དེ། མདོ་དྲི་མེད་ལས། “ད་སྲིད་པས་བརྩིས་བརྩིས་ལུག་ལ་བརྩིས། སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་ཡི། ཡོད་ཀྱི་གཡང་ར་སྒོ་དགུ་ལ། གཡང་ལྷ་བ་བལ་ཆེན་འཕེལ་ཆེ་བས། ལུག་ལ་སྟོང་ཕྲག་དུ་མར་འཕེལ། སྲིད་པས་ལྷ་བུ་ཡོད་པ་ཡི། ལུག་ལ་བརྩིས་བརྩིས་བགྲངས་བགྲངས་བས། བརྩིས་དང་གྲངས་ཀྱིས་མ་ནོན་ནས། བརྩིས་བཀྲ་རིན་ཆེན་གྲམ་བུ་བརྩམས། བརྒྱ་ཚོ་རེ་ལ་རྩིས་རྡོ་རེ། དེ་མི་ནོར་བ་ཡི་རྟགས་སུ་བཞགལྷ་གཞི་དཀར་པོའི་སྟེང་དུ་བཀོད། ད་དཔྱད་ལ་རྩིས་རྡོ་དགོས་པ་དང་། གཡང་མོ་འཕེལ་ཁ་ཆེ་བ་དང་། མོ་ལ་བརྩིས་གྲངས་བྱེད་པས་གཏན་ཚིགས་ཀྱང་དེ་ནས་བྱུང་ངོ་། །”ཞེས་སོགས་ཀྱིས་མཚོན་ལུག་ནི་གཡང་རྟེན་མི་མེད་དུ་མི་རུང་བ་ཞིག་ཡིན།
ཡང་དཀར་ནག་ལེགས་ཉེས་ཤན་འབྱེད་པ་དང་ལྷ་བདུད་ཀྱི་རྒྱལ་ཕམ་རྩོད་སྐབས་སུ་ལུག་ལ་སྨོན་བཙུག་སྟེ་དཀར་ཕྱོགས་ལྷ་རྣམས་རྒྱལ་ཏེ། ལྷ་རྒྱལ་ལོ་ཟེར་བའི་གཏན་ཚིགས་ཀྱང་ལུག་ལས་བྱུང་བའི་སྐོར་ཞིག་ཡོད། དེའང་མདོ་དེ་ཉིད་ལས། “ད་སྲིད་པས་བདར་བདར་ལུག་ལ་བདར། སྔོན་ལྷ་བདུད་དཀར་ནག་རྩོད་པའི་དུས། སྟོང་ཡོད་མེད་གཉིས་ཀྱི་ས་མཚམས་ནས། ལྷ་བདུད་དམག་མི་སོ་སོར་འཚོགས། ལྷ་དམག་ཡོད་རི་དེལ་དཀར་གྱི་རྩེ་ལ་བསྡད། ངམས་སོལ་རི་ནག་པོའི་རྩ་བར་བསྡད། འཚམས་ཚིགས་པ་གསུམ་གྱི་བར་མ་ན། ཡོ་དྲང་བདེན་རྫུན་གྱི་དཔང་པོ་ལ། བསྐོས་པའི་སྐོས་རྗེ་དྲང་དཀར་པོས། དེར་བདེན་རྫུན་གཉིས་ཀྱི་ཤགས་རྩོད་ནས། ཡོད་མེད་གཉིས་ཀྱི་ཁ་རུ་སོ་སོར་བཟུང་། གང་ཡང་ཤགས་ཀྱིས་མ་འབྱེད་ནས། དཔང་པོའི་མདུན་དུ་དམ་བདར་དྲན། དམ་ཆིངས་གཡང་མོ་ལུག་ལ་བྱས། ལུག་ལ་ཅི་ལྟར་བྱས་པ་ན། སྔོན་རིན་ཆེན་རྐང་འགྲོས་ལུག་ལུག་དང་། ལྷ་མོ་སྲིན་མོ་འཚོས་པ་ལ། ལྷ་ཚ་ཀ་བ་བོང་མིག་དང་། སྲིན་ཚ་ཁྲི་ལྡེ་སྒལ་ནག་དང་། དེ་གཉིས་བཟུང་ནས་དམ་བདར་བས། ལྷ་ཚ་ཀ་བ་བོང་མིག་ལ། འོ་མཉེན་དགུ་སྐོར་གྱེན་ལ་མཉེན། སྲིན་ཚ་ཁྲི་ལྡེ་སྒལ་ནག་ལ། སྲིན་བཏོད་ནག་པོ་ཐུར་དུ་བཏོད། དེ་འཚམས་ཀྱི་ལ་ཀར་བཏང་བ་ལ། ལྷ་ཚ་ཡོད་རིའི་རྩེ་ལ་སོང་། སྲིན་ཚ་སོལ་རིའི་རྩ་བར་སོང་། རྒྱལ་ཁ་ཡོད་ཀྱིས་ཐོབ་པར་བྱུང་། ལྷ་དམག་ཐམས་ཅད་ཐོ་ལེས་བཏབ། ལྷ་རྒྱལ་ལོ་བྱ་བའི་གཏན་ཚིགས་དང་། འཚམས་དང་ཚིགས་པ་བྱ་བ་དང་། བདེན་རྫུན་གཉིས་ལ་དཔང་པོ་དང་། ཡོ་དྲང་གཉིས་ལ་གཟུ་བོ་དང་། དམ་ལ་ཆིངས་སུ་སྒྲོས་པ་དང་། ཤགས་ཀས་སོ་སོར་མ་འབྱེད་ན། དཔང་པོས་དམ་བདར་བྱེད་པ་དང་། མོ་ལ་ལྷ་བདར་གཙོ་བ་དང་། ལྷ་སྲིན་དབྱེ་བའི་དུས་ཞེས་བྱ་བས་གཏན་ཚིགས་ཀྱང་དེ་ནས་སྲིད་དོ། །”ཞེས། ང་ཚོས་ནམ་རྒྱུན་བསང་གསོལ་དང་སྟོན་མོ་སོགས་བྱེད་སྐབས་ལྷ་རྒྱལ་ལོ་ཟེར་ནས་ཀི་བསྭོ་སྒྲོག་པའང་གཡང་དཀར་ལུག་དང་འབྲེལ་ནས་འདུག
དེ་དང་འདྲ་བར་ང་ཚོས་ནམ་རྒྱུན་ཟས་རིགས་འདོན་ཡོན་ཕུན་སུམ་ཚོགས་པར་ལོངས་སུ་སྤྱོད་སྐབས་ཨ་ལ་ལ། ཞེས་ངོ་མཚར་བ་དང་ཡིད་དགའ་བ་སོགས་ཀྱི་རྣམ་པ་བསྟན་པ་དང་། ལྷག་དོན་དཀར་གསུམ་གྱི་ཟས་སྣ་འདི་དག་གི་བྱུང་ཁུངས་ཀྱང་གཡང་མོ་ལུག་དང་འབྲེལ་ནས་ཡོད་པ་ནི། མདོ་དྲི་མེད་ལས། “ད་སྲིད་པ་ལུག་ལུག་ལུག་ལ་ལུག། ལུག་ལྷ་བ་བལ་ཆེན་བཞོས་པ་ལུག། ལྷ་བ་བལ་ཆེན་བཞོས་པ་ལས། འོ་མའི་སྙིང་པོ་མར་དུ་བྱུང་། སྔོན་མོ་ནས་ཀྱི་ཕྱེ་མ་དང་། སྙིང་པོ་མར་གྱི་བཅུད་བསྲེས་པས། ཕྱེ་མར་འོལ་ཀོན་གསོས་སུ་བྱུང་། དེ་མདུད་ལྷ་སུམ་བརྒྱའི་གསོལ་ཟས་བྱས། སྔོན་མོ་ནས་ཀྱི་ཉིང་ཁུ་དང་། རྩི་བཅུད་འོ་མ་བསྲེས་པ་ལས། ཨ་རྒ་ཕུད་ཀྱི་མཆོད་པ་བྱུང་། དེ་མདུད་ལྷ་སུམ་བརྒྱའི་སྐྱེམས་སུ་བྱས། སྐྱེམས་མ་གསོལ་མཐོང་ན་དགའ་ཞིང་བྲོད། གསོལ་དུ་རན་ན་དགའ་རྟགས་འཛུམ། ཨ་ལ་ལ་ཞེས་རང་འབྱུང་ཚིགདེ་དགའ་བའི་རྟགས་ལ་འཛུམ་པ་དང་། ཨ་རྒའི་གཏན་ཚིགས་ཀྱང་དེ་ནས་སྲིད། ”ཅེས་སོགས་དང་།
དེ་ཙམ་མ་ཟད་ལུག་ནི་འགྲོ་བ་མིའི་ཆེད་དུ་སྲིད་ན་དཀོན་པའི་ནོར་བུ་རིན་པོ་ཆེ་ཞིག་ཡིན་པ་ནི། སྔོན་སྲིད་པ་ཆགས་སྐབས་སྲིད་པ་ཡེ་སྨོན་རྒྱལ་པོས་སྨོན་བཙུག་སྟེ་བྱུང་བའི་དགོས་འདོད་ཀྱི་ནོར་བུ་ཡིན་པར་འདུག་སྟེ། གོང་ཞུས་དཔེ་རྙིང་ལས། “ད་སྲིད་པ་སྲིད་སྲིད་ལུག་ལ་སྲིད། ལུག་ལ་ཅི་ལྟར་སྲིད་པ་ན། སྔོན་སྲིད་པ་ཡེ་སྨོན་རྒྱལ་པོ་དེས། སྐྱེ་འགྲོ་སེམས་ཅན་དོན་ཆེད་དུ། མི་བུ་ནོར་བུ་རིན་ཆེན་ལ། ནོར་དགོས་འདོད་འབྱུང་བས་རྫས་ཤིག་འདོད། དེར་དགོས་འདོད་འབྱུང་བའི་རྫས་བཙལ་བས། གསེར་གཡུ་རིན་ཆེན་སྣ་ལྔ་ལས། དགོས་འདོད་འབྱུང་བའི་རྒྱུ་མེད་པ། དེ་ལ་བསམ་པའི་སེམས་མེད་པས། སེམས་མེད་ནོར་དེ་ས་རྡོ་འདྲ། ས་རྡོ་ཁྲོད་དུ་བརྫངས་པ་ལ། སྙིང་པོ་མེད་པའི་ནོར་ཡིན་པས། ནམ་དགོས་ཅི་འདོད་ག་ལ་འབྱུང་། དེ་ལ་སྨོན་པས་བསམ་པ་ལས། ཆུ་ལྕམ་རྒྱལ་མོའི་ཞལ་ན་རེ། སྨོན་པས་ཅི་བསམ་འགྲུབ་པ་ལ། དགོས་འདོད་ནོར་ཞིག་མི་འགྲུབ་བསམ། ནམ་མཁའ་བར་སྣང་ས་གཞི་ཡི། སྙིང་པོ་འབྱུང་བའི་བཅུད་བསྡུས་ལ། ཡོད་རི་དེལ་དཀར་གྱི་རྩེ་ལ་བྱོན། གང་འདོད་སྨོན་པས་འགྲུབ་སྟེ་མཆིས། ཞེས་ཟེར་བ་ལ།
སྲིད་པ་ཡེ་རྗེ་སྨོན་པ་ཡིས། མིར་འཕྲོད་རྫས་སྣ་བཅུ་གསུམ་བཙལ། གནམ་ཞོ་ཁད་ཀྱི་རུ་མ་དང་། ས་བཅུད་གསེར་གྱི་སྙིང་པོ་དང་། ཆུ་བཅུད་རྒྱ་མཚོའི་ལྦུ་བ་དང་། མེ་བཅུད་དྲོད་ཀྱི་རླངས་པ་དང་། རླུང་བཅུད་ངད་ཀྱི་ཟེར་མ་དང་། སྤྱི་རྗེ་བྱ་ཁྱུང་གི་ཐེལ་གཤོག་དང་། ཁྲི་སྙན་ས་ལེའི་རུ་དར་དང་། གནོད་སྦྱིན་ལག་གི་མཆིང་བུ་དང་། སྒམ་ཁྱེར་ཕ་ཝང་སྨྲ་ལྕེ་དང་། ཞུན་ཆེན་མགར་གྱི་སོལ་རྡོག་དང་། ལྷ་བུའི་ཐབས་ཀྱི་ཐིག་ལེ་དང་། སྲིན་ཟའི་མངལ་གྱི་རག་ཏ་རྣམས། སྲིན་དཀར་ཐེབས་ཙེའི་ནང་དུ་བཏུམས། ཡོད་རི་དེལ་དཀར་གྱི་རྩེ་མོ་ནས། གྱི་ལིང་ཁ་དཀར་གྱི་བང་ལ་སྦས། དེ་ལ་ཡོད་རྗེས་སྨོན་ལམ་བཏབ། བདག་སྲིད་པ་ཀུན་གྱི་རྗེ་བོ་ཡི། མི་བུ་རིན་ཆེན་དཀོར་ནོར་ལ། རང་དང་འདྲ་བས་ནོར་ཞིག་འདོད། བཞག་ན་དམར་ལ་བཙོང་ན་འབྲིམས། གསོ་གསན་ཉ་ར་དབང་པོ་གསལ། བཟའ་བའི་ཟས་དང་བཏུང་བའི་སྐོམ། གོན་པའི་གོས་དང་བསགས་པའི་ནོར། གཡང་གི་རུ་མ་སྨིན་པར་ཤོག། ཅེས་ཟེར་ནས་ཞལ་ནས་སྨོད་བཙུགས་པས། ཞག་གསུམ་དྲོས་བཞིའི་ནངས་པར། ཡོད་རི་དེལ་དཀར་གྱི་རྩེ་ལ། སྔ་ན་མ་མཐོང་བ་སྐད་སྙན་པོ་འབའ་ཏོང་ཏོང་པ་ཞིག་གྲགས། དེར་སྲིད་པ་ཡེ་སྨོན་རྒྱལ་པོས་གཟིགས་པས། སྲིད་པའི་ལུགས་དང་མཐུན་པའི་སེམས་ཅན། ཆེ་ཆུང་ཚད་དུ་རན་པ། མགོ་ནི་རི་དྭགས་འདྲ་བ། སུག་པ་གཡུང་དྭགས་འདྲ་བ། སྤུ་ནི་ལྷོ་སྤྲིན་འདྲ་བ། སྐད་ནི་སྙན་ལ་གདུང་བ། མཐོང་ན་ཉམས་དགའ་བ། དཔྱད་ན་ཡིད་དུ་འོང་བ། བཞག་ན་རང་ལ་དམར་བ། བཙོང་ན་མི་ལ་འབྲིམས་པ། གོང་དང་རིན་ཐང་ཆེ་བ། ཞོ་ལས་གསོས་སུ་འབྱུང་བ། སྤུ་ལས་གོས་སུ་འབྱུང་བ། ཕྱྭ་གཡང་འཕེལ་ཁ་ཆེ་བ་ཞིག་སྣང་ཞིང་། ཡེ་རྗེས་སྨོན་ལམ་ལུག་དང་མཐུན་པ་རུ་བྱུང་བས། རིན་པོ་ཆེའི་རྐང་འགྲོས་ལུག་ཅེས་བྱ་བར་བཏགས་སོ། །”ཞེས་སོགས་ཀྱིས་མཚོན་ཞང་བོད་མི་རིགས་ཀྱིས་རང་ས་རང་ཡུལ་ནས་བརྩམས་པའི་དཔེ་རྙིང་དེ་ཚོ་བསྔོག་ནུས་ན་གཡང་དཀར་ལུག་ནི་རྣམ་པ་ཀུན་དུ་རྒྱུ་ནོར་འཕེལ་བའི་རྟེན་འབྲེལ་མཚོན་དཔེ་གཙོ་བོ་ཞིག་ཡིན་པར་བསྟན་ཡོད།
མདོར་བསྡུ་བ།
གང་ལྟར་ལོ་གསར་སྐབས་སུ་ལུག་མགོ་གཤམ་པ་དང་། ཁ་བཏགས་སོགས་ཀྱི་འཚབ་ཏུ་ལུག་བལ་བེད་སྤྱོད་པ་འདི་དག་ནི་བོན་པོའི་དམར་མཆོད་ཟེར་བ་དེའི་ཤུལ་ལྷག་པ་དང་རྒྱུན་སྐྱོང་བཞིན་པ་སོགས་གང་ཡང་མིན་པར། དེ་ནི་ཡ་ཐོག་ནས་བོད་མི་རིགས་ཀྱི་འཚོ་བའི་འཁོར་ཡུག་དངོས་སམ་སེམས་ཁམས་ཀྱི་འདུ་ཤེས་ཞིག་དང་འབྲེལ་ནས་ཡོད་པ་ནི་གོང་ཞུས་ལོ་རྒྱུས་དང་སྲོལ་རྒྱུན་ངག་གྲོས་དེ་ཚོར་བརྟག་ན་ཤེས་ཐུབ། དེས་ན་ལུག་མགོ་དང་དེའི་འདྲ་གཟུགས་སོགས་ལོ་གསར་དང་སྟོན་མོ་སྐབས་སུ་གཤམ་པ་ནི་ཟས་ནོར་འབྱོར་ཕྱུག་རྒྱས་པའི་རྟེན་འབྲེལ་མཚོན་པ་དང་། ལྷག་དོན་གོད་ཞུས་ལེགས་ཉེས་ཀྱི་པྲ་དཔྱད་བྱེད་སྐབས་ཀྱང་གཡང་དཀར་ལུག་ནི་པྲ་ལྟས་བཟང་པོ་མཚོན་བྱེད་ཡིན་པར་སོང་། ལོ་གསར་པའི་ནང་མི་ལ་ན་ནད་མི་འབྱུང་བར་བདེ་སྐྱིད་དང་ལྡན་པ་དང་། ཕྱུག་ལ་གོད་ཁ་མི་འབྱུང་བར་འཕེལ་ཞིང་རྒྱས་པའི་རྟེན་འབྲེལ་མཚོན་ཐབས་ལོ་རྒྱུས་དང་སྲོལ་རྒྱུན་གང་ནས་བརྟག་ན་ལུག་མགོ་ནི་ཆེས་མི་རུང་བའི་གཡང་རྟེན་གྱི་རྫས་ཞིག་རེད་འདུག་གོ། །
ཞེས་མཁས་མིང་ཅན་འགའ་ཞིག་གིས་ཉེ་ཆར་ལོ་གསར་གྱི་ལུག་མགོའི་སྐོར་ལོ་རྒྱུས་དང་སྲོལ་རྒྱུན་གང་ལའང་མི་མཐུན་པའི་འགྲེལ་བཤད་འགའ་རྒྱག་གིན་འདུག་པར་མཐོང་ནས། ཁོང་རྣམ་པར་སངས་རྒྱས་ལ་ཀ་ཁ་སློབ་མི་དགོས་ཀྱང་དུས་ཁོམ་འདྲ་འབྱུང་ན་ཞང་བོད་རང་ས་རང་ཡུལ་ནས་བརྩམས་པའི་དཔེ་རྙིང་དེ་ཚོར་གཟིགས་རྗེས་བོད་རང་གི་རིག་གནས་དང་སྲོལ་རྒྱུན་གྱི་བྱེད་སྒོ་དེ་ཚོར་འགྲེལ་བཤད་དང་འཆད་ཁྲིད་གནང་ན་མ་འོངས་མི་རབས་གསར་པ་ཚོ་ལོག་ལམ་དུ་མི་འཁྲིད་པའི་དགེ་མཚན་ཆེ་ཞེས་བསྐུལ་མའི་ཚུལ་དུ་དགེ་མིང་པ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན་ནམ་དྲ་མིང་ཧི་མ་ལ་ཡའི་རྒྱལ་སྲས་སུ་འབོད་པས་ཕྱི་ལོ་༢༠༢༡ཟླ་༡ཚེས་༢༢ཉིན་ནུབ་ཕྱོགས་འཇར་མན་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་པོའི་འགྲམ་དུ་བྲིས། །། །